འཁོར་བའི་སྡུག་བསྔལ་སྤོང་བ།

མངོན་མཐོའི་སྡུག་བསྔལ།

ཆོས་པ་གཤའ་མ་ཞིག་གམ་ནང་ཆོས་ཉམས་ལེན་པ་ཞེས་པ་ནི་སྐྱེ་བ་ཕྱི་མ་དང་དེ་ལས་བརྒལ་བར་ཁེ་ཕན་སྒྲུབ་མཁན་ཞིག་ལ་གོ་གི་ཡོད། དེ་ལྟའི་ཉམས་ལེན་རྣམས་ཀྱིས་ཐོག་མར་མི་དགེ་བ་བཅུ་སྤོང་གི་ལས་སུ་འཇུག་གི་ཡོད། ཁོང་ཚོས་སྐྱེ་བ་ཕྱི་མ་སོགས་ལ་ཡག་པོ་ཡོང་ཆེད་དགེ་བའི་ལས་སུ་འཇུག་གི་ཡོད། དེ་ལྟར་དོན་གཉེར་བྱེད་ཐུབ་ན་གང་ཟག་དེ་སྐྱེ་བོ་ཆུང་ངུའི་ལམ་དུ་ཞུགས་པ་ཡིན། སྐྱེ་བོ་ཆུང་ངུའི་བསམ་པས་ཟིན་པའི་ཐོག་ནས་ཚེ་འདིའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ཕྱི་མ་བདེ་འགྲོ་ལྷའམ་མིའི་གོ་འཕང་ཐོབ་ཐུབ། འོན་ཏེ་དེ་ཙམ་གྱིས་འདོད་པ་ཁེངས་ནས་བསྡད་ན་ངོ་མཚར་ཆེ་རྒྱུ་གང་ཡང་མེད། ལྷ་དང་མིའི་གོ་འཕང་ཐོབ་ཀྱང་དེ་གཉིས་འཁོར་བའི་ནང་དུ་ཡོད་སྟབས། དེ་ལས་ཐོབ་པའི་བདེ་བ་དེ་འཇིག་རྟེན་པའི་བདེ་བ་དང་འཇིག་པའི་ཆོས་ཅན་ཞིག་ཡིན།

མདོར་ན། ཁོང་ཚོར་ཐོབ་པའི་གནས་སྟངས་དེ་དག་ཚང་མ་སྡུག་བསྔལ་བདེན་པའི་དཔེ་མཚོན་ཞིག་ཡིན། ལྷའམ་མིའི་གོ་འཕང་ཐོབ་པའི་སྟེང་ནང་མུ་མཐུད་དོན་གཉེར་བྱས་ན་སེམས་ཀྱི་གནས་བབས་ཞི་ལྷིང་བརྟན་ཚུགས་པའི་ཞི་གནས་འཐོབ་ཐུབ། ཞི་གནས་ཀྱི་ཐོག་ནས་མངོན་མཐོའི་སྐྱེ་བ་ལེན་ཐུབ། དེའི་ཐོག་ནས་ང་ཚོ་གཟུགས་ཁམས་སུ་སྐྱེས་ན། ང་ཚོར་འདོད་པའི་ཉོན་མོངས་དང་འབྲེལ་བའི་འདོད་ཉོན་རགས་པ་མངོན་འགྱུར་བ་ཡོང་གི་མེད། དེ་ག་ནང་བཞིན་གཟུགས་མེད་ཁམས་སུ་སྐྱེས་ནའང་། གཟུགས་ཁམས་ཀྱི་ཉོན་མོངས་ནང་བཞིན་རགས་པའམ་མངོན་འགྱུར་བ་སྐྱེ་གི་མེད། ལྷའི་ཁམས་འདྲ་མིན་ནང་ང་ཚོས་དེ་ལྟར་མདུན་སྐྱོད་བྱས་ཏེ་ཡར་རྒྱས་བཏང་ན། གནས་སྟངས་གཅིག་རྗེས་གཉིས་མཐུད་ནས་ཡག་ཏུ་འགྲོ་གི་ཡོད། དཔེར་ན། ལྷའི་ཁམས་དེ་དག་གི་ས་ཆ་རྣམས་ནོར་བུས་བརྒྱན་པ་དང་། ལྷ་རྣམས་ཀྱི་གཟུགས་མཛེས་ཤིང་ཡིད་དུ་འོང་བ། དེ་ལས་མཐོ་རུ་ཕྱིན་པ་ན་ཁྱད་ཆོས་ངོ་མཚར་ཆེ་བ་རྣམས་སྔར་བས་མཛེས་སྡུག་ལྡན་པ་ཡོང་གི་ཡོད།

ཐ་ན་ང་ཚོར་མཛེས་ཤིང་ལྟ་ན་སྡུག་པའི་མངོན་མཐོ་ལྷ་མིའི་གོ་འཕང་གང་རུང་ཞིག་ཐོབ་ནའང་། དེ་དག་ད་དུང་ང་ཚོར་ངང་ངམ་ཤུགས་ཀྱི་འཁོར་བའི་གནས་ཤིག་ཡོད་སྟབས། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་སྡུག་བསྔལ་ཅི་རིགས་མྱོང་དགོས་ཀྱི་ཡོད། དཔེར་ན། ང་ཚོ་མངོན་མཐོའི་གོ་འཕང་གང་རུང་ཞིག་ཐོབ་ཀྱང་། དེའི་ནང་དུའང་ངེས་བརྟན་མེད་པར་གནས་སྟངས་ཐད་འགྱུར་བ་འགྲོ་ཞིང་རྟག་ཏུ་འཕེལ་གྲིབ་སྣ་ཚོགས་འབྱུང་གི་ཡོད། དེ་ནས་བསྐྱར་དུ་ལྷ་མིའི་སྐྱེ་བ་ལེན་པ་དང་ཡང་མར་ཟགས་ཀྱི་ཡོད། ད་ལྟ་བར་དུ་ང་ཚོས་སྐྱེ་བ་གྲངས་མེད་བླངས་ཡོད། དེ་དག་ནི་འདོད་པ་ཁེངས་ངེས་ཀྱི་གནས་སྟངས་ཤིག་མ་ཡིན་ཞིང་། ངེས་བརྟན་མེད་པར་སྐྱེ་བ་འདྲ་མིན་ལེན་གྱི་ཡོད། དཔེར་ན། གནམ་དུ་བསྙེགས་པའི་ཁང་བཟང་མཐོ་པོ་ཞིག་གི་སྟེང་ཡར་འཛེགས་པ་དང་འདྲ། ཡར་འཛེགས་ཏེ་ནམ་ཞིག་རྩེ་ལ་སླེབས་རྗེས། བྱ་རྒྱུ་ལྷག་ནས་ཡོད་པ་ནི་མར་ཡོང་རྒྱུ་དེ་ཡིན།

མིའམ་ལྷའི་སྐྱེ་བ་བླངས་ཀྱང་དེ་ཙམ་གྱིས་ངོ་མཚར་ཆེ་རྒྱུ་གང་ཡང་མེད། གང་ཡིན་ཟེར་ན། དེ་གཉིས་ཀྱང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བའི་རང་བཞིན་ཡིན་པས་སྡུག་བསྔལ་གྱིས་ཁེངས་ཡོད། གོ་རྟོགས་དེའི་ཐོག་གཞི་བཞག་སྟེ། དེ་ལྟར་སྐྱེ་བ་ལེན་པ་དང་། མངོན་མཐོའི་སྐྱེ་བ་ལེན་ཆེད་མི་དགེ་བ་བཅུ་སྤོང་གི་ཚུལ་ཁྲིམས་སྲུང་དགོས་རྒྱུ་མི་འདུག་ཅེས་ང་ཚོའི་སེམས་ནང་ཐེ་ཚོམ་གྱི་བློ་ཞིག་སྐྱེ་སྲིད། འོན་ཀྱང་སྙིང་དོན་ནི་ལྷ་མིའི་གོ་འཕང་ཐོབ་ནས་དེར་འདོད་པ་ཚིམས་ནས་མ་བསྡད་པར། ད་དུང་ཡར་རྒྱས་བཏང་ནས་མཐར་གཞན་སེམས་ཅན་ལ་ཕན་འདོགས་སླད་དེ་དག་ལས་ལྷག་པའི་གོ་འཕང་ཞིག་སྒྲུབ་དགོས་རྒྱུ་དེ་ཡིན། དེའང་དེ་རུ་སྐྱེ་བ་མ་བླངས་པར་སྒྲུབ་མི་ཐུབ།

Top