བློ་སྦྱོང་ཚིགས་བརྒྱད་མའི་འགྲེལ་བ།

ཚིགས་སུ་བཅད་པ།

བློ་སྦྱོང་གི་དཔེ་ཆ་འདི་ནི་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པས་མཛད།

དེ་ཡང་། ཚིགས་སུ་བཅད་པ་དང་པོ་ལས།

༡༽ བདག་ནི་སེམས་ཅན་ཐམས་ཅད་ལ། །ཡིད་བཞིན་ནོར་བུ་ལས་ལྷག་པའི། །དོན་མཆོག་སྒྲུབ་པའི་བསམ་པ་ཡིས། །རྟག་ཏུ་གཅེས་པར་འཛིན་པར་ཤོག །

འདི་ལ་འགྲེལ་བརྗོད་ཉུང་བསྡུས་ཤིག་ཞུས་ན། སེམས་ཅན་རྣམས་ཡིད་བཞིན་གྱི་ནོར་བུ་ལྟར་རྩ་ཆེན་པོ་ཡིན། གང་ཡིན་ཞེ་ན། ང་ཚོའི་དགོས་དོན་ཐམས་ཅད་གཞན་གྱི་བཀའ་དྲིན་ལ་བརྟེན་ནས་སྒྲུབ་ཀྱི་ཡོད། བཟའ་བ་དང་། བཏུང་བ། གྱོན་པའི་གོས་ལ་སོགས་པ་ཐམས་ཅད་ནི་གཞན་གྱི་དྲིན་ལ་བརྟེན་ནས་ཡོང་གི་ཡོད། ང་ཚོས་གང་བཟའ་བ་ཐམས་ཅད་ས་བོན་བཏབ་ནས་སྐྱེད་སྤེལ་བྱེད་མི་དགོས་ལ། གང་གྱོན་པའི་གྱོན་ཆས་རྣམས་ཀྱང་བཟོ་སྐྲུན་བྱེད་མི་དགོས། སྐྱེས་པ་ནས་ང་ཚོ་གོས་མེད་པའི་གཅེར་བུ་ཡིན་ཞིང་། བཟའ་རྒྱུའི་ཟས་མེད་ལ་ལག་ཏུ་དངུལ་ཡང་མེད་པར་སྐྱེས་པ་རེད། དེ་དག་ཐམས་ཅད་ང་ཚོར་གཞན་ནས་འཐོབ་དགོས་ཀྱི་ཡོད། ང་ཚོར་གང་དགོས་པ་ཚང་མ་འཐོབ་པ་ནི་གཞན་གྱི་བཀའ་དྲིན་ཉག་གཅིག་ཡིན། 

སེམས་ཅན་རྣམས་གྱིས་ང་ཚོར་ཟས་གོས་སོགས་སྦྱིན་པའི་ཚེ་འདི་ཙམ་དུ་བཀའ་དྲིན་ཅན་ཡིན་པ་མ་ཟད། ང་ཚོའི་སྐྱེ་བ་ཕྱི་མའི་བདེ་སྐྱིད་ཀྱང་གཞན་ལ་རག་ལུས་ཡོད། གཞན་དོན་དུ་སྦྱིན་པ་ཉམས་ལེན་བྱེད་པ་ལ་བརྟེན་ནས་སྐྱེ་བ་ཕྱི་མའི་ནང་ང་ཚོར་རྒྱུ་ནོར་ལོངས་སྤྱོད་ཀྱི་འབྲས་བུ་སྨིན་པ་དང་ཚང་མ་བདེ་བའི་ངང་གནས་རྒྱུ་ཡོང་གི་རེད། དེ་ག་ནང་བཞིན་གཞན་ལ་བརྟེན་ནས་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ཉམས་ལེན་བྱེད་པ་ལ་བརྟེན་ནས་མ་འོངས་པའི་གནས་སྟངས་བཟང་པོ་དང་ལམ་འགྲོ་ཡོང་གི་རེད། འདི་ནི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་བདེན་པ་རེད། དེ་ཡང་གཞན་ལ་བརྟེན་ནས་ཡོད་པ་མ་ཟད། ང་ཚོས་གཞན་དོན་དུ་བྱང་ཆུབ་ཀྱི་སེམས་སྐྱེད་པའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་ཀྱི་ཡོད། 

དེ་ཡང་དཔེ་ཆ་བཞག་ན། ཞིང་ཁ་དང་འདྲ་བ་རེད། གལ་ཏེ་ང་ཚོར་ཤིང་སྡོང་ནས་ཤིང་ཏོག་འདོད་ན། ང་ཚོས་ཞིང་ཁའི་ཤིང་སྡོང་དེ་འདེབས་ཐུབ་པ་དགོས་ཀྱི་ཡོད། གལ་ཏེ་ཞིང་ཁ་མེད་ན། ང་ཚོར་ཤིང་ཏོག་རག་ཐུབ་ངེས་མ་རེད། དེ་དང་ཕྱོགས་མཚུངས་པར་གཞན་སེམས་ཅན་རྣམས་ཀྱི་ཞིང་ས་དེ་མེད་པར་ང་ཚོས་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས་སོགས་ཉམས་ལེན་བྱེད་ཐུབ་ངེས་མ་རེད་ལ། མཐར་དེའི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་ཀྱི་མ་རེད། གལ་ཏེ་ང་ཚོར་ས་ཞིང་ཧ་ཅང་ཕོན་ཆེན་པོ་ཡོད་ན། ང་ཚོར་ཤིང་ཏོག་ཀྱང་ཧ་ཅང་ཕུན་སུམ་ཚོགས་པ་འཐོབ་ཀྱི་རེད། དེ་ལྟར་སེམས་ཅན་ཐམས་ཅད་ནི་ང་ཚོའི་ཞིང་ས་ལྟ་བུ་ཡིན་པ་ལ་བརྟེན་ནས་ང་ཚོས་ཉམས་ལེན་བྱེད་ཐུབ་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་ཀྱི་རེད། དཔེ་ཆ་བཞག་ན། དོན་ངོ་མར་ང་ཚོར་བ་ཕྱུགས་ནས་འོ་མ་རག་གི་ཡོད་པ་དེ་དག་ཐམས་ཅད་ནི་གཞན་གྱི་བཀའ་དྲིན་ལ་བརྟེན་ནས་ཡིན་པ་རེད། དེར་བརྟེན་ང་ཚོས་གཞན་ལ་བརྟེན་ནས་ཉམས་ལེན་བྱེད་དགོས་ཀྱི་ཡོད། 

ཚིགས་སུ་བཅད་པ་གཉིས་པ་ནི།

༢༽ གང་དུ་སུ་དང་འགྲོགས་པའི་ཚེ། །བདག་ཉིད་ཀུན་ལས་དམན་བལྟ་ཞིང༌། །གཞན་ལ་བསམ་པ་ཐག་པ་ཡིས། །མཆོག་ཏུ་གཅེས་པར་འཛིན་པར་ཤོག །

འདི་དོན་ནི་ང་ཚོ་སུ་དང་མཉམ་དུ་ཡོད་པ་དང་གང་དུ་ཡོད་མེད་ལ་མ་ལྟོས་པར། དུས་རྟག་ཏུ་སྙེམ་ཆུང་བའི་སྒོ་ནས་བྱ་སྤྱོད་སྤེལ་དགོས་ཤིང་། གཞན་ལ་བསམ་ཤེས་དང་སེམས་ཁུར་ཆེ་བ་སྤྲོད་དགོས་པ་དང་རྟག་ཏུ་གཞན་ལ་ཧ་ཅང་གཅེས་པར་འཛིན་དགོས། དེ་ནི་ང་ཚོར་བ་ཕྱུགས་གཅིག་ཡོད་པ་དང་དེས་འོ་མ་ཧ་ཅང་ཡག་པོ་སྤྲོད་ཀྱི་ཡོད་པས། བ་ཕྱུགས་དེ་ནི་ང་ཚོར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་ལྟ་བུ་རེད། ང་ཚོས་བ་ཕྱུགས་དེ་ལ་གཅེས་སྐྱོང་བྱེད་པ་དང་ཟས་ཡག་པོ་སྦྱིན་ངེས་རེད། དེ་དང་ཕྱོགས་མཚུངས་པར་ང་ཚོས་གཞན་གཅེས་པར་འཛིན་པའི་སྒོ་ནས་གཞན་ལ་ཟས་གང་ལེགས་སྦྱིན་དགོས། 

ཚིགས་སུ་བཅད་པ་གསུམ་པ་ནི།

༣༽ སྤྱོད་ལམ་ཀུན་ཏུ་རང་རྒྱུད་ལ། །རྟོག་ཅིང་ཉོན་མོངས་སྐྱེས་མ་ཐག །བདག་གཞན་མ་རུངས་བྱེད་པས་ན། །བཙན་ཐབས་གདོང་ནས་བཟློག་པར་ཤོག ། 

ཚིགས་སུ་བཅད་པ་འདིའི་ནང་། ང་ཚོས་གཟབ་ནན་ཐོག་སོ་སོའི་སེམས་ལ་བརྟག་ཞིབ་ཡང་ནས་ཡང་དུ་བྱེད་དགོས་པ་དང་བསམ་བློ་ལ་ལྟ་ཞིབ་བྱས་ནས་རང་གི་སེམས་ནང་བསམ་བློ་གང་འཁོར་བཞིན་ཡོད་པར་ལྟ་དགོས་པའི་སྐོར་བཤད་ཀྱི་ཡོད། ང་ཚོས་སོ་སོའི་སེམས་ནང་ཉོན་མོངས་པའི་སེམས་ཚོར་ཤུགས་ཆེན་དེ་འདྲ་སྐྱེ་གི་འདུག་གམ་མི་འདུག་བརྟག་དགོས། གལ་ཏེ་ང་ཚོར་ཁོང་ཁྲོ་དང་། འདོད་ཆགས། གཏི་མུག་གི་བསམ་བློ་གུ་དོག་པོ་དེ་འདྲ་ཡོད་ན། དེ་དག་ཡོད་པ་དོ་སྣང་བྱུང་མ་ཐག་ལམ་སེང་འགོག་ཐབས་བྱེད་དགོས། གལ་ཏེ་ང་ཚོ་སློབ་གྲྭ་ཞིག་གི་ནང་སློབ་ཕྲུག་ཚོར་སློབ་ཚན་ཁྲིད་ཐབས་བྱེད་བཞིན་པ་དང་སློབ་ཕྲུག་རྣམས་ཧ་ཅང་འཚུབ་པོ་ཡོད་པ་དང་གང་སར་ཡར་རྒྱུག་མར་རྒྱུག་བྱེད་བཞིན་ཡོད་ན། དེ་དག་ལ་ཁུ་སིམ་ངང་སྡོད་དགོས་པ་དང་སློབ་སྦྱོང་ལ་འབད་དགོས་པ་སོགས་ཤོད་ངེས་རེད། གལ་ཏེ་ཁ་ལ་མ་ཉན་པར་ཧ་ཅང་སྤྱོད་འཚུབ་བྱས་ན། ང་ཚོས་ཉེས་ཆད་འགེལ་སྲིད་ལ་གལ་ཏེ་ཁོང་ཚོ་སྤྱོད་ཚུལ་ཡག་པོ་བསྟན་ན། ང་ཚོས་ཀྱང་ཧ་ཅང་སེམས་བཟང་པོ་བྱེད་ངེས་རེད། དེ་དང་མཚུངས་པར་སོ་སོའི་སེམས་ལའང་དེ་དང་འདྲ་བའི་བསམ་ཕྱོགས་ཤིག་ཡོད་དགོས་པ་དང་། སེམས་ནང་བསམ་བློ་གང་འཁོར་བཞིན་ཡོད་པའི་ཐད་ལ་ལྟ་ཞིབ་དང་དོ་སྣང་བྱེད་དགོས། གལ་ཏེ་ཉོན་མོངས་སྐྱེས་ན། ང་ཚོས་གང་མགྱོགས་མགྱོགས་འགོག་ཐབས་བྱེད་དགོས། 

དཔེར་ན། ང་ཚོ་ཁོང་ཁྲོ་ལངས་པ་ཡིན་ན། དེས་ང་ཚོའི་བསོད་ནམས་བསགས་པ་ཚང་མ་མེད་པ་བཟོ་བ་དང་ང་ཚོ་ངན་སོང་གི་གནས་སུ་སྐྱེ་གི་རེད་ཅེས་ཁོང་ཁྲོའི་ཉེས་དམིགས་སམ་གནོད་སྐྱོན་ལ་བསམ་བློ་གཏོང་དགོས། གལ་ཏེ་ང་ཚོར་འདོད་པ་ཤུགས་ཆེན་ཡོད་ན། དེ་ལ་བརྟེན་ནས་ང་ཚོ་འཁོར་བར་མུ་མཐུད་དེ་འཁོར་དུ་འཇུག་གི་ཡོད། ཇི་ལྟར་ཆུ་ལོག་རྒྱག་པའི་སྐབས་སུ་ཆུ་དེ་ང་ཚོའི་ཕྱོགས་སུ་བསླེབ་པ་མཐོང་ན། ང་ཚོ་ཆུས་མི་ཁྱེར་བའི་ཆེད་ཆུ་དེ་འགོག་པར་དེའི་མདུན་དུ་ཆུ་རགས་ལྟ་བུ་ཞིག་འཇོག་ཐབས་བྱེད་པ་ནང་བཞིན་ཉེས་དམིགས་དང་གནོད་སྐྱོན་དེ་དག་མཐོང་བའི་སྒོ་ནས་ཉོན་མོངས་པ་དེ་དག་བཀག་འགོག་བྱེད་དགོས། དེར་བརྟེན་ཉོན་མོངས་པའི་རྒྱུག་ཆུ་དེ་དག་ང་ཚོས་བཀག་ནས་ཆུས་མི་ཁྱེར་བར་བྱེད་དགོས། 

ཚིགས་སུ་བཅད་པ་བཞི་པ་ནི། 

༤༽ རང་བཞིན་ངན་པའི་སེམས་ཅན་རྣམས། །སྡིག་སྡུག་དྲག་པོས་ནོན་མཐོང་ཚེ། །རིན་ཆེན་གཏེར་དང་འཕྲད་པ་བཞིན། །རྙེད་པར་དཀའ་བས་གཅེས་འཛིན་ཤོག ། 

ཚིགས་སུ་བཅད་པ་འདིའི་དོན་ནི། ང་ཚོ་མི་ཧ་ཅང་གདུག་རྩུབ་ཅན་དང་། སྡུག་བསྔལ་ཆེན་པོས་མནར་བ། ཧ་ཅང་སྡིག་ཅན་ཞིག་དང་འཕྲད་པའི་སྐབས། ཧ་ཅང་སྐྱིད་པོ་ཚོར་དགོས་པ་དང་ང་ཚོར་ཡོད་པའི་གོ་སྐབས་ལ་གཅེས་འཛིན་བྱེད་དགོས། གང་ཡིན་ཞེ་ན། ང་ཚོས་དངོས་གནས་དྲང་གནས་ཆོས་ཉམས་ལེན་བྱེད་ཐུབ་སའི་མི་ཞིག་རྙེད་པ་རེད། མི་དེ་ལ་བརྟེན་ནས་ང་ཚོས་དངོས་གནས་བཟོད་པ་དང་བརྩོན་འགྲུས་ཉམས་ལེན་བྱེད་ཐུབ་པ་དང་དེ་དག་ལ་ཕན་ཕྱིར་དངོས་གནས་འབད་བརྩོན་བྱེད་ཀྱི་རེད། 

དཔེར་ན། མི་ཞིག་སློབ་གྲྭར་འགྲིམས་ནས་ལག་ཁྱེར་མང་པོ་ཐོབ་ཡོད་ནའང་། ལས་ཀ་མེད་པ་འདྲ་པོ་རེད། མི་དེའི་རིགས་སློབ་སྦྱོང་ཚང་མ་བསྒྲུབས་པའི་རྗེས་སུ་ལས་ཀ་འཚོལ་ཐབས་བྱེད་པ་དང་མཐར་ལས་ཀ་རག་ན་ཧ་ཅང་སྐྱིད་པོ་ཚོར་ངེས་རེད། དེ་དང་མཚུངས་པར་གལ་ཏེ་མི་ཞིག་སྨན་ཞབས་ཀྱི་སྦྱོང་བརྡར་བྱས་ཡོད་པ་དང་ནད་ན་མཁན་རྩ་ནས་མེད་ན། ཁོང་ཚོས་སྦྱོང་བརྡར་བྱས་པ་དེ་བེད་སྤྱོད་ནམ་ཡང་བྱེད་མི་ཐུབ་པ་ལྟ་བུ་རེད། ཡང་ཆོས་ལ་དཔེ་བཞག་ན། གལ་ཏེ་ང་ཚོར་མི་གདུག་རྩུབ་ཅན་དང་སྡིག་ཅན་དཀའ་ངལ་གྱིས་ཁེངས་ནས་ཡོད་པ་ཞིག་དང་ཕྲད་ན། ང་ཚོས་རིན་ཆེན་གཏེར་ཞིག་རྙེད་པ་ནང་བཞིན་ཧ་ཅང་དགའ་ཚོར་སྐྱེ་དགོས། གང་ཡིན་ཞེ་ན། ད་ང་ཚོས་མི་དེ་ལ་ཕན་འདོགས་ཐུབ་ཀྱི་ཡོད། དེ་ནི་གོ་སྐབས་བཟང་པོ་ཞིག་ཏུ་བསམ་དགོས། 

ཚིགས་སུ་བཅད་པ་ལྔ་པ་ནི།

༥༽ བདག་ལ་གཞན་གྱིས་ཕྲག་དོག་གིས། །གཤེ་བསྐུར་ལ་སོགས་མི་རིགས་པའི། །གྱོང་ཁ་རང་གིས་ལེན་པ་དང༌། །རྒྱལ་ཁ་གཞན་ལ་འབུལ་བར་ཤོག ། 

ཚིགས་སུ་བཅད་པ་འདིའི་བསྟན་དོན་ནི། ང་ཚོར་ག་དུས་ཡིན་ནའང་མི་ཞིག་དང་ཐུག་འཕྲད་སྐབས། ཕྲག་དོག་དབང་གིས་ང་ཚོར་སྐྱོན་བརྗོད་བྱེད་པ་དང་། ང་ཚོ་ལ་སྤྱོད་ཚུལ་ཧ་ཅང་སྡུག་ཅག་སྟོན་པ། ང་ཚོ་ལ་གནོད་འཚེ་བྱེད་པ་དང་མགོ་སྐོར་གཏོང་བ་སོགས་གང་བྱེད་ཀྱང་ང་ཚོས་ངོས་ལེན་བྱེད་དགོས་པའི་དོན་རེད། ང་ཚོས་དགོངས་གསལ་ཞུ་དགོས་པ་དང་དེ་ནི་ང་ཚོའི་ནོར་འཁྲུལ་རེད་ཅེས་བརྗོད་དགོས་པ་ཙམ་རེད། དེ་ལྟར་ང་ཚོས་བཟོད་པ་ཉམས་ལེན་བྱེད་ཐུབ་པ་དང་ནམ་ཡང་ཁོང་ཁྲོ་སྟོན་གྱི་མ་རེད། གཞན་གྱིས་ང་ཚོར་གནོད་འཚེ་གང་བྱས་ཀྱང་། དེ་ནི་ང་ཚོས་སྐྱེ་བ་སྔ་མར་བསགས་པའི་ལས་ཀྱི་འབྲས་བུ་ཡིན་པར་ལྟ་དགོས། ལས་ཀྱི་འབྲས་བུ་དེ་དག་ཐམས་ཅད་ང་ཚོར་ཚུར་འཁོར་གྱི་ཡོད། མི་གཞན་དེ་ལ་ནོར་འཁྲུལ་མེད་པར་དེ་ནི་སོ་སོ་རང་ཉིད་ཀྱི་སྡིག་པ་མི་དགེ་བའི་ལས་ཀྱི་འབྲས་བུ་སྨིན་པའི་རྐྱེན་ཙམ་ཞིག་ཡིན་པ་རེད། དཔེ་ཆ་བཞག་ན། གལ་ཏེ་མི་ཞིག་ང་ཚོར་ཁོང་ཁྲོ་ལངས་པ་ཡིན་ན། ང་ཚོས་ཁོང་ཁྲོ་བསླངས་ཡོད་པས་དེ་ནི་ང་ཚོའི་ནོར་འཁྲུལ་ཡིན་པར་ཚོར་དགོས། གལ་ཏེ་ང་ཚོ་ནང་དུ་བསྡད་ནས་མི་དེ་ལ་གང་ཡང་བརྗོད་མེད་ན། ཁོང་ཚོའི་ཁོང་ཁྲོ་དེ་ང་ཚོར་སྟོན་ངེས་མ་རེད། 

དཔེར་ན། ཚེར་མ་རྣོན་པོ་ཡོད་པའི་ཞིང་ཁ་ཞིག་ཡོད་པ་དང་ང་ཚོ་ཞིང་ཁ་དེར་གོམ་པ་སྤོ་རུ་ཕྱིན་ཏེ་རྐང་པར་ཚེར་མ་ཟུགས་ན། དེ་ནི་ང་རང་ཚོ་སོ་སོའི་ནོར་འཁྲུལ་རེད། གལ་ཏེ་ང་ཚོས་ཚེར་མའི་སྒང་ལ་གོམ་པ་སྤོས་མེད་ན། ང་ཚོར་གནོད་འཚེ་བྱུང་ཡོད་ཀྱི་མ་རེད། དེ་དང་མཚུངས་པར་གལ་ཏེ་ང་ཚོས་ཚོང་ལས་བྱས་ནས་མགོ་སྐོར་ཐེབས་ན། དེ་ནི་སོ་སོ་རང་ཉིད་ཀྱི་ནོར་འཁྲུལ་རེད། གལ་ཏེ་ང་ཚོས་ཐོག་མ་ཉིད་ནས་ཚོང་གི་ལས་དོན་རིགས་བྱས་མེད་ན། ང་ཚོར་མགོ་སྐོར་ཐེབས་མེད། དེ་ནི་ང་ཚོའི་འདོད་རྔམ་གྱིས་ཚོང་རྒྱག་ནས་དངུལ་བཟོ་འདོད་སྐྱེས་པ་ལ་བརྟེན་ནས་མགོ་སྐོར་དང་འཕྲོག་བཅོམ་བྱུང་བ་རེད། ག་རེ་བྱུང་ནའང་འདྲ་སྟེ། ང་ཚོས་ནོར་འཁྲུལ་རྣམས་སོ་སོ་རང་ཉིད་ཀྱི་ཡིན་པར་ལྟ་དགོས་ཤིང་། ནམ་ཡང་གཞན་ལ་སྐྱོན་བརྗོད་དང་ཁག་དཀྲི་མི་ཉན། 

ཚིགས་སུ་བཅད་པ་དྲུག་པ་ནི།

༦༽ ང་ལ་བདག་གིས་ཕན་བཏགས་པའི། །རེ་བ་ཆེ་བ་གང་ཞིག་གིས། །ཤིན་ཏུ་མི་རིགས་གནོད་བྱེད་ནའང༌། །བཤེས་གཉེན་དམ་པར་བལྟ་བར་ཤོག །

འདིས་གལ་ཏེ་ང་ཚོར་གཉེན་ཉེ་དུ་དང་ཕ་མ་བུ་ཕྲུག་དེ་བཞིན་ང་ཚོས་རྟག་ཏུ་ཧ་ཅང་ཕན་ཆེན་པོ་བཏགས་པའི་མི་ཞིག་ཡོད་པ་དང་། མི་དེས་ང་ཚོར་རྩ་ནས་བཀའ་དྲིན་བསམ་ཤེས་མེད་པར་གནོད་བསྐྱལ་ན། ང་ཚོ་ཁོང་ཁྲོ་ཟ་སྲིད། གལ་ཏེ་ང་ཚོས་ཕྲུ་གུ་ཞིག་ལ་ཧ་ཅང་སེམས་བཟང་པོ་བྱས་ཡོད་པ་དང་ཁོང་ཚོ་ནར་སོན་སྐབས་ཧ་ཅང་རེ་བ་ཆེན་པོ་ཡོད་ནའང་། ཕྲུ་གུ་དེས་ང་ཚོར་ནམ་ཡང་རོགས་མི་བྱེད་པ་དང་རེ་འདོད་ལྟར་བསྒྲུབ་ཀྱི་མེད་ན། འདིས་ང་ཚོ་ཁོང་ཁྲོ་བའི་རྒྱུ་བྱེད་ཀྱི་ཡོད། འོན་ཀྱང་། ནམ་ཡང་ཁོང་ཁྲོ་ཟ་མི་ཉན་པར། དེ་ལས་ལྡོག་སྟེ། ང་ཚོས་མི་དེ་ལ་བརྟེན་ནས་བཟོད་པ་ཉམས་ལེན་བྱེད་དགོས་ཀྱི་ཡོད། དེར་མ་ཟད། བཟོད་པ་གོང་འཕེལ་གཏོང་བར། ང་ཚོར་ཡུལ་ཞིག་དགོས་པ་དེ་རྟོགས་དགོས། གལ་ཏེ་མི་ཚང་མས་རྟག་ཏུ་ང་ཚོར་ཡག་པོ་བྱེད་པ་དང་ཁོང་ཚོས་ང་ཚོ་བསུན་སྣང་སྐྱེ་བའི་ལས་ནམ་ཡང་བྱས་མེད་ན། ང་ཚོར་བཟོད་པ་སྒོམ་སའི་ཡུལ་ཞིག་ནམ་ཡང་མེད་ངེས་རེད། 

ང་ཚོས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དཔེ་མཚོན་ལ་བསམ་བློ་གཏོང་དགོས། ཁོང་བོད་དུ་ཕེབས་པའི་སྐབས། ཁོང་གི་ཕྱག་རོགས་སུ་རྒྱ་གར་ནས་ཞབས་ཕྱི་ཞིག་ཡོད་པ་དང་དེས་ཁོང་ལ་རྟག་ཏུ་ཁ་རྩོད་བྱེད་ཀྱི་ཡོད། ཁོང་གི་ཞལ་ལ་ནམ་ཡང་ཉན་གྱི་མེད། ག་དུས་ཡིན་ནའང་ཁ་ལན་སློག་མཁན་དང་བསུན་གཙེར་ཅན་ཞིག་ཡོད། མི་རྣམས་ཀྱིས་ཇོ་བོ་རྗེ་ལ་ཁྱེད་ཀྱིས་མི་རྙོག་ཁྲ་ཚ་པོ་འདི་ཅིའི་ཕྱིར་ཁྲིད་གནང་བ་ཡིན་ནམ། མི་དེ་ཕར་རང་འཇགས་གཏོང་དགོས་འདུག་ཅེས་ཞུས། དེ་ལ་ཇོ་བོ་རྗེས། ཞབས་ཕྱི་འདི་ངའི་བཟོད་པའི་དགེ་རྒན་ཡིན་པས། ཧ་ཅང་གལ་ཆེན་པོ་ཡིན། “ཁོས་ངའི་ཁ་ལ་ག་དུས་མ་ཉན་ནའང་། དེའི་སྐབས་སུ་ང་ལ་བཟོད་པ་ཉམས་ལེན་གྱི་གོ་སྐབས་ཤིག་སྤྲོད་ཀྱི་འདུག་” ཅེས་གསུངས། དེ་ག་ནང་བཞིན་ང་ཚོར་གྲོགས་པོ་དང་སྤུན་མཆེད་སོགས་ང་ཚོས་ཧ་ཅང་ཡག་པོ་བྱེད་སའི་ཡུལ་ཡོད་པ་དང་དེ་དག་བསམ་ཤེས་མེད་པ་དང་ང་ཚོ་ལ་སྤྱོད་ངན་སྟོན་གྱི་ཡོད་ན། ང་ཚོར་བཟོད་པ་ཉམས་ལེན་གྱི་གོ་སྐབས་རག་གི་ཡོད་པར་བཀའ་དྲིན་ཅན་དུ་བསམ་དགོས། 

ཚིགས་སུ་བཅད་པ་བདུན་པ་ནི།

༧༽ མདོར་ན་དངོས་སམ་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བས་བདག་ལ་ལེན་པར་ཤོག ། 

འདིའི་བསྟན་དོན་ནི་གཏོང་ལེན་གྱི་ཉམས་ལེན་དེ་རེད། དེ་ཡང་ང་ཚོས་གཞན་གྱི་སྡུག་བསྔལ་དང་མི་སྐྱིད་པ་གང་ཡོད་པ་ཐམས་ཅད་སོ་སོ་རང་ཉིད་ལ་སྨིན་པའི་ཡིད་སྨོན་བྱེད་དགོས་པའི་དོན་རེད། དེ་ལྟར་ང་ཚོས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་དང་དུ་བླངས་ནས་རང་གིས་བཟོད་པར་བྱེད་ཀྱི་ཡོད། དེ་བཞིན་ང་ཚོས་སོ་སོའི་བདེ་སྐྱིད་དང་ཕན་པ་གང་མཆིས་པ་ཚང་མ་གཞན་ལ་སྦྱིན་གྱི་ཡོད། འདི་ནི་ཆོས་ཧ་ཅང་གནད་འགག་ཆེན་པོ་ཞིག་ཡིན་པ་དང་མ་འོངས་པར་འདིའི་སྐོར་ལ་སློབ་དཔོན་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་ནས་ཤེས་ཐབས་བྱེད་དགོས། ཤེས་དགོས་པ་དང་སྦྱོང་དགོས་པ་ཧ་ཅང་མང་པོ་ཡོད་པ་དང་གཏོང་ལེན་གྱི་ཉམས་ལེན་འདིའི་སྐོར་ལ་བསམ་མནོ་གཏོང་དགོས། 

ཚིགས་སུ་བཅད་པ་བརྒྱད་པའམ་མཐའ་མ་ནི།

༨༽ དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྦགས་ཤིང༌། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་མེད་འཆིང་བ་ལས་གྲོལ་ཤོག ། 

ཚིགས་སུ་བཅད་པ་འདིའི་བསྟན་དོན་ནི། ང་ཚོས་ཉམས་ལེན་བྱེད་པའི་སྐབས། རྒྱུ་ནོར་ལོངས་སྤྱོད་དང་། སྐད་གྲགས། བསྟོད་ར་སོགས་སོ་སོ་རང་ཉིད་ཀྱི་བདེ་སྐྱིད་དོན་དུ་ནམ་ཡང་དམིགས་མི་ཉན། དེ་དག་འཇིག་རྟེན་ཆོས་བརྒྱད་ཀྱི་ཆ་ཤས་ཡིན་པ་རེད། དེའི་ཚབ་ལ་ང་ཚོས་ཕན་བྱེད་དགེ་བའི་ཉམས་ལེན་ཡོད་དོ་ཅོག་གཞན་ལ་ཕན་པའི་ཕྱིར་བསྔོ་སྨོན་བྱེད་དགོས། དཔེར་ན། ང་ཚོས་སྒོམ་དང་བཟླས་བརྗོད་སོགས་བྱེད་པའི་སྐབས། “དགེ་བ་འདིའི་མཐུས་ང་ལ་ནད་ན་ཚ་ནམ་ཡང་མི་འབྱུར་བར་ཤོག །ང་རང་ཚེ་རིང་བ་དང་། རྒྱུ་ནོར་དང་ལྡན་པ། བདེ་སྐྱིད་ལྡན་པར་ཤོག་” ཅེས་ནམ་ཡང་བསམ་མི་ཉན། དེ་དག་ནི་གལ་གནད་མེད་པའི་བསམ་བློ་ཧ་ཅང་ཆུང་ཙག་རིགས་རེད། ང་ཚོས་སོ་སོའི་ཉམས་ལེན་གྱིས་གཞན་སེམས་ཅན་ཐམས་ཅད་ལ་ཕན་པའི་བསམ་བློ་ཁོ་ན་དང་བཅས་ཉམས་ལེན་བྱེད་དགོས། ཐ་ན་ང་ཚོས་མཆོད་མེ་ཆུང་ཆུང་ཞིག་སྤར་བ་ཡིན་ནའང་། དེ་སོ་སོ་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་སྤར་ན། དེ་ནི་ལས་ཧ་ཅང་ཆུང་ཆུང་རེད། འོན་ཀྱང་། གལ་ཏེ་ང་ཚོས་མཆོད་མེ་འདི་སྤར་བའི་དགེ་བའི་ནུས་པས་སེམས་ཅན་ཐམས་ཅད་ལ་ཕན་པར་ཤོག་ཅེས་བསམས་ན། དེ་ནི་བསམ་པ་ཧ་ཅང་རྒྱ་ཆེན་པོ་ཆགས་ཀྱི་ཡོད། 

མཇུག་སྡོམ།

རིན་པོ་ཆེ་ནས་དུས་ཚོད་ཚད་བཀག་ཡོད་པའི་རྐྱེན་གྱིས་ད་ལྟ་བློ་སྦྱོང་གི་དཔེ་ཆ་འདི་ལ་འགྲེལ་བརྗོད་ཉུང་བསྡུས་ཙམ་ཞིག་ལས་རྒྱག་ཐུབ་མ་སོང་། ཡིན་ནའང་། ཁྱེད་ཀྱིས་འདིའི་སྐོར་ལ་དགེ་བཤེས་རབ་བརྟན་དང་དགེ་བཤེས་ངག་དབང་དར་རྒྱས་གཉིས་ཀྱི་མདུན་ནས་མང་བ་སློབ་སྦྱོང་བྱ་དགོས་ཞེས་གསུང་གི་འདུག །འདི་ནི་དངོས་གནས་ཕན་ཐོགས་ཆེན་པོ་ཆགས་ངེས་རེད། ཁྱེད་རང་ཚོ་མང་པོ་ཆོས་ཚོགས་ཁག་ནས་འདིར་གནས་སྐོར་དང་སྦྲགས་རྩ་ཆེན་གྱི་གནས་མཇལ་དུ་བསླེབས་ཡོད་པ་ནི་ཧ་ཅང་ཡག་པོ་རེད། འདི་ནི་སྐྱེ་བ་སྔ་མའི་དགེ་བའི་ལས་བྱས་པའི་འབྲས་བུ་སྨིན་གྱི་ཡོད། ཁྱེད་རང་ཚོས་ “དགེ་བའི་ལས་ཀྱི་འབྲས་བུ་སྨིན་པ་འདིས་གཞན་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་པར་ཤོག་” ཅེས་སྨོན་ལམ་འདེབས་དགོས། 

ཆོས་ཟེར་བ་ནི་སོ་སོའི་སེམས་ལ་ཕན་འདོགས་པའི་ཆེད་དུ་ཡིན་པས། ང་ཚོས་སོ་སོའི་སེམས་རྒྱུད་ཡར་རྒྱས་གཏོང་བ་དང་ཉོན་མོངས་པ་ཀུན་དང་འདས་པའི་དུས་ང་ཚོར་ཡོད་པའི་གནས་སྟངས་དཀའ་ངལ་ཅན་རྣམས་མེད་པ་བཟོ་བའི་ཕྱིར། ཆོས་ཉམས་ལེན་བྱེད་དགོས་ཀྱི་ཡོད་པ་དེ་དྲན་དགོས། ང་ཚོས་བྱ་བ་གང་ཞིག་བརྩམས་ནའང་། སོ་སོའི་སེམས་རྒྱུད་ཡར་རྒྱས་གཏོང་ཐབས་དང་མི་བཟང་པོ་ཞིག་ཏུ་འགྱུར་ཐབས་བྱེད་དགོས། འདི་ནི་ཆོས་ཀྱི་དགོས་དོན་ཆ་ཚང་བ་དེ་ཡིན།།

Top