ང་ཚོས་བློ་སྦྱོང་ངམ་བསམ་བློའི་འཁྱེར་ཕྱོགས་སྦྱོང་བརྡར་བྱེད་པའི་སྐབས་སུ་ཉིན་རེའི་མི་ཚེའི་ནང་མྱོང་བ་འདྲ་མིན་སྣ་ཚོགས་ལ་གདོང་ལེན་བྱེད་ཚུལ་སྐོར་བལྟས་པ་རེད། སྐད་ཅིག་རེ་རེའི་ཉམས་མྱོང་དང་སྦྲགས་ནས་ང་ཚོས་རང་གི་མི་ཚེ་སྐྱེལ་གྱི་ཡོད་ཅིང། ནམ་རྒྱུན་ང་ཚོས་གང་བྱེད་པ་དེ་དག་ཐམས་ཅད་ངོ་དེབ་དང་འཕྲུལ་སྒྲའམ་ཊུ་ཝི་ཊར་ནང་རྒྱང་བསྲིང་བྱེད་ཀྱང་། དེའི་ཚོར་བ་མྱོང་མཁན་ངོ་མ་ནི་སོ་སོ་རང་ཉིད་གཅིག་པུ་ཡིན།
དེང་སང་མི་ཧ་ཅང་མང་པོས་རང་གི་ཚོར་བ་དང་བྱེད་ལས་སོགས་ངོ་དེབ་དང་། འཕྲུལ་སྒྲའམ་ཊུ་ཝི་ཊར་ནང་གློག་འཕྲིན་གཏོང་རྒྱུ་དང་གསལ་བསྒྲགས་རྒྱུར་ཧ་ལམ་ལང་ཤོར་ཕྱིན་པ་ལྟར་ཡོད། རང་ཉིད་ཀྱི་ཉིན་རེའི་མི་ཚེའི་བྱེད་སྒོ་ལ་ལྟ་ཀློག་བྱེད་རྒྱུ་དང་། མི་གཞན་གྱི་ཉིན་རེའི་མི་ཚེའི་བྱེད་སྒོ་ལ་ལྟ་ཀློག་བྱེད་རྒྱུ་གཉིས་ཀྱི་དབར་ཁྱད་པར་གང་ཡོད་དམ། རང་གི་མི་ཚེའི་མྱོང་བ་དང་གཞན་གྱི་མི་ཚེའི་ནང་གང་མྱོང་བཞིན་པའི་བར་ཁྱད་པར་ཏོག་ཙམ་ཡོད་པ་གསལ་པོ་ཡོད། དམིགས་བསལ་གྱི་མྱོང་བ་དེ་དག་ཚིག་དང་ཡིག་ཕྲེང་འགའ་ཤས་ནང་བཀོད་ནས་འབྲི་སྐབས་ཁྱད་པར་ཁ་ཤས་ཡོད།
མི་གཞན་དང་དེ་དག་གི་མི་ཚེའི་ནང་འཕྲད་བཞིན་པའི་གནས་ཚུལ་རྣམས་ལ་ཤེས་རྟོགས་ཐུབ་ཀྱང་། ང་རང་ཚོ་སོ་སོའི་ངོས་ནས་མྱོང་བའི་བདེ་སྐྱིད་དང་། སྡུག་བསྔལ། བཏང་སྙོམས་ཀྱི་ཚོར་བའི་དབང་དུ་བྱས་ནས་བཤད་ན་ཧ་ལམ་གཅིག་པ་མ་རེད། མི་ཚེའི་ནང་མཚམས་རེར་ང་ཚོ་སྐྱིད་པོ་ཡོང་ཞིང་། མཚམས་རེར་སྡུག་པོ་ཡོང། ཡང་མཚམས་རེར་ཅི་ཡང་མ་ཚོར་བ་ལྟ་བུ་ཡང་ཡོང་གི་ཡོད། འདི་དག་ནི་ཆེས་གཞི་རྩའི་ཐོག་ནས་བཤད་ན། ང་ཚོས་ཉིེན་རེའི་མི་ཚེའི་ནང་གདོང་ལེན་བྱེད་དགོས་པ་དེ་ཚོ་ཡིན། མཚམས་རེར་ང་ཚོས་གང་ཡང་ཚོར་གྱི་མེད་པའི་བཟོ་འདྲ་ཆགས་ཀྱི་ཡོད། ང་ཚོ་ག་དུས་ཡིན་ཀྱང་སྐྱིད་པོ་བྱས་ནས་སྡོད་འདོད་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཞིག་ཡིན་ནའང་། ད་དུང་ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་ག་དུས་ཡིན་ན་ཡག་སྡུག་གཉིས་ཀ་ཡོང་གི་ཡོད་པ་དང་། དེ་དག་ང་ཚོའི་བྱེད་ལས་ཀྱི་རྗེས་སུ་འཇུག་དགོས་པའི་ངེས་པ་མེད་པའི་བཟོ་འདྲ་ཞིག་ཡོད། དེ་བཞིན་ང་ཚོས་རང་གི་སེམས་ཁམས་ཀྱི་ཉམས་འགྱུར་ལ་སྟངས་འཛིན་མེད་པ་ལྟ་བུ་ཞིག་ཀྱང་ཡང་སེ་ཡོང་གི་ཡོད། བསམ་བློའི་འཁྱེར་ཕྱོགས་ཀྱི་སྦྱོང་བརྡར་ལ་བརྟེན་ནས། ང་ཚོའི་མི་ཚེ་སྐད་ཅིག་རེ་རེ་བཞིན་འགྲོ་བ་དང་མཉམ་དུ་ང་ཚོར་གང་ཡོང་བཞིན་ཡོད་པ་དང་། གང་བྱེད་བཞིན་ཡོད་པ་སོགས་ཀྱི་གནས་སྟངས་རེ་རེ་ནས་གང་ཐུབ་ཀྱིས་ཇི་ལྟར་བེད་སྤྱོད་ཡག་ཤོས་གཏོང་རྒྱུར་བལྟ་ཐབས་བྱེད་ཀྱི་ཡོད།
ང་ཚོས་སོ་སོའི་མི་ཚེར་གདོང་ལེན་བྱེད་རྒྱུར་ཤིན་ཏུ་གལ་ཆེ་བའི་དོན་དག་གཉིས་ཀྱི་ཐོག་བལྟ་ཐབས་བྱས་ཡོད། དེ་གཉིས་ལས་གཅིག་ནི། ང་ཚོས་རང་གིས་གང་མྱོང་བའི་ཚོར་བའི་གལ་གནད་ལ་སྒྲོ་འདོགས་བྱེད་པ་དང་། གཞན་དེ་ནི། ང་ཚོས་རང་ཉིད་གལ་གནད་ཡིན་པ་ལ་སྒྲོ་འདོགས་བྱེད་པ་དེ་ཡིན། དཔེར་ན། ང་ཚོས་རང་མ་སྐྱིད་པ་ཡོད་པ་དེ་གནས་ཚུལ་ཆེན་པོ་ཞིག་བཟོས་ནས་གནས་སྟངས་དེ་སྡུག་ཏུ་གཏོང་གི་ཡོད། ཡང་ང་ཚོ་སྐྱིད་པོ་ཡོད་པའི་སྐབས་ཚོར་སྣང་དེར་ཉེན་སྲུང་མེད་པའི་བློ་བསྐྱེད་ནས་བདེ་སྐྱེད་དེ་མེད་པ་བཟོ་གི་ཡོད། ཚོར་བ་བཏང་སྙོམས་ཡོད་པའི་སྐབས་སུ་ང་ཚོ་རྟག་པར་སྐྱིད་པོ་གཏོང་དགོས་ཀྱི་འདུག་བསམས་ནས་ཚབ་ཚུབ་ཆགས་ཀྱི་ཡོད། ང་ཚོ་ཞི་ཞིང་དུལ་བའི་ཚོར་བ་དང་དལ་ལྷོད་ཀྱི་མི་ཚེ་ཞིག་ལ་འདོད་པ་མ་ཚིམས་པར། བརྙན་འཕྲིན་དང་། གཞས་དང་རོལ་དབྱངས་སོགས་གང་རུང་གཅིག་ཡོད་བསྡད་དགོས་པ་ལྟ་བུའི་བསམ་བློ་སླེབས་ཀྱི་ཡོད། དེ་ལྟར་མི་ཚེར་དོན་སྙིང་མཐོང་རྒྱུར་ག་དུས་ཡིན་ཀྱང་བསྐུལ་རྐྱེན་ཞིག་ཡོད་དགོས་བསྡད་ཀྱི་ཡོད།
ང་ལ་ཨ་སྲུ་ཞིག་ཡོད། ཁོང་ག་དུས་ཡིན་ཀྱང་བརྙན་འཕྲིན་ཁ་ཕྱེས་ནས་གཟིམ་མཁན་ཞིག་ཡོད། ཁོང་གི་བརྙན་འཕྲིན་ཆུ་ཚོད་ཉེར་བཞི་ཁ་ཕྱེས་ནས་འཇོག་ཞིང་། ཁོང་གིས་མཚན་གུང་གཉིད་སད་ན་བརྙན་འཕྲིན་ཁ་ཕྱེས་པ་མཐོང་དུས་སྐྱིད་པོ་འདུག་ཟེར། ཁོང་ནི་ཁུ་སིམ་ཞི་འཇམ་ལ་མཐའ་གཅིག་ཏུ་ཞེད་སྣང་བྱེད་མཁན་ཞིག་ཡིན་པས། དེ་ནི་ཏོག་ཙམ་ཁྱད་འཚར་ཞིག་རེད་ལ། ངས་དེ་ཏོག་ཙམ་སེམས་སྐྱོ་པོ་ཞིག་ཀྱང་མཐོང་གི་འདུག
ངའི་མྱོང་ཚོར་ལ་དམིགས་བསལ་གང་ཡང་མེད།
ང་ཚོས་རང་གི་བསམ་བློའི་འཁྱེར་ཕྱོགས་ཡར་རྒྱས་གཏོང་བ་ལ། དང་པོ་ཧ་གོ་དགོས་པ་ནི། མི་ཚེའི་ནང་སྐྱིད་སྡུག་གི་མཐོ་དམན་ཡོང་བ་ལ་དེ་ཙམ་གྱི་ཧ་ལས་རྒྱུ་གང་ཡང་མེད་པ་དང་། དེ་དམིགས་བསལ་ཅན་ཞིག་གང་ཡང་མིན་ཚུལ་དེ་ཤེས་དགོས། ང་ཚོ་སྐབས་རེར་སྐྱིད་པོ་ཡོད་པ་དང། སྐབས་རེ་སྐྱིད་པོ་མེད་པ། མཚམས་རེར་ཞི་ལྷོད་ཡོད་པ་སོགས་ཀྱི་ཚོར་བ་སྣ་ཚོགས་པ་རྣམས་ནི་དམིགས་བསལ་དང་ཐུན་མོང་མ་ཡིན་པ་ཞིག་གང་ཡང་མིན། འདི་ནི་རྒྱ་ཚོའི་རྦ་རླབས་འདྲ་པོ་རེད། དེ་ཡང་མཚམས་རེ་མཐོན་པོ་དང་། མཚམས་རེར་ང་ཚོ་རྦ་རླབས་ཀྱི་བཤུར་ཁའི་ནང་འགྲོ་ཐུབ་པ། སྐབས་རེར་རྒྱ་མཚོ་རྦད་དེ་ཞི་འཇམ་ཆགས་པ་ལྟ་བུ་རེད། དེ་ནི་རྒྱ་མཚོའི་རང་བཞིན་ཡང་ཡིན་པས་ཧ་ལས་དགོས་རྒྱུ་གང་ཡང་མེད། རེད་དམ་མ་རེད། ཡང་མཚམས་མཚམས་རྒྱ་མཚོའི་ནང་རབ་ཏུ་འཁྲུགས་པའི་རྦ་རླབས་ཆེན་པོ་ལངས་ནས་དྲག་ཆར་རླུང་འཚུབ་རྒྱག་ཀྱང་། ང་ཚོས་རྒྱ་མཚོའི་གཏིང་ནས་ཕྱི་ངོས་ཀྱི་བར་བལྟ་བའི་སྐབས། དྲག་ཆར་རླུང་འཚུབ་དེས་རྒྱ་མཚོའི་གཏིང་ལ་དཀྲོག་རྐྱེན་བྱེད་མི་ཐུབ། བྱེད་ཐུབ་བམ། བྱས་ཙང་། དྲག་ཆར་རླུང་འཚུབ་དེ་གནམ་གཤིས་ལ་སོགས་པའི་རྒྱུ་རྐྱེན་མང་པོ་ལ་བརྟེན་ནས་རྒྱ་མཚོའི་ངོས་སུ་ཐོན་པ་ཞིག་ཡིན་པས། དེ་ལ་ཧ་ལས་ཧོན་འོར་དགོས་རྒྱུ་གང་ཡང་མེད།
ང་ཚོའི་སེམས་ནི་རྒྱ་མཚོ་འདྲ་པོ་རེད། དེ་ལྟར་བསམ་བློ་བཏང་ནས་སེམས་ཀྱི་ངོས་ལ་བདེ་བ་དང་། སྡུག་བསྔལ། འདི་དང་ཕ་གིའི་སེམས་ཚོར་གྱི་མཐོ་དམན་ཡོད་ཆོག་ཀྱང་། སེམས་ཀྱི་གཏིང་ལ་དེས་དཀྲོག་རྐྱེན་བྱེད་ཐུབ་ཀྱི་མེད། དྲག་ཆར་ལས་ཞི་འཇམ་གྱི་གནམ་གཤིས་ལེགས་པ་ལྟར། སེམས་སྐྱིད་ཙམ་དང་། ལྷོད་ཙམ་བྱེད་ཐབས་བྱེད་མི་དགོས་ཟེར་བའི་དོན་མིན། ཡིན་ནའང་སེམས་ཚོར་དང་མྱོང་བའི་དྲག་ཆར་ཡོང་བའི་སྐབས་སུ་ང་ཚོས་དྲག་ཆར་དེ་རླུང་འཚུབ་ཤུགས་ཆེན་ཞིག་བཟོ་མི་རུང་ཟེར་བའི་དོན་ཡིན། ང་ཚོས་གང་ཡིན་པ་དེ་ལ་གདོང་ལེན་བྱེད་པ་ལས་སྒྲོ་འདོགས་བྱེད་མི་རུང་།
མི་མང་པོ་ཞིག་གིས་ནང་ཆོས་ནས་གསུང་བའི་ཐབས་ཤེས་ལ་ལོ་མང་པོར་ཉམས་ལེན་བྱས་ནས་ཁོང་ཁྲོ་དང་། ཕྲག་དོག་ཉུང་ཙམ་སྐྱེ་བ་དང་། མི་གཞན་ལ་མི་བཟོད་པ་སོགས་ཉུང་དུ་ཕྱིན་ནས་དངོས་གནས་ཀྱི་གྲུབ་འབྲས་མཐོང་རྒྱུ་ཡོད། དེའི་རྗེས་ལོ་ཤས་སོང་ནས་ཁོང་ཁྲོ་ཆེན་པོ་ཞིག་ཟ་བའམ། བརྩེ་དུང་ནང་ལྷུང་བ། ཡུལ་གཅིག་ལ་ཤིན་ཏུ་ཆགས་པ་སོགས་སེམས་ཚོར་གྱི་ཟིང་ཆ་ཞིག་སེམས་ནང་སླེབས་དུས་སེམས་ཤུགས་ཆག་གི་ཡོད། དེ་ལྟར་སེམས་ཤུགས་ཆག་པའི་འབྱུང་རྐྱེན་ནི། “དམིགས་བསལ་གང་ཡང་མེད།” ཟེར་བའི་ལྟ་སྟངས་དེ་དྲན་པ་བརྗེད་པས་ཡིན། དྲན་པ་བརྗེད་པའི་རྒྱུ་མཚན་ཡང་ང་ཚོའི་བག་ཆགས་དང་གོམས་གཤིས་ནི་སེམས་ཀྱི་ནང་ཧ་ཅང་གཏིང་ཚུགས་ནས་གནས་ཡོད་པས། དེ་མེད་པར་བཟོ་བར་དུས་རིང་པོ་དང་། འབད་བརྩོན་ཤིན་ཏུ་ཆེན་པོ་བསྟེན་དགོས་པ་ཡིན། ང་ཚོས་ཁོང་ཁྲོ་སོགས་གནས་སྐབས་རིང་དབང་དུ་བསྡུ་ཐུབ་ཀྱང་། རྩ་བ་ནས་མེད་པ་མ་བཟོས་ན་ཡང་ནས་བསྐྱར་དུ་མི་ཚེའི་ནང་ཡོང་རྒྱུ་རེད། དེ་ལྟར་ཁོང་ཁྲོ་སོགས་ཡང་བསྐྱར་ཡོང་བའི་སྐབས་ང་ཚོས། “དམིགས་བསལ་གང་ཡང་མེད།” ཅེས་བསམ་དགོས། ད་ལྟ་ང་ཚོ་ཐར་པ་ཐོབ་པའི་གང་ཟག་ཞིག་མིན་པ་སོང་ཙང་། འདོད་ཆགས་དང་། ཁོང་ཁྲོ་སོགས་ཡང་བསྐྱར་ཡོང་ངེས་རེད། གལ་སྲིད་ང་ཚོས་དེ་ལ་སྒྲོ་བཏགས་ནས་ཛ་དྲག་པོ་དང་གནས་ཚུལ་ཆེན་པོ་བཟོས་ན། དེ་ལ་འཁོན་པའམ་འཁར་ནས་ཡར་རྒྱས་འགྲོ་མི་ཐུབ།
སྐབས་འདིའི་བསམ་ཚུལ་ནི། གལ་སྲིད་ང་ཚོས་གང་མྱོང་བ་དང་། ཚོར་བ་ལ་དམིགས་བསལ་གང་ཡང་མེད་ཅེས་བསམ་རྒྱུ་དེ་ཤེས་ནས་དེ་ལ་ཡིད་ཆེས་བརྙེད་ན། གནས་ཚུལ་གང་ལྷག་པ་ཡིན་ནའང་འདྲ་སྟེ། ཐ་ན་ཁྱད་པར་དུ་འཕགས་པའི་ནང་གི་རྟོགས་པ་ཞིག་ཡིན་ཀྱང་། ང་ཚོས་དེ་ལ་གདོང་ལེན་བྱེད་ཀྱི་རེད། ནག་ཁུང་ནང་ཁྱེེད་རང་གི་རྐང་པའི་མཐེ་བོང་ལྕོག་ཙེ་ལ་བརྡབ་ན་ན་ཟུག་གཏོང་གི་ཡོད་པ་བཤད་མི་དགོས་པ་ཞིག་ལས། གཞན་དེ་ལ་ཁྱེད་ཀྱིས་རེ་བ་ག་རེ་བྱེད་ཀྱི་ཡོད་དམ། སྐབས་དེར་ང་ཚོས་རྐང་རུས་ཆག་ཡོད་མེད་བལྟ་ཙམ་བྱས་ནས་མུ་མཐུད་གང་བྱེད་བཞིན་པའི་བྱ་བ་དེར་འཇུག་དགོས། དེ་མ་ཡིན་པར་དེ་ལ་སྒྲོ་བཏགས་ནས་གནས་ཚུལ་ཆེན་པོ་བཟོས་ཏེ་ཡར་མཆོངས་མར་མཆོངས་བྱས་ཨ་མས་འོ་བྱས་ན་དྲག་གི་ཡོད་པའི་བཟོ་འདྲ་ཞིག་མེད། བྱས་ཙང་། ང་ཚོས་རང་གི་མི་ཚེ་འདི་ལྟར་ལས་སླ་པོ་དང་བག་ཕེབས་ངང་སྐྱེལ་ཐབས་བྱེད་དགོས། འདི་ལྟར་བྱས་ན། མི་ཚེའི་ནང་གང་བྱུང་ཀྱང་རུང། གང་ཚོར་ཀྱང་རུང་ཞི་ལྷོད་ངང་སྡོད་རྒྱུར་ཕན་ཐོགས་ཀྱི་ཡོད།
ང་ལ་དམིགས་བསལ་གང་ཡང་མེད།
གནད་དོན་གཉིས་པ་དེ་ཡང་ཡང་བསྐྱར་སྒྲོ་བཏགས་ཞེས་པ་ཡིན། འདིར་ང་ཚོས་རང་གི་ཚོར་བར་སྒྲོ་འདོགས་བྱེད་རྒྱུའི་ཚབ་ལ་སོ་སོ་རང་ཉིད་གལ་གནད་ལ་སྒྲོ་འདོགས་བྱེད་ཀྱི་ཡོད། དངོས་གནས་བྱས་ན། ང་ཚོའི་དཀའ་ངལ་དང་རྙོག་དྲ་རྣམས་རང་གཅེས་འཛིན་གྱི་བསམ་བློ་ལ་བརྟེན་ནས་ཡོང་གི་ཡོད་པས། བློ་སྦྱོང་དང་བསམ་བློའི་འཁྱེར་ཕྱོགས་ལ་སྦྱོང་བརྡར་གྱི་བརྗོད་བྱ་གཙོ་བོ་འདི་ཡིན། འདིའི་དོན་ནི། ང་ཚོས་ག་དུས་ཡིན་ནའང་ “ང་” ཞེས་པ་དེར་དམིགས་ནས་ཆགས་ཞེན་སྐྱེ་བ་དང་འཁྲུལ་ནས་སོ་སོ་རང་ཉིད་སེམས་འཁུར་བྱེད་ས་གཅིག་པུ་དེ་ཡིན། འདི་ལ་བདག་གཅེས་འཛིན་དང་། རང་མཐོང་ཆེ་བ། རང་འདོད་དོན་གཉེར། དེ་བཞིན་རང་ཉིད་ལ་སྔོན་ཚུད་ཀྱི་ལས་བྲེལ་དང་བཅས་ཀྱི་རྣམ་པ་དེ་ཡོད་པ་ཡིན། བསམ་བློའི་འཁྱེར་ཕྱོགས་འདི་ལ་འགྲེལ་བཤད་བྱེད་སྟངས་དང་འདི་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ཡོད།
ང་ཚོས་རང་ཉིད་དམིགས་བསལ་ཞིག་ཡིན་པ་ལྟར་བཟོ་རྒྱུ་དེ་ནི། ང་ཚོའི་དཀའ་རྙོག་གི་དངོས་གནས་འབྱུང་ཁུངས་དེ་རེད། ང་ཚོས། “ང་གལ་ཆེན་པོ་ཞིག་ཡིན་པས། ངའི་གང་ཚོར་བ་དེ་ཡང་གལ་ཆེན་པོ་ཆགས་ཡོད།” བསམ་གྱི་ཡོད། གལ་སྲིད་ང་ཚོས། “ང་། ང་། ང།” ཞེས་སེམས་འཁུར་ཆེན་པོ་བྱས་ན། དེ་ནས་ང་ཚོས་ “ང་” ཞེས་པ་དེ་སྐྱིད་པོ་ཡོད་དང་། སྡུག་བསླལ་ཡོད་པ། བཏང་སྙོམས་ལ་ཡོད་པ་སོགས་ཀྱིས་སེམས་ཁྲལ་བྱེད་རྒྱུ་ནི་བཤད་མི་དགོས་པ་རེད།
ང་ཚོས་སྤྱི་ཚོགས་དྲ་སྟེགས་ལ་རང་གི་ཚོར་བ་ག་རེ་བྱས་ནས་མཉམ་སྤྱོད་བྱེད་ཀྱི་ཡོད་དམ།
ནང་ཆོས་ནས་ག་དུས་ཡིན་ནའང་མཐའ་གཉིས་ལ་མ་ལྷུང་བ་དང་། དེ་ལས་ལྡོག་སྟེ། དབུས་ཀྱི་ལམ་མམ་དབུ་མའི་ལམ་ཞིག་གི་རྗེས་སུ་འགྲོ་རྒྱུའི་སྐོར་ལ་བཤད་ཀྱི་ཡོད། མཐའ་གཅིག་ནི། “ང་” ཞེས་པ་དེར་གང་ཞིག་ཡོང་གི་ཡོད་པ་ཚང་མ་ཛ་དྲག་པོ་དང་གནས་ཚུལ་ཆེན་པོ་བཟོས་ནས་འཛམ་གླིང་ཧྲོལ་པོར་བསྒྲགས་ཏེ། མི་ཚང་མས་རང་ལ་བྱམས་སྐྱོང་བྱེད་ཀྱི་ཡོད་པ་ལྟར་བྱེད་རྒྱུ་དེ་ཡིན། དངོས་གནས་བྱས་ན། མི་སུས་ཀྱང་ཁྱེད་རང་གི་ཞོགས་ལྟོ་གང་ཞིག་ཟས་པ་དང་། གང་ཟས་པ་དེར་རང་ཉིད་དགའ་ཡོད་དང་མེད་སོགས་ཀྱི་སེམས་ཁུར་བྱེད་མཁན་གཅིག་ཀྱང་མེད། ཡིན་ནའང་ང་ཚོས་གཞན་ལ་ཁྱབ་བསྒྲགས་བྱེད་རྒྱུ་དེ་ད་དུང་ཡང་གལ་ཆེན་པོ་ཞིག་ཡིན་པ་ལྟར་བྱེད་ཅིང་། མི་གཞན་གྱིས་ཀྱང་དགའ་རྟགས་སྤྲོད་ཀྱི་ཡོད། འོ་ན། སོ་སོས་ཞོགས་ལྟོ་ཟས་པ་དེར་མི་ག་ཚོད་ཀྱི་དགའ་རྟགས་སྤྲད་ཡོད་མེད་ལ་ང་ཚོས་སེམས་འཁུར་བྱེད་དགོས་དོན་གང་ཡིན་ནམ། འདིས་ག་རེ་ཁུངས་སྐྱེལ་གྱི་ཡོད་དམ། འདི་དག་ནི་བསམ་བློ་གཏོང་དགོས་པའི་གནད་དོན་དོ་སྣང་བྱེད་འོས་པ་ཞིག་རེད།
གཅིག་བྱས་ན། མི་དེ་དག་ལ་མི་ཚེའི་ནང་དངོས་ཡོད་མི་ཚེའི་ནང་གཞན་དང་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་མེད་པ་དང། དེ་ལ་བརྟེན་ནས་མི་ཚེའི་ནང་གང་བྱུང་བ་རྣམས་སྤྱི་ཚོགས་ཀྱི་དྲྭ་སྟེགས་ནང་ཤོད་ཀྱི་ཡོད་པ་རེད་དམ། ངའི་བསམ་པར། ཁོ་ཚོའི་མི་ཚེའི་ནང་ཁེར་རྐྱང་གི་ཚོར་བ་ཞིག་ཡོད་ཀྱི་རེད། ཕྱོགས་གཅིག་ནས་མི་དང་མིའི་དབར་དངོས་སུ་གདོང་ཐུག་གི་བགྲོ་གླེང་དང་འབྲེལ་བ་བྱེད་རྒྱུའི་ཚབ་ལ། རང་གི་གློག་ཀླད་དང་ལག་ཐོགས་ཁ་པར་བརྒྱུད་འབྲེལ་བ་བྱེད་ན་དེ་བརྟན་པ་ཡོད་བསམས་ནས་རང་གི་ཚོར་བ་རྣམས་གཞན་དང་མཉམ་སྤྱོད་བྱེད་ཀྱི་ཡོད། འོན་ཀྱང་དེས་ད་དུང་དེ་ལས་ཀྱང་ཁེར་རྐྱང་དུ་གཏོང་གི་ཡོད།
ངས་བསམ་ཚུལ་བཤད་འདོད་པ་དངོས་ནི། ང་ཚོས་རྒྱུ་མཚན་གང་གི་ཕྱིེར་རང་གི་ཚོར་བ་གཞན་ལ་མཉམ་བཤད་བྱེད་དགོས་པར་འདོད་ཀྱི་ཡོད་པ་དེར་བལྟ་རྒྱུ་དེ་ཡིན། ཕྱོགས་གཅིག་ནས་ང་ཚོའི་བསམ་པར། མི་གཞན་གྱིས་རང་ལ་སེམས་ཁུར་བྱས་པར་འདོད་པས། ང་ཚོས་ཞོགས་ལྟོ་གང་ཞིག་ཟས་ཡོད་པ་དང་། དེ་ལ་ང་ཚོས་དགའ་ཡོད་མེད་སོགས་སྤྱི་ཚོགས་དྲྭ་སྟེགས་སྟེང་གཞན་ལ་མཉམ་སྤྱོད་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་ཡོད། དཔེར་བརྗོད་འདི་ཆོ་མེད་པ་ལྟ་བུ་ཞིག་བཞག་ཡོད་ཀྱང་། འདི་ལ་མི་གཞན་གྱིས་དགའ་རྟགས་འདང་ངེས་བཞིན་པ་ཞིག་སྤྲད་མེད་ན། ང་ཚོ་སེམས་སྐྱོ་གི་ཡོད། དེ་ལྟར་ང་ཚོས། “ང་” ཞེས་རང་གི་གང་བྱེད་པ་དང་། གང་ཚོར་གྱི་ཡོད་པ་དེར་ཚད་ལས་བརྒལ་བའི་གལ་ཆེན་པོ་བཟོ་གི་ཡོད་པ་དང་། དམིགས་བསལ་གྱི་རང་ལ་གཞན་གྱི་བསམ་ཚུལ་གང་ཡོད་པ་དེར་ཚད་ལས་བརྒལ་བའི་གལ་ཆེན་འཛིན་གྱི་ཡོད། དེ་ལྟར་རང་ཉིད་ལ་གདེང་ཚོད་དང་བཅས་མི་ཚེར་མདུན་བསྐྱོད་བྱེད་རྒྱུའི་ཚབ་ལ། རང་ཉིད་མི་གལ་ཆེན་ཞིག་ཡིན་ཅིང་། གཞན་རྣམས་ཀྱི་ཐ་ན་ལས་ཀ་བྱེད་མཚམས་ཀྱང་བཞག་ནས་སོ་སོས་མཉམ་སྤྱོད་བྱས་པའི་གློག་འཕྲིན་རྣམས་ཀློག་གི་ཡོད་པ་ལྟར། རང་དང་འབྲེལ་ཡོད་གནས་ཚུལ་ཡོངས་རྫོགས་འཛམ་གླིང་ནང་ཁྱབ་བསྒྲགས་བྱེད་པར་འདོད་ཀྱི་ཡོད། འདི་རང་གི་གལ་གནད་ལ་སྒྲོ་བཏགས་པ་ཞིག་མ་ཡིན་ནམ། འདིའི་སྟེང་ལ་ཞི་བའི་སེམས་ཀྱི་གནས་བབས་དང་བྲལ་བའི་ཉེན་སྲུང་མེད་པའི་ཚོར་བ་ཞིག་ཡོད་པ་རེད། དེར་བརྟེན། ང་ཚོས་གནས་ཚུལ་གཅིག་ཀྱང་ཆད་ལྷག་མི་ཡོང་བའི་ངེས་གཏན་བྱས་ཏེ། ཡང་ནས་ཡང་དུ་སྤྱི་ཚོགས་ཀྱི་དྲྭ་སྟེགས་སྔོག་བཤེར་བྱེད་ཀྱི་ཡོད།
གང་ལྟར་ཡང་། ང་ཚོས་སྤོང་དགོས་པའི་མཐའ་གཉིས་ནི། རང་ཉིད་གལ་ཆེ་ཤོས་བརྩི་རྒྱུ་དེ་དང་། ཡང་ན་རང་ཉིད་གང་ཡང་མ་ཡིན་པར་བརྩི་རྒྱུ་དེ་གཉིས་ཡིན། ཡང་གཞན་གྱི་སེམས་ཁུར་ཡོད་མེད་ལ་མ་ལྟོས་པར། རང་གི་ཚོར་བ་གཞན་གྱི་ཤེས་དགོས་རྒྱུ་དེ་དང་། རང་གི་ཚོར་བ་རྣམས་རྩ་བ་ནས་སྣང་མེད་གཏོང་རྒྱུ་དེ་གཉིས་ཡིན།
རང་མི་ཞིག་དང་མཉམ་དུ་འབྲེལ་བ་ཡོད་པ་དང་། འབྲེལ་བ་དེའི་ནང་སོ་སོ་སྐྱིད་པོ་མེད་པ་སོགས་ཀྱི་གནས་སྟངས་དེ་འདྲའི་སྐབས་སུ་རང་གི་གང་ཚོར་གྱི་ཡོད་པ་རྣམས་གཞན་ལ་ཤོད་དགོས་རྒྱུ་གལ་ཆེན་པོ་ཡིན། དེ་འདྲ་བའི་རང་གི་གང་ཚོར་གྱི་ཡོད་པ་རྣམས་མི་གཞན་དེས་ཤེས་དགོས་ཀྱི་ཡོད་ན། སེམས་ལ་ཉར་ནས་མ་བསྡད་པར་བཤད་ན་ཡག་པོ་ཡོད། “ཁྱེད་རང་གི་གང་བཤད་པ་དེས་དངོས་གནས་ང་ལ་ཕོག་བྱུང་།” ཟེར་བ་སོགས་ལྟ་བུ་ཡིན། དེ་ཡང་ང་ཚོས་དངོས་ཡོད་གནད་དོན་དེ་དག་སྒྲོ་བཏགས་པའམ་ཁས་མི་ལེན་པ་ལྟ་བུ་མིན་པར་ཆ་སྙོམས་པོའི་ལམ་ནས་ཤོད་ཐབས་བྱེད་ཐུབ་པ་ཡིན། འདིར་ང་ཚོ་མི་གཉིས་བར་གྱི་འབྲེལ་བའི་སྐོར་ལ་ཤོད་བཞིན་པ་ཡིན་པས། འདིར་མི་གཉིས་ཡོད་ཅིང་། མི་གཞན་དེས་གང་ཚོར་བཞིན་པ་དེ་ཡང་གལ་ཆེན་པོ་ཡིན་ཀྱང་། སྒྲོ་བཏགས་པ་ལྟར་ཛ་དྲག་དང་གནས་ཚུལ་ཆེན་པོ་ཞིག་འཛིན་མི་རུང་བ་ཤེས་དགོས།
ང་ཚོས་བསམ་བློའི་འཁྱེར་ཕྱོགས་ཀྱི་སྦྱོང་བརྡར་རམ་བློ་སྦྱོང་གི་སྐོར་ཤོད་པའི་སྐབས་སུ་རང་གི་བསམ་བློའི་འཁྱེར་ཕྱོགས་སྦྱོང་དགོས་པ་ཙམ་དུ་མ་ཟད། གནས་སྟངས་དེ་དང་འབྲེལ་ཡོད་ཀྱི་མི་གཞན་གྱི་བསམ་བློའི་འཁྱེར་ཕྱོགས་སྦྱོང་ཚུལ་ཡང་ཤོད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། ངའི་མཐོང་ཚུལ་དེ་མཐོང་སྟངས་གཅིག་པོ་རང་མིན་ཟེར་བ་ཡིན། དེ་ལྟར་མ་ཡིན་ནམ། འདི་ནི་ཁྱིམ་ཚང་ཞིག་ཡིན་ན་ནང་མི་རྣམས་ཀྱི་ཁྱིམ་ཚང་དང་འབྲེལ་ཡོད་ཀྱི་མཐོང་ཚུལ་ཤེས་ཐབས་བྱེད་པ་སོགས་ནང་མི་གསོ་ཐབས་རིག་པའི་ནང་སྤྱོད་པའི་རྩ་དོན་ནང་གི་གཅིག་ཡིན། གལ་སྲིད་ཕ་མ་གཉིས་ཕན་ཚུན་འཁྲུག་པ་བརྒྱབ་ཀྱི་ཡོད་ན། དེས་ཕྲུ་གུར་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་མེད་ཕྲུ་གུ་ལས་ཤེས་ཐུབ། བྱས་ཙང་། ཕྲུ་གུའི་མཐོང་ཚུལ་དེ་ཤེས་དགོས། དེ་མིན་ཕ་མས་ཕྲུ་གུའི་གནས་སྟངས་མི་ཤེས་པ་ཡོང་སྲིད། ཁྱིམ་ཚང་ཞིག་དང་འབྲེལ་ཡོད་ཀྱི་གནས་སྟངས་ཞིག་ཡིན་ན། དེར་ཕ་མ་གཉིས་ཀྱི་མཐོང་ཚུལ་ཙམ་གྱི་གནད་དོན་མིན།
རང་གཅེས་འཛིན་ལས་ཐར་བའི་ཐབས་ལམ།
སྲོལ་རྒྱུན་གྱི་བློ་སྦྱོང་ངམ་བསམ་བློའི་འཁྱེར་ཕྱོགས་ཀྱི་སྦྱོང་བརྡར་སྐབས་སུ་རང་ཉིད་ཀྱི་སྔོན་ཚུད་ལས་བྲེལ་ལམ། ང་ཚོས་ནམ་རྒྱུན་ “རང་གཅེས་འཛིན་” ཞེས་འབོད་པའི་བསམ་བློ་དེ་ལས་ཐར་བར་བྱེད་པར་ནན་བཤད་བྱས་ནས་རང་ཙམ་མ་ཡིན་པར། གཞན་གྱི་ཆེད་དུ་བསམ་བློ་གཏོང་བའི་སྒོ་མོ་འབྱེད་དགོས་ཀྱི་ཡོད། དེ་ལྟར་བྱེད་ཚུལ་ང་ཚོས་འགའ་ཤས་བཤད་ཡོད་པ་ནི། དཔེར་ན། ཕྱོགས་གཅིག་ལ་སོ་སོ་རང་ཉིད་ཀྱི་ཐོག་བསམ་བློ་གཏོང་བ་དང་གཞན་ཚང་མ་ཕྱོགས་གཞན་ཞིག་ལ་བཞག་ནས། “ང་ཞེས་མི་གཅིག་དང་གཞན་ཞེས་མི་ཚང་མ་སུ་གལ་ཆེ་བ་ཡིན་ནམ།” ཞེས་བསམ་བློ་གཏོང་རྒྱུ་དེ་རེད། སྐབས་དེར་ང་ཚོས་སྣུམ་འཁོར་འཚང་འགག་གི་དཔེ་བཞག་ཡོད། དེ་ཡང་། “སྣུམ་འཁོར་འཚང་འགག་བྱུང་བའི་སྐབས་སུ་ང་རང་ཉིད་འགྲོ་སར་སླེབས་དགོས་པ་དང་། གཞན་ལ་དོ་ཁུར་མི་བྱེད་པ་དེ་འཚང་འགག་ནང་ཚུད་པའི་མི་རྣམས་ལས་རང་ཉིད་གལ་ཆེ་བ་ཡིན་པའི་རྒྱུན་མཚན་གྱི་ཡིན་ནམ།” ཞེས་དཔེར་བཀོད་ཡོད།
གལ་ཆེ་བའི་གནད་དོན་ཞིག་ནི། ང་ཚོས་སྣུམ་འཁོར་འཚང་འགག་ནང་ཚུད་པའི་མི་ཚང་མའི་སྐོར་ལ་བསམ་བློ་གཏོང་བ་ནི་ནམ་རྒྱུན་དངོས་ཡོད་ཀྱི་གནས་སྟངས་དང་མཐུན་པ་ཞིག་ཡིན། དངོས་ཡོད་ཀྱི་གནས་སྟངས་ནི་སྣུམ་འཁོར་འཚང་འགག་ནང་ཚུད་མཁན་དེ་ང་ཚོ་ཙམ་མ་ཡིན་པར། མི་ཚང་མ་དེའི་ནང་ཚུད་ཡོད་པ་དེ་ཡིན། དེ་མ་ཡིན་ནམ། དེར་བརྟེན། ང་ཚོས་རང་གི་བསམ་བློའི་འཁྱེར་ཕྱོགས་ཡར་རྒྱས་གཏོང་དགོས་པའི་སྐོར་ཤོད་པའི་སྐབས་སུ་དངོས་ཡོད་ཀྱི་གནས་སྟངས་མཐོང་བ་དང་། དེ་དང་སྟབས་བསྟུན་གྱི་བློ་སྦྱོང་ཚུལ་སོགས་དངོས་ཡོད་ཀྱི་གནས་སྟངས་ཞིག་ལ་གཞི་རྟེན་བྱས་ནས་བསྒྱུར་བཅོས་གཏོང་ཚུལ་ཤོད་པ་ཡིན། ངའི་གྲོགས་པོ་ཡིན་པ་ནང་པའི་སློབ་དཔོན་ཞིག་གིས། ནང་པའི་ནང་བཤད་པའི་ཐབས་ལམ་རྣམས་ཚིག་གཅིག་ནང་བསྡུ་ཐུབ་ཅིང་། དེ་ནི། “དངོས་ཡོད་རིང་ལུགས།” ཤེས་པ་དེ་ཡིན་གསུང་གི་རེད།
གང་ཡིན་ཟེར་ན། མཚམས་རེར་ནང་ཆོས་སྐོར་ལ་གཏམ་གླེང་བྱེད་སྐབས་མི་མང་པོ་ཞིག་གིས་ནང་ཆོས་ཟེར་བ་ནི་ཆོ་ག་ཕྱག་ལེན་དང་། ཡ་མཚན་ཅན་གྱི་རྟོག་འཆར་སྙིང་རྗེ་པོ་དེ་འདྲ་སྒོམ་རྒྱུ་ཡོད་པའི་ནང་པའི་གླིང་ཀ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་དེ་ནི་ནང་ཆོས་ཀྱི་སྟོབས་ཤུགས་གཙོ་བོ་དེ་རྩ་བ་ནས་མིན། ནང་ཆོས་ནང་ཆོ་ག་ཕྱག་ལེན་གྱི་བྱེད་སྒོ་སོགས་མེད་ཅེས་ཁས་ལེན་མི་བྱེད་པ་མིན། དེ་དག་ཡོད་པ་ནི་མངོན་སུམ་རེད། འོན་ཀྱང་དེ་དག་ནི་དངོས་ཡོད་དང་མཐུན་ཐབས་ཀྱི་ཐབས་ལམ་ཞིག་ཡིན། ང་ཚོས་ཐབས་ལམ་དེ་དག་ལག་བསྟར་བྱེད་པ་བརྒྱུད་དངོས་པོའི་གནས་ལུགས་དང་རྟོག་པའི་འཆར་སྒོ་གཉིས་ཀྱི་ཁྱད་པར་ཤེས་ཞིང་། བསམ་བློའི་ནུས་པ་ཡང་རྟོགས་ཐུབ་པ་ཡིན།
ང་ཚོ་ནི་འགྲོ་བ་མིའི་རིགས་ཞིག་ཡིན་པས། དུད་འགྲོ་སེམས་ཅན་ལས་ང་ཚོ་ལོགས་སུ་གང་གིས་དབྱེ་བ་འབྱེད་དམ་ཞེ་ན། གནད་དོན་མང་པོ་ཞིག་གི་ཐོག་ནས་ཤོད་ཆོག་ཀྱང་། དེ་དག་ལས་གཙོ་ཆེ་ཤོས་ནི། འགྲོ་བ་མིའི་རིགས་ལ་ཡོད་པའི་རྣམ་དཔྱོད་དང་བསམ་བློའི་ནུས་པ་དེ་ཡོད་པས་། དེས་ང་ཚོ་དུད་འགྲོ་ལས་ལོགས་སུ་དབྱེ་བ་འབྱེད་ཀྱི་ཡོད། ང་ཚོས་ནུས་པ་འདི་གཉིས་ཀ་བེད་སྤྱོད་གཏོང་ཐུབ་ཅིང་། དེ་ལ་དཔེ་མཚོན་ཞིག་ནི། མི་ཞིག་ལ་ཆགས་ནས་འཁྲིག་སྤྱོད་ཀྱི་འདོད་པ་ཤུགས་ཆེན་པོ་སླེབས་པ་ལྟ་བུ་ཞིག་ལ་བཞག་ཆོག།དེ་ལྟ་བུའི་སེམས་ཚོར་ནི་བསུན་འཚེར་ཅན་ཞིག་ཡིན་པས། ང་ཚོས་གནས་སྟངས་འདི་རྣམ་དཔྱོད་དང་བསམ་བློ་གཉིས་ཀ་བེད་སྤྱོད་བཏང་ནས་བསྒྱུར་བཅོས་གཏོང་ཐུབ།
རྒྱ་གར་གྱི་ནང་པའི་སློབ་དཔོན་ཆེན་པོ་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པ་ལས། ༼ལེའུ་ ༣ ། ཚིགས་བཅད་ ༤ ༽
གང་ལ་གང་ཡིད་འོང་འགྱུར་པ།། དེ་ནི་དེ་ཡིས་འཚེངས་པར་རློམ།། ཁྱི་སོགས་རྣམས་ལའང་ཐུན་མོང་པས།། བློ་གྲོས་ངན་པ་ཁྱོད་ཅི་ཆགས།།
མི་སུ་འདྲ་ཞིག་ཡིན་ཀྱང་གང་ཞིག་ཡིད་དུ་འོང་བ་མཐོང་ནས་དེ་ལ་ཆགས་ཞིང་དུང་བས་བདེ་བར་བྱེད་པ་ཡོད་ཅིང། དེ་ནི་ཁྱི་སོགས་དུད་འགྲོ་ལ་ཡང་དེ་ལྟར་ཡིན་པས་དབང་རྟུལ་ཁྱེད་ཅིའི་ཕྱིར་རང་གི་བ་དེར་ཆགས་པ་ལགས་སམ།
ཕྱོགས་གཞན་ཞིག་ནས་བཤད་ན། ཁྱི་དང་། ཕག་པ་སོགས་སེམས་ཅན་དུད་འགྲོ་རྣམས་ཀྱིས་ཀྱང་རང་གི་རོགས་པ་དེ་ཆེས་ཡིད་དུ་འོང་བ་མཐོང་བས། ངེད་ཚོ་འགྲོ་བ་མིའི་རིགས་ཅིའི་ཕྱིར་དམིགས་བསལ་ཡིན་ནམ། ཞེས་པའི་གོ་དོན་ཡོད། འཁྲིག་སྤྱོད་ཀྱི་ཡིད་དུ་འོང་བའི་ཁྱད་ཆོས་ནི་མཐའ་གཅིག་ཏུ་མི་སྒེར་གྱི་སེམས་ལས་ཡོང་ཞིང་། དེ་ནི་ཡུལ་གྱི་སྟེང་ལ་རང་བཞིན་གྱིས་གྲུབ་ནས་ཡོད་པའི་ཁྱད་ཆོས་ཞིག་མིན། དེ་ལྟར་མ་ཡིན་པར་རང་བཞིན་གྱིས་གྲུབ་པའི་ཡིད་དུ་འོང་བར་ཡོད་ན། ཕག་པ་སོགས་ཀྱི་ང་ཚོའི་རོགས་པ་ཡིད་དུ་འོང་བར་མཐོང་དགོས་ལ། ང་ཚོས་ཀྱང་ཕག་པའི་རོགས་པ་ཡིད་དུ་འོང་བར་མཐོང་དགོས། རིག་སྟོབས་ཀྱི་ཐོག་ནས་བཤད་ན། འདི་རྒྱུ་མཚན་ཡང་དག་པ་དང་ལྡན་པ་ཞིག་ཡིན། ང་ཚོའི་བསམ་བློའི་ནུས་པ་ལ་བརྟེན་ནས་དེ་ལྟར་ཕག་པ་སོགས་ཀྱི་གནས་སྟངས་དེར་བསམ་ནས་དེ་ལས་ཡང་དག་པའི་དོན་ཞིག་ཤེས་ཐུབ། དེར་བརྟེན། མི་འདི་ཡིས་གཞན་ཞིག་ཡིད་དབང་འཕྲོག་པ་མཐོང་ཆོག་ཅིང། ང་ཚོས་ཀྱང་མི་ཞིག་ཡིད་དབང་འཕྲོག་པར་མཐོང་ཆོག་པས། དེ་ལ་དམིགས་བསལ་གང་ཡང་མེད། དེ་ནི་ཟ་ཁང་ཞིག་ནང་ཁ་ལག་ཟ་བར་སླེབས་པའི་མི་རྣམས་དང་འདྲ་པོ་རེད། མི་ཞིག་ཟས་ཀྱི་ཐོ་གཞུང་ལས་ཁ་ལག་འདི་འདེམས་པ་དང། གཞན་དེས་ཁ་ལག་གཞན་ཞིག་འདེམས་པ་ནང་བཞིན་རེད། དེ་ལ་དམིགས་བསལ་གང་ཡང་མེད།
ང་ཚོས་འདི་ལྟ་བུའི་བསམ་བློ་རྒྱ་བསྐྱེད་བཏང་ན། དེ་ནི་དོ་སྣང་བྱེད་འོས་པ་ཞིག་ཆགས་ཀྱི་ཡོད། མི་ཚང་མ་ལས་ཀ་ང་རང་གི་བྱེད་སྟངས་ལྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། དེ་ནི། “ངས་ལས་ཀ་བྱེད་སྟངས་འདི་འགྲིག་པ་ཞིག་རེད།” ཅེས་བསམ་པ་ལྟར། དེའི་རྒྱབ་ལ་རང་གཅེས་འཛིན་གྱི་བློ་ཞིག་ཡོད་པ་གསལ་པོ་རེད། ཡང་མི་ཞིག་གིས་གློག་ཀླད་ནང་གི་ཡིག་སྣོད་སྒྲིག་སྟངས་ཁག་ཁག་ཅིག་བྱས་ན། “དེ་རྦད་དེ་ནོར་བ་རེད།” ཅེས་ཁོང་ཁྲོ་ཟ་འགྲོ་བ་ཡིན། དེ་འདྲ་ཡིན་དུས། འཁྲིག་སྤྱོད་ཀྱི་འདོད་པར་དམིགས་པའི་ཡུལ་མི་འདྲ་བ་ཡོད་པ་ལྟར། ལས་ཀ་ཞིག་བསྒྲུབ་པ་ལའང་བྱེད་ཚུལ་མི་འདྲ་བ་ཡོད་པ་ངོས་ལེན་བྱེད་ན་ཡག་པོ་ཡོད།
ང་ཚོས་འདི་ལྟ་བུའི་རང་གཅེས་འཛིན་གྱི་བསམ་བློ་མཚམས་འཇོག་བྱས་ནས་གཞན་གྱི་དོན་དུ་བསམ་བློ་གཏོང་རྒྱུའི་བློ་སྦྱོང་གི་སྐོར་ལ་གོ་བ་དང་། ཀློག་པ་སོགས་བྱུང་བའི་སྐབས་སུ་འཇིག་རྟེན་འདིའི་སྟེང་ཡོད་པའི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་བྱེད་ཀྱི་ཡོད་པ་ལྟར་གྱི་རྒྱ་ཆེ་བའི་བསམ་བློ་མ་བཏང་ནའང་འགྲིག ཡིན་ནའང་ང་ཚོས་སྔོན་ལ་བཤད་ཚར་བ་ནང་བཞིན། “སོ་སོ་རང་ཉིད་ཀྱང་འཇིག་རྟེན་འདིའི་ནང་གི་འགྲོ་བ་མི་དུང་ཕྱུར་བདུན་དང་། དེ་བཞིན་གྲངས་མེད་ཀྱི་སེམས་ཅན་ནང་ནས་གཅིག་ཡིན་པ་དང་། ཚང་མ་བདེ་བའམ་སྡུག་བསྔལ། བཏང་སྙོམས་ཀྱི་ཚོར་བ་མྱོང་མཁན་ཞིག་ཡིན་པས། ང་རང་གཅིག་པུ་ལ་དམིགས་བསལ་གང་ཡང་མེད།” ཅེས་བསམ་དགོས། ང་ཚོས་ནམ་རྒྱུན། “ང་། ང། ང།” ཞེས་བསམ་བློ་གཏོང་རྒྱུའི་ཚབ་ལ་མི་ཚང་མར་བསམས་ནས་བསམ་བློ་བཏང་ན། ང་ཚོའི་སེམས་གུ་ཡངས་སུ་འགྲོ་བ་ཡིན། འདི་ནི་གོ་ལའི་སྤྱི་དྲོད་འཕེལ་བ་ལྟར་ཡིན་པས། འདིའི་སྐོར་བསམ་བློ་གཏོང་བའི་སྐབས་མི་གཅིག་ལ་སེམས་ཁུར་བྱས་ནས་བསམ་བློ་གཏོང་བ་མ་ཡིན་པར། མི་ཚང་མར་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པའི་ཐོག་བསམ་བློ་ངེས་པར་དུ་གཏོང་དགོས།
ད་དུང་རང་གཅེས་འཛིན་གྱི་བསམ་བློ་དོར་ནས་གཞན་གཅེས་འཛིན་གྱི་བློ་ལ་ཕན་ཡོན་ལྡན་པའི་འགྱུར་བ་ཞིག་ལག་བསྟར་བྱེད་པ་ལ། ང་ཚོས་དེ་ཙམ་གྱི་རྒྱ་ཆེ་བའི་བསམ་བློ་གཏོང་དགོས་ཀྱི་མེད། ང་ཚོས་འོས་ཤིང་འཚམས་པའི་སྒོ་ནས་རང་གི་ཉེ་འཁོར་གྱི་གནས་ཚུལ་ཁག་ལ་བསམས་ནས། “འབྲེལ་བ་འདིའི་ནང་ང་གཅིག་པོ་མ་རེད།” ཅེས་བསམ་པའམ། ཡང་ན་ “ངའི་ནང་མིའི་ནང་ང་གཅིག་པུ་ཡོད་པ་མ་རེད།” བསམ་པ་ལྟ་བུའོ། །འདི་ནས་རིམ་བཞིན་རྒྱ་དེ་ལས་ཆེ་ས་བསམ་བློ་གཏོང་བ་དང་སེམས་འཁུར་བྱེད་ཐུབ་པ་ཡོང་གི་རེད། ད་ལྟ་རང་ང་ཚོས་འཇིག་རྟེན་གྱི་སེམས་ཅན་ཐམས་ཅད་ཅེས་བསམ་མི་ཐུབ་ཀྱང་། ངོ་དེབ་གྱི་དགའ་རྟགས་སྤྲོད་མཁན་སོགས་ཀྱི་ཕྱི་ཚུལ་གྱི་རྣམ་པ་ཙམ་ཞིག་མིན་པར། དངོས་གནས་ཀྱི་མི་དང་མི་ཐུག་ནས་འབྲེལ་བ་བྱས་པ་དེ་ནས་མགོ་བཙུག་ཆོག་པ་ཡིན།
མི་དང་མིའི་བར་གྱི་འབྲེལ་བ་ནི་ཚད་བཀག་ཞིག་ཡིན་ཅིང་། སྤྱི་ཚོགས་ཀྱི་དྲྭ་སྟེགས་ནང་བཞིན་དེ་ཙམ་གྱི་མི་མང་པོར་ང་ཚོས་འབྲེལ་གཏུགས་བྱེད་མི་ཐུབ། འོན་ཀྱང་། སྣང་ཚོད་ཀྱི་སྤྱི་ཚོགས་དྲྭ་སྟེགས་དེ་དངོས་ཡོད་ཀྱི་མིའི་འབྲེལ་ལམ་ཞིག་ལ་བརྗེ་ཚབ་བྱེད་པའི་སྐབས་སུ་དཀའ་ངལ་དེ་ནས་མགོ་བཙུག་གི་ཡོད། དཔེར་ན། ཁྱེད་རང་མི་ཞིག་དང་མཉམ་དུ་ཡོད་པའི་སྐབས་སུ། ཁྱེད་ཀྱིས་མི་གཞན་ཞིག་ལ་གློག་འཕྲིན་གཏོང་རྒྱུར་བྲེལ་བའི་ངང་ཁྱེད་རང་མི་དེ་དང་མཉམ་དུ་དངོས་གནས་མེད་པ་ལྟ་བུ་རེད། འདི་ནི་དེང་སང་ན་བཅུ་ཐོག་གཞོན་རྣམས་ཀྱི་ནང་ཡོད་པའི་གནས་སྟངས་ཙམ་ཞིག་མ་ཡིན་པར། ཕྲུ་གུ་ཚོར་ཡང་རང་གི་ཕ་མ་གཉིས་གློག་འཕྲིན་གཏོང་རྒྱུར་འཐོམས་ནས་དོ་སྣང་མ་བྱས་པར་སྣང་མེད་བཏང་བའི་ཚོར་བ་ཡོང་གི་ཡོད་ཅེས་བཤད་མཁན་ནི་ཡོངས་གྲགས་ཀྱི་སྣང་ཚུལ་ཞིག་ཆགས་ཡོད།
བློ་སྦྱོང་ཚུལ་གྱི་ཐབས་ལམ་མི་འདྲ་བ།
ང་ཚོས་བྱེད་ཐུབ་པའི་བློ་སྦྱོང་གི་རིམ་པ་མང་པོ་ཡོད་ཅིང། འདི་བྱེད་པ་ལ་ཉམས་ལེན་ཡ་མཚན་ཅན་དེ་འདྲ་བྱེད་དགོས་མེད་པར། སོ་སོས་བརྙེད་པའི་དངོས་པོའི་གནས་ལུགས་དང་མཐུན་པའི་ཆོས་ལ་རང་གི་རྣམ་དཔྱོད་བེད་སྤྱོད་བྱས་ནས་དཔྱད་རྒྱུ་དེ་ཡིན། དངོས་པོའི་གནས་ལུགས་དང་མཐུན་པའི་ཆོས་དེ་གང་རེད་ཅེ་ན། དེ་ནི་འཇིག་རྟེན་འདིའི་ནང་ཡོད་པའི་མི་ང་ཚོ་གཅིག་པོ་མིན་པ་དང་། ང་ཚོ་གཅིག་པོ་གལ་ཆེ་ཤོས་མིན་པ་དེ་ཡིན། ཡིན་ནའང་འདིས་ང་ཚོ་གང་ཡང་མ་རེད་ཟེར་བའི་དོན་ཡང་མ་རེད། ང་ཚོ་ནི་འཇིག་རྟེན་འདིར་ཡོད་པའི་སེམས་ཅན་གྱི་རིགས་མང་པོ་ནང་ནས་གཅིག་ཡིན་ཅིང་། འཇིག་རྟེན་འདིའི་ཆ་ཤས་སུ་གཏོགས་པ་དེ་ནི་དངོས་པོའི་གནས་ལུགས་དང་མཐུན་པའི་ཆོས་ཡིན། གཞན་ཚོར་ཤེས་ནུས་ཀྱི་སྒོ་ནས་ང་ཚོས་བསམ་བློ་བེད་སྤྱོད་བཏང་ནས་གཞན་གྱི་གནས་སྟངས་དང་། ཚོར་བ། ཁོང་རྣམས་ཀྱི་ཚོར་བ་མྱོང་སྟངས་སོགས་ཤེས་ཐབས་བྱེད་ཐུབ།
ང་ཚོའི་རྣམ་དཔྱོད་དང་བསམ་བློའི་ནུས་པ་གཉིས་ནི། ང་ཚོས་སྤྱོད་ཆོག་པའི་ལག་ཆ་གལ་ཆེ་ཤོས་གཉིས་ཡིན། ང་ཚོས་རྒྱུ་མཚན་ལ་བརྟེན་ནས་རང་གི་རྣམ་དཔྱོད་ལ་སྦྱོང་བརྡར་སྤྲོད་པ་དང། དམིགས་རྣམ་བྱེད་ཚུལ་སོགས་ཀྱི་སྒོ་ནས་རང་གི་བསམ་བློའི་ནུས་པ་ལ་སྦྱོར་བརྡར་སྤྲོད་དགོས། དེ་ལྟར་ང་ཚོར་རྣམ་དཔྱོད་ཡོད་པ་དེ་གློག་ཀླད་ནང་བཞིན་མི་ཆགས་པ་དང་། བསམ་བློའི་ནུས་པ་དེས་ཡ་མཚན་ཅན་གྱི་གནད་དོན་ཞིབ་ཅིང་ཕྲ་བ་དམིགས་རྣམ་དུ་བྱེད་ཐུབ་པ་བྱས་ནས་གསེར་གྱི་རྟགས་མ་ཐོབ་པའི་ཆེད་དུ་སྦྱོང་བརྡར་བྱེད་ཀྱི་མེད་པར། རྣམ་དཔྱོད་དང་བསམ་བློའི་ནུས་པ་གཉིས་བེད་སྤྱོད་བཏང་ནས་སོ་སོའི་མི་ཚེའི་ནང་གི་དཀའ་ངལ་དང་སྡུག་བསྔལ་རྣམས་སེལ་ཐབས་བྱེད་དགོས་ཀྱི་ཡོད། རྒྱ་ཆེ་ས་ནས་བཤད་ན། འདི་ལྟར་བློ་སྦྱོང་བྱས་ནས་གཞན་རྣམས་ཀྱང་ཉམས་ལེན་འདི་ལྟར་ལག་བསྟར་བྱེད་པར་རོགས་པ་བྱེད་ཐུབ་པའི་ཆེད་དུ་ཡིན། སེམས་ཅན་ཐམས་ཅད་ལ་གང་ཞིག་བྱུང་བ་དང་། འབྱུང་བཞིན་པ། འབྱུང་འགྱུར་ངེས་པ་སོགས་ཤེས་ཐུབ་པར་བྱས་ནས་གཞན་ཚོར་ཤེས་ནུས་དང་བཅས་ཡངས་ཤིང་རྒྱ་ཆེ་བའི་བསམ་བློའི་འཁྱེར་སོ་ཞིག་ཡོད་ན་དེ་ཡག་པོ་ཡོད། དེ་ལྟར་ཡོང་བ་ལ་རླབས་ཆེ་བའི་རྣམ་དཔྱོད་དང་བསམ་བློའི་ནུས་པ་གཉིས་ཀ་ཡོད་དགོས་པ་ཡིན།
ང་ཚོས་སྦྱོང་བརྡར་འདི་ཉིན་རེའི་མི་ཚེའི་ནང་ཐབས་ཚུལ་མི་མི་འདྲ་བའི་སྒོ་ནས་ལག་བསྟར་བྱེད་ཆོག །ཐབས་ཚུལ་དེ་དག་གི་ནང་ནས་ལས་སླ་ཤོས་དེ་ནི། “དམིགས་བསལ་གང་ཡང་མེད།” བསམ་པའི་ཚོར་བ་དེ་ཡིན། དེ་ནི་ཡག་པོ་དང་། སྡུག་པོ། བཏང་སྙོམས་སོགས་གང་བྱུང་བ་ཡིན་ནའང། དེ་ལ་དམིགས་བསལ་གང་ཡང་མེད་བསམ་པའི་ཤེས་རྟོགས་དགོས་རྒྱུ་དེ་ལ་ཟེར། ལོ་རྒྱུས་ཀྱི་རྒྱུད་རིམ་ནང། དམའ་མཐའ་ཤོས་ལ་མནའ་བོའི་གྷི་རིཀྶིའི་ལོ་རྒྱུས་ནས་ད་ལྟའི་བར་ཚང་མས། “མི་རབས་གསར་པ་རྣམས་ཉམས་ཞིང་གུད་ནས་ཕན་མེད་ཆགས་ཡོད་པས། དུས་རབས་འདི་སྡུག་ཤོས་རེད།” ཅེས་ཟེར་བ་དང་། གལ་སྲིད་ང་ཚོས་ལོ་རྒྱུས་ཀྱི་རྩོམ་རིག་ནང་རིམ་པས་བལྟས་པ་ཡིན་ན། མི་ཚང་མས་དེ་ལྟར་བཤད་ཡོད་ཀྱང་། དེ་ནི་དོན་དངོས་ཐོག་བདེན་པ་མིན། བསམ་བློ་ཞིག་བཏང་ན། གང་བྱུང་བཞིན་པ་དེར་དམིགས་བསལ་གང་ཡང་མེད་ལ། རང་ཉིད་དང་རང་ཉིད་ཀྱི་ཚོར་བར་ཡང་དམིགས་བསལ་གང་ཡང་མེད། དེ་དག་ནི་རྒྱུ་དང་རྐྱེན་གྲངས་མེད་ཞིག་ཕན་ཚུན་མཉམ་སྡེབ་བྱས་པ་ལ་བརྟེན་ནས་མུ་མཐུད་འགྲོ་དང་འགྲོ་བཞིན་པ་ཞིག་ཡིན། ང་ཚོས་བྱེད་དགོས་པ་ནི། རང་གི་རྣམ་དཔྱོད་དང་བསམ་བློའི་ནུས་པ་བེད་སྤྱོད་བྱས་ནས་རང་དང་གཞན་གྱི་ཚོར་བ་ཤེས་ནུས་ཐོག་གང་ཡོང་ཅི་ཡོང་གིས་ཕན་པའི་ལམ་ནས་གདོང་ལེན་བྱེད་དགོས་རྒྱུ་དེ་ཡིན།
ཕྱོགས་བསྡོམས།
ང་ཚོ་རེ་རེ་ནི་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་ལྷག་ཙམ་གྱི་ནང་ནས་གཅིག་ཡིན། འོན་ཀྱང་གཞན་ལས་དེ་ཙམ་གྱི་མི་འདྲ་བ་དང་ཐ་དད་པ་ཞིག་གང་ཡང་མེད། ང་ཚོས་རང་གཅེས་འཛིན་གྱི་བསམ་བློ་ལས་ཐར་ཐབས་བྱེད་པའི་སྐབས་རང་བཞིན་གྱིས་དངོས་པོའི་གནས་ལུགས་དང་མཐུན་པ་ཆགས་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་ཚང་མ་མཉམ་རུབ་ཀྱི་གཅིག་ཡིན་ཚུལ་མཐོང་བ་ལས། རང་དང་རྒྱབ་འགལ་ཡིན་ཚུལ་མཐོང་གི་མ་རེད། དེ་དང་མཉམ་དུ་རང་དམིགས་བསལ་གང་ཡང་མིན་པའི་ངེས་ཤེས་དེ་བརྙེད་ནས་རང་གི་སེམས་ཚོར་གྱི་བདེ་ཐབས་དང་། གཞན་དང་ཕན་ཚུན་ལྟོས་རེས་ཀྱི་ཁྱད་ཆོས་ཡར་རྒྱས་རྒྱ་ཆེན་པོ་ཞིག་གཏོང་བའི་ནུས་པ་དེ་ཡང་ཡོང་ཐུབ་པ་ཡིན།།