ཆུབ་ཀྱི་སེམས་བསྐྱེད་པ།

བསྐྱར་ཞིབ།

གཞན་ལ་ཕན་འདོགས་ཆེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དོན་དུ་གཉེར་བའི་བྱང་ཆུབ་སེམས་སྦྱོང་གི་ཆོས་ཐེ་བའི་ཆོས་དེ་དག་མ་ཉན་གོང་ང་ཚོས་ཀུན་སློང་ཡང་དག་པ་ཞིག་བཅོས་དགོས། ཆོས་དེ་དག་ཀུན་སློང་གི་ཆ་ནས་རིམ་པ་གསུམ་ནང་གསུངས་ཡོད། དང་པོ་སྐྱེས་བུ་ཆུང་ངུའི་སྐབས། སངས་རྒྱས་ཀྱིས་བཀའ་བསྩལ་བ་བཞིན། དམིགས་བསལ་དོ་སྣང་བྱེད་དགོས་ས་ནི་མི་དགེ་བ་བཅུ་སྤོང་གི་ཚུལ་ཁྲིམས་ལེགས་པར་སྲུང་རྒྱུ་དང་དགེ་བ་བཅུ་ཉམས་སུ་ལེན་རྒྱུ་དེ་ཡིན། དེ་ཡང་ང་ཚོས་ཕྱི་མ་ངན་སོང་དུ་མི་སྐྱེ་བའི་ཆེད་དུ་བྱེད་ཀྱི་ཡོད། གཉིས་པ་སྐྱེས་བུ་འབྲིང་གི་སྐབས། སོ་ཐར་གྱི་སྡོམ་པ་བླངས་ནས་ཚུལ་ཁྲིམས་རྣམ་པར་དག་པ་སྲུང་རྒྱུ་དང་། ཚུལ་ཁྲིམས་དེ་དག་སླད་ཕྱིན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་འཕེལ་གཏོང་རྒྱུའི་གཞི་རྟེན་ཞིག་ཏུ་འགྱུར་ཐབས་སུ་སྲུང་གི་ཡོད། མཐར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་འཕེལ་གཏོང་བར། རྩེ་གཅིག་པའི་ཏིང་ངེ་འཛིན་དགོས་པ་དང་། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་ཚུལ་ཁྲིམས་སྲུང་དགོས། དེར་བརྟེན་སོ་ཐར་གྱི་སྡོམ་པ་སྲུང་བའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་སྐྱེས་བུ་འབྲིང་གི་ལམ་གྱི་སྙིང་པོ་ཡིན།

དེ་ནས་གསུམ་པ་སྐྱེ་བོ་ཆེན་པོའི་སྐབས། སོ་སོ་རང་ཉིད་གཅིག་པུ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཙམ་མ་ཡིན་པར། རང་གཞན་སེམས་ཅན་ཐམས་ཅད་གཅིག་པ་ཡིན་པར་བསམ་བློ་གཏོང་གི་ཡོད། དེས་ན་རང་ཉིད་ཙམ་ཐར་པའི་གོ་འཕང་དོན་གཉེར་བྱས་ན་འགྲིག་གི་མེད། ང་ཚོས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་འགྲོལ་བར་རོགས་བྱེད་དགོས་ཀྱི་ཡོད། དེ་ལྟར་བྱེད་པར། སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས། དེར་བརྟེན་གཞན་ལ་ཕན་དངོས་སུ་འདོགས་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དང་པོ་ང་ཚོས་བྱང་ཆུབ་སེམས་བསྐྱེད་ནས་གཞན་གྱི་སྡུག་བསྔལ་དང་དཀའ་ངལ་ཡོད་དོ་ཅོག་སེལ་བར་བྱེད་དགོས། དེ་ནི་སྐྱེས་བུ་ཆེན་པོའམ་མཆོག་གི་ལམ་གྱི་སྙིང་པོ་ཡིན། 

བྱང་ཆུབ་སེམས་ཀྱི་རིགས་གཉིས།

ངོ་བོའི་ཐོག་ནས་བྱང་ཆུབ་སེམས་ལ་གཉིས་ཡོད་པ་ནི། སྨོན་སེམས་དང་འཇུག་སེམས་ཡིན། གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་འདུན་པ་ཙམ་ནི་སྨོན་སེམས་དང་། དེའི་ཐོག་དམིགས་ཡུལ་དེ་སྒྲུབ་པར་དངོས་སུ་ཉམས་ལེན་ནང་ཞུགས་པ་ནི་འཇུག་སེམས་ཡིན།

བྱང་ཆུབ་སྨོན་པའི་སེམས་སྦྱོང་ཚུལ་ལམ་སྦྱོང་བའི་ཐབས་གཉིས་ཡོད་པ་ནི། དང་པོ། རྒྱུ་འབྲས་མན་ངག་བདུན་དང་། གཉིས་པ། བདག་གཞན་མཉམ་བརྗེ་ཡིན།

རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྨོན་སེམས་སྐྱེ་བ།

རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྨོན་སེམས་སྐྱེ་བར་མཚོན་ན། བར་དུ་སྙིང་རྗེའི་དབང་གིས་འབྱུང་འགྱུར་གྱི་འབྲས་བུར་བསམས་ནས་རྒྱུ་རྣམས་གསོག་ཐུབ། སྙིང་རྗེ་ཆེན་པོ་མ་སྦྱངས་པའི་སྔོན་དུ་ང་ཚོས་བྱམས་པའམ་གཞན་ལ་བདེ་བ་འདོད་པའི་སྨོན་སེམས་སྦྱོང་དགོས། དེ་ལྟར་ཐུབ་ན། རང་གི་ངང་གིས་གཞན་དང་ཉེ་བའི་ཚོར་བ་སླེབས་དང་། གཞན་གྱི་བདེ་དོན་ལ་དམིགས་ནས་གཞན་གཅེས་པར་འཛིན་ཐུབ་ཅིང་། གཞན་ལ་བྱུས་ཉེས་འདྲ་བྱུང་ན་རང་ཉིད་ལ་མི་སྐྱིད་པའི་ཚོར་བ་ཡོང་གི་ཡོད།

བྱམས་པ་སྦྱོང་བར་ཉམས་ལེན་དམིགས་བསལ་འདྲ་ལོགས་སུ་གང་ཡང་བྱེད་མི་དགོས། དེའི་སྔོན་དུ་ང་ཚོས་བློའི་ཁྱེར་སོ་གསུམ་སྟེ། སེམས་ཅན་ཐམས་ཅད་རང་གི་མར་ཤེས་དང་། དེ་དག་གི་དྲིན་དྲན་པ། དྲིན་བཟོ་བ་བཅས་སྦྱོང་ཐུབ་ན་ཡིད་འོང་གི་བྱམས་པ་ངང་གིས་སྐྱེ་ཐུབ།

སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་བ་ངོས་བཟུང་བའི་ཐོག་ནས་ང་ཚོས་དགེ་བའི་སེམས་དེ་དག་རྒྱུད་ལ་སྦྱོང་ཐུབ། རང་ལ་རོགས་བྱེད་མཁན་གྱི་ནང་ནས་རང་གི་མ་ནི་དྲིན་ཆེ་ཤོས་ཡིན། ང་ཚོ་མ་ཡི་མངལ་ལས་བཙས་མ་ཐག་འབུ་ཆུང་ཆུང་ཞིག་དང་ཁྱད་པར་ཅི་ཡང་མེད། རང་གིས་རང་ལ་ལྟ་རྟོག་བྱེད་པའི་ནུས་པ་མེད་ལ། གོམ་པ་སྤོ་མི་ཐུབ། ཐ་ན་སོ་ཆུང་ཆུང་ཞིག་ཀྱང་མེད། ལུས་པོ་ཆ་ཚང་གཅེར་བུ་ཡིན། ང་ཚོར་ཁ་ཐབས་ཅི་ཡང་མེད་ཅིང་གསོན་པོར་གནས་པའི་རེ་བ་མེད་པའི་སྐབས་དེར་མ་ཡིས་དྲིན་གྱིས་བསྐྱངས་ནས་གསོན་པོར་གནས་ཐུབ་པ་བྱུང་ཡོད། མ་ཡིས་ང་ཚོ་བརྩེ་བས་བསྐྱངས་པ་དེས་མའི་བཀའ་དྲིན་དྲན་རྒྱུ་ནི་རང་གི་ལས་འགན་ལྟ་བུ་རེད། དཔེར་ན། ང་ཚོར་ཤི་ལ་ཐུག་པའི་ན་ཚ་ཞིག་ཕོག་སྐབས། སྨན་པ་མཁས་པ་ཞིག་ཡོང་ནས་དམིགས་བསལ་སྨན་བཅོས་བྱས་ཏེ་སྨན་སྟེར་ནས་ང་ཚོའི་ཚེ་སྲོག་སྐྱབས་པ་ན། རང་ཉིད་ཧ་ཅང་སྐྱིད་པོ་ཚོར་བ་དང་སྨན་པའི་བཀའ་དྲིན་དྲན་གྱི་ཡོད། ང་ཚོས་བསམ་བློ་དེ་ལྟར་བཏང་ན། རང་ཉིད་འབུ་སྲིན་ཆུང་ཆུང་ཞིག་དང་འདྲ་བའི་སྐབས་མ་ཡིས་དུས་རྟག་ཏུ་གཅེས་སྐྱོང་གནང་སྟེ་ང་ཚོས་སྐྱབས་ཡོད།

མི་ཞིག་གིས་རང་ཉིད་ལ་རོགས་རམ་བྱས་ན་ང་ཚོས་དེའི་བཀའ་དྲིན་དྲན་ནས་མི་དེར་ཟས་དང་། གོས། དངུལ་སོགས་ཀྱི་ཐོག་ནས་དྲིན་ལན་འཇལ་ཐབས་བྱེད་ཀྱི་ཡོད། མ་གཞི་དེ་དྲིན་ལན་འཇལ་སྟངས་ཡག་པོ་ཞིག་ཡིན་ཀྱང་། དེ་ཙམ་རླབས་ཆེ་བའམ་ངོ་མཚར་ཆེ་བ་ཞིག་མིན། མི་རྣམས་ད་ལྟ་བར་དུ་སྐྱེ་བ་གྲངས་མེད་བླངས་ཡོད་ཅིང་། སྐྱེ་བ་དེ་དག་ནང་མང་པོ་ཞིག་ཧ་ཅང་འབྱོར་བ་ཆེ་ཞིང་རྒྱུ་ནོར་གྱི་དཔལ་རབ་ཏུ་ལྡན་པ་ཐེ་ཚོམ་མེད། འོན་ཀྱང་རྒྱུ་ནོར་གྱིས་ཁོང་ཚོར་རོགས་རམ་ཐུབ་ཀྱི་མེད། གལ་སྲིད་ང་ཚོས་དང་པོ་སོ་སོའི་སྡུག་བསྔལ་རྣམས་སྤངས་ཏེ། རིམ་གྱིས་སེམས་རྒྱུད་ཡོངས་སུ་སྦྱངས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ན། གཞི་ནས་ཇི་ལྟར་འདོད་པ་ལྟར་མ་རྒན་སེམས་ཅན་ཐམས་ཅད་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་འཁོར་བ་ལས་འགྲོལ་བར་ང་ཚོས་དངོས་སུ་རོགས་རམ་བྱེད་ཐུབ། དེ་ནི་དྲིན་བཟོ་བའི་ཐབས་རྨད་དུ་བྱུང་བ་ཞིག་ཡིན།

བསམ་བློ་གཏོང་ཚུལ་དེ་དག་གིས་ང་ཚོའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེད་པར་སོ་སོའི་མ་དྲན་པ་དང་མའི་བཀའ་དྲིན་ཆེ་བའི་ཚུལ་ལ་བསམ་བློ་གཏོང་དགོས། ང་ཚོས་མ་ཡིས་སོ་སོ་ལོ་ནས་ལོ་བསྟུད་ཇི་ལྟར་བསྐྱངས་པའི་ཚུལ་ལ་བསམ་བློ་བཏང་རྗེས་དེ་ལྟའི་བསམ་བློ་དེ་ཚེ་འདི་ཙམ་ནང་མིན་པར་ཚེ་རབས་མང་པོའི་རིང་ལ་བསམ་བློ་གཏོང་དགོས། དེ་ནས་བསམ་བློ་གཏོང་སའི་ཡུལ་རྒྱ་ཆེ་རུ་གཏོང་དགོས། མ་ལ་བསམ་བློ་བཏང་པ་ནང་བཞིན་རང་གི་ཕ་ལའང་གཏོང་དགོས། རང་གི་ཕ་ཡང་སྐྱེ་བ་སྔ་མ་གང་རུང་ཞིག་གི་ནང་རང་གི་མ་བྱས་མྱོང་བའི་ཚུལ་ལ་བསམ་བློ་གཏོང་དགོས། དེ་ནས་སོ་སོའི་དགྲ་ལའང་བསམ་བློ་དེ་ལྟར་གཏོང་དགོས། སྐབས་དེར་སོ་སོས་མི་དགའ་སའི་མི་ཞིག་ལ་བསམ་བློ་བཏང་ནས། མི་དེས་ཀྱང་སྐྱེ་བ་གྲངས་མེད་པའི་ནང་རང་གི་མ་བྱེད་མྱོང་ཡོད་ཅིང་། དེའི་བཀའ་དྲིན་དྲན་དགོས། དེ་ནས་སོ་སོའི་དམིགས་པ་རྒྱ་ཆེ་རུ་བཏང་ནས་སེམས་ཅན་ཐམས་ཅད་རང་གི་མ་ལྟ་བུར་ལྟ་དགོས།

བཏང་སྙོམས་སྦྱོང་བ།

སེམས་ཅན་ཐམས་ཅད་ལ་རང་གི་མ་ལྟར་དྲན་ནས་རང་གི་རྒྱུད་ལ་འཇགས་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་ཁག་པོ་ཡིན། དེའི་རྒྱུ་མཚན་ནི་ང་ཚོར་བཏང་སྙོམས་ཀྱི་བློ་མེད། ང་ཚོར་སོ་སོས་དགའ་ས་དང་ཆགས་པ་སྐྱེ་སའི་གྲོགས་པོ་འདྲ་མིན་ཡོད། ཆགས་སེམས་ཀྱི་ཐོག་ནས་ང་ཚོས་དེ་དག་ལ་ཉེ་བའི་ཚོར་བ་སླེབས་པ་དང་། ཡང་ཕྱོགས་གཞན་ཞིག་ནས་སོ་སོར་བསུན་གཙེར་བཟོ་མཁན་དང་དེ་ལ་བཟོད་མི་ཐུབ་པའི་མི་རིགས་ཤིག་ཡོད། དེ་དག་ལ་ང་ཚོས་དགྲ་ཞེས་འབོད་ཀྱི་ཡོད་ཅིང་། སྡང་བའི་སེམས་དང་མི་དགའ་བ་ཞེ་གཏིང་ནས་ལོག་གི་ཡོད། དེ་ལྟར་ང་ཚོས་ཚང་མར་གཅིག་འགྱུར་ལྟ་ཐུབ་པའི་བཏང་སྙོམས་ཀྱི་བློ་མེད། འདིར་གོ་སྡུར་བྱེད་པའི་བཏང་སྙོམས་དེ་ཡང་ཆགས་པ་དང་སྡང་བའི་སེམས་མེད་པར་ཚང་མར་གཅིག་འགྱུར་གྱི་སྒོ་ནས་ལྟ་བར་ཟེར་གྱི་ཡོད། གལ་སྲིད་ང་ཚོས་བཏང་སྙོམས་དེ་འདྲ་ཞིག་སྐྱེད་ཐུབ་ན། དེའི་དབང་གིས་སོ་སོའི་བློའི་ཁྱེར་ཕྱོགས་རྣམས་ཀྱང་ཧ་ཅང་ཡག་པོ་ཡོང་གི་ཡོད།

དེ་ལྟ་བུའི་བཏང་སྙོམས་སྦྱོང་བའི་ཚུལ་ནི། རང་གི་མདུན་དུ་གང་ཟག་མི་འདྲ་བ་གསུམ་སྒོམ་དགོས། དང་པོ་རང་ལ་རོགས་པ་བྱེད་མཁན་ཞིག་དང་། གཉིས་པ་རང་ལ་གནོད་པ་བྱེད་མཁན་ཞིག །གསུམ་པ་ཕན་གནོད་གང་ཡང་མི་བྱེད་མཁན་གྱི་བར་མའི་གང་ཟག་ངོ་མི་ཤེས་པ་ཞིག་བཅས་སྒོམ་དགོས། གང་ཟག་གསུམ་པོ་དེ་དག་ལ་བལྟས་ནས་རང་གི་སེམས་ནང་ཚོར་བའམ་བསམ་བློ་གང་འདྲ་ཞིག་སྐྱེ་མིན་དཔྱད་པ་བྱེད་དགོས། རང་ལ་རོགས་པ་བྱེད་མཁན་དེ་ཡིད་དུ་འོང་བ་མཐོང་ནས་ཆགས་པ་སྐྱེ་བ་དང་། ཕར་རོགས་བྱེད་འདོད་ཡོང་གི་ཡོད། རྒྱུ་མཚན་ནི་མི་དེ་ལ་རང་གི་བསམ་བློ་གཏོང་ཕྱོགས་ཅུང་ཉེ་བ་དང་ཡིད་དུ་འོང་བ་མཐོང་གི་ཡོད། གང་ཡིན་ཟེར་ན། མི་དེས་ང་ལ་ཡག་པོ་བྱས་བྱུང་། ཁོང་གིས་ང་ལ་རོགས་པ་བྱས་བྱུང་བསམ་གྱི་ཡོད། འོན་ཀྱང་དེ་ནི་ཕུགས་འཕེར་བའི་རྒྱུ་མཚན་ཞིག་མིན། གལ་སྲིད་སྐབས་ཤིག་ལ་ང་ཚོར་རོགས་རམ་བྱས་པའི་རྐྱེན་གྱིས་ང་ཚོས་དེ་གྲོགས་པོ་བརྩིས་ན། སྐབས་གཞན་ཞིག་ལ་མི་དེ་ག་རང་གིས་ང་ཚོར་གནོད་འཚེ་བྱས་ཏེ་སྡུག་བསྔལ་བྱིན་ཡོད་པས་དགྲར་མི་བརྩི་བའི་རྒྱུ་མཚན་ཅི་ཡོད་དེ་མེད། མི་དེས་རྟག་ཏུ་རང་ལ་རོགས་བྱེད་པའི་ཁྱབ་པ་མེད། དེས་ན་གྲོགས་དང་དགྲ་ཞེས་པའི་གནས་སྟངས་དེ་བརྟན་པོ་ཅི་ཡང་མེད།

དེར་མ་ཟད། ང་ཚོས་ཆགས་པ་སྐྱེ་བ་དང་ཡིད་དུ་འོང་བ་མཐོང་བའི་སྐབས་སེམས་ཀྱི་གནས་སྟངས་ལ་བསམ་བློ་བཏང་ནའང་བརྟན་པོ་རྩ་བ་མེད། འདོད་ཆགས་དེ་ལྟ་སའི་མི་དེར་སྒྲོ་འདོགས་ཀྱི་ཡོད། དེ་ནི་གནོད་འཚེ་ཅན་གྱི་ཉོན་མོངས་ཤིག་ཡིན། དེ་ལ་བརྟེན་ནས་ང་ཚོ་ངན་སོང་དུ་སྐྱེ་གི་ཡོད། དོན་དངོས་སུ་མི་ཞིག་ལ་མི་བརྟན་པའི་ཆགས་པ་སྐྱེ་བ་ནི་གནོད་འཚེ་ཤིན་ཏུ་ཆེ། བསམ་བློ་དེ་ཙམ་བཏང་ནའང་། འདོད་ཆགས་སྤོང་དགོས་པ་ནི་གསལ་པོ་རེད། དཔེར་ན། མི་ཤ་བཟའ་མཁན་སྐྱེས་པ་དང་བུད་མེད་གླུ་ལ་དགའ་མཁན་འགའ་ཞིག་གིས་སྒྱུ་འཕྲུལ་གྱི་མཐུ་ལས་གཟུགས་ཤིན་ཏུ་མཛེས་པའི་རྣམ་པ་སྤྲུལ་ནས། མི་རྣམས་བསླུ་བྲིད་བྱས་ཏེ་ཁོང་ཚོའི་འགྲམ་དུ་འཁོར་འཇུག་གི་ཡོད། དེ་རྗེས་མི་རྣམས་ལ་གནོད་འཚེ་བྱེད་པ་སོགས་ཡོང་གི་ཡོད། གལ་སྲིད་ང་ཚོས་གང་ཟག་བྱེ་བྲག་པ་ཞིག་ཆགས་སེམས་ཀྱི་ཉེ་བའི་ཚོར་བ་སླེབས་ན། ང་ཚོས་མི་ཤ་བཟའ་མཁན་གྱིས་མི་ལ་མགོ་སྐོར་གཏོང་ཚུལ་ཐད་བསམ་བློ་གཏོང་དགོས། དེའི་ཐོག་ནས་ང་ཚོས་སོ་སོའི་ཡིད་མྱོས་སུ་འཇུག་པའི་བྱ་སྤྱོད་དང་ཆགས་སེམས་འགོག་ཐབས་བྱེད་ཐུབ།

རང་ངོས་ནས་བཟོད་མི་ཐུབ་པའི་གང་ཟག་དེར་བལྟས་ན། ང་ཚོས་དེ་ལ་མི་དགའ་བ་དང་སྡང་བའི་ཚོར་བ་སླེབས་པའི་རྒྱུ་མཚན་ནི་སྐབས་ཤིག་ལ་མི་དེས་རང་ལ་གནོད་པ་བྱས་ཡོད། འོན་ཀྱང་ང་ཚོས་བསམ་བློ་དེ་ངེས་པར་དུ་མེད་པ་བཟོ་དགོས་ཤིང་། དེ་ཡང་མི་དེས་དུས་རྟག་ཏུ་རང་ལ་གནོད་པ་བྱེད་པའི་ངེས་པ་མེད། མ་ཟད་མ་འོངས་པར་མི་དེས་རང་ལ་ཕན་ཆེན་པོ་འདོགས་ཀྱང་སྲིད་པ་ཡིན། དེར་མ་ཟད། མི་དེ་ལ་བརྟེན་ནས་ང་ཚོས་རང་རྒྱུད་ཀྱི་ཁོང་ཁྲོ་དང་ཞེ་སྡང་མེད་པ་བཟོས་ཏེ་བཟོད་པ་གོང་མཐོར་ཇི་ལྟར་གཏོང་ཐུབ་པར་བསམ་བློ་གཏོང་དགོས། དོན་དངོས་སུ་ང་ཚོས་དེ་ལ་བརྟེན་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པ་སྒོམ་ཐུབ་ལ་སེམས་ཀྱི་དྲི་མ་མཐའ་དག་སྦྱངས་ནས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱ་ཐུབ། དེར་བརྟེན་རང་ཉིད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོང་ཐུབ་པར་མི་དེས་གོ་སྐབས་བྱིན་པས། མི་དེ་ཧ་ཅང་དྲིན་ཆེན་པོ་ཡིན།

དེའི་སྟེང་མི་ཞིག་ང་ཚོར་ཁོང་ཁྲོ་བསླངས་ན། སོ་སོ་ཞི་དུལ་ངང་གནས་ཏེ་ཕར་རོགས་རམ་བྱ་ཐབས་བྱེད་པ་ནི་དངོས་གནས་ཚད་ཧ་ཅང་མཐོ་བའི་ཉམས་ལེན་ཞིག་ཡིན། འོན་ཀྱང་ང་ཚོས་རྟག་ཏུ་ཁོང་ཁྲོ་བཟའ་ནས་བསྡད་ན། ཁོང་ཁྲོ་དང་ཞེ་སྡང་གིས་རང་ཉིད་ངན་སོང་དུ་སྐྱེ་རུ་འཇུག་གི་ཡོད། ཕྱོགས་གཞན་ཞིག་ནས་གལ་སྲིད་ང་ཚོས་ཁོང་ཁྲོ་དང་ཞེ་སྡང་སྤོང་ཐུབ་ན། ངན་སོང་དུ་སྐྱེ་བའི་རྒྱུ་མཚན་ཅི་ཡང་མེད།

མི་ཁ་ཤས་ཀྱི་སེམས་ནང་དོགས་པ་དང་རྣམ་རྟོག་འདི་ལྟར་ཡོང་གི་ཡོད། ལྷའི་ཁམས་སུ་ཁོང་ཁྲོ་དང་ཞེ་སྡང་མེད། ལྷ་ལ་ཁོང་ཁྲོ་ནམ་ཡང་བཟའ་རྒྱུ་མེད་དམ། གལ་སྲིད་མེད་ན། ལྷ་རྣམས་ངན་སོང་དུ་ཇི་ལྟར་སྐྱེ་བ་ལེན་གྱི་ཡོད་དམ། དེ་འགལ་འདུ་མ་ཡིན་ནམ།། གང་ཡིན་ཟེར་ན། ང་ཚོས་ཉམས་ལེན་གྱི་རིམ་པ་ལ་བལྟས་ན། བཟོད་པའི་ཉམས་ལེན་གང་ལ་གང་འཚམ་སླེབས་སྐབས་རྒྱུད་ཀྱི་ཁོང་ཁྲོ་ཤུགས་ཆུང་དུ་ཆུང་དུ་འགྲོ་གི་ཡོད། སྐབས་དེར་ང་ཚོར་ཁོང་ཁྲོ་སོགས་མེད་པས། ངན་སོང་དུ་སྐྱེ་གི་མེད། དེར་བརྟེན་འདིར་གང་འདྲ་ཡིན་ནམ། བཟོད་པ་ཉམས་ལེན་ཐོབ་པ་དང་ངན་སོང་དུ་ནམ་ཡང་མི་སྐྱེ་བའི་བར་ཁྱད་པར་རམ་ཡང་ན་གནད་འགག་ག་རེ་ཡིན་ནམ། ལྷ་ལ་ཁོང་ཁྲོ་མེད་པ་ཡིན་ནམ།།

དེའི་ལན་ནི་ལྷ་རྣམས་ལ་མཚོན་ན། འདི་འདྲ་རེད། ལྷའི་སྐྱེ་བ་ལེན་པའི་སྐབས། ཁོང་ཚོར་ཁོང་ཁྲོ་དང་ཞེ་སྡང་རགས་པའམ་མངོན་འགྱུར་བ་མེད། འོན་ཀྱང་རྩ་བ་ནས་སྤངས་མེད། ཡང་བསྐྱར་ཁོང་ཁྲོ་སྐྱེ་སྲིད། དེར་བརྟེན་ལྷ་རྣམས་ཀྱང་ངན་འགྲོའི་གནས་གང་རུང་ནང་སྐྱེ་བ་སྲིད་པ་ཡིན།

གལ་སྲིད་ང་ཚོའི་རྒྱུད་ལ་སོ་སོར་གནོད་མཁན་ནམ་མི་དགའ་སའི་མི་དེར་ཞེ་སྡང་དང་ཁོང་ཁྲོ་ཤུགས་ཆེན་པོ་ཡོད་ན། གལ་སྲིད་ང་ཚོས་དེ་ལྟར་བྱས་ན་ང་ཚོ་དུག་སྦྲུལ་དང་སྡིག་སྲིན་ལས་ཁྱད་པར་ཅི་ཡང་མེད་པ་ཆགས་པའི་ཚུལ་ལ་བསམ་བློ་གཏོང་དགོས། དུག་སྦྲུག་སོགས་ལ་ང་ཚོས་ཕར་རྒྱུག་པ་ཞིག་བཙུགས་ན་ལམ་སེང་ཚུར་འཐབ་རྒོལ་བྱེད་ཀྱི་ཡོད། ཅི་སྟེ་ང་ཚོར་གནས་ཚུལ་མ་འགྲིག་པ་ཆུང་ཆུང་ཞིག་བྱུང་བ་དང་འཕྲལ་དུ་ཁོང་ཁྲོ་ལངས་ནས་རྣམ་འགྱུར་བསྟན་ན། དུག་སྦྲུལ་དང་ཁྱད་པར་མེད་པ་ཆགས་ཀྱི་ཡོད། དེ་ལྟར་ང་ཚོས་སོ་སོ་ཚོད་འཛིན་དང་ཁོང་ཁྲོར་སྟངས་འཛིན་བྱ་ཐབས་བྱེད་དགོས།

ང་ཚོས་སོ་སོར་རོགས་བྱེད་མཁན་དང་གནོད་བྱེད་མཁན་གཉིས་ཀ་མིན་ཞིང་མཐའ་གཅིག་ངོ་མི་ཤེས་པའི་མི་གསུམ་པ་དེར་བལྟས་ན། ང་ཚོའི་རྒྱུད་ལ་དོ་སྣང་མེད་པའམ་སེམས་ཁུར་མེད་པའི་ཚོར་སྣང་ཞིག་སྐྱེ་གི་ཡོད། ང་ཚོས་མི་དེ་རོགས་བྱེད་རྒྱུའི་བསམ་བློ་མི་འཁོར་ལ་གནོད་པ་སྐྱེལ་རྒྱུའི་བསམ་བློའང་མི་འཁོར། ང་ཚོས་དེ་ལ་སྣང་ཆུང་ངམ་ཁྱེར་རྐྱང་དུ་འཇོག་གི་ཡོད། དེ་ལྟར་བྱས་ནའང་འགྲིགས་ཀྱི་མེད། གང་ཡིན་ཟེར་ན། ངོ་མི་ཤེས་པའི་མི་དེས་མ་འོངས་པར་རང་ལ་ཕན་འདོགས་སྲིད། དུས་ཀྱི་ཁྱད་པ་ཙམ་ཡིན། དེར་བརྟེན་དེ་ལ་དོ་སྣང་མ་བྱས་པར་སྣང་མེད་དུ་འཇོག་པ་ནི་ཏག་ཏག་འགྲིགས་ཀྱི་མེད།

བསམ་བློ་དེ་ལྟར་བཏང་ན། སེམས་ཅན་ཐམས་ཅད་ལ་གཅིག་འགྱུར་དུ་ལྟ་བའི་བཏང་སྙོམས་ཀྱི་བློ་ཞིག་སྐྱེ་ཐུབ། སོ་སོའི་གཉེན་དང་། དགྲ། བར་མའི་སེམས་ཅན་ཡིན་མིན་ལ་མ་ལྟོས་པར། དེ་དག་ཚང་མ་རང་དང་འདྲ་བར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་པ་ལྟ་ཐུབ། དེ་ནས་མི་གང་འདྲ་ཞིག་ཐུག་ཀྱང་ཁ་ཅིག་ལ་ཆགས་པ་དང་། ཁ་ཅིག་ལ་སྡང་བ། ཁ་ཅིག་ལ་སྣང་ཆུང་གཏོང་བའི་བསམ་བློ་རང་ལ་མི་ཡོང་།

ཉམས་ལེན་དེ་འགོ་འཛུགས་བྱེད་ཚུལ་གྱི་དང་པོ་ནི་ང་ཚོས་གཉེན་ལ་ཆགས་པའི་ཆགས་པ་དང་དགྲ་ལ་སྡང་བའི་སྡང་སེམས་སྤངས་ནས། ཚང་མ་ལ་གཅིག་འགྱུར་ལྟ་ཐབས་བྱེད་དགོས། དེ་ག་ནང་བཞིན་གཞན་གྱིས་སོ་སོ་ལ་ལེགས་ཉེས་ཇི་ལྟར་བྱས་ཀྱང་ཕར་ཉེ་རིང་མེད་པར་ལྟ་ཐུབ་པ་དགོས། གཞི་ནས་ང་ཚོས་ཉེ་རིང་གི་ཚོར་བ་སོགས་སྤོང་ཐུབ།

རྒྱུ་འབྲས་མན་ངག་བདུན།

བཏང་སྙོངས་སྦྱངས་ཟིན་པའི་རྗེས། མན་ངག་བདུན་གྱི་དང་པོ་སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་བའི་ཚུལ་ལ་བསམ་བློ་བཏང་ནས་མར་ཤེས་སྒོམ་དགོས། དེ་ནས་དེ་དག་གི་བཀའ་དྲིན་དྲན་དགོས། དེ་རྗེས་བཀའ་དྲིན་དྲན་པའི་སྒོ་ནས་དྲིན་ལན་མཇལ་རྒྱུར་བསམ་བློ་གཏོང་དགོས། བཏང་སྙོམས་བརྩིས་ན་འདིར་གནད་དོན་བཞི་དང་། བཏང་སྙོམས་མ་བརྩིས་ན་གསུམ་ཡོད། འོན་ཀྱང་ཁྱད་པར་ཅི་ཡང་མེད།

གསུམ་མམ་བཞི་པོ་དེ་དག་རིམ་པ་བཞིན་དུ་སྦྱངས་ཟིན་པའི་རྗེས་སེམས་ཅན་ཐམས་ཅད་ལ་དམིགས་པའི་ཡིད་འོང་གི་བྱམས་པ་སླེབས་ཀྱི་ཡོད། བྱམས་པ་རྒྱུད་ལ་སྐྱེད་ཕྱིར་ང་ཚོས་ཉམས་ལེན་འཕར་མ་གང་ཡང་བྱེད་མི་དགོས། གོང་གི་གསུམ་པོ་དེ་དག་སྦྱངས་ཟིན་རྗེས་རང་ཤུགས་སུ་ཡིད་འོང་གི་བྱམས་པ་སྐྱེད་ཡོང་གི་ཡོད།

ཡིད་འོང་གི་བྱམས་པའི་རྗེས་ང་ཚོས་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་སླེབས་ཀྱི་ཡོད། དེའི་ཕྱིར་ང་ཚོས་སྙིང་རྗེ་ཅན་གྱི་བསམ་བློའི་འཁྱེར་སོ་ཞིག་རྒྱུད་ལ་སྦྱོང་དགོས། སྙིང་རྗེ་དེ་ཡང་རྫུས་མ་ཞིག་མིན་པར་བཅོས་མིན་ཞིག་ཡིན་དགོས། དེ་ལྟའི་སྙིང་རྗེ་སྦྱོང་རྒྱུ་ནི་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན། སྙིང་རྗེ་ནི་ང་ཚོའི་སེམས་རྒྱུད་ཡོངས་སུ་དག་པའི་རྨང་གཞི་དང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱི་གཞི་རྟེན་ཞིག་ཡིན། དེ་ནི་ཐེག་པ་འདྲ་མིན་གྱི་རྩ་བའམ་གཞི་རྟེན་ཡིན། དེར་བརྟེན་ཧ་ཅང་གལ་ཆེན་པོ་རེད།

རྒྱ་གར་གྱི་སློབ་དཔོན་ཆེན་པོ་འཕགས་པ་དཔའ་བོས། “འཁོར་བའི་སེམས་ཅན་ཐམས་ཅད་ལས་དང་ཉོན་མོངས་ཀྱིས་བཅིངས། འོན་ཀྱང་སངས་རྒྱས་ཁྱེད་ནི་སེམས་ཅན་དེ་དག་འཁོར་བ་ལས་འགྲོལ་ཆེད་སྙིང་རྗེའི་གཞན་དབང་དུ་འགྱུར་བ་ཡིན།” ཞེས་གསུངས། དེ་ནས་ཁོང་གིས། “ངས་དང་པོ་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་སྙིང་རྗེ་དང་སངས་རྒྱས་ཁྱེད་གཉིས་སུ་ལ་ཕྱག་འབུལ་དགོས་སམ།” ཞེས་དྲི་བ་བཀོད། དེ་ལ་མགོན་པ་ཀླུ་སྒྲུབ་ཀྱི་གསུང་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་ནང་། སློན་དཔོན་ཟླ་བ་གྲགས་པས་དྲི་བ་དེ་ལ་ལན་མཛད་ཡོད། དེའི་ནང་། ཁོང་གིས་དང་པོ་སྙིང་རྗེ་ཆེན་པོ་ལ་བསྟོད་ཕྱག་ཕུལ་ཡོད། གང་ཡིན་ཟེར་ན། སྙིང་རྗེ་དེ་ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཆགས་ཡོད། དེས་ན་སྙིང་རྗེ་བརྗོད་བྱར་བྱས་པའི་གཞུང་ཀུན་ལ་ང་ཚོས་གཟབ་གཟབ་བྱས་སློབ་སྦྱོང་བྱས་ཏེ་ཉམས་ལེན་ནང་སྒྲིལ་ཐབས་བྱ་དགོས།

དེ་ནི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་སྐྱེད་ཚུལ་དེ་ཡིན། དང་པོ་དྲུག་རྒྱུ་དང་མཐའ་མ་བྱང་ཆུབ་ཀྱི་སེམས་ནི་འབྲས་བུ་ཡིན།

བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་སྐྱེད་ཚུལ་གྱི་སྔོན་བཤད།

བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་ཐབས་གཉིས་པ་དེ་ནི་བདག་གཞན་མཉམ་བརྗེ་ཡིན། འདིའང་ཐོག་མར་བཏང་སྙོམས་སྦྱོང་བ་སྔོན་དུ་འགྲོ་དགོས་པ་དང་། དང་པོ་སེམས་ཅན་ཐམས་ཅད་རང་གི་མར་ཤེས་པ་དང་། དེ་དག་གི་དྲིན་དྲན་པ། དེ་ནས་དྲིན་བཟོ་བ། ཡིད་འོང་གི་བྱམས་པ་སྐྱེ་བའི་བར་གཅིག་པ་ཡིན། འོན་ཀྱང་དྲིན་དྲན་པའི་ཚུལ་སྐབས་འདིར་དམིགས་བསལ་ཞིག་ཡོད།

རྒྱུ་འབྲས་མན་ངག་བདུན་གྱི་སྐབས་ང་ཚོས་སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་བ་རྒྱུ་མཚན་དུ་བྱས་ཏེ་དེ་དག་གི་དྲིན་དྲན་ཚུལ་བཤད་ཡོད། འདིར་མ་བྱས་མྱོང་བའི་ཐོག་ནས་མ་ཡིན་པར། གཞན་སེམས་ཅན་རྣམས་ལས་ལྷག་པའི་བཀའ་དྲིན་ཆེ་བ་མེད་ཚུལ་ཐད་བསམ་བློ་གཏོང་དགོས། དེ་ཡང་ང་ཚོ་འཚོ་གནས་བྱེད་པ་ཡོངས་རྫོགས་གཞན་སེམས་ཅན་རྣམས་ལ་བརྟེན་ཡོད་ཅིང་། ཐ་ན་གཞན་ལ་བརྟེན་ནས་ང་ཚོས་བདེ་བ་མྱོང་ཐུབ་ཀྱི་ཡོད། དཔེར་ན། ང་ཚོས་འཁྱགས་པའི་སྐབས། བལ་ལས་གྲུབ་པའི་སྟོད་གོས་དྲོ་པོ་དེ་འདྲ་གྱོན་གྱི་ཡོད། བལ་དེ་ག་ནས་བྱུང་བར་བསམ་བློ་བཏང་ན། དེ་ལུག་ལས་བྱུང་གི་ཡོད། ལུག་མེད་པར་བལ་མེད། དེ་ག་ནང་བཞིན་དཔེར་ན། ང་ཚོ་ན་བའི་སྐབས་གཟུགས་གཞི་སྐྱོ་པོ་ཆགས་ནས། ཤ་བཟའ་གི་ཡོད། ཤ་དེ་སེམས་ཅན་ལས་ཡོང་གི་ཡོད། དེ་དུད་འགྲོའི་དྲིན་ལ་བརྟེན་ནས་བྱུང་། དེ་བཞིན་ང་ཚོས་སྦྲང་ཙི་ལོངས་སྤྱོད་བྱེད་པ་དེ། སྦྲང་མ་ལས་ཡོང་དགོས་ཀྱི་ཡོད། སྦྲང་མ་ཚོས་ཕར་ཚུར་འཕུར་ནས་སྦྲང་ཙི་གསོག་ས་བཟོ་བར་དཀའ་ལས་ཞེ་དྲགས་ཡོད། ཐ་ན་ང་ཚོ་སེམས་ཅན་ཆུང་ངུ་དེ་དག་ལ་རྦད་དེ་བརྟེན་ནས་ཡོད། དེ་ག་ནང་བཞིན་སེམས་ཅན་གཞན་དང་གཞན་ལས་བྱུང་བའི་ཐོན་སྐྱེད་འོ་མ་ལ་སོགས་པའང་བརྟེན་ནས་ཡོད་པ་གཅིག་མཚུངས་ཡིན།

བསམ་བློ་དེ་ལྟར་བཏང་ན། ང་ཚོའི་གཡས་གཡོན་དུ་ཡོད་པའི་སེམས་ཅན་རྣམས་རང་ལ་དྲིན་ཆེན་པོ་ཡིན་པ་ཤེས་རྟོགས་ཐུབ། དོན་དངོས་སུ་དེ་དག་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་མེད། ང་ཚོས་བཟོད་མི་ཐུབ་པའི་དགྲ་ལ་བསམ་བློ་བཏང་ནའང་། ཁོང་ཚོས་རང་ཉིད་ལ་བཟོད་པ་ཉམས་ལེན་བྱ་རྒྱུའི་གོ་སྐབས་སྦྱིན་གྱི་ཡོད། བཟོད་པ་ཉམས་ལེན་མཐར་ཕྱིན་པ་བྱས་ཏེ། ང་ཚོས་སེམས་རྒྱུད་ཡོངས་སུ་སྦྱངས་ནས་མཐར་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཀྱི་ཡོད། དེར་བརྟེན་ང་ཚོས་བཟོད་མི་ཐུབ་ཅིང་དགྲར་བརྩི་སའི་གང་ཟག་དེས་ང་ཚོར་རྩ་ཆེ་བའི་གོ་སྐབས་དེ་འདྲ་སྦྱིན་གྱི་ཡོད།

བཟོད་པ་གོང་འཕེལ་གཏོང་བར། སོ་སོ་དང་མཉམ་དུ་འདུག་མི་ཐུབ་ཅིང་ཁོང་ཁྲོ་སློང་མཁན་ཞིག་དགོས་ཀྱི་ཡོད། དེ་ལྟ་བུའི་མི་ཞིག་ཡོད་ན་མ་གཏོགས་ང་ཚོས་བཟོད་པ་སྦྱོང་མི་ཐུབ། བཟོད་པ་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དམིགས་ནས་སྦྱོང་མི་ཐུབ་པར། སོ་སོའི་དགྲའམ་མི་དགའ་སའི་གང་ཟག་ཅིག་གི་ཐོག་ནས་སྦྱོང་ཐུབ་ཀྱི་ཡོད། དེར་བརྟེན་མི་དེ་བརྒྱུད་དེ་ང་ཚོར་དང་པོ་རང་ཉིད་ཡར་རྒྱས་གཏོང་རྒྱུ་དང་དེ་ནས་རིམ་བཞིན་སངས་རྒྱས་ཀྱི་ས་ལ་བགྲོད་ཆེད་གོ་སྐབས་སྐྲུན་གྱི་ཡོད་པས་བཀའ་དྲིན་ཆེན་པོ་ཡིན། བོད་མི་རྣམས་སྐྱབས་བཅོལ་བ་ཞིག་ཆགས་ཏེ་ངོས་ཀྱི་གནས་སྟངས་ལ་གཟིགས་དང་། ང་ཚོས་སོ་སོའི་དགྲ་བོར་བརྩི་བའི་རྒྱ་མིའི་ལག་ཏུ་ང་ཚོའི་ལུང་པ་ཤོར་བ་རེད། དེའི་འབྲས་བུར་ང་ཚོ་གཞན་ཡུལ་དུ་ཁ་ཐབས་སྐྱོ་པོ་བྱས་ལྷག་ཡོད། ང་ཚོས་འགྲུལ་བཞུད་བྱས་ཏེ་འདི་འདྲ་བའི་རྒྱལ་ཁབ་སྟོབས་ཆེན་རྣམས་མཐོང་རྒྱུ་བྱུང་བ་དང་མི་འདྲ་མིན་དང་ཐུག་འཕྲད་བྱུང་། དེ་དག་ཚང་ང་ཚོའི་དགྲ་བོ་རྒྱ་མིའི་བཀའ་དྲིན་རེད།

ང་ཚོས་བསམ་བློ་གཏོང་སྟངས་དེ་འདྲ་བཏང་ན། ང་ཚོས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ང་ཚོར་དེ་ག་ནང་བཞིན་བྱས་པ་དང་། དེ་དག་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་ཐུབ། གལ་ཏེ་ང་ཚོས་སེམས་ཅན་གྲངས་མེད་པ་དེ་དག་གི་བཀའ་དྲིན་དང་སངས་རྒྱས་ཀྱི་བཀའ་དྲིན་གཉིས་བསྡུར་ན། གཉིས་ཀ་གཅིག་མཚུངས་ཀྱིས་དྲིན་ཆེན་པོ་ཡིན། དེ་ལྟར་ཡིན་པའང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་གསུངས་ཡོད། བསམ་བློ་དེ་འདྲ་བཏང་ནས། ང་ཚོས་གཞན་གཅེས་པར་འཛིན་པའི་བློ་ཞིག་སྐྱེ་ཐུབ་པ་དང་གཞན་ལ་བྱུས་ཉེས་ཤིག་བྱུང་ན་རང་ཉིད་མི་སྐྱིད་པ་ཚོར་གྱི་ཡོད། དེ་ལ་ང་ཚོར་བྱམས་པ་ཞེས་བྱ། བྱམས་པས་གཞན་གཅེས་པར་བཟུང་ནས་གཞན་ལ་སྟབས་མི་ལེགས་པ་དང་གོད་ཆག་སོགས་བྱུང་ན་སེམས་མི་སྐྱིད་པ་བྱེད་ཀྱི་ཡོད།

སྔོན་མ་བཀའ་གདམས་པའི་སློབ་དཔོན་ཞིག་གིས་རང་གི་དགེ་ཕྲུག་ལ། ཁྱོད་རྟག་ཏུ་སྒོམ་གང་གི་ཐོག་རྒྱག་གི་ཡོད་ཅེས་བཀའ་འདྲི་གནང་། ཡང་ན་ཁྱོད་ཀྱིས་སེམས་ནང་གོམས་གཤིས་གང་འདྲ་ཞིག་འཇགས་ཐབས་བྱེད་ཀྱི་ཡོད་ཅེས་དྲིས་པར། དགེ་ཕྲུག་དེས། “ངས་རྟག་ཏུ་བྱམས་པ་རང་རྒྱུད་ལ་སྐྱེད་ཐབས་བྱེད་ཀྱི་ཡོད། བྱམས་པ་ནི་ངས་སྒོམ་རྒྱག་སའི་ཡུལ་གཙོ་བོ་དེ་ཡིན།” ཞེས་ཞུས་པས། དེ་མ་ཐག་དགེ་རྒན་དེས་རང་གི་ཞྭ་མོ་མར་ཕུད་དེ། “ཁྱོད་ཀྱིས་དངོས་གནས་ཉམས་ལེན་ཡག་ཤོས་དེ་བྱེད་ཀྱི་འདུག” །ཅེས་གུས་ཞབས་དང་བཅས་བསྟོད་བསྔགས་གནང་།

བདག་གཞན་མཉམ་བརྗེ།

དེ་དག་གི་སྟེང་དུ་ང་ཚོས་བདག་གཞན་དངོས་སུ་བརྗེ་བའི་ཉམས་ལེན་བྱེད་དགོས། གལ་ཏེ་ང་ཚོས་དྲང་པོའི་ངང་སོ་སོར་དཔྱད་ན། ང་ཚོ་ཚང་མ་ཧ་ཅང་རང་འདོད་དོན་གཉེར་ཅན་གྱི་གནས་སྟངས་ཤིག་གི་ནང་ཡོད། ང་ཚོས་རང་ཉིད་གཅེས་པར་བཟུང་ནས་གཞན་ཡལ་བར་དོར་གྱི་ཡོད། དེར་མ་ཟད། ང་ཚོར་དགའ་མོས་དང་ཕྱོགས་རིས་བྱེད་ས་དེ་འདྲ་ཡོད། ཁ་ཤས་ལ་ཧ་ཅང་ཉེ་པོ་བྱེད་པ་དང་། ཁ་ཤས་ཐག་རིང་པོ་བརྩི་གི་ཡོད། སོ་སོ་རོགས་རམ་བྱེད་མཁན་ལ་ང་ཚོས་དགའ་པོ་བྱས་ཏེ་ཉེ་པོ་ཚོར་བ་དང་། དེ་དག་ལ་ཕར་རོགས་བྱེད་འདོད་ཡོང་གི་ཡོད། ཡང་ཕྱོགས་གཞན་ཞིག་ནས་སོ་སོ་ལ་གང་ཡང་མི་བྱེད་མཁན་རིགས་ཤིག་ཡོད་པ་དང་། དེ་དག་ལ་ང་ཚོས་ཐག་རིང་པོ་ཚོར་ཏེ། དེ་དག་ལ་གང་ཡང་བྱེད་འདོད་ཀྱི་མེད། འདིར་ང་ཚོས་དོ་སྣང་བྱེད་ས་ནི་བཏང་སྙོམས་རིགས་གཉིས་པ་ཞིག་སྐྱེད་ཐབས་བྱེད་ཀྱི་ཡོད། དགའ་མོས་སམ་ཕྱོགས་རིས་དང་བྲལ་ནས་ཀུན་ལ་གཅིག་མཚུངས་སུ་ལྟ་མཁན་གྱི་བཏང་སྙོམས་ཤིག་སྦྱོང་གི་ཡོད།

དེ་འདྲ་བའི་བཏང་སྙོམས་ཀྱི་བློ་སྦྱོང་བར། ང་ཚོས་སེམས་ཅན་ཐམས་ཅད་རང་ལ་གནས་སྐབས་ཐམས་ཅད་དུ་བཀའ་དྲིན་ཆེན་པོ་ཡིན་པའི་ཚུལ་ལ་བསམ་བློ་ཡག་པོ་གཏོང་དགོས། འདས་པའི་དུས་སུ་ང་ཚོས་གཞན་ལ་བརྟེན་ཡོད། མ་འོངས་པར་ཡང་ང་ཚོས་གཞན་ལ་བརྟེན་དགོས་ཀྱི་ཡོད།

གཞན་སེམས་ཅན་རྣམས་རང་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་གནས་སྐབས་ཀུན་ཏུ་རང་ལ་རོགས་བྱས་པར་བསམ་བློ་གཏོང་སྐབས། ང་ཚོའི་སེམས་ནང་། “གཞན་སེམས་ཅན་ཐམས་ཅད་ཀྱིས་ང་ཚོར་རོགས་རམ་བྱས་མེད། ཁ་ཤས་ཀྱིས་རང་ལ་གནོད་པ་བྱས་མྱོང་ཡོད།” ཅེས་པའི་བསམ་བློ་འཁོར་ཤས་ཆེ། དེ་ལ་ག་རེ་བྱེད་དགོས་སམ། བསམ་བློ་དེ་འདྲ་འཁོར་ན་ག་རེ་བྱེད་དགོས་སམ་ཞེ་ན། གང་ཟག་བྱེ་བྲག་པ་ཞིག་གིས་གནས་སྐབས་བྱེ་བྲག་པ་ཞིག་ནང་ང་ཚོར་གནོད་འཚེ་བྱས་ཏེ་དགྲར་གྱུར་ཡོད། འོན་ཀྱང་སྐྱེ་བ་ཐོག་མ་མེད་པའི་སྐབས་ནས་དེ་དག་གིས་རང་ལ་གནོད་པ་དང་ཕན་པའི་ལས་གཉིས་ང་ཚོས་ལྕི་ཡང་བརྟག་ན། ཕན་པ་ལྡབ་ཀྱིས་མང་བ་ཡོད། དེ་ལྟར་ང་ཚོས་གཞན་གྱི་དྲིན་ལ་བསམ་བློ་གཏོང་དགོས་པ་དང་། ལྷག་པར་དུ་རང་གི་དགྲ་བོའི་དྲིན་ལ་བསམ་བློ་བཏང་ནས། བཏང་སྙོམས་ཀྱི་བློ་སྦྱོང་ཐབས་སུ་སྨོན་ལམ་འདེབས་དགོས་ཀྱི་ཡོད།

དེ་རྗེས་ང་ཚོས་མི་རྟག་པར་བསམ་བློ་གཏོང་དགོས། ཆོས་གང་ཞིག་ཡིན་ཀྱང་འགྱུར་མེད་རྟག་པར་མི་གནས། གལ་སྲིད་ང་ཚོས་སོ་སོའི་དགྲ་ལ་བསམ་བློ་བཏང་ན། དགྲ་དེ་དེ་རིང་དགོང་མོ་དམར་གསོད་གཏོང་གི་ཡོད་ན། དེ་རིང་ཞོགས་པ་དེ་ལ་གནོད་འཚེ་བྱེད་པ་ནི་ཕན་མེད་རེད། དགྲ་དེ་དེ་རིང་དགོང་དྲོ་འཆི་རྒྱུ་ཡིན་པས་ཕན་ཐོགས་ཅི་ཡང་མེད། དེ་ག་ནང་བཞིན་ང་ཚོ་རང་ཉིད་དེ་རིང་དགོང་མོ་འཆི་རྒྱུ་ཡིན་ན། ཞོགས་པ་གཞན་ལ་གནོད་འཚེ་བྱེད་མི་རུང་། འཆི་བ་དང་མི་རྟག་པའི་ཐོག་ནས་བསམ་བློ་དེ་ལྟར་བཏང་ན། གཞན་ལ་སྡང་བ་དང་ཉེ་རིང་གི་བློ་ལས་ཐར་ཐུབ།

དེར་མ་ཟད། རང་ཉིད་བདེ་བ་འདོད་པ་བཞིན་གཞན་སེམས་ཅན་ཐམས་ཅད་གཅིག་པ་འདོད་ཀྱི་ཡོད་པ་ལས་མི་སུ་གཅིག་གིས་ཀྱང་མི་བདེ་བ་དང་སྡུག་བསྔལ་མི་འདོད། དེ་ནི་ང་ཚོས་ཡང་ནས་ཡང་དུ་བསམ་བློ་གཏོང་དགོས་པའི་གནད་དོན་ཞིག་ཡིན། ཅི་སྟེ་རང་ཉིད་སྨན་པ་ཞིག་ཡིན་ཞིང་། ན་ཚ་གཅིག་པ་གཅིག་ཀྱང་ཕོག་པའི་ནད་པ་བཅུ་སྒུག་བསྡད་ཡོད་ན། ཁ་ཤས་ལ་སྨན་བཅོས་བྱས་ཏེ་གཞན་རྣམས་ལ་ཁ་ཡ་མ་བྱས་ན་འགྲིག་གི་མེད། ནད་པ་བཅུ་པོར་ཚང་མར་སྨན་བཅོས་བྱ་རྒྱུའི་ཐོབ་ཐང་གཅིག་མཚུངས་ཡོད། སྨན་པའི་ངོས་ནས་ཉེ་དགའ་ཕྱོགས་ཞེན་བྱ་རྒྱུ་ཅི་ཡང་མེད། དེ་ག་ནང་བཞིན་གཞན་སེམས་ཅན་ཐམས་ཅད་ལ་རོགས་བྱེད་རྒྱུ་དང་ཕན་འདོགས་རྒྱུར་ཉེ་རིང་གི་བསམ་བློ་མེད་པར་ཚང་མར་གཅིག་འགྱུར་ངང་ལྟ་དགོས། སྨན་པ་དང་ནད་པ་བཅུའི་དཔེ་དེ་ནི་བཏང་སྙོམས་ཀྱི་བློ་འདི་སྦྱོང་བར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད།

གཞན་ཡང་བཀྲེས་སྐོམ་གྱིས་མནར་བའི་མི་བཅུ་ང་ཚོའི་སྒོ་འགྲམ་དུ་སླེབས་པ་དང་། བཅུ་ཀར་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་གཅིག་པ་ཡོད་ན། ཁ་ཤས་ལ་ཟས་བྱིན་པ་དང་ཁ་ཤས་སྣང་མེད་དུ་གཡུགས་ན་ཏག་ཏག་སྡོད་ཀྱི་མེད། དེ་ལྟར་ཉེ་རིང་གི་སྤྱོད་ཚུལ་བཟུང་ན་འགྲིག་གི་མེད། ཁོང་ཚོ་ཚང་མར་ཐོབ་ཐང་གཅིག་པ་ཡོད་པ་དང་ང་ཚོར་གཅིག་འགྱུར་ངང་རོགས་རམ་བྱེད་པའི་ལས་འགན་ཡོད། དེ་ཡིན་པའང་བླ་མ་མཆོད་པའི་ནང་གི་ཚིག་རྐང་བཞི་ལས་རྟོགས་ཐུབ། དེ་ཡང་། “སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་འདོད་ཅིང༌། །བདེ་ལ་ནམ་ཡང་ཆོག་ཤེས་མེད་པར་ནི། །བདག་དང་གཞན་ལ་ཁྱད་པར་ཡོད་མིན་ཞེས། །གཞན་བདེ་དགའ་བ་བསྐྱེད་པར་བྱིན་གྱིས་རློབས། །” ཞེས་གསུངས་ཡོད། བླ་མ་མཆོད་པའི་གཞུང་དེ་ཀློག་འདོན་བྱེད་པའི་སྐབས་ང་ཚོས་ཚིག་རྐང་དེ་དག་གི་དོན་ལ་བསམ་བློ་ཡག་པོ་གཏོང་དགོས།

དེ་ནས་བསམ་བློ་ཡག་པོ་བཏང་རྗེས། གལ་ཏེ་དགྲ་དང་གཉེན་ཞེས་དངོས་པོའི་གནས་ཚུལ་ལ་ཡོད་པ་དང་བདེན་པ་ཡིན་ན། སངས་རྒྱས་ཉིད་ཀྱང་དགྲ་གཉེན་སྣ་ཚོགས་སུ་གྱུར་ཡོད་ཀྱི་རེད། འོན་ཀྱང་དོན་དངོས་སུ་སངས་རྒྱས་ཀྱིས་གཞན་སེམས་ཅན་རྣམས་དགྲ་གཉེན་གང་དུའང་མ་གཟིགས་པར་ཚང་མར་གཅིག་མཚུངས་གཟིགས་ཀྱི་ཡོད། གལ་སྲིད་སངས་རྒྱས་ཀྱིས་ཚང་མར་གཅིག་འགྱུར་ངང་གཟིགས་ཐུབ་པ་དེ་གང་འདྲ་ཡིན་ནམ་ཞེ་ན། དེས་ན་ང་ཚོས་སངས་རྒྱས་ཀྱི་སྤུན་མཆེད་ལྷས་བྱིན་ལ་བསམ་བློ་གཏོང་དགོས།

ལྷས་བྱིན་གྱིས་རྟག་ཏུ་སངས་རྒྱས་ལ་རྡོ་སོགས་གཞུས་ཏེ་སངས་རྒྱས་བཀྲོངས་ཐབས་བྱེད་ཀྱི་ཡོད། ཐེངས་ཤིག་སྨན་པ་ཞིག་གིས་སངས་རྒྱས་ལ་སྨན་ཐུན་ཧ་ཅང་ཤུགས་ཆེན་པོ་ཞིག་ཕུལ། ལྷས་བྱིན་གྱིས་རྟག་ཏུ་སངས་རྒྱས་ལ་འགྲན་རྩོད་བྱེད་སྟབས། རང་ལའང་སྨན་གཅིག་པ་ཞིག་གནང་རོགས་ཞེས་སྨན་པ་དེར་ཞུས། སྨན་པ་དེས། “སྨན་འདི་ཁྱོད་ལ་འཚམ་པོ་མེད། གང་ཡིན་ཟེར་ན། སྨན་འདི་འཇུ་བར་ཁྱོད་ལ་སངས་རྒྱས་ནང་བཞིན་གྱི་ནུས་སྟོབས་མེད།” ཅེས་བཤད། འོན་ཀྱང་ལྷས་བྱིན་གྱི་སྨན་པའི་ཁ་ལ་མ་ཉན་པར་ཨུ་ཚུགས་ཀྱིས་དགོས་ཟེར། དེར་བརྟེན་སྨན་པ་དེས་ལྷས་བྱིན་ལ་སྨན་དེ་བྱིན་པས། ལྷས་བྱིན་ལ་ན་ཚ་དྲག་པོ་ཕོག་སྟེ་གནས་སྟངས་ཛ་དྲག་པོར་གྱུར། དེར་བརྟེན་སངས་རྒྱས་ཀྱིས་ལྷས་བྱིན་འགྲམ་དུ་ཕེབས་ཏེ། ཕྱག་ལྷས་བྱིན་གྱི་མགོའི་སྟེང་བཞག་ནས། “གལ་ཏེ་ང་ལ་རྟག་ཏུ་གནོད་སྐྱེལ་ཐབས་བྱེད་མཁན་ཁྱོད་དང་ངའི་བུ་རཱ་ཧུ་ལཱ་གཉིས་ཀྱི་དབར་ངའི་རྒྱུད་ལ་ཉེ་རིང་མེད་ན། དེའི་མཐུ་ལ་བརྟེན་ནས་ཁྱོད་ནད་ལས་དྲག་པ་ཤོག” ཅེས་གསུངས་མ་ཐག་ལྷས་བྱིན་རྦད་དེ་དྲག་སྐྱེད་བྱུང་། འོན་ཀྱང་ལྷས་བྱིན་གྱིས་སངས་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ཚབ་ཏུ་སངས་རྒྱས་ལ་བལྟས་ནས་འཁང་ར་བྱས་ཏེ། “ཁྱོད་ཀྱི་ལག་པ་བཙོག་པ་དེ་ངའི་མགོ་ནས་ཕར་འཁྱེར་ཞིག” །ཅེས་ཀྱང་བཤད།

དཔེ་དེའི་ཐོག་ནས་སངས་རྒྱས་ཀྱིས་རང་གི་བུ་ལ་ཉེ་བ་དང་གཞན་སེམས་ཅན་རྣམས་རིང་བའམ་དགྲ་རུ་ནམ་ཡང་མི་བརྩི་བར་སྟོན་མཛད་ཡོད། ཁོང་གིས་ཕྱོགས་རིས་མེད་པའི་སྒོ་ནས་སེམས་ཅན་ཐམས་ཅད་ལ་གཅིག་པ་གནང་གི་ཡོད། དེར་བརྟེན་ང་ཚོས་དེ་ལྟའི་ངོ་མཚར་ཆེ་བའི་སྤྱོད་ཚུལ་དེ་འདྲའི་ཐོག་ནས་ཁོང་གི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་པའི་ཚུལ་ལ་བསམ་བློ་གཏོང་དགོས།

ང་ཚོ་མུ་མཐུད་མདུན་སྐྱོད་དང་བཅས་ནམ་རྒྱུན་ང་ཚོས་ཆ་རྐྱེན་དེ་གཉིས་ལ་བསམ་བློ་ཇི་ལྟར་གཏོང་གི་ཡོད་པའི་ཐད་བལྟ་དགོས་ཀྱི་འདུག །དེ་ཡང་། མི་ཁ་ཤས་སོ་སོའི་གྲོགས་པོ་དང་གཉེན་ཉེ་འདུ་ཡིན་པ་དང་། དེ་དག་གིས་རང་ལ་རྟག་ཏུ་ཕན་འདོགས་ཀྱི་ཡོད། ཡང་ཕྱོགས་གཞན་ཞིག་ནས་མི་ཁ་ཤས་ཕན་མེད་བརྩིས་ནས་མི་དགའ་བ་བྱས་ཏེ། དེ་དག་སོ་སོའི་དགྲར་བརྩི་གི་ཡོད། ལྟ་ཚུལ་དེ་གཉིས་ལ་ང་ཚོར་གཟབ་གཟབ་བྱེད་དགོས། འོན་ཀྱང་ང་ཚོས་འཁོར་བའི་གནས་སྟངས་ཐམས་ད་ལ་ངེས་བརྟན་རྩ་བ་ནས་མེད་པ་ཤེས་དགོས། གནད་དོན་དེ་ནི་ང་ཚོས་སྐྱེས་བུ་འབྲིང་གི་སྐོར་བཤད་པའི་སྐབས་གླེང་སློང་བྱས་ཡོད། འཁོར་བའི་ཆོས་ལ་ཡིད་རྟོན་བྱེད་རིན་མེད། དེ་ལྟར་འདིར་ཡང་མི་ཁ་ཤས་རང་གི་གཉེན་དང་ཁ་ཤས་རང་གི་དགྲ་ཞེས་ལྟ་བའི་ཚུལ་འདི་ལ་ངེས་བརྟན་རྩ་བ་ནས་མེད་པའི་ཚུལ་ལ་བསམ་བློ་གཏོང་དགོས།

དེར་བརྟེན་ང་ཚོས་དགྲ་དང་གཉེན་ཞེས་པའི་དབྱེ་བ་དེ་དག་ཐམས་ཅད་ལྟོས་བཅས་ཙམ་ཡིན་པ་ཤེས་དགོས། ང་ཚོས་ག་དུས་ཡིན་ཀྱང་ “ང་” དང་ “གཞན།” “དགྲ་” དང་ “གཉེན་” ཞེས་སོགས་དེ་དག་ཕྱི་ལོགས་དེར་རང་ངོས་ནས་གྲུབ་པ་ལྟ་བུ་འཛིན་གྱི་ཡོད། དོན་དངོས་སུ་རང་ངོས་ནས་གྲུབ་དང་བརྟན་ཚུགས་པའི་ཆོས་གཅིག་ཀྱང་མེད།

དཔེར་ན། ཕ་རི་དང་ཚུར་རི་ཞེས་པར་བསམ་བློ་ཐོངས་དང་། ཕ་རི་དེ་ང་ཚོར་སྣང་ངོར་ཕར་ཕྱོགས་དེ་ནས་ཚུགས་ཐུབ་ཏུ་ཡོད་པའམ་རང་ངོས་ནས་ཡོད་པ་ལྟར་སྣང་གི་ཡོད། གལ་སྲིད་ང་ཚོ་ཕ་རི་དེའི་སྟེང་ཕྱིན་ནས་བལྟས་ན། ཕ་རི་དེ་ག་རང་ལ་སྡོད་ཀྱི་མེད། ང་ཚོ་དང་པོ་གང་དུ་ཡོད་སའི་རིའམ་ཚུར་རི་དེ་ཕ་རིར་འགྱུར་གྱི་ཡོད། དེ་ལྟར་གཉེན་དང་། དགྲ། ཐག་རིང་པོ་དང་ཐུང་ཐུང་སོགས་སྡེ་ཚན་ཚང་མ་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན། རང་བཞིན་གྱིས་གྲུབ་པ་དང་། རང་ངོས་ནས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཆོས་གཅིག་ཀྱང་མེད། ཐ་ན་དབྱེ་བ་དེ་ཉིད་ཀྱང་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་མེད།

མདོར་ན། ད་ལྟ་བར་དུ་ང་ཚོས་རང་ཤེད་ཚ་པོ་བྱས་ཡོད། རང་ཉིད་གཅེས་པར་བཟུང་ནས་གཞན་རྣམས་ཡལ་བར་དོར་ཡོད། ད་ང་ཚོར་ག་རེ་བྱེད་དགོས་སམ་ཞེ་ན། བདག་གཞན་བརྗེ་པོ་རྒྱག་དགོས། རང་ཁོ་ནར་གཅེས་པར་འཛིན་པ་མ་མིན་པར། རང་གཞན་སུ་ཡིན་རུང་ཚང་མར་ལྟ་ཚུལ་གཅིག་པ་དགོས་ཀྱི་ཡོད།

རང་གཅེས་འཛིན་གྱི་ཉེས་དམིགས།

ད་ང་ཚོས་རང་འདོད་དོན་དུ་གཉེར་བའི་སྐོར་ཤོད་སྐབས། དེ་ནི་གནོད་ཚབས་ཧ་ཅང་ཆེན་པོ་ཡོད། དེང་དུས་ཀྱི་ནད་གཞི་འདྲ་མིན་ལ་ང་ཚོས་བསམ་བློ་བཏང་ན། དཔེར་ན། སྐྲན་ནད་ལྟ་བུ། སྐྲན་ནད་ནི་ན་ཚ་ཚབས་ཆེ་ཤོས་ཤིག་ཏུ་བརྩི་གི་ཡོད། འོན་ཀྱང་དེ་ལས་ཚབས་ཆེ་བའི་ན་ཚ་ནི་རང་འདོད་དོན་དུ་གཉེར་བ་དེ་ཡིན། རང་གཅེས་འཛིན་ནམ་རང་འདོད་དོན་གཉེར་དེ་སྡུག་ཤོས་ཡིན། གང་ཡིན་ཟེར་ན། ང་ཚོས་རང་ཉིད་གཅེས་པར་བཟུང་ནས་གཞན་ཀུན་ལས་ཡག་ག་དང་ལྷག་པ་ཞིག་ཡོང་བར་འདོད་ཀྱི་ཡོད། དེའི་སྟོབས་ཀྱིས་ང་ཚོས་མ་བྱིན་པར་ལེན་པ་དང་། སྲོག་གཅོད་པ་སོགས་མི་དགེ་བའི་ལས་སྣ་ཚོགས་བྱེད་ཀྱི་ཡོད། ལས་དེ་དག་གིས་ང་ཚོ་ཕུང་ལ་སྦྱོར་བ་ཡིན། ཚེ་འདི་ཙམ་མིན་པར། སྐྱེ་བ་ཕྱི་མ་རྣམས་སུའང་ངན་འགྲོའི་གནས་སུ་སྐྱེ་དགོས་པ་ཡོང་གི་ཡོད། ཚོགས་པ་དང་། ཁྱིམ་ཚང་། རྒྱལ་ཁབ་བཅས་གཞན་ནང་དཀའ་ངལ་དང་མི་མཐུན་བྱུང་དང་འབྱུང་བཞིན་པར་བལྟས་ན། དེ་དག་གི་རྩ་བ་ནི་རང་འདོད་དོན་གཉེར་དེ་ཡིན། གང་ཡིན་ཟེར་ན། ཚོགས་པ་རྣམས་རང་འདོད་ཆེ་བས། སོ་སོ་གཅིག་པུར་བསམ་བློ་གཏོང་བ་དང་སོ་སོ་གཅིག་པུ་ལྟ་བ་དེ་ཡང་དག་པར་བཟུང་བར་བརྟེན་དཀའ་ངལ་དང་མི་མཐུན་པ་ཡོང་གི་ཡོད།

ང་ཚོས་ཐར་པའི་གོ་འཕང་ཐོབ་ཟིན་པའི་དགྲ་བཅོམ་པ་རྣམས་ཀྱི་གནས་སྟངས་ལ་བལྟས་ན། ཁོང་ཚོས་ནང་གི་དགྲ་ཉོན་སྒྲིབ་སྤངས་ཏེ་དགྲ་བཅོམ་པའི་འབྲས་བུ་ཐོབ་ཡོད། དེ་བདེན་པ་རེད། འོན་ཀྱང་ཁོང་ཚོས་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་ཐུབ་མེད། ཁོང་ཚོས་ཉོན་སྒྲིབ་སྤངས་ཀྱང་ཤེས་སྒྲིབ་སྤངས་མེད། དེའི་རྒྱུ་མཚན་ནི་ཁོང་ཚོའི་རྒྱུད་ཀྱི་རང་གཅེས་འཛིན་དེ་ཡིན། ཁོང་ཚོས་ག་དུས་ཡིན་ཀྱང་སོ་སོ་གཅིག་པུའི་སྡུག་བསྔལ་ལ་བསམས་ནས་དེ་དང་བྲལ་བར་འདོད་པ་ལས། གཞན་སེམས་ཅན་ཐམས་ཅད་ཐར་པའི་སར་འཁྲིད་བྱེད་ཀྱི་ཐབས་སམ་ལམ་རྣམས་ཇི་ལྟ་བ་བཞིན་དུ་ཤེས་ཀྱི་མེད། དེ་ག་ནང་བཞིན་གལ་ཏེ་ང་ཚོར་སོ་སོ་གཅིག་པུའི་གོ་གནས་ལ་བསམ་བློ་གཏོང་མཁན་གྱི་ལས་བྱེད་པ་ཞིག་ཡོད་ན། དེ་ལྟ་བུའི་མི་དེར་སུ་གཅིག་གིས་ཀྱང་ཆ་འཇོག་བྱེད་ཀྱི་མེད། མི་དེ་རང་འདོད་ཚ་པོ་དང་ཆེ་འདོད་ཅན་གྱི་ཆབ་སྲིད་པ་ཞིག་ཏུ་བརྩི་གི་ཡོད། དེ་བཞིན་འདིར་མི་ཁ་ཤས་ཤིག་མཉམ་དུ་བསྡད་ཡོད་ན། དཔེར་ན། མི་ལྔའམ་དྲུག་མཉམ་དུ་སྡོད་ཀྱི་ཡོད་པ་དང་། དེའི་ནང་ནས་མི་གཅིག་གིས་གཞན་ལ་བརྩི་འཇོག་མ་བྱས་པར། སོ་སོའི་འདོད་མོས་ལྟར་བྱས་ཏེ། ཧ་ཅང་རང་འདོད་ཚ་པོ་ཡོད་ན། མི་གཞན་རྣམས་ཀྱིས་རང་བཞིན་གྱིས་ཁོ་པར་མི་དགའ་བ་ཆགས་རྒྱུ་རེད།

དེས་ན་བླ་མ་མཆོད་པའི་ནང་། “རང་ཉིད་གཅེས་པར་འཛིན་པའི་གཅོང་ནད་འདི། །མི་འདོད་སྡུག་བསྔལ་སྐྱེད་པའི་རྒྱུར་མཐོང་ནས། །ལེ་ལན་བདས་ལ་འཁོན་དུ་བཟུང་བྱས་ཏེ། །བདག་འཛིན་གདོན་ཆེན་འཇོམས་པར་བྱིན་གྱིས་རློབས།” ཞེས་གསུང་པའི་ཚིག་བཅད་འདིར་བསམ་བློ་བཏང་ནས། དེའི་དོན་རང་གི་རྒྱུད་ལ་གོམས་གཤིས་སུ་འཇགས་ཐུབ་པ་བྱེད་དགོས།

གཞན་གཅེས་འཛིན་གྱི་ཕན་ཡོན།

གཞན་སེམས་ཅན་ཐམས་ཅད་ལ་སེམས་ཁུར་བྱེད་པའི་གཞན་གཅེས་པར་འཛིན་པའི་བློ་དེ་ནི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན། དོན་དངོས་སུ་ང་ཚོར་བསྐྱར་དུ་མིའི་ལུས་རྟེན་ཐོབ་པ་འདི་ནི་གཞན་སེམས་ཅན་རྣམས་ཀྱི་སྲོག་གཅོད་པ་སྤངས་ཏེ་གཞན་གཅེས་པར་བཟུང་བའི་དབང་གིས་ཡིན། ང་ཚོས་སོ་སོའི་བྱ་སྤྱོད་ཀྱི་ཐོག་ནས་ཚུལ་དང་མཐུན་པ་བྱས་སྟབས། མིའི་ལུས་རྟེན་ཐོབ་པ་རེད། དེ་ནི་གཞན་གཅེས་པར་བཟུང་བ་ལས་བྱུང་། སངས་རྒྱས་ཉིད་ཀྱིས་ཀྱང་། གཞན་གཅེས་པར་བཟུང་བ་ལས་སངས་རྒྱས་ཀྱི་གོ་འཕང་ཐོབ། གལ་སྲིད་ལུང་པ་ཞིག་གི་ནང་གཞན་གྱི་བདེ་དོན་ལ་སེམས་ཁུར་བྱེད་མཁན་གྱི་ལས་བྱེད་གཅིག་ཡོད་ན། མི་ཚང་མས་ལས་བྱེད་དེ་ལ་དགའ་པོ་བྱེད་ཀྱི་ཡོད། ལས་བྱེད་དེ་ཤི་ན། མི་ཚང་མས་བློ་ཕམ་དང་སྡུག་བསྔལ་བྱེད་ཀྱི་རེད། དཔེ་དེ་ལས་གཞན་གཅེས་འཛིན་ནི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཡིན་པ་ཤེས་ཐུབ།

དེ་ཡང་བླ་མ་མཆོད་པའི་ནང་། “མ་རྣམས་གཅེས་བཟུང་བདེ་ལ་འགོད་པའི་བློ། །མཐའ་ཡས་ཡོན་ཏན་འབྱུང་བའི་སྒོར་མཐོང་ན། །འགྲོ་བ་འདི་དག་བདག་གི་དགྲར་ལངས་ཀྱང་། །སྲོག་ལས་གཅེས་པར་འཛིན་པར་བྱིན་གྱིས་རློབས། །” ཅེས་གསུངས།

སླར་ཡང་ཞུ་རྒྱུར། ང་ཚོས་བླ་མ་མཆོད་པ་རྒྱུན་དུ་ཁ་འདོན་བྱེད་ཀྱི་ཡོད་སྟབས། གང་འདོན་པའི་དོན་རྣམས་སེམས་ནང་དྲན་པ་བྱས་ཏེ་སོ་སོའི་སེམས་ནང་གོམས་གཤིས་བཟང་པོ་ཞིག་འཇགས་ཐབས་བྱེད་དགོས།

མདོར་ན། སངས་རྒྱས་ཀྱིས་གཞན་གཅེས་འཛིན་ཉམས་སུ་བླངས་ནས་ནུས་པ་མཆོག་ཏུ་གྱུར་བའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་ཡོད། འོན་ཀྱང་ང་ཚོ་རྒྱུན་དུ་རང་གཅེས་འཛིན་གྱི་གཞན་དབང་དུ་གྱུར་སྟབས། དཀའ་ངལ་དང་སྡུག་བསྔལ་མུ་མཐུད་འབྱུང་གི་ཡོད། དེར་བརྟེན་ང་ཚོས་ད་ནས་བཟུང་རང་གཅེས་འཛིན་ལ་གཉེན་པོ་བསྟེན་ནས་གཞན་གཅེས་འཛིན་ཉམས་སུ་ལེན་ཐབས་མ་བྱས་ན། ཐབས་གཞན་གང་ཡང་མེད། དེའི་ཕྱིར་བླ་མ་མཆོད་པའི་ནང་། “མདོར་ན་བྱིས་པ་རང་དོན་ཁོ་ན་དང༌། །ཐུབ་དབང་གཞན་དོན་འབའ་ཞིག་མཛད་པ་ཡི། །སྐྱོན་དང་ཡོན་ཏན་དབྱེ་བ་རྟོགས་པའི་བློས། །བདག་གཞན་མཉམ་བརྗེ་ནུས་པར་བྱིན་གྱིས་རློབས། །” ཞེས་གསུངས།

དེ་ལྟར་ང་ཚོས་གཞན་ཡལ་བར་དོར་ནས་སོ་སོ་གཅིག་པུའི་ཁེ་ཕན་དོན་དུ་གཉེར་མཁན་རང་གཅེས་འཛིན་གྱི་ཉེས་དམིགས་དང་སྐྱོན་ལ་བསམ་བློ་གཏོང་དགོས་པ་དང་། རང་ཉིད་ཡལ་བར་དོར་ནས་གཞན་གཅེས་པར་འཛིན་པའི་ཕན་ཡོན་དང་ལེགས་པའི་ཆ་རྣམས་ལ་བསམ་བློ་གཏོང་དགོས་གལ་ཆེ།

གཞན་ངོ་དང་རང་ངོར་ལྟོས་ནས་བློ་བརྗེ་བར་སྒྲུབ་ཚུལ།

གོང་གི་ཐབས་ལམ་དེའི་ཐོག་གཞི་བཞག་སྟེ། ད་ང་ཚོས་སོ་སོའི་སྤྱོད་ཚུལ་ལ་འགྱུར་བ་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཞིག་འཇོག་དགོས། སོ་སོ་གཅིག་པུ་བསམ་རྒྱུའི་ཚབ་ཏུ་གཞན་ལ་བསམ་བློ་བཏང་ནས་གཞན་ཡལ་བར་དོར་རྒྱུའི་ཚབ་ཏུ་རང་ཉིད་ཡལ་བར་དོར་བའི་བློ་སྦྱོང་དགོས། དེ་ནི་རང་དང་གཞན་ལ་ལྟོས་པའི་བློའི་ཁྱེར་སོ་བརྗེ་བའི་དོན་ཡིན།

དེ་ཡང་བླ་མ་མཆོད་པའི་ནང་། “རང་ཉིད་གཅེས་འཛིན་རྒུད་པ་ཀུན་གྱི་སྒོ། །མ་རྣམས་གཅེས་འཛིན་ཡོན་ཏན་ཀུན་གྱི་གཞི། །དེ་ཕྱིར་བདག་གཞན་བརྗེ་བའི་རྣལ་འབྱོར་ལ། །ཉམས་ལེན་སྙིང་པོར་བྱེད་པར་བྱིན་གྱིས་རློབས། །” ཞེས་གསུངས།

བདག་དང་གཞན་བརྗེ་བའི་དོན་ནི་ད་ང་ཁྱོད་དང་ཁྱོད་ང་བྱེད་དགོས་པར་ཟེར་གྱི་མེད། བསམ་བློ་གཏོང་ཚུལ་སྟབས་བདེ་པོ་དེ་འདྲ་མེད། དེའི་དོན་ནི་སོ་སོ་རང་ཉིད་ལ་འཛིན་པའི་བློའི་ཁྱེར་སོ་དང་གཞན་ལ་འཛིན་པའི་བློའི་ཁྱེར་སོ་ལ་གོ་དགོས། ང་ཚོས་ད་ལྟ་བར་དུ་རང་ཉིད་གཅེས་པར་བཟུང་ནས་གཞན་ལ་བསམ་བློ་གཏོང་གི་མེད། ད་ང་ཚོས་རང་ཉིད་ལ་བསམ་བློ་མ་བཏང་བར་གཞན་ལ་བསམ་བློ་མང་ཙམ་གཏོང་དགོས། དེ་ནི་གནད་འགག་ཡིན་ཞིང་། སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་ཀྱི་ཐབས་ཡག་ཤོས་དེ་ཡིན། གལ་ཏེ་རང་ཉིད་སངས་རྒྱས་འདོད་མེད་ན། གནས་ཚུལ་ཐ་དད་རེད། གཞན་མ་གཏོགས་བདག་གཞན་མཉམ་བརྗེའི་ཉམས་ལེན་འདི་ལས་ལྷག་པའི་ཐབས་གཞན་གང་ཡང་མེད། དེ་ནི་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེད་པར་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན།

བྱང་ཆུབ་སེམས་སྦྱོང་བའི་ཐབས་གཞན།

སྙིང་རྗེ་སྦྱོང་བའི་ཐབས་ཤིག་ནི་ང་ཚོའི་གཡས་གཡོན་དུ་གནས་པའི་འབུ་སྲིན་དང་སྲོག་ཆགས་སེམས་ཅན་རྣམས་ལ་བལྟ་དགོས། འབུ་སྲིན་དེ་དག་གིས་མྱོང་དགོས་པའི་སྡུག་བསྔལ་དང་། ཡ་ང་བའི་སེམས་ཅན་དེ་འདྲར་སྐྱེས་པའི་ཚུལ་ལ་བསམ་བློ་གཏོང་དགོས། སོ་སོ་རང་ཉིད་ཀྱིས་ཀྱང་དེ་ལྟ་བུའི་འབུ་སྲིན་སོགས་ཀྱི་སྐྱེ་བ་ལེན་རྒྱུའི་ལས་བསགས་ཡོད། དེར་བརྟེན་ང་ཚོ་རང་ཉིད་དེ་འདྲ་སྲོག་ཆགས་སུ་སྐྱེ་བ་བླངས་ན་གནས་སྟངས་གང་འདྲ་ཞིག་ཏུ་འགྱུར་བར་བསམ་དགོས། དེ་བཞིན་ང་ཚོས་སོ་སོའི་ཨ་མ་ལའང་བསམ་བློ་གཏོང་དགོས། དེ་ཡང་རང་ཉིད་ཀྱི་ཨ་མ་དེ་འདྲའི་ལུས་རྟེན་ལ་སྐྱེས་ན་ཡ་ང་བ་ལ་ཞེས་བསམ་དགོས། དེ་ནས་བསམ་བློ་གཏོང་ཚུལ་དེ་རྒྱ་སྐྱེད་བཏང་ནས་སོ་སོའི་ཕ་དང་། གྲོགས་པོ། དགྲ་སོགས་སེམས་ཅན་ཐམས་ཅད་ལ་དེ་ལྟར་བསམ་བློ་གཏོང་དགོས། དེ་ལྟའི་ངང་ནས་ང་ཚོས་བཅོས་མིན་གྱི་སྙིང་རྗེའི་ཚོར་བ་ཞིག་སྐྱེད་ཐབས་བྱེད་དགོས། སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་དང་མི་འཕྲད་པ་ཤོག་ཅེས་པའི་བློ་ཞིག་སྐྱེད་དགོས།

དེ་ནས་ང་ཚོས་རང་གཞན་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་ཀྱང་། སྡུག་བསྔལ་ལས་གཡོལ་ཐབས་མི་ཤེས་པ་དང་བདེ་བའི་རྒྱུ་སྒྲུབ་ལུགས་མི་ཤེས་པའི་ཚུལ་ལ་བསམ་བློ་གཏོང་དགོས། དོན་དངོས་སུ་དེ་དག་ཐམས་ཅད་དཀའ་ངལ་དང་སྡུག་བསྔལ་གྱིས་ཁེངས་ཏེ་རང་དབང་མེད་པར་འཁོར་བའི་ནང་ལྷུང་ཡོད།  ང་ཚོས་དེ་དག་ལ་བཅོས་མིན་གྱི་སྙིང་རྗེ་བསྐྱེད་པ་ཙམ་མིན་པར། ད་དུང་བདེ་བ་དང་ལྡན་པར་ཤོག་ཅེས་པའི་བྱམས་པ་སྒོམ་དགོས། དེ་བཞིན་སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ལྡན་པ་བདག་གིས་བྱ་ཞེས་པའི་ཆོད་སེམས་ཁྱད་པར་ཅན་ནམ་ལྷག་བསམ་སྐྱེད་དགོས། དེ་ལ་བརྟེན་ནས་བྱང་ཆུབ་སེམས་སྦྱོང་ཐུབ།

ང་ཚོས་བསམ་བློ་གཏོང་ཚུལ་གང་འདྲ་ཞིག་རྒྱུད་ལ་སྦྱོང་དགོས་སམ་ཞེ་ན། “ངས་སེམས་ཅན་གཞན་གྱི་ཆེད་དུ་བསམ་པ་རྣམ་དག་གིས་ཕན་འདོགས་ཀྱི་ཡིན། དེའི་ཕྱིར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་མ་འཐོབ་བར་དུ་བློ་དེ་ནམ་ཡང་གཏོང་གི་མིན།” ཞེས་པའི་བློའི་ཁྱེར་སོ་ཞིག་སྐྱེས་ནས་ནམ་ཡང་བློས་མི་གཏོང་བའི་དམ་བཅའ་ཞིག་བཞག་ན། དེ་ལ་ “དམ་བཅའ་ཅན་གྱི་སྨོན་སེམས་” ཞེས་བྱ་བ་ཡིན། དེའི་ཐད་རྗེ་ཙོང་ཁ་པ་ཆེན་པོས་གཞུང་འདིའི་ནང་།

༧༽ རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ།། མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར།། མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི།། བྱང་ཆུབ་སེམས་མཆོག་འབྱོངས་པར་བྱིན་གྱིས་རློབས།། ཞེས་གསུངས་ཡོད།

ཚིག་བཅད་ཤོ་ལོ་ཀ་འདིས་འཇུག་པ་སེམས་བསྐྱེད་ཀྱི་སྐོར་བཤད་ཀྱི་ཡོད། དེའི་སྐོར་ང་ཚོས་ཉིན་གུང་རྗེས་ལ་གོ་སྡུར་བྱ་རྒྱུ་ཡིན།

Top