འཇིག་རྟེན་ཆོས་བརྒྱད་དང་རྣམ་རྟོག་གི་སྒྲོམ་གཞི།

འཇིག་རྟེན་ཆོས་བརྒྱད།

མི་ཚེ་གཅིག་གི་རིང་ལ་རང་གི་ཚོར་བ་དང་མྱོང་བ་གཉིས་ཕུད་པའི་ད་དུང་མི་ཚེའི་སྙིང་དོན་ཞིག་ཀྱང་ཡོད། འདིར་ཡང་གོང་དུ་ཞུས་ཟིན་པ་ལྟར་གཅིག་པ་གཅིག་རྐྱང་རེད། ང་ཚོས་དེ་ལས་གནས་ཚུལ་ཆེན་པོ་དང་ཛ་དྲག་པོ་ཞིག་བཟོ་ཐབས་བྱེད་རྒྱུ་མེད། ནང་ཆོས་ནང་འགྱུར་བ་དང་འཕེལ་འགྲིབ་འགྲོ་བའི་རང་བཞིན་གྱི་རྩ་འཛིན་དེའི་རྗེས་སུ་འབྲང་པའི་སྐད་ཅིག་མའི་ཆོས་བརྒྱད་ཀྱི་སྐོར་ལ་བཤད་ཡོད་ཅིང་། དེ་ལ་ “འཇིག་རྟེན་ཆོས་བརྒྱད་” དམ་ “འཇིག་རྟེན་ཁུར་བརྒྱད་” ཅེས་འབོད་པ་ཡིན།

ཐོབ་པ་དང་ཤོར་བ། ༼རྙེད་པ་དང་མ་རྙེད་པ།༽

མཚམས་རེར་ང་ཚོར་ཐོབ་པ་དང་མཚམས་རེར་ང་ཚོར་ཤོར་བ་ཡོང་གི་ཡོད། དངུལ་དང་འབྲེལ་ཡོད་ཀྱི་སྐད་ཆ་བཤད་ན། མཚམས་རེར་དངུལ་ཐོབ་པ་དང་མཚམས་རེར་དངུལ་ཤོར་བ་ཡང་ཡོང་གི་ཡོད། མཚམས་རེར་ང་ཚོས་ཅ་ལག་གཅིག་ཉོས་ནས་དེ་ཡག་པོ་ཡོད་ན་དེ་ཡང་ཐོབ་པ་རེད་ལ། དེ་བཞིན་མཚམས་རེར་ཅ་ལག་དེ་མགྱོགས་པོ་འཕྲོ་བརླག་ཕྱིན་ན་དེ་ཤོར་བར་བརྩི་ཆོག འདི་དག་ལ་ཡང་དེ་ཙམ་གྱི་དམིགས་བསལ་གང་ཡང་མེད། འདི་ནི་ཤོག་སྦག་རྩེ་བའམ་ཕྲུ་གུའི་རྩེད་མོ་རྩེ་བ་ལྟ་བུ་ཡིན་པས། མཚམས་རེར་རྒྱལ་བ་དང་མཚམས་རེར་ཕམ་པ་ཡོང་གི་ཡོད། དེ་ལ་གང་ཡོད་དམ། དེ་ལ་དམིགས་བསལ་གང་ཡང་མེད།

དངོས་གནས་བྱས་ན། ཕྲུ་གུ་ཆུང་ངུ་བཞིན་ཤོར་དུས་ངུས་ནས་ “ང་ཐོབ་དགོས་ཡོད།” ཅེས་ཟེར་མི་རུང་བའི་དྲན་གསོ་གཏོང་དགོས། ང་ཚོ་ག་དུས་ཡིན་ཀྱང་ཐོབ་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་ནི་མི་ཚང་མས་རང་ལ་དགའ་རོགས་བྱས་ན་བསམ་པའི་རེ་བ་ཡོད་པ་ལྟ་བུ་རེད། ནང་པའི་ནང་ཕན་ཐོགས་ཅན་གྱི་ཟེར་སྲོལ་ཞིག་ཡོད་པ་ནི། “བདག་ཅག་གི་སྟོན་པར་ཡང་མི་ཚང་མས་མི་དགའ་ན། ང་ཚོས་ག་རེ་བྱས་ནས་ཚང་མས་རང་ལ་དགའ་ན་བསམ་པའི་རེ་བ་འཆང་གི་ཡོད་དམ།” དེ་ལྟར་མི་ཡོང་བ་ནི་མངོན་གསལ་རེད། མི་ཚང་མས་ང་ཚོའི་ངོ་དེབ་སྟེང་དགའ་རྟགས་རྒྱག་ས་ལ་མཛུབ་མོས་མནན་གྱི་མ་རེད། མི་འགའ་ཤས་རང་ལ་རྩ་བ་ནས་དགའ་པོ་བྱེད་ཀྱི་མེད་པས་དེ་ལ་བྱེད་རྒྱུ་གང་ཡོད་དམ། འདི་ནི་སྤྱིར་བཏང་ཞིག་ཡིན།  

འདི་ཐམས་ཅད་ཐོབ་པ་དང་ཤོར་བ་ཞིག་རེད། ང་ཚོ་མི་ཞིག་མཉམ་དུ་འབྲེལ་བ་བཟོས་ནས་སྡོད་སྲིད་ཀྱང་། མཐའ་མར་ཁ་བྲལ་རྒྱུ་རེད། ང་ཚོས་སྒེའུ་ཁུང་སྟེང་ལ་བབས་པའི་རི་སྐྱེས་བྱེའུ་ཞིག་དཔེ་རུ་བཞག་ནས་སྐད་ཆ་བཤད་ཡོད། དེ་ལྟ་བུ་ཡིན་ན་བྱེའུ་དེ་འཁྱུག་ཙམ་རིང་ཡོང་བ་ཞིག་ཡིན་ཀྱང་། དེ་ནི་རང་དབང་གྱི་སེམས་ཅན་ཞིག་ཡིན་པས་འཕུར་ནས་འགྲོ་རྒྱུ་རེད། མི་གཉིས་ཀྱི་འབྲེལ་བ་ཡིན་ཀྱང་འདི་དང་གཅིག་པ་ཡིན། རང་ཉིད་ཀྱིས། “ང་གཡུག་ནས་མ་འགྲོ་རོགས། ཁྱེད་མེད་ན་ང་འཚོ་མི་ཐུབ།” ཅེས་བཤད་པ་དང་། མི་ཚེ་གཅིག་རིང་མཉམ་དུ་བསྡད་ཀྱང་མཐའ་མ་དེར་མི་གཅིག་སྔོན་ལ་ཤི་འགྲོ་རྒྱུ་ངེས་པ་རེད། འདི་ནི་གྲོགས་པོ་ཞིག་ཐོབ་ནས་གྲོགས་པོ་དེ་ཤོར་བ་རེད། དེ་ལ་དམིགས་བསལ་གང་ཡང་མེད། དེ་ནི་མི་ཚེའི་འགྲོ་སྟངས་ཞིག་ཡིན། ཡིན་ནའང་འདིའི་དོན་ནི་གྲོགས་པོ་དེ་དང་མཉམ་དུ་ཡོད་སྐབས་སྐྱིད་མི་རུང་བ་དང་། གྲོགས་པོ་དེ་དང་བྲལ་སྐབས་སྡུག་མི་རུང་ཟེར་བའི་དོན་མིན། ཚོར་བ་གཅིག་ཀྱང་མེད་ན་དེ་ནི། “ག་རེ་ཡིན་ཡང་ཡིན།” ཟེར་བའི་བསམ་བློའི་འཁྱེར་ཕྱོགས་དེ་ཆགས་ཀྱི་ཡོད་པ་དང་། “དམིགས་བསལ་གང་ཡང་མེད།” ཟེར་རྒྱུ་ནི་ང་ཚོས་མཐའ་ལ་མི་ལྷུང་བ་བྱེད་རྒྱུ་དང་སྒྲོ་བཏགས་ནས་ཛ་དྲག་དང་གལ་ཆེན་མི་བཟོ་རྒྱུ་དེ་ཡིན་པས་དེ་གཉིས་རྩ་བ་ནས་ཐ་དད་ཡིན། 

བརྙན་པར། འབུམ་རམས་པ་ཆོས་ཉིད་ཊེ་ལར། “བཏང་སྙོམ་ཟེར་བ་དེ་གང་རེད་དམ།”

ང་ཚོས་མི་ཚེའི་ནང་ཐོབ་ཤོར་ལ་ཡ་ལན་སྤྲོད་ཚུལ་དེར་གཅིག་བལྟས་ན་ཡག་པོ་ཡོད། ངས་ག་དུས་ཡིན་ཀྱང་རང་ཉིད་དཔེ་མཚོན་དུ་བཟུང་ནས་བལྟ་ཡི་ཡོད། ང་ནི་རང་གི་དྲྭ་ལྗོངས་ལ་སེམས་ཞེན་ཆགས་སྐྱེས་ནས་སྡོད་མཁན་ཞིག་ཡིན་པས། ངའི་ཉིན་གཅིག་གི་བྱེད་ལས་དང་བསམ་བློ་འདིའི་ཆེད་དུ་འགྲོ་ཡི་འདུག དྲྭ་ལྗོངས་འདི་དང་འབྲེལ་བའི་བྱེད་སྒོ་རྣམ་གྲངས་ཁག་ཡོད་པ་ནི་བཤད་མི་དགོས་པ་ཡིན་པས། ཉིན་རེར་མི་ག་ཚོད་ཀྱི་ཀློག་གི་ཡོད་མེད་ངས་ཤེས་ཐུབ། གལ་སྲིད་ཀློག་མཁན་གྱི་གྲངས་ཚད་འཕར་ན་དེ་ནི་ཤིན་ཏུ་ཡག་པོ་རེད། འོན་ཀྱང་གལ་སྲིད་ཚད་ངེས་ཅན་ཞིག་དང་ངས་བསམ་པའི་གྲངས་ཚད་ངེས་ཅན་དེ་མ་ལོངས་ན་དེ་ཙམ་གྱི་ཡག་པོ་མིན། འདི་ནི་ཐོབ་ཤོར་ཡིན། 

ང་སྤྱིར་བཏང་ནས་སྐྱིད་སྣང་གི་ཚོར་བའི་རིམ་པ་དམའ་པོ་ཚོར་གྱི་ཡོད། དེ་ནི་བཅོས་མ་ཞིག་ཀྱང་མིན། གཟའ་འཁོར་ཁ་ཤས་སྔོན་མི་གྲངས་དྲུག་སྟོང་གིས་ཉིན་གཅིག་ལ་ང་ཚོའི་དྲྭ་ལྗོངས་བལྟས་ཡོད་པ་མཐོང་བྱུང་། དེ་ནི། “འོ། དྲུག་སྟོང་ཟེར་ན་ཤིན་ཏུ་མང་པོ་རེད།” ཟེར་རྒྱུ་ཞིག་རེད། ཡིན་ནའང་དེ་ལས་བྱུང་བའི་བདེ་སྐྱིད་ནི་ཆུང་ཙག་ཞིག་ཡིན་ཅིང། ཁྱད་པར་དེ་ཙམ་མེད་པས་དེ་སྒྲོ་བཏགས་ནས་ཆེན་པོ་བཟོ་དགོས་རྒྱུ་ཞིག་ཀྱང་མ་རེད། སྐབས་དེར་བྱུང་བའི་སེམས་ནང་གི་ཚོར་བ་ནི། “ཡ། དེ་ཡག་པོ་རེད། ད་ག་རེ་ཡོད་དམ། གསར་པ་ག་རེ་ཡོད་དམ།” བསམ་པའི་བསམ་ཚུལ་དེ་ཡིན་ཅིང་། ཡང་ཉིན་གཅིག་ང་ཚོའི་དྲྭ་ལྗོངས་བལྟ་མཁན་བཞིི་སྟོང་ལྔ་བརྒྱའི་བར་དུ་མར་ཆག་པ་དང་ང་ཏོག་ཙམ་བློ་ཕམ་བྱུང་ནས། “ཨོ། དེ་རིང་མི་དེ་ཙམ་མང་པོས་བལྟས་མི་འདུག་” བསམ་བྱུང་། འོན་ཀྱང་དེ་ལས་ཀྱང་མངོན་གསལ་དོད་པ་དེ་ནི། རང་དོན་ལས་བྲེལ་གྱི་བསམ་བློ་ཞིག་ཡོད་པ་ངས་ངོས་ལེན་བྱེད་ཀྱི་ཡོད་ཅིང་། དེ་ལ་བརྟེན་ནས་དྲྭ་ལྗོངས་ཀྱི་བྱེད་སྒོ་རྣམ་གྲངས་ལེ་ཚན་དེར་ག་དུས་ཡིན་ཀྱང་བལྟ་ཤོར་གྱི་འདུག ནང་ཆོས་ནས་འདི་ལྟ་བུ་རང་དོན་ལས་བྲེལ་གྱི་བསམ་བློ་འདི་གཞན་དོན་ལས་བྲེལ་གྱི་བསམ་བློ་ལས་ཆེས་ཤུགས་ཆེ་བ་ཡོད་པ་དང་། དེ་ནི། “ང་”ཞེས་བསམ་རྒྱུ་དེ་ལྷན་སྐྱེས་སུ་ཡོད་པས་ཡིན་ཟེར། དེ་ལ་སོ་སོའི་དོན་ལ་བསམ་རྒྱུ་དེ་ཡིད་དུ་འོང་བ་དང་ངོ་མཚར་ཅན་ཞིག་ཡིན་པ་དང། གཞན་སུ་གཅིག་གིས་རང་ལ་དགའ་གི་མི་འདུག་ཅེས་མངོན་པར་གསལ་མི་དགོས་ཀྱང་། ང་ཚོའི་རྒྱུད་ལ་ལྷན་སྐྱེས་སུ་ཡོད་པའི་བསམ་བློ་ཞིག་རྟག་ཏུ་ཡོད་པ་ཡིན། 

ང་ཚོ་ཚང་མས་སོ་སོའི་རང་དཔེར་བཞག་ནས་བསམ་བློ་གཏོང་ཆོག། དེ་ནི་ངོ་དེབ་དང་གློག་འཕྲིན་སོགས་གང་དང་འབྲེལ་བ་ཡོད་ཀྱང་འགྲིག དེ་རིང་ང་ལ་གློག་འཕྲིན་ག་ཚོད་འབྱོར་སོང་ངམ། ངོ་དེབ་ཡིན་ན་སུས་ངའི་མཆན་བཀོད་ལ་དགའ་རྟགས་སྤྲད་སོང་ངམ། ང་ཚོས་སྦ་ཁུག་ནས་ཁ་པར་ཕྱིར་བཏོན་ནས་ངོ་དེབ་ནང་མཆན་བཀོད་གསར་པ་ཡོད་མིན་ལྟ་ཐེངས་ག་ཚོད་བྱེད་དམ། དེ་སྔོན་དྲྭ་རྒྱའི་བརྒྱུད་ལམ་སོགས་མེད་པའི་སྐབས་སུ་ཡིན་ནའང་། མི་རྣམས་ཀྱི་སྦྲག་པ་སྒུག་ནས་ཡིག་སྒུག་བྱེད་ཀྱི་ཡོད་པས། “དེ་རིང་ང་ལ་ཡི་གེ་འདུག་གམ།” ཞེས་དྲི་བ་དང་ཡི་གེ་མེད་པ་མཐོང་སྐབས། “ཨ། ང་ལ་དགའ་མཁན་གཅིག་ཀྱང་མི་འདུག་” ཟེར་བའམ་ཡི་གེ་ཡོད་ཀྱང་། དེ་ནི་ཁྱབ་བསྒྲགས་གཅིག་པོ་ཡིན་པས་དེ་ཚོ་དགོས་ཡག་མི་འདུག །ཅེས་ཟེར་གྱི་ཡོད། བྱས་ཙང་། “དམིགས་བསལ་གང་ཡང་མེད།” ཟེར་བའི་བསམ་བློའི་འཁྱེར་ཕྱོགས་འདི་ཡོད་ན་བྱུང་བཞིན་པའི་གནས་ཚུལ་སོགས་གང་ཡིན་པ་དེ་ལ་ཆ་སྙོམས་པོས་བལྟ་ཐུབ་པས་སེམས་ཚོར་མཐོ་དམན་རྣམས་མཐའ་ལ་ལྷུང་འཇུག་གི་མེད། འདི་ལས་ཀྱང་དཀའ་ལས་ཁག་པ་ཞིག་ནི་ག་དུས་ཡིན་ཀྱང་གསར་པ་ཞིག་ལ་འཚོལ་རྙེད་བྱས་ཏེ། ཁ་པར་ཡང་སེ་སྔོག་བཤེར་བྱེད་པ་དང་། དགའ་རྟགས་བཀོད་ཡོད་མེད་བལྟ་བ་སོགས་རང་དོན་ལས་བྲེལ་ལ་གདོང་ལེན་བྱེད་རྒྱུ་དེ་ཡིན།   

ང་ཚོའི་བསམ་བློའི་འཁྱེར་ཕྱོགས་ལ་བསྒྱུར་བ་གཏོང་རྒྱུ་ནི་རྒྱུན་རིང་ཞིང་དལ་བའི་རྒྱུད་རིམ་ཞིག་ཡིན་ཅིང། འགྱུར་བ་རིམ་བཞིན་འགྲོ་བ་ལས་ལམ་སེང་འགྲོ་མི་སྲིད། ང་ཚོས་རང་ཉིད་ལ་དངོས་ཡོད་གནས་སྟངས་དང་མཐུན་པའི་ཐོག་ནས་བལྟ་འགོ་བཙུག་པའི་སྐབས་དེ་ནི་ཡིད་ལ་འཐད་པོ་ཞིག་ཡོད། དེ་ལྟར་བལྟས་ན་སྐབས་དེར་ང་ཚོས་མཐོང་ཐུབ་པ་ནི། “ངས་ག་དུས་ཡིན་ཀྱང་གློག་ཀླད་དང་ལག་ཐོགས་ཁ་པར་ལ་བལྟ་ཐབས་བྱེད་པས། དེ་དག་གི་བྲན་གཡོག་ལྟ་བུ་ཆགས་ཡོད། ངས་མི་ག་ཚོད་ཀྱི་ཡ་ལན་བྱས་ཡོད་མེད་དང་དགའ་རྟགས་རྒྱག་ཡོད་མེད་ག་དུས་ཡིན་ཀྱང་བལྟ་དགོས་ཀྱི་འདུག།འདི་ལྟར་བྲན་གཡོག་འདྲ་པོ་ཆགས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།” ཞེས་པ་འདི་ཡིན། ཡང་ས་འོག་མེ་འཁོར་ནང་འགྲུལ་བཞུད་བྱེད་མཁན་གྱི་མི་རྣམས་ལ་གཅིག་བལྟས་ན། མི་ག་ཚོད་ཀྱི་ལག་ཐོགས་ཁ་པར་ལ་བལྟས་ནས་བསྡད་འདུག རྒྱུ་མཚན་གང་གི་ཕྱིར་ཡིན་ནམ། རྒྱུ་མཚན་གཅིག་ནི། མི་རྣམས་རང་གཅེས་འཛིན་ཆེ་བ་དང་ཉེན་སྲུང་མེད་པའི་ཚོར་བ་ཞིག་ཡོད་པས། “ག་རེ་ཡིན་ཀྱང་ང་ཆད་འདོད་མེད་”བསམ་པའི་བསམ་བློ་ཞིག་ཡོད། དེ་ཡང་རྒྱུ་མཚན་ག་རེ་ཡིན་ནམ། དངོས་གནས་བྱས་ན། གང་དེ་གལ་ཆེ་ཤོས་ཡིན་ནམ། གནས་ཚུལ་འགའ་ཤས་གལ་ཆེན་པོ་ཡིན་སྲིད་པས། ཚང་མ་གལ་གནད་མེད་ཟེར་བ་མིན། ཡིན་ནའང་ང་ཚོས་ག་དུས་ཡིན་ཀྱང་དྲྭ་ཐོག་ལ་བསྡད་ནས་དྲྭ་རྒྱ་སྔོག་བཤེར་བྱེད་པ་སོགས་ནི་གལ་གནད་དེར་སྒྲོ་བཏགས་བྱེད་ཆེ་དྲགས་པས་ཡིན། འདི་དག་ལ་ང་ཚོས་རང་གི་སེམས་ཚོར་གྱི་ཆ་སྙོམ་ཐོག་ནས་བརྟག་དཔྱད་བྱེད་ཐུབ་ན་ཡག་པོ་ཡོད། 

བྱས་ཙང་། ང་ཚོར་མཚམས་རེར་ཐོབ་ཀྱི་ཡོད་ལ་མཚམས་རེར་ཤོར་གྱི་ཡོད། འདི་ལ་ཐོབ་ཤོར་ཟེར་ཞིང་འདི་ནི་གཉིས་ཚན་ནང་ནས་གཅིག་ཡིན།

གནས་སྟངས་ཡག་པོ་ཡོང་བ་དང་གནས་སྟངས་སྡུག་ཅག་ཡོང་བ། ༼བདེ་བ་དང་མི་བདེ་བ།༽

གཉིས་ཚན་ནང་ནས་གཉིས་པ་དེ་ནི། མཚམས་རེ་བྱ་བ་ལམ་འགྲོ་ཡོང་ནས་གནས་སྟངས་ཡག་པོ་ཡོང་བ་དང་མཚམས་རེར་མི་ཡོང་བ་དེ་ཡིན། ང་ཚོས་གནས་སྟངས་འདི་རིམ་པ་མི་འདྲ་བ་མང་པོ་ཞིག་ནས་ཤེས་ཀྱི་ཡོད་ཀྱང་། འདིར་ཡང་། “དམིགས་བསལ་གང་ཡང་མེད།” ཟེར་བའི་ལན་དེ་སྤྱོད་དགོས། ཉིན་གཅིག་བྱ་བ་ལམ་འགྲོ་ཡོང་ན་ཡང་ཉིན་གཞན་དེར་བར་ཆད་མང་པོ་དང་། མི་རྣམས་ཀྱིས་དཀའ་ངལ་སྤྲད་པ་སོགས་བྱ་བ་ལམ་འགྲོ་རྩ་ནས་མི་ཡོང་བ་ལྟ་བུ་ཡོང་གི་ཡོད། འདི་ནི་སྤྱིར་བཏང་ཞིག་ཡིན་ཅིང་། ཞོགས་པ་རིག་པ་གསལ་བ་དང་ནུས་སྟོབས་ཆེ་བ་ཡོད་པ་དང་ཉིན་གུང་ཤུགས་ཆུང་བ། ཡང་མཚམས་རེར་བདེ་ཐང་དང་མཚམས་རེང་ཆབ་པ་ཕོག་ནས་བདེ་ཐང་མེད་པ་སོགས་ཡོང་གི་ཡོད། འདི་ལ་དམིགས་བསལ་གང་ཡང་མེད།

བསྟོད་ར་དང་སྨད་ར། ༼བསྟོད་པ་དང་སྨད་པ།༽

འདིའི་རྗེས་ཀྱི་གཉིས་ཚན་ནི་བསྟོད་པ་དང་སྨད་པ་ཡིན། མི་འགའ་ཤས་ཀྱིས་ང་ཚོར་བསྟོད་ར་གཏོང་བ་དང་འགའ་ཤས་ཀྱིས་ང་ཚོར་སྐྱོན་བརྗོད་བྱེད་ཀྱི་ཡོད། ང་ཚོས་དེ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་སམ། ཐ་ན་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལའང་མི་ཚང་མས་བསྟོད་ར་བཏང་མེད་པར་མི་འགའ་ཤས་ཀྱི་སྨད་ཡོད་ཅིང་། དམིགས་བསལ་ཁོང་གི་ཚ་བོ་ལྷས་སྦྱིན་ལྟ་བུས་ག་དུས་ཡིན་ཀྱང་སྐྱོན་བརྗོན་བྱས་ཡོད། དེར་བརྟེན་ང་ཚོར་མི་ཚང་མས་བསྟོད་རོགས་བྱས་ན་བསམ་པའི་རེ་བ་བྱེད་དགོས་དོན་གང་ཡིན་ནམ། 

ངས་ཡང་བསྐྱར་ང་རང་ལ་དཔེ་བཞག་ནས་ཞུས་ན། ང་ལ་ངའི་དྲྭ་ལྗོངས་དང་འབྲེལ་ཡོད་ཀྱི་ཡི་གེ་མང་པོ་འབྱོར་གྱི་ཡོད་པས། མི་མང་ཆེ་བས་ཁོང་ཚོར་ག་ཚོད་ཙམ་གྱི་ཕན་ཐོགས་ཆེ་བ་ཡོད་ཚུལ་བྲིས་ཀྱི་ཡོད་ཀྱང། སྐབས་རེར་སྐྱོན་བརྗོད་ཀྱང་བྱེད་ཀྱི་འདུག།བསྟོད་ར་ལ་གདོང་ལེན་བྱེད་རྒྱུ་ལས་སླ་པོ་ཡིན་པ་བཤད་མི་དགོས་པ་རེད། ཡིན་ནའང་སྐྱོན་བརྗོད་དེས་སེམས་ལ་དཀྲོག་རྐྱེན་ཐེབས་ནས་གདོང་ལེན་བྱེད་རྒྱུ་དཀའ་ལས་ཁག་ཙམ་འདུག

བསྟོད་ར་ཐོབ་ན་ཚང་མའི་ནང་ནས་ང་མཆོག་ཡིན་སྙམ་པ་ལྟ་བུ་མཐར་ལྷུང་རྒྱུ་མེད་ལ། ཡང་དེའི་ལྡོག་ཕྱོགས་ཀྱི་རང་ལ་བསྟོད་ར་ཐོབ་ན། “འོ། གལ་སྲིད་ང་ལ་བསྟོད་ར་གཏོང་མཁན་ཚོས་ང་དངོས་གནས་ངོ་ཤེས་ན་དགའ་པོ་བྱེད་མི་སྲིད། ང་ལ་བསྟོད་ར་གཏོང་བའི་འོས་འབབ་མེད།” ཅེས་བསམ་མི་རུང་། ཕྱོགས་ཡངས་པོ་ནས་བཤད་ན། བསྟོད་བསྔགས་ལ་གདོང་ལེན་བྱེད་རྒྱུ་ལས་སླ་པོ་ཡོད་ཀྱང། སྐྱོན་བརྗོད་ལ་གདོང་ལེན་བྱེད་རྒྱུ་དཀའ་ལས་ཁག་པོ་དེ་འདྲ་ཡོད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་ནི་ང་ཚོས་རང་གཅེས་འཛིན་གཙོ་ཆེར་འཛིན་པས་ཡིན། བསམ་བློའི་འཁྱེར་ཕྱོགས་ལ་སྦྱོང་བརྡར་བྱེད་པའི་སྐབས་སུ་ང་ཚོས་རང་ལས་གཞན་ལ་དོ་སྣང་མང་བ་སྤྲོད་ཀྱི་ཡོད་ཅིང་། དེར་བརྟེན་ང་ཚོས་ག་རེ་བྱས་ནས་མི་གཞན་རྣམས་ཀྱིས་རང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་བསམ་བློ་གཏོང་ཐུབ། གལ་སྲིད་ང་ཚོས་དེར་གཅིག་བྱེད་ཐུབ་ཀྱི་ཡོད་ན། ཐ་ན་བཟོད་གསོལ་གྱི་ཚིག་“ངའི་བྱེད་ལས་འདི་ཡིས་ཁྱེད་རང་དཀའ་ལས་ཁག་པོ་བཟོས་ཡོད་ས་རེད། དེ་ནི་ངའི་ཀུན་སློང་མིན་པས། ཁྱེད་ལ་དངོས་གནས་དགོངས་དག་ཞུ་རྒྱུ་ཡིན།” ཟེར་བ་ཙམ་ཞིག་ཡིན་ཀྱང་ཆོག །དེ་ལྟར་ག་ལེར་ག་ལེར་ང་ཚོས་རང་གཅེས་འཛིན་གྱི་བསམ་བློ་དེ་གཞན་གཅེས་འཛིན་གྱི་བློའི་ཕྱོགས་སུ་དམིགས་པ་བརྗེ་ལེན་བྱེད་ཐུབ་པ་ཡིན། 

ང་ཚོས་སྦྱོང་བརྡར་འདི་སྤྱིར་བཏང་ཉིན་རེའི་མི་ཚེའི་ནང་མི་རྣམས་དང་འབྲེལ་འདྲིས་བྱེད་སྐབས་བྱེད་ཆོག །ང་ཚོའི་མི་ཚེའི་ནང་གཞན་རྣམས་མཚམས་རེར་ང་ཚོར་དགའ་པོ་བྱེད་པ་དང་། ཡང་མཚམས་རེར་མི་དགའ་བ་བྱེད་པ་དེ་འདྲ་ཡོང་གི་རེད། མི་ཚོ་ང་ཚོ་དང་མཉམ་དུ་སྐྱིད་པོ་ཡོད་ན་དེ་ལ་གདོང་ལེན་བྱེད་རྒྱུ་ལས་སླ་པོ་ཡོད། ཡང་ང་ཚོའི་མི་ཚེའི་ནང་མི་འགའ་ཤས་ཞིག་ག་དུས་ཡིན་ཀྱང་མི་དགའ་བ་དང་། ག་དུས་ཡིན་ཀྱང་སྐྱོན་བརྗོད་བྱེད་པའམ་ང་ཚོར་མ་དགའ་བ་བྱས་ནས་གདོང་ལེན་བྱེད་ཐབས་དཀའ་མོ་དེ་འདྲ་ཡོད། ཁོང་རྣམས་ལ་ང་ཚོའི་བསམ་བློའི་འཁྱེར་ཕྱོགས་དེ་ག་འདྲ་ཞིག་ཡོད་དམ། ང་ཚོས་ཀྱང་ཁོ་ཚོ་མི་འདྲིས་དཀའ་བ་སྐྱིད་སྣང་མེད་པ་ལྟ་བུར་མཐོང་གི་ཡོད་དམ། ཡང་མིན་ན་ང་ཚོས་མི་དེ་ཚོ་སེམས་མ་སྐྱིད་པའི་མི་ཞིག་ལ་ངོས་འཛིན་བྱེད་དམ། ངས་ཐག་བཅད་ནས་བཤད་ཐུབ་པ་ཞིག་ལ། ང་ཚོ་ཚང་མའི་མི་ཚེའི་ནང་མི་དེ་འདྲ་ཡོད་པ་རེད། ཁོ་ཚོས་ཁ་པར་གཏོང་བའམ་ཐུག་འཕྲད་བྱས་ནས་ཁ་ལག་ལ་སྐད་བཏང་ན། ཁོ་རང་ཚོའི་སྐོར་སྐད་ཆ་ཤོད་རྒྱུ་ཡིན་པ་དང་། རྙོག་ཁྲ་ཅིག་ཤོད་རྒྱུ་ཡིན་པ་ང་ཚོས་བརྒྱ་ཆ་བརྒྱ་ཐག་བཅད་ཆོག །སྐབས་དེར། “ཧུ། ཡང་ཁོ་རེད་འདུག་” བསམ་སྲིད་ཀྱང་། ག་དུས་ཡིན་ནའང་ང་ཚོ་བྲེལ་བ་ཚ་པོ་ཡོད་ཅེས་ཟེར་མི་ཤེས་པས་ཁ་ལག་ཟ་རུ་འགྲོ་རྒྱུ་རང་རེད། 

གནས་སྟངས་དེ་འདྲའི་སྐབས་སུ་གལ་སྲིད་ང་ཚོའི་བསམ་བློའི་ནང་། ཁོ་ཚོ་དང་མཉམ་དུ་ཁ་ལག་བཟའ་རྒྱུ་དང་། ཁོ་ཚོར་རྙོག་ཁྲར་ཉན་རྒྱུ་དེ་སྐྱིད་པོ་ཞིག་མེད་བསམ་ན། ང་ཚོས་བསམ་ཚུལ་འདི་བསྒྱུར་བ་བཏང་ནས། མི་དེས་ག་དུས་ཡིན་ཀྱང་རྙོག་ཁྲ་ཤོད་པ་ནི་ཁོ་རང་ག་དུས་ཡིན་ཀྱང་སེམས་སྐྱིད་པོ་མེད་པ་དང་ཁེར་རྐྱང་ཡིན་ཙང་རེད། ཅེས་བསམ་བློ་གཏོང་ན་འགྲིག་གི་ཡོད། རྒྱུ་མཚན་ནི་དེ་འདྲའི་གཤིས་ཀ་ཡོད་པའི་མི་དང་མཉམ་དུ་སྡོད་རྒྱུ་མི་ཚང་མས་དགའ་པོ་མི་བྱེད་པས། མི་དེའི་རིགས་རང་བཞིན་གྱིས་མ་སྐྱིད་པ་དང་ཁེར་རྐྱང་ཡོད། གལ་སྲིད་ང་ཚོར་མི་དེ་འདྲ་དང་མཉམ་དུ་དུས་ཚོད་ཅིག་བཏང་ནས་སྡོད་དགོས་བྱུང་ན་གདུང་སེམས་མཉམ་བསྐྱེད་ཀྱི་བསམ་བློ་ཡར་རྒྱས་གཏོང་དགོས། དེ་བྱེད་ཐུབ་ན་མི་དེ་འདྲ་དང་མཉམ་དུ་ཁ་ལག་སོགས་བཟའ་རྒྱུ་དེ་ནི་དེ་ཙམ་གྱི་མི་སྡུག་པའི་ཉམས་མྱོང་ཞིག་ཆགས་མི་སྲིད། རྒྱུ་མཚན་ནི་སྐབས་དེར་ང་ཚོས། “ང་” ཞེས་པའི་སྐོར་ལ་མི་བསམ་པར་མི་དེའི་སྐོར་ལ་བསམ་བློ་གཙོ་བོ་གཏོང་གི་ཡོད།

གཏམ་བཟང་དང་གཏམ་ངན་ཐོས་པ། ༼སྙན་པ་དང་མ་སྙན་པ།༽

གཉིས་ཚན་བཞི་པ་ནི་གཏམ་བཟང་དང་གཏམ་ངན་གོ་རྒྱུ་དེར་ཟེར། འདི་ནི་སྔོན་ལ་བཤད་ཚར་བ་ལྟར། ཚང་མ་ག་དུས་ཡིན་ཀྱང་ཡར་མར་འཕེལ་འགྲིབ་འགྲོ་བའི་ཆོས་ཉིད་ཡིན། འདི་བར་གསལ་བའི་གཉིས་ཚན་བཞི་ནི་ནང་ཕན་ཚུན་གཅིག་གིས་གཅིག་ལ་ཁྱབ་ནས་ཡོད་པ་དང་། “དམིགས་བསལ་གང་ཡང་མེད།” ཅེས་པའི་རྩ་དོན་དེ་བརྒྱད་ཀ་ལ་ལག་ལེན་བསྟར་ཆོག །མི་ཚེའི་ནང་གཏམ་བཟང་དང་གཏམ་ངན་བྱུང་བར་དེ་ལ་དམིགས་བསལ་གང་ཡང་མེད་པར་དེ་ནི་མི་ཚང་མར་ཡོང་ཆོག་པའི་མི་ཚེའི་འགྲོ་སྟངས་ཞིག་རེད། 

སྐབས་འདིར་མི་འགའ་ཤས་ཀྱིས། རང་ཉིད་སེམས་ཚོར་གྱི་ཡོམ་སྟེགས་ཅན་གྱི་མེ་འཁོར་རྩེད་ཆས་ནང་འགྲོ་རྒྱུར་དགའ་པོ་ཡོད་པ་སོང་ཙང་། གལ་སྲིད་སྐྱིད་སྡུག་གི་འཕེལ་འགྲིབ་མེད་ན། རང་ཉིད་གསོན་པའི་རྟགས་མེད་ཅེས་ཀུན་ལ་སྒྲོག་བཞིན་འདི་ལྟ་བུའི་སྦྱོང་བརྡར་ལ་དགག་པ་བརྒྱབ་སྲིད། ཡིན་ནའང་ང་ཚོས་འདི་ལྟ་བུའི་བསམ་བློའི་འཁྱེར་ཕྱོགས་དེ་ཕན་ཐོགས་ཅན་ཞིག་ཡིན་མིན་བརྟག་དཔྱད་བྱེད་དགོས། 

དང་པོ་དེར་ཤེས་དགོས་རྒྱུ་ཞིག་ལ། ང་ཚོ་སེམས་ཚོར་གྱི་ཡོམ་སྟེགས་འདྲ་བའི་མེ་འཁོར་རྩེད་ཆས་ཤིག་གི་སྟེང་ལ་ཡོད་མེད་ལ་མ་ལྟོས་པར། ང་ཚོ་མ་ཤི་བར་གསོན་པོར་གནས་ཡོད། བྱས་ཙང་། སྔར་གྱི་དགག་པ་དེ་ཏོག་ཙམ་གྱི་ཆོ་མེད་པ་ཞིག་ཡོད། ད་དུང་ཡང་ང་ཚོས་བསམ་བློ་ཞིག་བཏང་ན་སེམས་ཚོར་གྱི་ཡོམ་སྟེགས་སྟེང་ལ་ཡོད་པའི་སྐབས་སུ་ག་རེ་ཡོང་གི་ཡོད་དམ། དེ་དུས་ང་ཚོ་སེམས་ཚོར་གྱི་དབང་དུ་ཤོར་བས་ང་ཚོས་རྒྱུ་མཚན་དང་ལྡན་པའི་བསམ་བློ་གཏོང་གི་མེད། ང་ཚོ་ལྷོད་ཙམ་ཡོད་ན་ང་ཚོའི་མི་ཚེ་འདི་བཅོས་མ་དང་འཁྲུག་ཆ་དོད་པོ་ཆགས་མི་སྲིད་ཅིང་། དེར་བརྟེན་གནས་སྟངས་ཁག་ལ་གདོང་ལེན་བྱེད་སྟངས་ལེགས་སུ་འགྲོ་བ་ཡིན། གལ་སྲིད་བསམ་བློ་ཡག་པོ་མ་བཏང་པ་དང་རླུང་ལངས་བསྡད་ཡོད་ན། ང་ཚོས་རྗེས་སུ་འགྱོད་པ་སྐྱེ་རུང་གི་སྐད་ཆ་ཤོད་སྲིད། ང་ཚོའི་སེམས་ཚོར་དང་འབྲེལ་བའི་སྐབས་སུ་བཏང་སྙོམས་སུ་གནས་ཞེས་པའི་དོན་ནི། འདི་ལྟ་བུའི་ལས་ཀ་མི་བྱེད་པའི་ཆེད་དུ་ཡིན། ད་དུང་མི་ཚང་མ་བདེ་བ་དང་། ཞི་བདེ་ལྷིང་འཇགས་ཤིག་ཡོང་རོགས་བྱས་ན་བསམ་པའི་བློ་ནི། “ཀི་ཧི།” ཟེར་བའི་འཁྲུག་ཆ་དོད་པའི་བདེ་བ་ལས་བརྟན་པ་ཡོད།

 “དམིགས་བསལ་གང་ཡང་མེད་”པའི་རྣམ་རྟོག་གི་སྒྲོམ་གཞི།

ང་ཚོས་བགྲོ་གླེང་བྱེད་བཞིན་པའི་བསམ་བློའི་འཁྱེར་ཕྱོགས་དེ་ཡི་གཞི་རྟེན་ནམ་རྣམ་རྟོག་གི་སྒྲོམ་གཞི་དེར་གཅིག་བལྟས་ན། དང་པོ་དེར་རྣམ་རྟོག་ཞེས་པའི་གོ་དོན་ཧ་གོརྒྱུ་གལ་ཆེན་པོ་ཡིན། རྣམ་རྟོག་ཟེར་བ་དེ་གང་ཡིན་ནམ་ཞེ་ན། དེ་ནི་སྡེ་ཚན་ཞིག་གི་ཐོག་ནས་དངོས་པོ་རྣམས་ལ་ལྟ་ཚུལ་འཛིན་པའམ་མྱོང་ཚུལ་འཛིན་པ་ཞིག་ལ་གོ་དགོས། དེ་ཡང་“དམིགས་བསལ་ཞིག་” ཡོད་པ་ལྟར་སྣང་དེ་ཡིན་སྲིད། དེ་ནི་སེམས་ཀྱི་སྒམ་ཆུང་ཞིག་ཡོད་པ་དང་། དེ་ནས་ང་ཚོས་གཅིག་མྱོང་བའི་སྐབས་སུ་དེ་ལྟ་བུའི་ “དམིགས་བསལ་ཞིག་” ཅེས་པའི་སེམས་ཀྱི་སྒམ་ཆུང་ནང་བླུགས་པ་ནང་བཞིན་རེད། 

འདི་ནི་ང་ཚོས་དངོས་པོ་སོ་སོའི་ངོ་རྟགས་ཆོད་པའི་རྒྱུད་རིམ་ཞིག་ཡིན་པས། ག་དུས་ཡིན་ཀྱང་ང་ཚོས་དེ་ལྟར་བྱེད་ཀྱི་ཡོད། “བུད་མེད་”ཅེས་པའི་སེམས་ཀྱི་སྒམ་ཆུང་ཞིག་ཡོད། ངས་མི་ཞིག་མཐོང་བ་དང་ཁོང། “བུད་མེད་།” ཅེས་པའི་སེམས་ཀྱི་སྒམ་ཆུང་དེའི་ནང་བླུགས་པ་རེད། འདི་བཞིན་ང་ཚོས་དངོས་པོ་མི་འདྲ་བ་ལས་བྱུང་བའི་མྱོང་བ་རྣམས་སེམས་ཀྱི་སྒམ་ཆུང་མི་འདྲ་བའི་ནང་བླུགས་ཀྱི་ཡོད། དཔེར་ན། ང་ཚོས། “བུད་མེད་” དང་། “སྐྱེས་པ་” ཞེས་སོ་སོར་བླུགས་ཚར་བའི་མི་དེ་རང་ཡང་། “ན་གཞོན་” དང་ “དེ་ལས་རྒན་པའི་མི་” ཞེས་དང་། ཡང་མིན་ན། “སྐྲ་སེར་ཅན་” དང་ “སྐྲ་ནག་ཅན་” ཞེས་སོ་སོར་བླུགས་ཀྱི་ཡོད་པ་བཞིན་སྒམ་ཆུང་མི་འདྲ་བ་ཧ་ཅང་མང་པོ་ཡོད། 

དངོས་གནས་བྱས་ན། དངོས་པོ་རྣམས་སྒམ་ཆུང་ནང་གནས་པའམ་གྲུབ་པ་ཞིག་མིན། ཧོབ་ཏེ་བལྟས་ན་སྐད་ཆ་འདི་མངོན་གསལ་དོད་པོ་ཞིག་ཡོད་ཀྱང་། དངོས་ཡོད་ཐོག་གོ་བདེ་པོ་དང་འཇུ་བདེ་པོ་ཞིག་མེད། དཔེ་ཆ་བཞག་ན། ང་ཚོས་མི་འགའ་ཤས་ཞིག་“མི་དཔེ་སྡུག་ཅག་”གི་སྒམ་ཆུང་ནང་བླུགས་སྲིད་ཀྱང་། མི་སུ་ཡང་རང་བཞིན་གྱིས་མི་སྡུག་ཅག་ཞིག་ཏུ་གྲུབ་པ་མེད། གལ་སྲིད་དེ་ལྟར་ཡོད་ན། མི་སུས་བལྟས་ཀྱང་སྡུག་ཅག་ཞིག་ཏུ་མཐོང་དགོས་ལ། དང་པོ་སྐྱེ་དུས་ཀྱི་ཕྲུ་གུ་མ་འབྱར་སྐབས་ནས་ཀྱང་སྡུག་ཅག་ཞིག་ཏུ་སྐྱེ་དགོས་པ་ལྟ་བུ་ཆགས་འགྲོ་བ་ཡིན། 

སེམས་ཀྱི་སྒམ་ཆུང་འདི་དག་གི་ང་ཚོས་མཐོང་བའི་དངོས་པོ་མི་སོགས་ལ་གོ་དོན་ཞིག་སྤྲོད་ཅིང་། ང་ཚོས་མི་གཞན་ལ་འཛིན་པའི་བསམ་བློའི་འཁྱེར་ཕྱོགས་ནི་སེམས་ཀྱི་སྒམ་ཆུང་གང་ཞིག་ནང་བླུགས་ཡོད་མེད་ལས་ཐག་གཅོད་པ་ཡིན། ང་ཚོས་ཧ་གོ་དགོས་རྒྱུ་ནི། སེམས་ཀྱི་སྒམ་ཆུང་དེ་དག་ནི་སེམས་ཀྱི་བཟོས་བཞག་པ་ཞིག་ལས་དངོས་པོའི་གནས་ལུགས་ཡིན་པར་གོ་བ་མིན། དངོས་ཡོད་ཐོག་དེ་འདྲའི་སྒམ་ཆུང་ཞིག་མེད། དེ་འདྲ་ཞིག་ཡོད་དམ།

ང་ཚོས་སེམས་ཀྱི་སྒམ་ཆུང་དེ་དག་ཇི་ལྟར་བཟོ་གི་ཡོད་དམ།

འདིར་ང་ཚོས་དངོས་པོ་ཞིག་ངོ་རྟགས་བཅད་ནས་དེ་ལྟ་བུའི་སེམས་ཀྱི་སྒམ་ཆུང་ནང་མ་བཞག་པར་འདི་ལྟ་བུའི་སེམས་ཀྱི་སྒམ་ཆུང་ནང་བཞག་ཚུལ་ཇི་ལྟར་ཡིན་བལྟ་བ་ལ། ང་ཚོས་དབྱེ་བ་འདི་འབྱེད་པའི་སྐབས་སུ་དངོས་པོ་དེ་ལ་ཡོད་པའི་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་གཞིར་བཟུང་གི་ངོ་རྟགས་གཅོད་ཐབས་བྱེད་དགོས་ཅིང་། འདི་ལ་ང་ཚོས་ཆེད་དུ་རང་གི་ངོ་བོ་མཚོན་པར་བྱེད་པའི་ “མཚན་ཉིད་” ཅེས་ཟེར་ན་འགྲིག་པ་ཡིན། དཔེར་བརྗོད་ལས་སླ་པོ་ཞིག་ལ། ང་ཚོས་དབྱིབས་ “གྲུ་བཞི་” ཅན་གྱི་སེམས་ཀྱི་སྒམ་ཆུང་ནང་དངོས་པོ་རྣམས་བླུགས་པའི་སྐབས་སུ། དེའི་ངོ་བོ་མཚོན་བྱེད་ཀྱི་མཚན་ཉིད་གང་ཡིན་མིན་བལྟ་དགོས་པ་ལྟ་བུ་སྟེ། དེ་ནི་ཟུར་བཞི་ཆ་སྙོམས་པར་ཡོད་པའི་ཁྱད་ཆོས་དེ་ཡིན་ཅིང་། དེ་ལྟར་ཁྱད་ཆོས་དང་མཚན་ཉིད་ཚང་བའི་དངོས་པོ་ཚང་མ་ང་ཚོས་“གྲུ་བཞི་”ཞེས་པའི་སེམས་ཀྱི་སྒམ་ཆུང་འདིའི་ནང་དུ་བླུགས་ཀྱི་ཡོད། 

དེ་ནི་སྡེ་ཚན་ལས་སླ་པོ་ཞིག་གི་ནང་བླུགས་པའི་དཔེ་ཡིན། འོ་ན། “མི་བསུན་པོ་” ཞེས་པ་དེའི་སྡེ་ཚན་ཇི་ལྟར་འབྱེད་དགོས་སམ། “ཁྱེད་རང་མི་བསུན་པོ་ཞིག་དང་རླུང་ཚ་པོ་ཞིག་འདུག་” ཅེས་པའི་སེམས་ཀྱི་སྒམ་ཆུང་ནང་བླུགས་པར་མི་དེར་དགོས་པའི་ཐུན་མིན་གྱི་ཁྱད་ཆོས་གང་དང་གང་ང་ཚོར་སྣང་དགོས་སམ། དངོས་གནས་ཀྱི་བསུན་པོ་ཚོར་མཁན་ནམ་རླུང་ལངས་མཁན་དེ་ཏག་ཏག་གང་ཡིན་མིན་བལྟ་ཐབས་བྱས་ན་དོ་སྣང་བྱེད་འོས་པ་ཞིག་ཡོད། སྦྲང་བུས་ང་ཚོའི་མགོའི་སྟེང་ལ་ཟིར་སྒྲ་སྒྲོག་པ་དང་། ང་ཚོས་བསུན་པོ་མཐོང་བའི་མི་དེ་གཉིས་བར་གྱི་ཆ་སྙོམས་སུ་ཡོད་པའི་ཁྱད་ཆོས་ག་རེ་ལ་ལྟོས་ནས་ང་ཚོས་དེ་གཉིས་“བསུན་པོ་”ཞེས་པའི་སྒམ་ཆུང་ནང་བླུགས་དགོས་སམ། 

ངས་བྱས་ན། དེ་གཉིས་ཀས་ངའི་སེམས་ཚོར་གྱི་སྙོམས་ཆ་དང་སེམས་ཀྱི་ཞི་བདེ་བརླག་པར་བྱེད་པའི་རྒྱུ་བྱེད་ཀྱི་ཡོད། དངོས་གནས་དེ་ལྟར་ཡིན་ན། ང་ལ་བསུན་སྣང་ཚོར་བ་དེ་གཞན་ཞིག་གིས་བསུན་སྣང་ཚོར་མི་སྲིད་པས། ང་ཚོས་སེམས་ཀྱི་སྒམ་ཆུང་དེ་འཇོག་པའི་སྐབས་སུ་རང་རྒྱུ་མཚན་དུ་བྱས་ནས་འཇོག་པ་ལས་གཞན་ལ་ལྟོས་ནས་འཇོག་གི་མེད། ད་དུང་ངའི་སེམས་ཀྱི་ཞི་བདེ་བརླག་པར་བྱེད་པའི་རྒྱུ་མཚན་ཙམ་བསམ་ན། དེ་ནི་ངས་ཤིན་ཏུ་ཆགས་ཤིང་ཡིད་དབང་འཕྲོག་པའི་དངོས་པོ་ཞིག་ལ་བརྟེན་ནས་ཀྱང་ཡོང་སྲིད། བྱས་ཙང་། ང་ཚོས་དངོས་པོ་འགྲེལ་ཚུལ་དང་། དེ་དག་སེམས་ཀྱི་སྒམ་ཆུང་མི་འདྲ་བའི་ནང་འཇོག་ཚུལ་ནི་རང་ལ་སེམས་ཁུར་གཙོ་བོར་བྱས་ནས་བཞག་པས་བསམ་བློ་ཞིག་བཏང་ན་དོན་སྣང་བྱེད་འོས་པ་ཞིག་རེད། 

དེའི་སྟེང་ལ་ང་ཚོར་ཚོར་བ་མི་འདྲ་ཧ་ཅང་མང་པོ་འདི་དག་ཡོད་པས། སྔོན་ནས་དོ་སྣང་བྱེད་འོས་པ་ཞིག་ཆགས་མེད་ན་ད་ཆགས་དགོས་ཚོད་རེད། བྱས་ཙང། ང་ཚོར་བདེ་སྐྱིད་”ཅེས་པའི་སེམས་ཀྱི་སྒམ་ཆུང་ཞིག་ཡོད་ཅིང་། དེར་དངོས་པོ་རྣམས་ཇི་ལྟར་འཇོག་དགོས་སམ། དེ་ནི་ཧ་ཅང་བཤད་དཀའ་བ་ཞིག་རེད། མི་འགའ་ཤས་ཀྱི་ང་ཚོར་སྐད་ཆ་དྲིས་ནས། “ཁྱེད་རང་སྐྱིད་པོ་འདུག་གམ།” ཟེར་ན་ང་ཚོས་ལན་གང་བརྒྱབ་དགོས་ཡོད་པ་ཡང་ཤེས་ཀྱི་མེད། གལ་སྲིད་ང་ཚོས་སོ་སོ་རང་ཉིད་ལ་སྐད་ཆ་དྲིས་ནས། “ང་སྐྱིད་པོ་འདུག་གམ།” ཞེས་དྲིས་ན། དྲི་བ་དེའི་ནང་དོན་དངོས་གནས་གང་ཡིན་ཡང་མགོ་ཚོད་ཀྱི་མ་རེད། བྱས་ཙང་། བདེ་སྐྱིད་ཡོད་པའི་མཚན་ཉིད་དེ་གང་ཡིན་ནམ། ང་ཚོར་བདེ་སྐྱིད་ཐོབ་འདོད་ཆེན་པོ་ཡོད་ཀྱང་། བདེ་སྐྱིད་ཞེས་པ་ག་རེ་ཡིན་ཤེས་ཀྱི་མེད། དེ་ཆ་མེད་ཡ་མེད་ལྟ་བུ་ཞིག་ཡིན། དེ་ལྟར་མ་ཡིན་ནམ། ང་ཚོས་འགྲེལ་བཤད་བྱེད་པའི་སྐབས་སུ་དེའི་མཚན་ཉིད་ནི། གང་ཞིག་ཐོབ་ན་དེ་ལས་བྲལ་འདོད་མེད་པར་མུ་མཐུད་ནས་ཡོང་འདོད་ཡོད་པའི་མྱོང་བ་ཞིག་ལ་ཟེར། ནང་ཆོས་ཀྱི་བརྩམས་ཆོས་ཁག་གི་ནང་བདེ་སྐྱིད་ཀྱི་མཚན་ཉིད་ལ་དེ་ལྟར་བཞག་ཡོད་ཅིང་། དེས་བདེ་སྐྱིད་ཀྱི་མཚན་ཉིད་ཤེས་པར་ང་ཚོར་ཏོག་ཙམ་ཕན་གྱི་ཡོད།  

འོ་ན། དེ་ང་སང་གི་ངོ་དེབ་ལ་འགྲེལ་བཤད་ག་འདྲ་རྒྱག་དགོས་སམ། ང་ཚོས་ངོ་དེབ་ནང་ “དགའ་” ཞེས་ང་ཚོར་དགའ་རྟགས་དགོས་པ་དེ་ལ་འགྲེལ་བཤད་ཇི་ལྟར་རྒྱག་གམ། གཅིག་བྱས་ན། ང་ཚོར་འཛུམ་གདངས་སྤྲོད་མཁན་དང་སྐྱིད་པོ་ཚོར་བཅུག་མཁན་དེར་དགའ་རྟགས་སྤྲོད་སྲིད་པ་རེད། ཡིན་ནའང་ཁྱེད་རང་གི་ཉིན་གང་ངོ་དེབ་དེར་བལྟས་ནས་གཞན་གང་ཡང་བལྟ་རྒྱུ་མེད་པའི་སྣང་བ་ཞིག་བསྐྲུན་ནས་བསམ་བློ་ཞིག་གཏོང་དང་། ང་ཚོས་དེ་མུ་མཐུད་ནས་དགའ་མི་སྲིད། སྲིད་དམ། བྱས་ཙང་། འདི་ཁྱད་མཚར་པོ་ཞིག་ཡོད། དེ་ལྟར་མ་ཡིན་ནམ། 

ཁྱེད་རང་ལ་རྣམ་རྟོག་ཞིག་ཡོད་པའི་སྐབས་སྡེ་ཚན་དེ་མཚོན་བྱེད་ཀྱི་སེམས་ཀྱི་འཆར་སྣང་ཞིག་ག་དུས་ཡིན་ཀྱང་ཡོད། དེར་བརྟེན་ང་ཚོས། “ཁྱི་” ཞེས་བསམ་བློ་གཏོང་སྐབས་ཁྱིའི་འཆར་སྣང་ཞིག་སེམས་ནང་ཡོད་པ་ཡིན་ཅིང། དེ་ནི་མི་ཚང་མར་མ་འདྲ་བ་ཞིག་ཡོད་པ་ངས་ཐག་བཅད་ཆོག །དེ་བཞིན་སེམས་ཀྱི་འཆར་སྣང་ལ་མི་བསུན་པོ་ཞིག་གམ་མི་ཆགས་ཉམས་ཅན་ཞིག་ཀྱང་སོ་སོར་མི་འདྲ་བ་ཡོད་པ་གཅིག་པ་རེད། 

བྱས་ཙང་། སོ་སོས་དགའ་བའི་དངོས་པོ་དེ་གང་གིས་མཚོན་ནམ། དེ་ནི་དེ་བས་ཀྱང་དཀའ་ལས་ཁག་བ་ཡོད། ཡིན་ནའང་ང་ཚོར་ག་དུས་ཡིན་ཀྱང་། “ང་རང་བྱེད་སྟངས་དང་དར་སོ་འདི་ལ་དགའ། ང་ཁ་ལག་འདིའི་རིགས་དགའ་པོ་ཡོད། གློག་བརྙན་ལྟད་མོ་འདིའི་རིགས་དགའ་པོ་ཡོད། བུ་མོ་དེ་ངའི་བྱེད་སྟངས་དང་འཚུངས་ཀྱི་མ་རེད། བུ་དེ་ངའི་བྱེད་སྟངས་དང་མཚུངས་ཀྱི་མ་རེད་” ཟེར་བ་སོགས་ཀྱི་སྐད་ཆ་བཤད་སྟངས་ཞིག་ཡོད། མེད་དམ། ང་ཚོ་ག་རེ་ལ་དགའ་བ་དེ་གང་གིས་མཚོན་གྱི་ཡོད་དམ། ངོ་དེབ་སྟེང་ལ་ཡོད་པའི་དཔར་ཞིག་ཡིན་ན། ང་ཚོས་དེ་གང་ལ་དགའ་བའི་མྱོང་བ་དང་བརྡུར་ནས་ “དགའ་བ་” ཞེས་པའི་སྡེ་ཚན་ནང་འཇོག་པ་ཡིན་ནམ། ང་ཚོས་ཤེས་དགོས་པ་ཞིག་ལ། འདི་དག་ཡོངས་རྫོགས་ང་ཚོའི་སེམས་ཀྱི་ཕྱོགས་ནས་བྱུང་བ་ཞིག་མ་གཏོགས་དངོས་པོའི་ངོས་ནས་ཡོང་གི་མེད། གལ་སྲིད་ཡུལ་ཁོ་རང་ངོས་ནས་དོན་དམ་གྱི་དགའ་བའི་ཆ་ཞིག་ཡོད་ན། མི་ཚང་མས་དགའ་དགོས་ངེས་ཆགས་ཡོད། ཡིན་ནའང་དེ་ལྟར་མེད་པས། དགའ་བ་སོགས་ཐམས་ཅད་ནི་ཡུལ་ཅན་ནམ་གང་ཟག་སོ་སོའི་སེམས་ལ་ལྟོས་ནས་བཞག་པ་ཞིག་ཡིན།

“དམིགས་བསལ་”ཞེས་པ་འགྲེལ་ཚུལ།

གོམ་སྟབས་གཉིས་པ་དེ་དངོས་པོ་ཞིག་དམིགས་བསལ་ཇི་ལྟར་ཆགས་ཚུལ་དེ་ཡིན། དངོས་པོ་གང་ཞིག་ཡུལ་གྱི་ངོས་ནས་དམིགས་བསལ་གྱི་ཁྱད་ཆོས་ཞིག་ཡོད་པ་ཡིན་ནམ། ཡང་མིན་ན་ང་ཚོས་སོ་སོར་འགྲེལ་བརྗོད་བྱས་པའི་“དམིགས་བསལ་ཞིག་”ཅེས་པའི་སེམས་ཀྱི་སྒམ་ཆུང་ནང་བླུགས་པ་ཙམ་དེ་ཡིན་ནམ། ང་ཚོས་དངོས་པོ་ཞིག་དམིགས་བསལ་ཆགས་ཚུལ་བལྟ་སྐབས། “དམིགས་བསལ་གང་ཡང་མེད།” ཟེར་བའི་རྣམ་གཞག་གི་རྨང་གཞི་དེ་ཤེས་ཡག་འགོ་བཙུག་གི་ཡོད། གང་ཡིན་ཟེར་ན། དངོས་པོ་རང་གིས་ངོས་ནས་དམིགས་བསལ་གྱི་ཆོས་གང་ཡང་མེད། “དམིགས་བསལ།” ཞེས་པའི་འཆར་སྒོ་ནི་ང་ཚོའི་བསམ་བློ་དང་། ང་ཚོས་བཟོས་པའི། “དམིགས་བསལ།” ཞེས་པའི་སེམས་ཀྱི་སྒམ་ཆུང་ནས་ཡོང་གི་ཡོད་ཅིང། དེ་ལྟར་དབྱེ་བ་འབྱེད་གཞིའི་ཚགས་འདྲ་པོ་འདི་ལ་བརྟེན་ནས་ང་ཚོས་གང་ཞིག་དམིགས་བསལ་ཡིན་པ་དང་། གང་ཞིག་མིན་པའི་ཁྱད་པར་འབྱེད་ཀྱི་ཡོད།  

དམིགས་བསལ་ཞེས་པ་དེ་འགྲེལ་བ་ག་འདྲ་རྒྱག་དགོས་པའི་ཐད་སོ་སོ་རང་ཉིད་ལ་དྲི་བ་འདྲི་ཆོག་པ་ཡིན། མི་འགའ་ཤས་ཀྱི་ཟེར་ན། “འདི་རི་མོ་ཁྱད་དུ་འཕགས་པ་ཞིག་རེད།” ཟེར་བའམ། “འདི་ཁ་ལག་དམིགས་བསལ།”  ཞིག་རེད་ཟེར་བ་ལྟ་བུ་གཞན་དང་མི་འདྲ་བའམ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་ཡོད་ན། དེ་དམིགས་བསལ་ཞིག་ཡིན་ཟེར། ཡིན་ནའང་བསམ་བློ་ཞིག་བཏང་ན། དངོས་པོ་ཐམས་ཅད་གཞན་དང་མི་འདྲ་བ་ཞིག་ཡོད་པ་མིན་ནམ། དངོས་པོ་གཉིས་གཅིག་པ་གཅིག་རྐྱང་མེད་པ་རེད། ལོ་འཁོར་པད་ཚལ་གྱི་ཕུང་པོ་ཞིག་ནང་ཡོད་པའི་ལོ་འཁོར་པད་ཚལ་རེ་རེ་ནས་གཞན་དང་མི་འདྲ་བ་ཡོད། 

ཡང་ཁྱེད་རང་གི་བསམ་པར། “རེད། དངོས་པོ་རྣམས་མི་འདྲ་བ་ཡོད་དགོས་ལ། དམིགས་བསལ་ཞིག་ཆགས་པ་ལ་གཞན་དང་མི་འདྲ་བ་ནི་ཡོད་དགོས་ངེས་རེད།” སྙམ་སྲིད། ཡིན་ནའང་དེ་དག་གཞན་དང་མི་འདྲ་བ་ག་ཚོད་ཙམ་ཞིག་དགོས་ཀྱི་ཡོད་དམ། ཡང་ན། གཞན་དང་མི་འདྲ་བའི་ཚད་ག་ཚོད་ཙམ་ཞིག་ལ་སླེབས་ན་དམིགས་བསལ་ཆགས་ཀྱི་ཡོད་དམ། ང་ཚོས་དམིགས་བསལ་ཐུན་མོང་མ་ཡིན་པ་དང་སྤྱིར་བཏང་ཕལ་པ་གཉིས་བར་གྱི་ཚད་ཐིག་ཇི་ལྟར་འབྱེད་དགོས་སམ། ང་ཚོས་ཇི་ལྟར་ཐག་ཆོད་བྱེད་ཐུབ་བམ། 

ཡང་ཁྱེད་ཀྱི་དམིགས་བསལ་ཞིག་ཡིན་པ་ལ་དེ་གསར་པ་ཞིག་ཡིན་དགོས་ཟེར་སྲིད། ཡིན་ནའང་གསར་པ་དེ་ང་ལ་ལྟོས་ནས་བཞག་དགོས་སམ་འཛམ་གླིང་ལ་ལྟོས་ནས་བཞག་དགོས། རྒྱུན་ལྡན་ང་ཚོས། “ང་” གཞིར་བྱས་ནས་དངོས་པོར་འགྲེལ་བཤད་རྒྱག་གི་ཡོད། དེ་ལྟར་ཡིན་ན་མྱོང་བ་ཡོད་ཚད་གསར་པ་ཆགས་འགྲོ་བ་ཡིན། དེ་ལྟར་མ་ཡིན་ནམ། གང་ཡིན་ཟེར་ན། ཁ་སང་ནི་དེ་རིང་མིན་པས་ངས་ཁ་སང་མྱོང་བ་དེ་དེ་རིང་ཡང་བསྐྱར་མྱོང་བ་མ་ཡིན། བྱས་ཙང་། བཤད་སྟངས་གཅིག་ནས་བྱས་ན། ཐམས་ཅད་དམིགས་བསལ་ཞིག་ཡིན་ཞེས་པའི་དོན་ནི་ཐམས་ཅད་དམིགས་བསལ་མིན་ཞེས་གོ་དགོས། ཐམས་ཅད་གཞན་དང་མི་འདྲ་བ་ཡིན་པ་དང། ཐམས་ཅད་སོ་སོ་བ་ཡིན་པས་རང་བཞིན་ཐ་དད་ཡིན། བྱས་ཙང་། འདིར་ང་ཚོས་དམིགས་བསལ་ཞེས་གང་ཡང་འཇོག་མི་ཐུབ། གལ་སྲིད་ང་ཚོས་རང་ཉིད་ཀྱིས་དགའ་བ་རྒྱུ་མཚན་དུ་བྱས་ནས་དམིགས་བསལ་ཡིན་ཟེར་ན། ང་ཚོའི་དགའ་ས་ནི་རྟག་ཏུ་འགྱུར་བ་འགྲོ་གི་ཡོད། རྒྱུ་མཚན་ནི་ང་ཚོར་དངོས་པོ་ཞིག་ཐོབ་རྒྱུ་མང་དྲགས་ན་དེ་ལ་དགའ་པོ་མི་བྱེད་ཅིང་། ཡང་དངོས་པོ་ཞིག་ཐོབ་ཡུན་རིང་དྲགས་ན་དེ་ལ་་ཉོབ་སྣང་བྱེད་པ་ཡིན། 

གོང་དུ་བཤད་པ་འདི་དག་ནི་ང་ཚོས་དངོས་པོ་འགའ་ཤས། “དམིགས་བསལ།” ཞེས་པའི་སེམས་ཀྱི་སྒམ་ཆུང་ནང་བླུགས་པའི་ལང་ཤོར་གྱི་གཤིས་ཀ་ཞིག་ཡོད་པ་དེ་ལས་ཐར་བའི་ཆེད་དུ་ཕན་ཐོགས་ཅན་གྱི་བྱེད་ཚུལ་འགའ་ཤས་ཡིན། ཡང། “ང་ད་ལྟ་གང་ཚོར་བཞིན་པ་ནི་ཤིན་ཏུ་གལ་ཆེན་པོ་རེད།” ཅེས་ཚོར་དགོས་དོན་གང་ཡིན་ནམ། རྒྱུ་མཚན་གང་ལ་བརྟེན་ནས་ང་ཚོས་དེ། “དམིགས་བསལ།” ཞེས་པའི་སྒམ་ཆུང་ནང་བཞག་པ་ཡིན་ནམ། ང་ཚོས་འདི་ལྟར་དཔྱད་ནས་དངོས་པོ་ག་རེ་ཡིན་ཀྱང་དགོས་པ་མེད་པའི་སེམས་ཀྱི་སྒམ་ཆུང་དུ་བླུགས་ནས་མཐོང་ཐབས་མི་བྱེད་པའི་འབད་བརྩོན་བྱེད་དགོས། ཡིན་ནའང་སྒམ་ཆུང་ལ་ཡང་དགོས་མཁོ་དང་བེད་སྤྱོད་ཡོད་པའི་སྒམ་ཆུང་ཡོད་པ་ནི་བཤད་མི་དགོས་པ་རེད། དེ་དག་མེད་ན་ང་ཚོས་སྐད་ཡིག་སོགས་ཀྱི་གོ་རྟོགས་ཡོང་མི་ཐུབ། མི་རྣམས་ཀྱིས་ཚིག་གཅིག་པ་གཅིག་རྐྱང་ཞིག་ངག་ནས་བརྗོད་པ་ལ་སྐད་ཀྱི་སྒྲ་གདངས་དང་། སྐད་ཀྱི་སྒྲ་ཤུགས་མི་འདྲ་བའི་སྒོ་ནས་བརྗོད་ཀྱི་ཡོད་པས། ཚིག་དང་འབྲེལ་ཡོད་སེམས་ཀྱི་སྒམ་ཆུང་ཞིག་ཡོད་པར་བརྟེན། གཞི་ནས་ང་ཚོས་གོ་བ་ལེན་ཐུབ་ཀྱི་ཡོད་པ་ནང་བཞིན་རེད།  

བྱས་ཙང་། ང་ཚོས་སེམས་ཀྱི་སྒམ་ཆུང་ཚང་མ་གཡུག་མི་རུང། སྒམ་ཆུང་འགའ་ཤས་གང་ཟག་སོ་སོ་ལ་ལྟོས་ནས་བཞག་ཡོད་པ་དཔེར་ན། “དམིགས་བསལ་ཞིག་” ཟེར་བ་ལྟ་བུ་ནི་ཕན་ཐོགས་དེ་ཙམ་མེད་པའི་སེམས་ཀྱི་སྒམ་ཆུང་དེ་འདྲ་ཡོད། འདི་ལྟར་ང་ཚོས་དཔྱད་པ་བྱས་ན། དམིགས་བསལ་ཡིན་པའི་འགྲེལ་བཤད་རྒྱག་མི་ཐུབ་ཀྱང་། གང་ཞིག་དམིགས་བསལ་ཡིན་པའི་ཡིད་ཆེས་དེ་རང་གི་བསམ་བློའི་འཁྱེར་སོ་ཞིག་ལས་བྱུང་བ་མཐོང་ཐུབ།
འདི་ལྟར་ང་ཚོས་རང་ཚུགས་ཟིན་པ་དང་སྒྲིག་ཁྲིམས་བེད་སྤྱོད་བྱས་ནས་ “ངས་དངོས་པོ་གང་ཡང་དམིགས་བསལ་དུ་ལྟ་གི་མིན།” ཞེས་ཟེར་བ་མིན། གང་ཡིན་ཞེ་ན། དེ་ནི་དངོས་གནས་ལག་ལེན་བསྟར་ཡག་ཁག་ཧ་ཅང་དཀའ་ལས་ཁག་པོ་ཡོད། འོན་ཀྱང་གོ་རྟོགས་ལ་བརྟེན་ནས་ང་ཚོས་ཤེས་ཐུབ། གང་ཡིན་ཟེར་ན། དེ་དག་ཐམས་ཅད་སེམས་ཀྱི་བཟོས་བཞག་པ་ཙམ་ལས་ཆོས་གང་ཡང་དམིགས་བསལ་མེད་པས་ཡིན།  

རྣམ་རྟོག་ཤེས་པ་ལ་བརྟེན་པའི་བློ་སྦྱོང་།

བློ་སྦྱོང་ལ་བརྟེན་ནས་ང་ཚོས་རང་གི་བསམ་བློའི་འཁྱེར་སོ་དང་འབྲེལ་ཡོད་ཀྱི་བྱ་བའི་རིམ་པ་མང་པོ་བྱེད་རྒྱུ་ཡོད། ང་ཚོས་སེམས་ཀྱི་སྒམ་ཆུང་མི་འདྲ་བ་མང་པོ་བརྒྱུད་ནས་ཆོས་རྣམས་རྟོགས་ཐུབ་པ་དང་། ཡུལ་དང་དངོས་པོ་གང་ཞིག་རྟོགས་པ་དེ་སྒམ་ཆུང་གཅིག་ནས་གཞན་དུ་སྤོ་ཤུད་བྱེད་ཐུབ། དེ་ནི་མི་ཞིག་ “བསུན་པོ་དང། རྙོག་ཁྲ་བཤད་མཁན་” ཞིག་ཡིན་པའི་སྒམ་ཆུང་ནས་སྤོས་ཏེ། “སེམས་སྐྱིད་པོ་མེད་པ་དང་། ཁེར་རྐྱང་།” གྱི་སྒམ་ཆུང་ནང་བཞག་ཆོག་ཅིང། དེ་ལས་ང་ཚོས་མི་དེ་དང་འབྲེལ་བ་བྱེད་སྟངས་དང་གདོང་ལེན་བྱེད་སྟངས་རྩ་བ་ནས་མི་འདྲ་བ་ཡོང་རྒྱུ་ཡིན། དེ་ལྟར་ང་ཚོས་མི་དེ་ལ་རང་ངོས་ནས་འདི་དང་དེ་ཞེས་པའི་ངོ་རྟགས་ཞིག་མེད་པར། དེ་ནི་ང་ཚོས་མི་དེ་རྟོགས་ཚུལ་དང་། དེས་ང་ཚོའི་མི་དེ་དང་འབྲེལ་ཡོད་ཀྱི་ཚོར་བ་དང་གདོང་ལེན་བྱེད་པ་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་མིན་གྱི་ང་ཚོའི་བསམ་བློའི་འཁྱེར་ཕྱོགས་ལ་རག་ལུས་པ་ཞིག་ཡིན།  

སེམས་ཀྱི་སྡེ་ཚན་ཁ་ཤས་ཏེ། དཔེར་ན། “དམིགས་བསལ་” ལྟ་བུ་མི་ཚེའི་ནང་ཕན་ཐོགས་ཅན་ཞིག་རྩ་བ་ནས་མིན། སྤྱིར་བཏང་མི་ཚེའི་ནང་དམིགས་བསལ་གྱི་མི་དང་། དམིགས་བསལ་གྱི་དུས་ཚོད་སོགས་མི་འདྲ་བ་ཡོད་ཀྱང་། སྐྱེས་སྐར་དང་ལོ་གསར་སོགས་དམིགས་བསལ་དུ་འཛིན་པ་དེ་ག་ཚོད་ཀྱི་དབང་ཤེད་ཡིན་པ་བསམ་བློ་འཁོར་མྱོང་ངམ། འདི་དམིགས་བསལ་ཆགས་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་ནི་མི་རྣམས་ཀྱིས་དེ་ལྟར་དམིགས་བསལ་ཡིན་པར་ཐག་བཅད་བཞག་པ་ཙམ་ཞིག་ཡིན། དེ་ཙམ་ལས་ཟླ་བ་དང་པོའི་ཚེས་གཅིག་དེར་དམིགས་བསལ་གང་ཡང་མེད་ལ། ཚེས་གྲངས་དེ་གཟའ་སྐར་དཔྱད་རིག་གི་ཐོག་ནས་བཤད་ཀྱང་དམིགས་བསལ་གང་ཡང་ཆགས་ཀྱི་མེད། སའི་གོ་ལ་འདི་ཉི་མར་བསྐོར་བ་བྱེད་ཅིང་དེ་ལ། “ཧ། འདི་ལོ་གཅིག་གི་ཉིན་དང་པོ་རེད།” ཅེས་མགོ་བཙུག་ས་ཞིག་འཇོག་མི་ཐུབ། གང་ཡིན་ཟེར་ན། མགོ་བཙུགས་ས་ཞིག་མེད་ཅིང་། དེའི་རྒྱུ་མཚན་གྱི་རིག་གཞུང་མི་འདྲ་བ་སོ་སོ་ལ་ལོ་གསར་བརྩི་ཚུལ་མི་འདྲ་བ་ཡོད། དེ་ལ་དམིགས་བསལ་གང་ཡང་མེད། འོན་ཀྱང་། གལ་སྲིད་ཁྱེད་རང་ལོ་གསར་སྲུང་བརྩི་བྱེད་མཁན་གྱི་རིག་གཞུང་ཞིག་ནང་འཚར་ལོངས་བྱུང་ཡོད་ན། དེ་ལ་འཁང་ར་བྱེད་པའམ་དེ་ཆོ་མེད་པར་བསམ་མི་དགོས་ཀྱང་། དེ་ལ་སྒྲོ་བཏགས་ནས་ཚད་ལས་བརྒལ་བའི་སྤྲོ་སྣང་བྱེད་པའམ་གནས་ཚུལ་ཆེན་པོ་ཞིག་ཀྱང་བཟོ་དགོས་ཡག་མེད། 

ང་ཚོས་རྣམ་རྟོག་གི་གཞི་རྩའི་འགྲོ་ལུགས་འདི་ལྟར་ཤེས་ན། སེམས་ཀྱི་སྒམ་ཆུང་དང་། སྡེ་ཚན། མཚན་ཉིད་དང་ཁྱད་ཆོས་ལ་བརྟེན་ནས་ང་ཚོས་ཕན་ཐོགས་ཡོད་པའི་སྐབས་སུ་བེད་སྤྱོད་བྱེད་ཐུབ་པ་དང་། ཕན་ཐོགས་མེད་པའི་སྐབས་སུ་གཡུག་ཐུབ་པ་ཡོང་གི་ཡོད། 

མཐའ་མ་དེར་ང་ཚོས་རང་གི་བསམ་བློའི་འཁྱེར་ཕྱོགས་ལ་བསྒྱུར་བཅོས་བཏང་ནས་ཡར་རྒྱས་གཏོང་བའི་སྐབས་སུ། ཀུན་སློང་ཡག་པོ་དང་བཟོད་སྒོམ་ཧ་ཅང་ཆེན་པོ་ཡོད་དགོས་པ་ཡིན། ཇི་ཙམ་གྱི་བསྐྱར་ལྡབ་ཡང་ལྡབ་ཀྱི་ཉམས་ལེན་ལ་བརྟེན་ནས་བསྒྱུར་བཅོས་དང་དེ་དག་ལ་གོམས་འདྲིས་ཆགས་པ་དེ་ཙམ་གྱིས་དེ་དག་ཉིན་རེའི་མི་ཚེའི་ནང་རང་བཞིན་གྱི་ངོ་བོར་བསྒྱུར་འགྲོ་བ་ཡིན། ང་ཚོ་སེམས་པ་སྐྱིད་པོ་མེད་པའི་སྐབས་སུ་བྱེད་དགོས་པ་གཅིག་པོ་དེ་ནི། “ཧེ། ང་ད་ལྟ། ང་། ང་། ཙམ་ཞིག་ལ་བསམ་བློ་གཏོང་གི་འདུག་” ཅེས་དྲན་གསོ་བྱེད་རྒྱུ་ཙམ་ཞིག་ཡིན། 

བསམ་བློའི་འཁྱེར་ཕྱོགས་ལ་སྦྱོང་བརྡར་སྤྲོད་རྒྱུའམ་བློ་སྦྱོང་གི་ཉམས་ལེན་དེ་རྒྱུད་རིམ་རིང་པོ་འགོར་མཁན་ཞིག་ཡིན་ཀྱང་། དགེ་མཚན་ལྡན་པ་ཞིག་ཀྱང་ཡིན།

ཕྱོགས་བསྡོམས།

ང་ཚོ་ཚང་མར་ཞོགས་པ་ཡར་ལངས་པ་དང་དམིགས་ཡུལ་གཅིག་ཡོད་པ་ནི། མ་འོངས་དེ་སྐྱིད་ཙམ་དང་། ཡག་ཙམ་བྱུང་ན་བསམ་པ་དེ་ཡིན། འདིའི་ཐད་ལ་ང་ཚོ་ཚང་མ་གཅིག་པ་ཡིན། དེའི་སྟེང་ང་ཚོ་ཚང་མར་གཅིག་མཐུན་གྱི་བསམ་བློ་གཞན་ཞིག་ཡོད་པ་ནི། “ང་།” ཞེས་ཤོད་མི་ཐུབ་པའི་དཀའ་ངལ་གྱི་རྒྱུ་བྱེད་མཁན་དང་འཇིག་རྟེན་གྱི་ལྟེ་བ་ཡིན་བསམ་པའི་བསམ་བློ་དེ་ཡིན། ང་གཅེས་འཛིན་ཞེས། “ང་།” ཡི་རྗེས་སུ་ལྟ་སྐྱོང་བྱེད་ཀྱི་ཡོད་པས། དེ་ཧ་ཅང་ཡིད་དབང་འཕྲོག་མདོག་ཁ་པོ་ཞིག་ཡོད་ཀྱང་། དོན་དངོས་ཐོག་ང་ཚོས་སྡུག་བསྔལ་གྱི་རྗེས་སུ་འགྲོ་ཞིང་། རང་གི་ཆེས་འདོད་པའི་བདེ་བ་ལས་ཐག་རིང་དུ་འགྲོ་བ་ཡིན། ང་ཚོས་དངོས་པོ་ཐམས་ཅད་ཇི་ལྟར་གནས་པའི་གནས་ལུགས་དེ་ཤེས་འགོ་བཙུག་ན། གོང་གི་བསམ་བློ་གཏོང་སྟངས་དེ་ལ་བསྒྱུར་བ་གཏོང་ཐུབ། མི་ཚེ་ནི་སྐྱིད་སྡུག་འཕེལ་འགྲིབ་ཡིན་ཅིང་། དེ་ནི་ག་དུས་ཡིན་ཀྱང་དེ་ལྟར་ཡིན་པས་དེ་ལ་ང་ཚོས་སྟངས་འཛིན་བྱེད་མི་ཐུབ། འོན་ཀྱང་ང་ཚོས་སྟངས་འཛིན་བྱེད་ཐུབ་པ་ནི་སྐད་ཅིག་རེ་རེའི་གནས་སྟངས་ལས་བྱུང་བའི་མྱོང་བ་ལ་ཡ་ལན་ཇི་ལྟར་བྱེད་ཚུལ་གྱི་བསམ་བློའི་འཁྱེར་ཕྱོགས་དེ་ཡིན། བརྩོན་འགྲུས་ལ་བརྟེན་ནས་ཕྱིའི་གནས་སྟངས་ག་འདྲ་ཞིག་ཡིན་ཀྱང་། རང་ཙམ་མ་ཟད་གཞན་ལ་ཡང་བྱམས་སྐྱོང་བྱེད་ཐུབ་པའི་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་ལ་བསྒྱུར་བཅོས་གཏོང་ཐུབ།།   

Top