བློ་སྦྱོང་ལ་བརྟེན་ནས་རང་ཉིད་བསྒྱུར་བཅོས་གཏོང་ཚུལ།

04:35
ང་ཚོར་དཀའ་ངལ་འཕྲད་པའི་སྐབས་དང་སོ་སོའི་མི་ཚེའི་ནང་གནས་སྟངས་ཧ་ཅང་སྐྱོ་པོ་འགྲོ་བཞིན་པའི་སྐབས། གལ་ཏེ་ང་ཚོས་དེའི་ཕྱོགས་སུ་བསམ་བློའི་ཁྱེར་སོ་དེ་འགྱུར་བ་གཏོང་ཐུབ་པ་ཞིག་བྱུང་ན། མྱོང་བ་དེ་དག་ཆོས་ཕྱོགས་ཀྱི་ཡར་རྒྱས་མུ་མཐུད་ཡོང་བར་བསྒྱུར་བཅོས་གཏོང་ཐུབ་པ་ཡོང་གི་རེད། བོད་ཀྱི་སྲོལ་རྒྱུན་ནང་གི་བློ་སྦྱོང་གིས་བློའི་ཁྱེར་སོ་རྒྱ་ཆེ་ལ་རྣམ་པ་མི་འདྲ་བ་མང་པོ་མཁོ་སྤྲོད་བྱེད་པ་དང་། ང་ཚོས་དེ་དག་ཡར་རྒྱས་དང་སྦྱོང་བརྡར་སྤྲོད་ཐུབ་ཅིང་། དེས་མི་ཚེའི་ནང་གི་དཀའ་ངལ་ལ་གདོང་ལེན་ཡག་ག་བྱེད་ནུས་པ་བཟོ་གི་ཡོད།

བློ་སྦྱོང་ཞེས་བྱ་བ་ནི་ང་ཚོས་གང་ཟག་ཅིག་གམ་གནས་སྟངས་ཤིག་ལ་ཆ་འཇོག་བྱེད་ཚུལ་དེ་འགྱུར་བ་གཏོང་ཆེད་ཀྱི་ཐབས་ལམ་ཞིག་ལ་གོ་བ་ཡིན། ཡིན་ནའང་ང་ཚོས་ཨིན་སྐད་ནང་གི་ Mind Training ཟེར་བའི་ཐ་སྙད་དེ་ལ་གཟབ་ནན་བྱེད་དགོས། གང་ཡིན་ཟེར་ན། ཐ་སྙད་དེ་ལ་བསམ་བློ་གཏོང་དུས་དེའི་ནང་ཏིང་ངེ་འཛིན་དང་དྲན་པ་སྦྱོང་རྒྱུ་དེ་ཚུད་ཡོད་པའི་བཟོ་འདྲ་ཞིག་སྣང་གི་ཡོད། དེ་འདྲ་ཞིག་ཤོད་ཀྱི་མེད། བོད་སྐད་ནང་བློ་སྦྱོང་ཟེར་དུས་བློ་ནི་སེམས་ཙམ་ལ་གོ་བ་མིན། ཚིག་དེ་ལ་བསམ་ཕྱོགས་དང་བློའི་ཁྱེར་སོའི་གོ་དོན་ཞིག་ཡོད། བོད་སྐད་ནང་གི་སྦྱོང་ཟེར་དུས་གོ་དོན་གཉིས་ཡོད་དེ། དང་པོ་དེ་གཙང་མ་བཟོའམ་དག་པར་བྱེད་པའི་དོན་ཡིན། དེ་ཡང་མི་དགེ་བའི་བསམ་བློའི་ཁྱེར་སོ་དེ་དག་པར་བྱས་ཏེ་དགེ་བའི་བསམ་བློའི་ཁྱེར་སོ་ཞིག་ཏུ་སྦྱོང་དགོས་པའི་དོན་ཡིན། དེ་འདྲ་སོང་ཙང་། སྐབས་རེར་ཨིན་སྐད་ནང་གི་ Mind Training བློ་སྦྱོང་ཟེར་བ་དེ་ལས་ Attitude Training བསམ་བློའི་ཁྱེར་སོ་སྦྱོང་བ་ཟེར་བ་དེ་གསལ་ཁ་དོད་པ་ཡོད།

མི་དགེ་བའི་བསམ་བློའི་ཁྱེར་སོ་དག་པར་བྱེད་དགོས་པ་གཙོ་བོ་དེ་ནི་རང་གཅེས་འཛིན་གྱི་བློའི་ཁྱེར་སོ་དེ་ཡིན། དེའི་ནང་རང་གཅེས་འཛིན་དང་རང་འདོད་དོན་གཉེར་ཚུད་ཡོད། དེ་ནི་རང་ཁོ་ནའི་དོན་དུ་བསམ་པ་དེ་རེད། ང་ཚོས་སྦྱོང་དགོས་པའི་དགེ་བའི་བློའི་ཁྱེར་སོ་ནི་གཞན་གཅེས་འཛིན་དེ་ཡིན། དེའི་ནང་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་གཞན་གྱི་དོན་གཙོ་བོར་བསམ་པ་དེ་ཡིན། བློ་སྦྱོང་གི་མན་ངག་ཚང་མའི་ནང་ལག་བསྟར་བྱས་པའི་ཐབས་ལམ་དེ་སངས་རྒྱས་ཀྱིས་སྤྱི་ཡོངས་ཀྱི་ཆ་ནས་ཐབས་ཚུལ་གསུངས་གནང་བའི་འཕགས་པའི་བདེན་པ་བཞི་དང་ཏག་ཏག་རན་འཚམས་ཡོད་པ་རེད།

འཕགས་པའི་བདེན་པ་བཞི།

ང་ཚོའི་མི་ཚེའི་ནང་གི་དཀའ་ངལ་དང་སྡུག་བསྔལ་ལས་ཐར་ཚུལ་ཐད་སངས་རྒྱས་ཀྱིས་ཧ་ཅང་གཞི་རིམ་གྱི་ཆོས་གསུངས་ཡོད། དོན་ངོ་མར་ཁོང་གིས་གང་གསུངས་པ་ཚང་མ་དགོས་པ་རྒྱུ་མཚན་འདི་ལ་ཐུག་ཡོད། ང་ཚོ་ཚང་མར་དཀའ་ངལ་གྱི་རིགས་མི་འདྲ་བ་སྣ་ཚོགས་པ་ཡོད། ཁ་ཤས་ནི་རགས་པ་དང་གནོད་འཚེ་ཆེན་པོ་བྱེད་ཀྱི་ཡོད། དེ་དག་གིས་ལུས་སེམས་གཉིས་ཀར་སྡུག་བསྔལ་ཤུགས་དྲག་སྤྲོད་ཀྱི་ཡོད། གཞན་འགའ་ཞིག་ནི་ཏོག་ཙམ་ཕྲ་བ་ཡོད། འོན་ཀྱང་དེ་དག་ཀྱང་ཧ་ཅང་སྡུག་བསྔལ་ཆེན་པོ་ཡོད། དཔེར་ན། ང་ཚོས་མི་ཚེའི་ནང་སྐྱིད་པོ་སྣ་ཚོགས་གཏོང་གི་ཡོད་ཀྱང་། ད་དུང་ང་ཚོ་སེམས་ཞུམ་གྱི་ཡོད། གང་ཡིན་ཟེར་ན། དེ་དག་གིས་ང་ཚོར་ཡོངས་སུ་འདོད་བློ་ཁེངས་པ་ཞིག་ཡོང་གི་མེད། དེ་དག་ཡུན་དུ་མི་གནས་པར་འགྱུར་བ་འགྲོ་གི་ཡོད། ང་ཚོའི་མི་ཚེའི་ནང་གི་གནས་སྟངས་རྣམས་རྟག་པ་བརྟན་པོ་ཞིག་ནམ་ཡང་མེད། དེ་དག་འཕེལ་འགྲིབ་འགྲོ་གི་ཡོད། མཚམས་མཚམས་གནས་སྟངས་ཡག་པོ་དང་མཚམས་རེར་སྡུག་ཅག་ཡོང་གི་ཡོད། དངོས་གནས་བརྟན་པོ་མེད་པ་ནི་ང་ཚོས་ཚོར་བ་མྱོང་ཚུལ་དེ་རེད། སྐབས་རེར་ང་ཚོས་བདེ་སྐྱིད་ཚོར་བ་དང་སྐབས་རེར་སྡུག་བསྔལ་ཚོར་གྱི་ཡོད། ཡང་སྐབས་རེར་ང་ཚོས་གང་ཡང་ཚོར་གྱི་མེད་པ་ལྟ་བུ་ཡོད། སྐད་ཅིག་ཕྱི་མ་དེར་གང་ཚོར་རྒྱུ་ཡིན་ང་ཚོར་བསམ་བློ་ཙམ་ཡང་མེད། ང་ཚོ་མཉམ་དུ་ཡོད་པའི་མི་རྣམས་དང་ང་ཚོས་གང་བྱེད་ཀྱིན་ཡོད་པའི་ཐད་ལའང་ཐ་ན་རེ་ལྟོས་བྱེད་ས་དེ་ཙམ་མེད་པ་ལྟ་བུ་མཐོང་གི་ཡོད། གློ་བུར་ཐོག་རྒྱག་ལ་ང་ཚོའི་སེམས་ཁམས་ཀྱི་ཉམས་འགྱུར་དེ་འགྱུར་བ་འགྲོ་གི་ཡོད།

ང་ཚོ་ཚང་མར་སེམས་ཚོར་གྱི་དཀའ་ངལ་ཡང་ཡོད་པ་དང་དེ་དག་གིས་མི་ཚེའི་ནང་དཀའ་ངལ་མི་འདྲ་བ་འཁྱེར་ཡོང་གི་ཡོད། དངོས་གནས་ཡིད་ཞུམ་དགོས་པ་ནི་དེ་དག་བསྐྱར་ལྡབ་ཡང་ལྡབ་བྱས་ནས་ཡོང་གི་ཡོད་པ་ལྟ་བུར་སྣང་། སྐབས་རེར་དཀའ་ངལ་དེ་དག་གཞན་ནས་འབྱུང་གི་ཡོད་ནའང་། ད་དུང་ང་ཚོས་རང་གིས་རང་ལ་དཀའ་ངལ་མང་པོ་བཟོ་གི་ཡོད་པའི་བཟོ་འདྲ་ཞིག་ཡོད། འོན་ཀྱང་ང་ཚོས་ཞིབ་ཚགས་པོ་དང་དྲང་པོ་དྲང་གཞག་ཐོག་དཔྱད་པ་བྱས་ན། ང་ཚོའི་དཀའ་ངལ་མང་པོ་ཞིག་གི་འབྱུང་ཁུངས་ནི་སོ་སོ་རང་ཉིད་ཡིན་པ་དང་། ཁྱད་པར་དུ་མི་ཚེའི་ནང་གང་འབྱུང་གི་ཡོད་པའི་ཐད་ང་ཚོའི་རང་གཅེས་འཛིན་གྱི་བསམ་བློའི་ཁྱེར་སོ་ལ་བརྟེན་ནས་དཀའ་ངལ་དེ་དག་འབྱུང་གི་ཡོད།

སངས་རྒྱས་ཀྱིས་དེ་དག་ཐམས་ཅད་གཟིགས་ཡོད། ཁོང་ཉིད་ཀྱི་སྐུ་ཚེའི་ནང་དེ་དག་རྟོགས་ཡོད་ལ་གཞན་གྱི་མི་ཚེའི་ནང་གཟིགས་ཡོད། ཁོང་གིས་སེམས་ཅན་ཐམས་ཅད་དཀའ་སྡུག་གི་གནས་སྟངས་གཅིག་པའི་ནང་ཡོད་པ་གཟིགས་ཡོད། རགས་པའི་དབང་དུ་བྱས་ན། ང་ཚོ་ཚང་མར་སྐྱེས་པ་དང་། འཚར་ལོངས་བྱུང་བ། ནད་ཀྱིས་མནར་བ། རྒས་འཁོགས་ཆགས་པ། འཆི་བ་སོགས་མི་ཚེའི་ནང་གི་འཆར་ཅན་གྱིས་བྱུང་བ་དེ་ཙམ་ལ་དཀའ་ངལ་ཡོད་པ་མ་ཟད། དབང་མེད་ཀྱིས་རྟག་ཏུ་འཕེལ་འགྲིབ་འགྲོ་བའི་ཚོར་བ་ལའང་དཀའ་ངལ་ཡོད་པ་རེད། འོན་ཀྱང་སངས་རྒྱས་ཀྱིས། གནས་སྟངས་དེ་དག་ལ་བརྟེན་ནས་ང་ཚོར་ཡོད་པའི་དཀའ་ངལ་རྣམས་རྒྱུ་ལ་བརྟེན་ནས་འབྱུང་གི་ཡོད་པ་ལས། རྒྱུ་མེད་རྐྱེན་ལས་བྱུང་བ་མིན་ཞེས་གསུངས་ཡོད། དེ་དག་ཕྱིའི་ཧ་ཅང་ནུས་མཐུ་ཅན་ཞིག་སྟེ། དེ་ལ་ང་ཚོས་བྱེད་པོ་དཀོན་མཆོག་ཅེས་ཟེར་བའམ། ཡང་ན་ང་ཚོས་དེ་ལ་བྱེད་པོ་མི་གསལ་བའི་ལས་ཀྱི་བསྐོས་ཐང་ངམ་ལས་སྐལ་ཟེར་བ་དེས་གཏོང་བ་ཞིག་མིན། དེ་ནི་ང་ཚོའི་དཀའ་ངལ་གྱི་འབྱུང་ཁུངས་དེ་མ་ཡིན།

ང་ཚོའི་དཀའ་ངལ་དང་སྡུག་བསྔལ་གྱི་འབྱུང་ཁུངས་ངོ་མ་དེ་ནི་སོ་སོའི་རྒྱུད་ལ་ཡོད། ང་ཚོས་སོ་སོའི་རྒྱུད་ལ་ཡོད་ཟེར་དུས་ང་ཚོ་ལྷན་སྐྱེས་ཀྱིས་སྡུག་ཅག་དང་ནག་ཉེས་ཅན་རེད་ཟེར་བའི་དོན་མིན། སངས་རྒྱས་ཀྱིས་ཁྱེད་སྡིག་པ་དང་མཉམ་དུ་མི་ངན་པའམ་སྡུག་ཅག་ངང་ནས་སྐྱེས་པ་རེད་ཅེས་གསུངས་མེད། དེ་ལས་ལྡོག་སྟེ། སངས་རྒྱས་ཀྱིས་ང་ཚོའི་དཀའ་ངལ་གྱི་འབྱུང་ཁུངས་ནི་དངོས་པོའི་གནས་ལུགས་ལ་རྨོངས་པའམ་མ་རིག་པ་དེ་རེད་ཅེས་གསུངས་ཡོད། ང་ཚོ་གླེན་པ་མ་རེད། འོན་ཀྱང་ང་ཚོས་ཉིན་རེ་བཞིན་ཉམས་སུ་མྱོང་བའི་དངོས་པོ་རྣམས་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་དང་དངོས་པོའི་གནས་ལུགས་དང་རྩ་ནས་མི་མཐུན་པ་ལྟ་བུར་སྣང་གི་ཡོད། དེ་ནི་ཁྱད་པར་དུ་ང་ཚོས་སོ་སོ་རང་ཉིད་དང་གཞན་ལ་ལྟ་སྟངས་ཀྱི་ཐོག་ནས་ཡིན་པ་དང་། དེས་རང་དང་དེ་དག་གི་ཕྱོགས་སུ་བློའི་ཁྱེར་སོ་ལ་འགྱུར་བ་གཏོང་གི་ཡོད། རང་གཅེས་འཛིན་དང་བདག་འཛིན་ཡོད་པའི་རྒྱུ་མཚན་གྱིས་རང་ཉིད་གལ་ཆེ་ཤོས་ཡིན་པ་ལྟར་སྣང་ཞིང་། གནས་སྟངས་རྣམས་རྟག་ཏུ་རང་གི་འདོད་མོས་ལྟར་ཡོང་དགོས་པ་དང་གཞན་གྱིས་གང་མྱོང་བ་ལ་རྩ་ནས་དོ་གལ་དུ་མི་བརྩི་བ་ཡིན། དེ་ནི་གཞན་གྱིས་གང་ཚོར་བ་དེ་རྩིས་མེད་གཏོང་བའམ་མེད་པ་ལྟ་བུར་འཛིན་གྱི་ཡོད། ངའི་བསམ་པར། ང་ཚོས་ག་རེ་མྱོང་བའི་ཚད་དེ་ང་ཚོར་འཕྲད་པའི་དངོས་ཡོད་ཀྱི་གནས་སྟངས་ལ་མ་ཡིན་པར། རྟོག་པའི་འཆར་སྣང་དང་གནས་ལུགས་མི་མཐུན་པའི་རེ་བ་ལ་ཇི་ལྟར་གཞི་བཅོལ་ཡོད་པ་ང་ཚོས་ཤེས་ཐུབ། འོན་ཀྱང་སངས་རྒྱས་ཀྱིས་གནས་སྟངས་འདི་མེད་པ་བཟོ་ཐུབ་ཅེས་དང་། དེ་ཡང་ནམ་ཡང་སླར་མི་འབྱུང་བའི་ཚུལ་དུ་མེད་པ་བཟོ་ཐུབ་ཅེས་གསུངས་ཡོད། ང་ཚོས་སྡུག་བསྔལ་དེ་དག་གིས་རྟག་ཏུ་མནར་རྒྱུ་ངེས་པའི་ཁྲིམས་ཐག་བཅད་པ་ཞིག་མ་ཡིན། དེ་ག་ནང་བཞིན་ང་ཚོས་གནོད་འཚེ་ལས་འགོག་ཐུབ་པ་དང་། མ་མཐར་ཡང་ང་ཚོས་དཀའ་ངལ་དེ་དག་ལས་ཐར་བའི་དུས་ཚོད་དེ་ཚོར་བ་ཞིག་ཡོང་ཞིང་། དཀའ་ངེལ་སེལ་ཐབས་གཅིག་རང་ཡོད་པ་ནི་རང་གིས་རང་ལ་བཟི་སྨན་སྤྱོད་པ་དང་ར་བཟི་དགོས་པ་ལྟ་བུའང་མ་ཡིན། ཡང་ང་ཚོས་ཅི་གང་མི་བསམ་པར་སྒོམ་གྱི་གནས་བབས་གཏིང་ཟབ་པོ་ཞིག་གི་ནང་ཐིམ་དགོས་པ་དང་། དེས་དཀའ་ངལ་སེལ་གྱི་ཡོད་པ་ཞིག་ཀྱང་མིན། དཀའ་ངལ་སེལ་ཐབས་དེའི་རིགས་ནི་གནས་སྐབས་ཙམ་ཡིན་པ་དང་། དེ་དག་གིས་ང་ཚོའི་དཀའ་ངལ་རྣམས་རྩ་ནས་མེད་པ་བཟོ་གི་མེད། གལ་ཏེ་ང་ཚོས་དཀའ་ངལ་རྣམས་སེལ་དགོས་ན། ཐོག་མར་དཀའ་ངལ་དེ་དག་གི་རྒྱུ་གང་ཡིན་པ་རྣམས་མེད་པ་བཟོ་དགོས། ང་ཚོས་སོ་སོའི་རྨོངས་པ་དེ་སྤོང་དགོས། ང་ཚོས་རྨོངས་པའི་ཚབ་ལ་ཡང་དག་པའི་རྟོགས་པ་བརྗེ་དགོས། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། དེ་བཞིན་སུ་གཅིག་ལའང་གཞན་ལས་ལྷག་པའི་བདེ་བ་དང་ལྡན་པའི་ཐོབ་ཐང་ཆེ་བ་དེ་འདྲ་མེད། གཞན་ཡང་ང་ཚོ་ནི་མི་གཅིག་ཡིན་པ་དང་གཞན་རྣམས་ནི་གྲངས་མེད་པ་རེད། གལ་ཏེ་ང་ཚོས་གནས་ལུགས་དེ་མཐོང་ནས་དེ་ལ་དཔག་པའི་སོ་སོའི་བསམ་བློའི་ཁྱེར་སོ་འགྱུར་བ་བཏང་ན། དེ་ནས་ག་ལེར་ང་ཚོའི་གོ་རྟོགས་གཏིང་ཟབ་ཏུ་འགྲོ་བ་དང་ང་ཚོའི་སེམས་ཚོར་གྱི་གནས་བབས་ཀྱང་འགྱུར་བ་འགྲོ་གི་རེད།

བློ་སྦྱོང་།

ང་ཚོའི་མི་ཚེ་ཕལ་ཆེ་བ་ནི་རྟོག་འཆར་གྱི་འཛམ་གླིང་ནང་གནས་ཀྱི་ཡོད་པ་སོང་ཙང་། ང་ཚོས་གང་མྱོང་བའི་ཆོས་རྣམས་ལ་ཡོད་པའི་བསམ་བློའི་ཁྱེར་སོ་དེ་རྨོངས་པའམ་མ་རིག་པས་བཟོ་ལྟ་བཟོ་གི་ཡོད། རང་གཅེས་འཛིན་གྱི་བློའི་ཁྱེར་སོ་ལ་བརྟེན་ནས་ང་ཚོར་གང་འབྱུང་བ་དེ་བདག་འཛིན་གྱི་སྒོ་ནས་ཆ་འཇོག་བྱེད་ཀྱི་ཡོད་པས། དེས་རང་གཞན་གཉིས་ཀར་སྡུག་བསྔལ་དང་དཀའ་ངལ་དེ་ལས་མང་བ་བཟོ་གི་ཡོད། འོན་ཀྱང་བློའི་ཁྱེར་སོ་འགྱུར་བ་གཏོང་བ་ལ་བརྟེན་ནས་ང་ཚོའི་མི་ཚེའི་བྱ་གཞག་གི་མྱོང་བ་རྣམས་ལའང་འགྱུར་བ་ཤུགས་ཆེན་འགྲོ་གི་ཡོད།

དཔེ་ཆ་བཞག་ན། གནམ་ཐང་ལ་ང་ཚོའི་གནམ་གྲུ་རྗེས་ལུས་ཐེབས་པ་དེ་རང་གིས་རང་ལ་བྱུས་ཉེས་ལྟ་བུ་བརྩི་རྒྱུ་ཚབ་ཏུ་དངོས་པོའི་གནས་ལུགས་ནི་གནམ་གྲུ་དེའི་ཆེད་དུ་རང་དང་གཞན་ཚང་མར་སྒུག་སའི་གནས་དེར་ད་དུང་དུས་ཚོད་མང་བ་རག་ཡོད་པ་བལྟ་ཆོག །ང་ཚོས་གནས་སྟངས་ལ་ངོས་འཛིན་བྱེད་ཚུལ་དེར་འགྱུར་བ་གཏོང་ཐུབ། དེ་ཡང་མི་གཞན་ཚང་མས་གནམ་གྲུ་རྗེས་ལུས་ཐེབས་པ་ལ་གདོང་ལེན་ཇི་ལྟར་བྱེད་ཀྱི་ཡོད་པའི་ཐད་སེམས་འཁུར་གྱི་བསམ་བློ་ལ་བརྟེན་ནས་འགྲུལ་མི་གཞན་དེ་དང་མཉམ་དུ་ཁ་བརྡ་བྱེད་འགོ་བཙུག་པའི་གོ་སྐབས་ལྟ་བུ་ཡིན་པ་ང་ཚོས་ངོས་འཛིན་བྱེད་ཆོག །དེ་ཡང་སྐྱིད་ཉམས་ལྡན་ཞིང་སེམས་སྡུག་མེད་པ་དང་། གང་ཟག་དེ་ཞི་འཇམ་ཡོང་བ་དང་མགོ་མ་རྨོངས་པའི་ཕྱིར་རོགས་བྱེད་དགོས། ཇི་ལྟར་ལུས་རྩལ་ལ་བརྟེན་ནས་ང་ཚོས་སོ་སོའི་ལུས་པོ་སྟོབས་ཆེ་བ་དང་བཟོད་སྒོམ་ཆེ་བ་ཡོང་ཆེད་སྦྱོང་བརྡར་བྱེད་ཆོག་པ་ནང་བཞིན་སྒོམ་ལ་བརྟེན་ནས་ང་ཚོས་རང་གི་སེམས་དང་བློའི་ཁྱེར་སོ་སྟོབས་ཆེ་བ་དང་བཟང་བ་ཡོང་ཆེད་སྦྱོར་བརྡར་སྤྲོད་ཆོག་པ་ཡིན། སེམས་ཚོར་གྱི་བློ་ཕམ་མེད་ན་འབྱུང་སྲིད་པའི་ཉོན་མོངས་ལ་བཟོད་སྒོམ་མང་བ་བྱེད་ཐུབ།

སེམས་ཚོར་གྱི་ནུས་སྟོབས་འཐོབ་ཚུལ།

བརྙན་པར། མཁའ་འགྲོ་རིན་པོ་ཆེ། “ནང་ཆོས་ནང་གི་བློ་སྦྱོང་།”

སྐབས་རེར་ང་ཚོས་སོ་སོའི་དཀའ་ངལ་རྣམས་གང་ཡིན་པ་རྟོགས་ཐུབ། ང་ཚོས་སེམས་ཚོར་གྱི་སྡུག་བསྔལ་བྱེ་བྲག་དེ་འདྲ་མྱོང་བཞིན་ཡོད་པ་ཤེས་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོའི་སེམས་ནི་གུ་དོག་པོ་ཡོད་པ་དང་རང་ཁོ་ནའི་དོན་དུ་བསམ་གྱི་ཡོད། འོན་ཀྱང་དེས་ང་ཚོའི་སེམས་ཚོར་ལ་འགྱུར་བ་གཏོང་གི་ཡོད་པའི་བཟོ་འདྲ་ཞིག་མེད། ང་ཚོའི་གོ་རྟོགས་ཀྱིས་གང་ཚོར་ལུགས་ཚོར་སྟངས་ལ་ཤུགས་རྐྱེན་ངོ་མ་ཞིག་སྤྲོད་ཐུབ་ཀྱི་མེད་པ་ཚོར་གྱི་ཡོད། ཡིན་ནའང་དཀའ་ངལ་གང་ཡོད་ཅེ་ན། གོ་རྟོགས་དེ་གཏིང་ཟབ་པོ་དེ་མེད། དེ་གཏིང་ཟབ་པོ་མེད་པ་མ་ཟད། ང་ཚོའི་བློ་ཁྱེར་སོར་འགྱུར་བ་ཞིག་གཏོང་ཕྱིར་དེ་འདང་ངེས་བཞིན་པའི་དུས་ཡུན་རིང་པོའི་ནང་རང་རྒྱུད་དུ་འཐིམ་མེད་པ་རེད།

འདི་འགྲེལ་བར་ང་ཚོས་སླར་ཡང་ལུས་ཀྱི་འཕྲོད་བསྟེན་ལ་དཔེ་བཞག་ནས་བཤད་ན། ང་ཚོས་དུས་རྟག་ཏུ་ལུས་པོ་སྐྱོ་པོ་དང་། ཡིད་ཐང་ཆད་པ། ལུས་ལྗིད་ཁོག་ཅན་དུ་ཚོར་བའི་སྐབས། ལུས་རྩལ་སྦྱོང་ཁང་དུ་འགྲོ་འགོ་བཙུགས་ཏེ་ཉིན་རེ་འཆར་ཅན་གྱི་ལུས་རྩལ་སྦྱོང་གི་ཡོད། ང་ཚོས་ལུས་རྩལ་གྱི་བྱེད་སྒོ་ཞིག་འགོ་བཙུགས་ཚར་བ་དང་ལུས་ཀྱི་ཇི་ལྟར་ཚོར་བ་ལྟར་ལམ་སེང་འགྱུར་བ་འགྲོ་གི་མེད། དེ་ཡང་དུས་ཚོད་འགོར་གྱི་ཡོད། ང་ཚོས་འཕྲོད་བསྟེན་གྱི་ཆ་ནས་ཕན་གནོད་ཀྱི་ཤུགས་རྐྱེན་མ་ཚོར་གོང་ནམ་རྒྱུན་ལྟར་བྱས་ན་ཟླ་བ་ཁ་ཤས་འགོར་གྱི་ཡོད། གང་ལྟར་ཡང་། ང་ཚོས་ལུས་རྩལ་ག་ཚོད་དུས་ཡུན་རིང་བ་བྱེད་པ་དང་དེ་ང་ཚོའི་མི་ཚེའི་འཆར་ཅན་བྱེད་སྒོའི་ཆ་ཤས་ཤིག་ཆགས་པའི་སྐབས། མི་རིང་བར་དེས་དངོས་གནས་གང་ཚོར་སྟངས་ལ་འགྱུར་བ་གཏོང་གི་ཡོད། དེ་ལ་བརྟེན་ནས་ང་ཚོ་ཧ་ཅང་སྐྱིད་པོ་ཚོར་རྒྱུ་འགོ་བཙུག་གི་ཡོད། སོ་སོ་རང་ཉིད་ཀྱི་ཐད་ལ་ཡག་ག་ཚོར་བ་དང་། དེས་གཞན་དང་འབྲེལ་བ་བྱེད་སྟངས་ཐད་ལ་ཡག་ག་ཞིག་ཚོར་བར་ཕན་གྱི་ཡོད།

ང་ཚོའི་སེམས་དང་སེམས་ཚོར། དེ་བཞིན་བློའི་ཁྱེར་སོ་ལ་གང་ཡོད་པའི་ཐད་གོ་རྟོགས་ཤིག་ཡོད་པའི་སྐབས། དེ་དང་འདྲ་བའི་གནས་སྟངས་ཤིག་འབྱུང་གི་ཡོད། ང་ཚོར་གོ་རྟོགས་ག་ཚོད་ཀྱིས་རིང་བ་དང་དྲན་གསོ་མང་བ་གཏོང་བ་དེ་ཚོད་ཀྱིས་གོ་རྟོགས་དེ་གཏིང་ཟབ་ཏུ་འགྲོ་གི་ཡོད། དེ་ནས་སེམས་ཚོར་ཀྱི་འགྱུར་བ་དེ་གློ་བུར་བ་ཆགས་ཀྱི་མ་རེད། ང་ཚོས་བློའི་ཁྱེར་སོ་ལ་བསྒྱུར་བཅོས་གཏོང་བའི་སྐབས། སེམས་ཚོར་གྱི་ཆ་སྙོམ་དང་ནུས་པ་སྔར་ལས་མང་བ་འཐོབ་འགོ་བཙུག་གི་རེད།

རང་ཉིད་ཡར་རྒྱས་གཏོང་བའི་ཀུན་སློང་གི་རིམ་པ།

བདེ་ཐང་ཆེད་ལུས་སྦྱོང་ཁང་དུ་འགྲོ་བར་རང་གིས་རང་ལ་སྒྲིག་ཁྲིམས་དགོས་པ་ཙམ་དུ་མ་ཟད། དྲན་པ་ཉེར་བཞག་དགོས། དེ་ནི་འགྲོ་རྒྱུ་དྲན་དགོས་པ་དང་དྲན་པ་མི་བརྗེད་པའི་དོན་ཡིན། དེ་དག་ཚང་མའི་གཞི་རྟེན་ནི་

“གཅེས་སྐྱོང་གི་བསམ་ཕྱོགས་” ཟེར་བ་དེ་རེད། དེ་ཡང་རང་གིས་རང་ལ་གཅེས་སྐྱོང་བྱེད་ཀྱི་ཡོད་པ་དང་། རང་ཉིད་གཞན་གྱི་སྣང་ངོར་ཇི་ལྟར་མཐོང་ཚུལ་ཐོག་གཅེས་སྐྱོང་དང་ང་ཚོས་གང་འདྲ་ཚོར་བའི་ཐོག་གཅེས་སྐྱོང་སོགས་བྱེད་ཀྱི་ཡོད། རང་གིས་རང་ལ་དོ་གལ་ཆེན་པོ་དང་གུས་ཞབས་བྱེད་དགོས། དེ་ནི་ཕལ་ཆེར་ང་ཚོར་བདེ་སྐྱིད་དང་ལྡན་དགོས་པ་དང་ཡག་པོ་ཚོར་དགོས་པའི་ཐོབ་ཐང་འདྲ་པོ་དེ་རེད། རང་གིས་རང་རྟོགས་པ་དང་ང་ཚོའི་སེམས་ཚོར་སྐྱེན་པའི་མི་ཚེས་ལས་ཀ་བྱེད་སྟངས་རྟོགས་པའི་ཐོག་ལ་སྐབས་འདིར་བདེན་པ་གཅིག་པ་རེད། དེ་ཡང་རང་གིས་རང་ལ་གཅེས་སྐྱོང་བྱེད་པ་ལ་རག་ལུས་པ་དང་། ང་ཚོ་ལ་སེམས་ཚོར་གྱི་འཕྲོད་བསྟེན་བཟང་བ་ཞིག་ཡོང་བའི་ཐོབ་ཐང་ཞིག་ཡོད་ཅེས་ཚོར་བ་དེ་རེད།

རང་གིས་རང་ལ་གཅེས་སྐྱོང་གི་བསམ་ཕྱོགས་དེ་རང་གཅེས་འཛིན་གྱི་བློའི་ཁྱེར་སོ་དང་རྦད་དེ་མི་འདྲ་བ་ཡིན། རང་གཅེས་འཛིན་གྱི་བློ་ལ་བརྟེན་ནས་ང་ཚོས་རང་དོན་ཁོ་ནར་བསམས་ནས་གཞན་དོན་ལ་སྣང་མེད་གཏོང་གི་ཡོད། ང་ཚོའི་འབྲེལ་འདྲིས་བྱེད་ས་དང་མི་སུ་འདྲ་ཞིག་དང་ཐུག་པ་ཙམ་ཡིན་ནའང་། སོ་སོའི་བསམ་བློའི་ཁྱེར་སོ་དང་སྤྱོད་ལམ་གྱིས་གཞན་དག་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་མེད་ཐོག་སེམས་འཁུར་བྱེད་ཀྱི་མེད། ཕྱོགས་གཞན་ཞིག་ནས་རང་གིས་རང་ལ་གཅེས་སྐྱོང་གི་བསམ་བློ་ལ་བརྟེན་ནས་ང་ཚོའི་མི་ཚེའི་ནང་གི་བདེ་སྡུག་ཐམས་ཅད་བདག་འཛིན་དང་རང་འདོད་དོན་གཉེར་གྱི་བསམ་བློའི་ཁྱེར་སོ་ལས་འབྱུང་གི་ཡོད་པ་རྟོགས་ཀྱི་ཡོད། གང་ཡི་ཟེར་ན། ང་ཚོར་བདེ་སྐྱིད་འདོད་པ་དང་། གནས་སྟངས་དེའི་ཐད་རང་གིས་རང་ལ་གཅེས་སྐྱོང་གི་ཆེད་འབད་བརྩོན་ག་ཚོད་བྱེད་དགོས་ནའང་བྱེད་འདོད་ཡོད། ང་ཚོས་སོ་སོའི་བློའི་ཁྱེར་སོ་དང་སྤྱོད་ལམ་འགྱུར་བ་གཏོང་ཕྱིར་རང་ཉིད་ཡར་རྒྱས་གཏོང་དགོས་པ་དང་། མ་འོངས་པར་ང་ཚོས་གང་ཞིག་བསྒྲུབ་པའི་ཆེད་དུ་སྦྱོང་བརྡར་བྱེད་ཀྱི་ཡོད་པ་དེ་ཉམས་སུ་ལེན་ཐབས་བྱེད་དགོས་པའི་ཐོག་ལ་གཟབ་ནན་བྱེད་དགོས།

དེ་ལ་ཀུན་སློང་གི་རིམ་པ་དུ་མའི་སྒོ་ནས་ང་ཚོས་རང་ཉིད་ཡར་རྒྱས་གཏོང་ཆོག །ང་ཚོས་ཀུན་སློང་ཟེར་བ་དེ་གང་ཡིན་པ་ལ་དཔྱད་པ་བྱེད་སྐབས། རང་ཉིད་ཡར་རྒྱས་གཏོང་བའི་དམིགས་ཡུལ་གང་ཡིན་པའི་སྐོར་ཤོད་ཀྱི་ཡོད་པ་དང་། དམིགས་ཡུལ་དེའི་ཕྱོགས་སུ་འཁྲིད་པར་བྱེད་པའི་སེམས་ཚོར་གྱི་ནུས་ཤུགས་དེ་གང་ཡིན་ནམ། ང་ཚོས་ལམ་རིམ་པས་འགྲིམས་ནས་ཚད་མཐོ་རུ་འགྲོ་བའི་སྐབས། ནང་པའི་ཆོས་ནས་ཇེ་རྒྱས་སུ་འགྲོ་བའི་ཀུན་སློང་གི་རིམ་པ་འགའ་ཞིག་བསྡུས་ནས་གསུངས་ཡོད། ང་ཚོས་མི་ཚེའི་སྤུས་ཀ་ཡར་རྒྱས་གཏོང་ཐབས་ཙམ་གྱི་ཆེད་འབད་བརྩོན་བྱེད་ཆོག །གང་ཡིན་ཟེར་ན། དེ་ནི་ད་ལྟའི་ཆར་འདོད་བློ་ཁེངས་པ་ཞིག་མེད་པ་དང་། འདོད་བློ་མི་ཁེངས་པའི་གནས་སྟངས་དེ་མི་མཐུད་རྒྱུ་མཚམས་འཇོག་བྱེད་འདོད་ཡོད་པ་ཙམ་མིན་པར། དེ་ཇེ་སྡུག་ཏུ་མ་ཕྱིན་ན་དཔེ་ཡག་པོ་ཡོང་གི་རེད། དངོས་གནས་བྱས་ན། ང་ཚོ་ཡག་ཏུ་ཕྱིན་ཡོད་ན། དེ་ནི་དཔེ་མི་སྲིད་པའི་ཡག་པོ་རེད། ང་ཚོ་དངོས་གནས་འདོད་བློ་མི་ཚིམས་པ་དང་ཡིད་ཐང་ཆད་པའི་སྐབས་མཚམས་ཤིག་ལ་སླེབས་ནས་དེའི་ཐད་གཅིག་བྱེད་འདོད་ཡོད་པ་རེད།

ང་ཚོས་ཚད་དེ་ལས་མཐོ་བའི་རིམ་པའི་ཐོག་ནས་དེ་ལྟར་བྱེད་ཀྱང་ཐུབ། ཚེ་འདི་ཁོ་ན་ཙམ་མིན་པར། སྐྱེ་བ་ཕྱི་མ་ལའང་བསམ་བློ་གཏོང་དགོས། སྐྱེ་བ་ཕྱི་མའི་ནང་ང་ཚོར་གནས་སྟངས་དེ་ལས་སྡུག་པ་ཞིག་འདོད་ཀྱི་མེད། ང་ཚོས་ཚེ་འདིའི་ནང་གནས་སྟངས་ཡར་རྒྱས་གཏོང་འདོད་ཡོད་པ་དེ་ནི་སེམས་ཚོར་གྱི་ནུས་ཤུགས་གཅིག་པ་དེས་སྐུལ་མ་བྱས་ཡོད་པ་དང་། དུས་ཡུན་རིང་བ་ཞིག་ལ་བལྟ་བཞིན་ཡོད། དེ་གཉིས་ཀྱི་དབར་ལ་བར་མའི་གནས་བབས་ཤིག་ཀྱང་ཡོད་ཆོག །དེ་ནི་སོ་སོའི་ནང་མི་ཁྱིམ་ཚང་ངམ་མ་འོངས་པའི་མི་རབས་ཆེད་འཁྱེར་དགོས་པའི་རྒྱུ་དངོས་ལ་གདོང་ལེན་བྱེད་སྟངས་སོགས་ཀྱི་དཀལ་ངལ་འདྲ་མིན་མི་འདོད་པ་བསམ་པ་དེ་རེད།

སྐྱེ་བ་ཕྱི་མའི་སྐོར་བསམ་བློ་གཏོང་བ་ལས་འདས་ཏེ། ང་ཚོས་སྡུག་བསྔལ་དང་བསུན་གཙེར་ཅན་གྱི་སྐྱེ་བ་ཡང་ནས་ཡང་དུ་ལེན་པའི་རྒྱུན་གྱི་འཁོར་མོ་འདི་ལས་ཡོངས་སུ་ཐར་འདོད་ཀྱི་སེམས་སྐུལ་ཐེབས་སྲིད་པའམ། ཡང་ན་སྙིང་རྗེས་ཀུན་ནས་བསླངས་ཏེ། ཚང་མ་དཀའ་ངལ་གྱི་རིམ་པ་དེ་དག་ཐམས་ཅད་ལས་ཐར་བར་རོགས་བྱེད་པའི་ཐོག་བསམ་བློ་གཏོང་ཆོག །གལ་ཏེ་ང་ཚོས་དེ་ལྟར་བྱེད་ཀྱི་ཡོད་ན། དེ་ནས་ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འབད་བརྩོན་བྱེད་ཀྱི་ཡོད།

ཚད་མཐོའི་ཀུན་སློང་གི་རིམ་པ་དེ་དང་ལྡན་པའི་གང་ཟག་ཅིག་ཆགས་པར། སྦྱོང་བརྡར་ཧ་ཅང་མང་པོ་དགོས་ཀྱི་ཡོད། འོན་ཀྱང་ང་ཚོ་ད་ལྟ་རིམ་པ་གང་དུ་ཡོད་ཀྱང་། ང་ཚོས་ཕན་ཐོགས་ཅན་གྱི་ཐབས་ལམ་དུ་མ་ཞིག་སངས་རྒྱས་ཀྱི་ཆོས་ནས་ཤེས་ཐུབ། དཔེར་ན། ང་ཚོས་ཚེ་འདི་གཅིག་པུར་བསམ་བློ་བཏང་ནའང་། རང་གིས་རང་ལ་བསམས་ནས་རང་གི་དཀའ་ངལ་ལས་ཐར་བ་ཙམ་མིན་པར། སྙིང་རྗེ་ལ་བརྟེན་ནས་གཞན་དོན་བསམས་ཏེ་སེམས་སྐུལ་ཐེབས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་དཀའ་ངལ་དེ་དག་གིས་སྡུག་པོ་མྱོང་འཇུག་པ་དང་ཧ་ཅང་ན་ཟུག་ཅན་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་སྡུག་བསྔལ་ལས་ཐར་བའི་དམིགས་ཡུལ་འཛིན་གྱི་མེད། འོན་ཀྱང་དེ་དག་གིས་ང་ཚོས་གཞན་ལ་ཕན་ཐོགས་ཆེ་ཤོས་བྱེད་པ་ལ་འགོག་རྐྱེན་བྱེད་པའི་རྒྱུ་མཚན་གྱིས་ཡིན། དེ་ནི་བློ་སྦྱོང་བའི་སྒོ་ནས་རང་གིས་རང་ཡར་རྒྱས་གཏོང་ཚུལ་དེ་རེད།

དཔེ་ཆ་བཞག་ན། རང་ཉིད་ཆང་རག་ལང་ཤོར་བ་ཞིག་ཡིན་པའི་དབང་དུ་བཏང་ན། ལྟ་ཚུལ་གཅིག་གི་ཐོག་ནས་ང་ཚོས་ཆང་རག་ལ་བརྟེན་དགོས་པ་ལས་ཐར་ཐབས་ཆེད་སེམས་སྐུལ་ཐེབས་སྲིད། གང་ཡི་ཟེར་ན། དེ་ནི་རང་ཉིད་དང་། རང་ཉིད་ཀྱི་འཕྲོད་བསྟེན། དེ་བཞིན་སྤྱིར་བཏང་རང་དང་འབྲེལ་བ་ཚང་མར་ཧ་ཅང་གནོད་ཚབས་ཅན་ཞིག་ཡིན། ཞོགས་པ་ར་དྭངས་ཚར་རྗེས་ཀྱི་ཆང་ནད་དེ་ཡོད་སྐབས་ང་ཚོ་སྐྱིད་པོ་མེད་པ་དང་མི་བདེ་བ་ཚོར་ཀྱི་ཡོད། གལ་ཏེ་ང་ཚོས་སོ་སོའི་ནང་མི་ལ་བསམ་བློ་བཏང་ན། ང་ཚོ་དེ་ལས་ཀྱང་སེམས་འགུལ་ཤུགས་ཆེ་བ་ཐེབས་སྲིད་པ་ཡིན། དཔེར་ན། ངས་ཆང་འཐུང་བ་དེས་ཕ་མ་བཟང་པོ་ཞིག་ཡིན་པ་དེར་ཇི་ལྟར་འགོག་རྐྱེན་བྱེད་ཀྱི་ཡོད་པ་དང་། ར་བཟི་བའི་རྒྱུ་མཚན་གྱིས་ངས་ནམ་རྒྱུན་སྨྱོ་འཚུབ་འཚུབ་ཀྱིས་ལས་ཀ་ཇི་ལྟར་བྱེད་ཀྱི་ཡོད་པ། དེས་ཀྱང་སོ་སོའི་ནང་མི་དང་གྲོགས་པོ་སོགས་ལ་དངོས་གནས་གནོད་སྐྱོན་གཏོང་གི་ཡོད་པ་བཅས་ལ་བསམ་བློ་གཏོང་དགོས། སོ་སོའི་ནང་མི་ལ་ང་ཚོ་དགོས་གལ་ཡོད་པ་དང་ཆང་རག་ལང་ཤོར་གྱི་དཀའ་ངལ་དེས་ང་ཚོར་ཡོད་པའི་དགོས་མཁོ་ངོ་མ་དེ་བསྐོང་བར་འགོག་རྐྱེན་བྱེད་ཀྱི་ཡོད་པ་རྟོགས་པའི་སྐབས། ཆང་རག་ལ་བརྟེན་དགོས་པའི་གནས་སྟངས་དེ་ལས་ཐར་ཐབས་སུ་ང་ཚོར་ནུས་ཤུགས་མང་བ་སྤྲོད་ཀྱི་ཡོད།

ང་ཚོས་ཚེ་འདི་ཡར་རྒྱས་གཏོང་ཐབས་སུ་ནང་ཆོས་ནས་གསུངས་པའི་ཐབས་ལམ་ཁག་ལག་བསྟར་བྱེད་ནའང་། གཞན་དོན་དུ་བྱམས་དང་སྙིང་རྗེའི་ཀུན་སློང་ཡོད་དགོས་པ་ནི་ཧ་ཅང་གལ་ཆེ། གཞན་གཅེས་འཛིན་གྱི་བློའི་ཁྱེར་སོ་གོང་དུ་སྤེལ་བར་བློ་སྦྱོང་གི་ཆོས་འདི་དག་གི་ནང་གཙོ་བོ་ནན་བརྗོད་བྱས་ཡོད། ང་ཚོས་ཐབས་ལམ་དེ་དག་མང་པོ་ཞིག་ནི་རང་ཁོ་ནའི་བདེ་བའི་དོན་དུ་ལག་བསྟར་བྱེད་ཆོག་ཀྱང་། ང་ཚོས་ཐབས་ལམ་འདི་དག་བཀོལ་སྤྱོད་ཐོག་གཞན་ལ་ཕན་ཐོགས་གང་ཆེ་བསྒྲུབ་ཐུབ་ན་དེ་ནི་མཆོག་ཏུ་གྱུར་བ་ཞིག་ཡིན་པ་སྨྲོས་མི་དགོས་པ་རེད།

མི་ཚེའི་ནང་རྟག་བརྟན་མེད་པའི་ཆོས་བརྒྱད། ༼འཇིག་རྟེན་ཆོས་བརྒྱད།༽

ང་ཚོའི་མི་ཚེའི་ནང་དཀའ་ཚེགས་ཅན་གྱི་གནས་སྟངས་འདྲ་མིན་དང་འཕྲད་ཀྱི་ཡོད། དེ་དག་སྡུག་བསྔལ་ཅན་ཞིག་ཡིན་པས་དཀའ་ངལ་ཅན་ཞིག་ཡིན་སྲིད། ལུས་ཀྱི་སྒོ་ནས་དེ་དག་སྡུག་བསྔལ་ཅན་ཞིག་ཡིན་མི་དགོས་པར་སེམས་ཀྱི་ཐོག་ནས་ཀྱང་སྡུག་བསྔལ་ཅན་ཡིན་ཆོག །དཀའ་ཚེགས་ཅན་གྱི་གནས་སྟངས་གང་འདྲ་ཡིན་ང་ཚོས་རྟོགས་ཐུབ། དཔེར་ན། ཉོན་མོངས་ཤུགས་ཆེར་འབྱུང་བའི་རྒྱུ་བྱེད་པའི་གནས་སྟངས་དང་འཕྲད་པ་ལྟ་བུ་རེད། ཕྱོགས་གཅིག་ནས་ཉོན་མོངས་དེ་དག་ཁོང་ཁྲོ་ཡིན་ཆོག་ཀྱང་། ཕྱོགས་གཞན་ཞིག་ནས་འདོད་ཆགས་ཤུགས་ཆེན་ཞིག་ཀྱང་ཡིན་ཆོག །ང་ཚོའི་སེམས་འདི་ཁོང་ཁྲོ་དང་སྡང་འཛིན་གྱིས་ཁེངས་པའམ། ཡང་ན་ང་ཚོའི་སེམས་འདི་འདོད་ཆགས་ཤུགས་ཆེར་དང་ཞེན་པས་ཁེངས་པའི་སྐབས། ང་ཚོ་མི་བདེ་བ་ག་ཚོད་ཡོང་གི་ཡོད་པ་ཚང་མས་མཁྱེན་གསལ་རེད།

གནས་སྟངས་ཁ་ཤས་ནི་དམིགས་བསལ་དཀའ་ཚེགས་ཅན་དེ་འདྲ་རེད། ནང་ཆོས་ནང་དེ་དག་རྣམ་གྲངས་བརྒྱད་དུ་ཕྱེས་ཡོད་པ་ལ་ transitory things in life “མི་ཚེའི་ནང་གི་རྟག་བརྟན་མེད་པའི་ཆོས་” ཞེས་ཟེར་གྱི་ཡོད། སྐབས་རེར་དེ་དག་ལ་འཇིག་རྟེན་ཆོས་བརྒྱད་དེ་ eight worldly dharmas ཅེས་བསྒྱུར་བ་ཡོད། འོན་ཀྱང་དེ་དག་ནི་ང་ཚོའི་མི་ཚེའི་ནང་འབྱུང་བའི་རྟག་པ་དང་བརྟན་པོ་མེད་པའི་གནས་སྟངས་ཀྱི་སྐོར་ཤོད་ཀྱི་ཡོད། དེ་དག་ནི་ཡུན་དུ་མི་གནས་ཤིང་འཛད་འགྲོ་གི་ཡོད། དེ་དག་ཀྱང་ཆ་བཞིའི་ནང་འབྱུང་གི་ཡོད་པ་སྟེ།

  • བསྟོད་པ་དང་སྨད་པ། གལ་ཏེ་ང་ཚོར་བསྟོད་པ་བྱས་ན། ང་ཚོ་བློ་སྤོབས་དང་ཆགས་སེམས་སྐྱེ་གི་ཡོད། ང་ཚོར་སྨད་པ་བྱེད་པའི་སྐབས། ང་ཚོ་བློ་ཕམ་དང་ཁོང་ཁྲོ་ཟ་གི་ཡོད།
  • སྙན་པ་དང་མི་སྙན་པ། ང་ཚོར་གནས་ཚུལ་བཟང་པོ་དང་སྙན་པོ་ཐོས་པའི་སྐབས། ང་ཚོ་སྤྲོ་བ་རབ་ཏུ་འཕེལ་བ་དང་དེ་ལ་ཆགས་སེམས་སྐྱེ་རྒྱུ་ཡིན་པ་ནི་ཤོད་ག་ལ་དགོས། ད་དུང་དེ་ཡུན་དུ་ནམ་ཡང་མི་གནས་པ་ཡིན་ནའང་གནས་ན་ཅི་མ་རུང་བསམ་གྱི་ཡོད། ང་ཚོར་གནས་ཚུལ་ངན་པའམ་མི་སྙན་པ་ཐོས་པའི་སྐབས། ཧ་ཅང་སེམས་སྡུག་བྱེད་པ་དང་། ནམ་རྒྱུན་སེམས་ངལ་དང་ཁོང་ཁྲོ་ཟ་གི་ཡོད།
  • རྙེད་པ་དང་མ་རྙེད་པ། དཔེར་ན། མི་ཞིག་གིས་རང་ཉིད་ལ་དངོས་པོ་ཞིག་སྦྱིན་པའི་སྐབས། ང་ཚོ་ཧ་ཅང་དགའ་པོ་དང་སྤྲོ་པོ་ཆགས་ནས་ “ཨོ་ཧོ། དེ་འདྲའི་ཡག་ག་ལ་” ཞེས་བསམ་གྱི་ཡོད། ཡང་ང་ཚོའི་དངོས་པོ་ཞིག་བརླག་པའམ་མི་གཞན་གྱིས་འཕྲོག་པ། ཡང་མིན་ན་དངོས་པོ་དེ་འཕྲོ་བརླག་གཏོང་བའི་སྐབས། ང་ཚོ་ཧ་ཅང་བློ་ཕམ་ཡོང་གི་ཡོད། རྙེད་པ་དང་མ་རྙེད་པ་དེ་ང་ཚོའི་མི་ཚེའི་ནང་འཕྲད་བཞིན་པའི་མི་རྣམས་ཀྱི་ཐོག་ནས་ཀྱང་ཡོང་ཆོག་པ་ཡིན། ང་ཚོར་གྲོགས་པོ་ཞིག་རྙེད་པའམ་རང་གི་བརྩེ་བའི་མི་ཞིག་དང་བྲལ་བ། དེ་ག་ནང་བཞིན་དཔལ་འབྱོར་གི་ཐོག་ནས་ཀྱང་ཡོང་ཆོག་པ་ནི་གསལ་པོ་རེད།
  • བདེ་བ་དང་མི་བདེ་བ། ང་ཚོ་སྤྲོ་སེམས་འཁོལ་ནས་ཆགས་སེམས་སྐྱེ་བའམ། ཡང་ན་ང་ཚོ་སེམས་ངལ་ཆགས་པ་དང་ཁོང་ཁྲོ་ཟ་གི་ཡོད།

རང་གཅེས་འཛིན་ཡོད་པའི་རྒྱུ་མཚན་གྱིས་རྟག་བརྟན་མེད་པའི་བྱུང་རྐྱེན་བརྒྱད་པོའམ་འཇིག་རྟེན་ཆོས་བརྒྱད་དག་ལ་བརྟེན་ནས་ང་ཚོ་བློ་ཕམ་ཆགས་ཀྱི་ཡོད། སོ་སོ་ཅི་འདྲའི་ཡག་པོ་ཡོད་པའམ། ཡང་ན་རང་ཉིད་ཅི་འདྲའི་ཡ་ང་བ་དང་ཐབས་སྐྱོ་པོ་ཡིན་པ་སོགས་སོ་སོ་རང་ཉིད་དང་རང་ཉིད་ལ་གང་འབྱུང་གི་ཡོད་པའི་རང་དོན་ཁོ་ནར་བསམ་གྱི་ཡོད།

གནས་སྐབས་ཀྱི་གཉེན་པོ་བསྟེན་པ།

སངས་རྒྱས་ཀྱིས་ཉོན་མོངས་ལས་ཐར་བའི་ཐབས་ལམ་མི་འདྲ་བ་དུ་མ་གསུངས་ཡོད་པ་དེ་དག་ནམ་རྒྱུན་འཇིག་རྟེན་ཆོས་བརྒྱད་ཀྱི་ཁ་གཏད་དུ་འབྱུང་གི་ཡོད། དེ་དག་རེ་རེ་ལ་གཞན་གཅེས་པར་འཛིན་པའི་བསམ་བློ་ཕན་ཐོགས་ཆེ་བ་གང་ཞིག་ང་ཚོས་ཉམས་སུ་མྱོང་བཞིན་པ་ལ་ལྟ་བར་རང་གིས་རང་ལ་སྦྱོང་བརྡར་བྱེད་པ་ཚུད་ཡོད། དེ་དག་ལས་ཐབས་ལམ་གཅིག་ནི་གནས་སྟངས་ཤིག་ལ་གནས་སྐབས་ཀྱི་གཉེན་པོ་ཞིག་ལ་བརྟེན་ནས་ལྟ་རྒྱུ་དེ་རེད། ཉོན་མོངས་ཐམས་ཅད་རྩད་ནས་སྤོང་གི་མེད་ལ་གཏིང་ཟབ་པོ་དེ་ཙམ་འགྲོ་གི་མེད། འོན་ཀྱང་དེ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད།

ཁོང་ཁྲོའི་གཉེན་པོར་བྱམས་པ།

དཔེ་ཞིག་བཞག་ན། ང་ཚོའི་གནས་སྟངས་ཡ་ང་པོ་དང་སྐྱིད་པོ་མེད་པའི་སྐབས། ང་ཚོའི་མི་ཚེའི་ནང་མི་ཞིག་གིས་རང་ཉིད་ལ་གདུག་རྩུབ་དང་སྣང་བར་མི་འགྲོ་བའི་སྒོ་ནས་ལྟ་ཚུལ་འཛིན་ཞིང་། ང་ཚོ་རྟག་ཏུ་མི་དེ་ལ་ཁོང་ཁྲོ་ཟ་གི་ཡོད། སོ་སོ་ཁོ་ནར་བསམ་པ་སོང་ཙང་། ང་ཚོས་ “ཁོང་ཚོའི་ང་ལ་ལྟ་ཚུལ་འཛིན་སྟངས་དེ་ལ་ང་རང་སྣང་བར་འགྲོ་གི་མི་འདུག་” ཅེས་ཞེན་འཛིན་སྐྱེད་གི་ཡོད། ང་ཚོས་སྐབས་འདིར་ཁོང་ཁྲོའི་གནས་སྐབས་ཀྱི་གཉེན་པོར་བྱམས་པ་བསྟེན་དགོས། ད་ལྟ་ང་ཚོས་ལས་སླ་པོའི་སྒོ་ནས་ “མི་དེ་ལ་ཁོང་ཁྲོ་མ་སྟོན་པར་བྱམས་བརྩེ་སྟེར་དགོས་” ཞེས་ཟེར་བ་ཙམ་མིན། ང་ཚོ་མང་ཆེ་བ་ལ་དེ་ལྟར་ལམ་སེང་འགྱུར་བ་གཏོང་རྒྱུ་མི་སྲིད་པ་འདྲ་པོ་ཡིན་པ་གསལ་པོ་རེད། ཡིན་ནའང་དེ་ནི་གཞན་གཅེས་འཛིན་ལ་གཞི་བཅོལ་ཏེ་ང་ཚོའི་སེམས་ཚོར་གྱི་གནས་བབས་འགྱུར་བ་གཏོང་ཐུབ་པའི་ཆེད་གོ་རྟོགས་བེད་སྤྱོད་གཏོང་བའི་དཔེ་ཡག་པོ་ཞིག་རེད།

མི་དེས་ང་ཚོར་བྱ་སྤྱོད་ཧ་ཅང་སྡུག་ཅག་བྱེད་ཀྱི་འདུག །ཁོང་ཚོས་དེ་ལྟར་བྱེད་པའི་རྒྱུ་མཚན་གང་ཡིན་ནམ། ཁོང་ཚོར་མ་འགྲིག་པ་གཅིག་འདུག །ཁྱེད་ཀྱི་མི་ཚེའི་ནང་དུས་རྟག་ཏུ་རྙོག་དྲ་ཤོད་མཁན་གྱི་གང་ཟག་དེ་འདྲ་ཡོད་ཤག་རེད། ཁོང་ཚོ་ཁྱེད་དང་མཉམ་དུ་ག་དུས་ཡོད་ཀྱང་། ཁོང་ཚོས་འདི་འགྲིག་གི་མི་འདུག་དང་དེ་འགྲིག་གི་མི་འདུག་ཅེས་རྙོག་དྲ་རྐྱང་རྐྱང་གི་སྐོར་ཤོད་ཀྱི་ཡོད། ཁོང་ཚོས་སོ་སོ་རང་ཉིད་ཁོ་ནའི་སྐོར་ཤོད་པ་དང་། ཁོང་ཚོའི་མཉམ་དུ་ཡོད་པ་ནི་རྦད་དེ་སེམས་ངལ་ཡིད་ཞུམ་གྱི་མྱོང་བ་ཁོ་ནར་ཟད། གལ་ཏེ་ང་ཚོས་དེ་ལ་དཔྱད་པ་བྱས་ན། མི་དེས་བྱ་སྤྱོད་དེ་འདྲ་སྤེལ་བའི་རྒྱུ་མཚན་ནི་ཁོང་ཚོ་ཧ་ཅང་སེམས་མི་སྐྱིད་པ་ཡིན་པ་རེད། ང་ཚོའི་བསམ་བློའི་ཁྱེར་སོ་འགྱུར་བ་གཏོང་བར་དོན་སྨིན་གྱི་ཐབས་ཤིག་ནི། “གལ་ཏེ་མི་འདི་གཅིག་པུ་སྐྱིད་པོ་ཡོང་ཐུབ་ན། དེ་ནས་ཁོང་ཚོས་རྟག་ཏུ་རྙོག་དྲ་ཤོད་རྒྱུ་དང་ང་རང་ལ་དཀའ་ལས་ཁག་པོ་བཟོ་བ་དེ་མཚམས་འཇོག་བྱེད་ངེས་རེད།” ཅེས་བསམ་དགོས། ནང་ཆོས་ནང་གི་བྱམས་པ་ཞེ་པའི་མཚན་ཉིད་ནི། མི་གཞན་དེ་ལ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་ཤོག་ཅེས་ཡིད་སྨོན་བྱེད་པ་དེ་ཡིན། བྱས་ཙང་། མི་གཞན་དེ་མཐོང་ས་མེད་པ་ཕྱིན་ནས་ང་ཚོར་བསུན་པོ་མ་བཟོས་ན་བསམ་པའི་རེ་འདུན་དེའི་ཚབ་ལ་ང་ཚོས་མི་དེ་སྐྱིད་པོ་ཡོང་བ་དང་། ཁོང་ཚོར་བསུན་པོ་བཟོ་ཚད་ཚང་མ་དང་འབྲལ་བར་ཤོག་ཅེས་ཡིད་སྨོན་བྱས་ན། ང་ཚོ་སེམས་སྡུག་ཉུང་བ་ཡོང་གི་རེད། སྒོམ་རྒྱག་པའི་སྐབས་དེ་ལྟ་བུའི་བསམ་བློའི་ཁྱེར་སོ་འགྱུར་བ་གཏོང་སྟངས་ཉམས་ལེན་བྱེད་པ་ནི་བློ་སྦྱོང་ཡིན།

བརྙན་པར། སློབ་དཔོན་ཆེན་མོ་རོ་བྷརྟ་ ཐར་མན། “རང་གི་དགྲ་བོར་བརྩེ་བ་སྤྲོད་སྟངས་སྦྱོང་བ།” 

ཆགས་ཞེན་གྱི་འཁྲིག་སྤྱོད་ལ་ཡིད་འཕྲོག་པ་ཉུང་དུ་གཏོང་བ།

དེ་ག་ནང་བཞིན་གལ་ཏེ་ང་ཚོ་མི་ཞིག་ལ་ཧ་ཅང་ཡིད་དབང་འཕྲོག་པ་ཡིན་ན། ང་ཚོས་རྟོག་འཆར་བཀོལ་སྤྱོད་གཏོང་འཇུག་མཁན་གནས་སྐབས་ཀྱི་གཉེན་པོ་བསྟེན་དགོས། རང་གཅེས་འཛིན་དང་བཅས་ཏེ་མི་དེའི་ཕྱིའི་སྣང་ཚུལ་ཙམ་ལ་བསམ་བློ་བཏང་ནས་དེ་སོ་སོའི་ཡུལ་ཙམ་དུ་རང་གི་བདེ་བ་ལོངས་སུ་སྤྱོད་རྒྱུའི་ཚབ་ལ་ང་ཚོས་མི་དེའི་གྲོད་ཁོག་དང་། རྒྱུ་མ། ཀླད་པ་ལ་སོགས་པ་ནང་གི་སྣང་ཚུལ་གང་འདྲ་ཡོད་མེད་ཐོག་བསམ་བློ་གཏོང་ཆོག་པ་ཡིན། དམིགས་བསལ་ཕན་ཐོགས་ཅན་ཞིག་ནི། ང་ཚོས་མི་དེའི་ངོ་ལ་བལྟ་བའི་སྐབས་སུ་ཀླད་ཐོད་ཀྱི་དབྱིབས་ལ་བསམ་བློ་གཏོང་རྒྱུ་དེ་རེད། ང་ཚོས་གང་སེམས་ལ་འཆར་བ་བྱེད་པ་དེ་ནི་བདེན་པ་ཡིན་ཞིང་། དེ་ནི་མི་དེའི་ལྤགས་པའི་འོག་ཏུ་གང་ཡོད་པ་དེ་ཡིན།

ཡང་ཐབས་ལམ་ཕན་ནུས་ལྡན་པ་གཞན་ཞིག་ནི། མི་དེ་དག་ཕྲུ་གུ་མ་འབྱར་ལྟར་དུ་བསམ་པ་དང་། དེ་ནས་ཁོང་ཚོ་མི་རྒས་འཁོགས་ལྟ་བུ་ཡིན་ན་གང་འདྲ་ཡོད་མེད་བསམ་བློ་གཏོང་རྒྱུ་དེ་རེད། དེ་འདྲའི་ལམ་ནས་ང་ཚོའི་འདོད་ཆགས་དེ་གཅོག་ཐབས་བྱེད་ཐུབ། ལྷག་པར་དུ་གལ་ཏེ་དེ་འཁྲིག་སྤྱོད་ཀྱི་ཡིད་འཕྲོག་པ་ཞིག་ཡིན་ན། ང་ཚོས་གང་མཐོང་བ་དེ་ཕྱིའི་སྣང་ཚུལ་ཙམ་ཡིན་པ་དང་དེ་ནི་ཡུན་དུ་མི་གནས་པ་ངེས་པ་ཞིག་ཡིན་པ་རྟོགས་དགོས། ཡང་ན་མི་དེ་ལ་ལྤགས་ནད་ཞེད་སྣང་ཚ་བོ་ཞིག་ཡོད་པའམ་ཡང་ན་འབུར་རྡོག་ཆེན་པོས་གཏུམས་བཞག་ཡོད་ན། ང་ཚོས་ད་དུང་དེ་ཧ་ཅང་ཡིད་དབང་འཕྲོག་པ་མཐོང་ངམ། མི་དེའི་ནང་ལོགས་སུ་དོན་ངོ་མ་རྒྱུ་མ་དང་རུས་པ་སོགས་ཡོད་པ་ང་ཚོས་ག་ཚོད་ཡག་པོ་རྟོགས་པ་དེ་ཚོད་ཀྱིས་ང་ཚོའི་བློའི་ཁྱེར་སོ་འགྱུར་བ་འགྲོ་ཞིང་། ང་ཚོའི་སེམས་ཚོར་གྱི་ཡི་མུག་དེ་ཞི་འཇམ་ཆགས་ཀྱི་ཡོད། ང་ཚོ་བརྟན་དུ་འགྲོ་གི་ཡོད།

དེ་ནས་ང་ཚོས་ཁོང་ཚོ་ལ་གཅེས་སྐྱོང་གི་བསམ་ཕྱོགས་ཤིག་སྐྱེད་ཕྱིར་ཐབས་ལམ་ཁག་ལག་བསྟར་བྱེད་ཆོག །ང་ཚོས་འཁྲིག་སྤྱོད་ཀྱི་ཆགས་པ་ཧ་ཅང་ཤུགས་ཆེན་སྐྱེ་སའི་མི་དེ་ལ་མཚོན་ན། ང་ཚོར་ཆགས་པ་ཤུགས་ཆེན་ཡོད་པ་དང་མི་དེ་ཡིད་དབང་འཕྲོག་པའི་སྐབས། ནམ་རྒྱུན་ང་ཚོའི་དམིགས་ས་གཅིག་པུ་དེ་ནི་ལུས་པོ་དེ་ཡིན་པ་ང་ཚོས་མཐོང་ཐུབ། ཁོང་ཚོ་འགྲོ་བ་མི་ཡིན་པ་དང་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ། དེ་བཞིན་ཁོང་ཚོར་འཁྲིག་སྤྱོད་ཀྱི་ཡུལ་ཙམ་དུ་ལྟ་ཚུལ་འཛིན་པར་མི་འདོད་པའི་བདེན་དོན་དེ་དག་ང་ཚོས་མཐོང་ཐུབ་ཀྱི་མེད། མི་དེ་ལ་སོ་སོའི་ཉེན་སྲུང་མེད་པའི་ཚོར་བ་ཡོད་པ་དང་། སོ་སོའི་སེམས་ཚོར་གྱི་དཀའ་ངལ་ཡོད་པ། སོ་སོའི་ནང་མིའི་དཀའ་ངལ་ཡོད་པ། དེ་ལྟར་ལྟ་ཚུལ་འཛིན་པ་ནི་ཁོང་ཚོ་འཁྲིག་སྤྱོད་ཀྱི་ཡུལ་ཙམ་དུ་མཐོང་བའི་གཉེན་པོ་ཡིན། ཁོང་ཚོ་ནི་དོན་ངོ་མ་ང་ཚོས་འགྲོ་བ་མི་དངོས་ཡིན་པ་མཐོང་ནས་ཁོང་ཚོའི་བདེ་སྐྱིད་དང་བདེ་ཐབས་ཀྱི་ཆེད་ལྷག་བསམ་རྣམ་དག་གིས་སེམས་འཁུར་སྐྱེད་རྒྱུ་འགོ་བཙུག་དགོས།

སློང་མོ་བ་དང་དབང་པོ་སྐྱོན་ཅན་རྣམས་ལ་ཞེན་ལོག་དང་སྣང་མེད་རྒྱ་ཡན་སྤོང་བ།

གནས་སྐབས་ཀྱི་གཉེན་པོ་སྟེན་རྒྱུ་དེ་ང་ཚོས་ལྟ་ན་མི་སྡུག་པའི་མདོག་ཉེས་ཞེན་ལོག་སྐྱེ་དགོས་པའི་མི་ཞིག་མཐོང་བའི་སྐབས་ཧ་ཅང་ཕན་ནུས་ལྡན་པ་ཡོད། དེ་ཡང་དམིགས་བསལ་ང་ཚོར་སློང་མོ་བ་དང་ཧ་ཅང་དབུལ་ཞིང་ཕོངས་བ་དང་གོ་གནས་དམའ་བའི་མི་རྣམས་འཕྲད་སྐབས་འདི་ནི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། དེ་ལྟ་བུའི་མི་རྣམས་ནི་འདི་ག་མེཀྶི་ཁོའམ་ཡང་ན་རྒྱ་གར་ལྟ་བུའི་ནང་རྒྱལ་ཁབ་གཞན་ལས་མང་བ་ཡང་སེ་མཐོང་རྒྱུ་ཡོད། ང་ཚོས་དབང་པོ་སྐྱོན་ཅན་གྱི་མི། དཔེར་ན། ལོང་བ་དང་། འོན་པ། གཟའ་གྲིབ་འཕོག་པའི་ནད་པ་སོགས་ནམ་རྒྱུན་ང་ཚོ་ཁོང་ཚོ་དང་མཉམ་དུ་ཡོད་སྐབས་མི་སྡུག་པ་དང་མི་བདེ་བ་ཚོར་བའི་སྐབས་སུའང་བེད་སྤྱོད་བྱེད་ཆོག

བྷར་ལཱིན་ལ་དབང་པོ་སྐྱོན་ཅན་རྣམས་དང་འབྲེལ་བའི་འགྲེམས་སྟོན་ཞིག་བྱས་པ་ངས་དྲན་གྱི་འདུག །དེའི་སྐབས་ཀྱི་ལེ་ཚན་གཅིག་ནི་རྩ་གྲིབ་འཕོག་པའི་ནད་པ་རྣམས་ལ་བརྙན་པར་བརྒྱུད་འདྲི་མོལ་བྱེད་ཀྱི་འདུག །ཁོང་ཚོའི་ཡན་ལག་རྣམས་དབང་མེད་ཀྱིས་ཁྱུག་འགུལ་བྱེད་བཞིན་པ་དང་ཁ་ནི་ཟུར་དུ་ཀྱོག་པ། དེ་བཞིན་ཁོང་ཚོའི་ངག་ནས་སྐད་ཆ་རྡབ་ལྡིབ་དུ་སྨྲ་བཞིན་འདུག །མི་དེ་དག་གིས་སོ་སོའི་འཁྲིག་སྤྱོད་ཀྱི་མི་ཚེའི་སྐོར་སྐད་ཆ་ཤོད་པ་དང་། དོན་ངོ་མར་ཁོང་ཚོར་སེམས་ཚོར་གྱི་རིགས་དང་འཁྲིག་སྤྱོད་ཀྱི་དགོས་གལ་གཅིག་པ་གཅིག་རྐྱང་ཡོད་པ་དང་། མི་ཚང་མར་ཡོད་པ་ནང་བཞིན་ཕན་ཚུན་གྱི་འབྲེལ་བ་ཡོད་ན་བསམ་གྱི་ཡོད། དེ་ལྟར་ཁོང་ཚོར་ཡོད་པའི་བརྩེ་བའི་འབྲེལ་བ་དེ་འགྲེལ་བརྗོད་བྱས་ཡོད། འགྲེམས་སྟོན་དེ་ལ་གྲོང་ཁྱེར་གྱི་སློབ་ཕྲུག་ཚང་མ་འགྲོ་དགོས་ཀྱི་ཡོད། དེ་ནི་ངའི་བསམ་པར་ཧ་ཅང་ཡག་པོ་རེད། དེ་ནི་མི་གཞན་དག་ནང་བཞིན་ཁོང་ཚོའང་ངོ་མ་ཡིན་པ་སྟོན་ཕྱིར་རེད། དེ་ནི་ང་ཚོ་མི་དེ་འདྲ་དང་མཉམ་དུ་ཡོད་པའི་སྐབས། རང་རྒྱུད་ཀྱི་བདག་འཛིན་ཞེན་ལོག་གམ་སྣང་མེད་རྒྱ་ཡན། ཡང་ན་བཟོད་མ་བདེ་བ་བཅས་ལས་ཐར་བའི་ཐབས་ཕན་ཐོགས་ཅན་ཞིག་ཡིན།

ཐབས་ལམ་གཞན་ཞིག་ནི་ཁྱེད་ཀྱིས་མི་རྒས་འཁོགས་ཤིག་རྒྱ་ལམ་ནང་སློང་པོ་རྒྱག་པ་མཐོང་བའི་སྐབས། དེ་སོ་སོའི་ཨ་མ་ཡིན་པར་སེམས་ནང་འཆར་བར་བྱེད་པའམ། ཡང་ན་ཁྱིམ་མེད་པ་དང་སློང་པོ་རྒྱག་བཞིན་པ་དེ་རང་གི་ཨ་ཕ་ཡིན་པར་བསམ་དགོས། ཡང་གལ་ཏེ་ཁྱེད་ཀྱིས་ན་གཞོན་ཁྱིམ་ནས་བྲོས་སླེབས་མཁན་ཞིག་སློང་མོ་རྒྱག་བཞིན་པ་མཐོང་ན། དེ་སོ་སོའི་བུའམ་བུ་མོ་གནས་སྟངས་དེའི་ནང་ཡོད་པར་བསམ་དགོས། འདི་ལྟའི་ང་ཚོས་མི་དེ་ལ་ངོས་འཛིན་བྱེད་སྟངས་ཀྱི་བློའི་ཁྱེར་སོའི་འགྱུར་བཅོས་ཀྱིས་ང་ཚོའི་སེམས་ཚོར་གྱི་ཡ་ལན་ལ་རྦད་དེ་འགྱུར་བ་གཏོང་གི་ཡོད།

ངས་དེ་ལྟར་ནམ་ཡང་བྱས་མེད་ཅེས་ངོས་ལེན་བྱེད་དགོས་ངེས་རེད། འོན་ཀྱང་ནིའུ་ཡོརྐ་ལ་ངས་ནུབ་ཕྱོགས་པའི་ཛཻན་བསམ་གཏན་པའི་སློབ་དཔོན་ཞིག་ངོ་ཤེས། ཁོང་ལ་དགེ་ཕྲུག་མང་པོ་ཡོད། གལ་ཏེ་ཁོང་ཚོར་འདོད་མོས་ཡོད་ན། ཕྱི་ལོགས་རྒྱ་ལམ་སྟེང་སྒོར་མོ་གཅིག་ཀྱང་མེད་པར་ཕྱིན་ཏེ་ཁྱིམ་མེད་པའི་སྒོ་ནས་བདུན་ཕྲག་གཅིག་གི་རིང་སློང་པོ་བྱེད་ཀྱི་འདུག །དེ་ནི་ཁོང་ཚོས་འཚོ་བ་དེ་གང་འདྲ་ཡོད་མེད་ཉམས་སུ་མྱོང་བའི་ཆེད་ཙམ་ཡིན།

དེ་དག་ནི་གཞན་དག་གནས་སྟངས་དཀའ་ཚེགས་ཅན་གྱི་ནང་ཡོད་སྐབས། ང་ཚོའི་སྣང་མེད་རྒྱ་ཡན་ལས་ཐར་བའི་སྨན་ཧ་ཅང་ནུས་སྟོབས་ལྡན་པ་རྣམས་རེད། ང་ཚོར་དེ་འདྲའི་མི་དང་ཐུག་འཕྲད་སྐབས། ང་ཚོས་ཁོང་ཚོར་བལྟ་འདོད་ཀྱང་མེད་པ་ག་ཚོད་བྱེད་ཀྱི་ཡོད་པའི་ཐོག་ང་རང་བསམ་བློ་གཏོང་གི་ཡོད། དེས་ང་ཚོར་བཟོད་མ་བདེ་བ་བཟོ་གི་ཡོད། དེའི་ཕྱོགས་གཞན་དེར་ཡོད་པར་བསམ་བློ་གཏོང་དང་། དེར་ཁྱེད་རང་དཀའ་སྡུག་མྱོང་བཞིན་ཡོད་པ་དང་། སུས་ཀྱང་ཁྱེད་ལ་བལྟ་འདོད་ཀྱང་མི་བྱེད་ལ་ཁྱེད་རང་གནས་པར་ངོས་ལེན་མི་བྱེད་པའམ། ཡང་ན་ཁོང་ཚོས་ཁྱེད་དུག་སྦྲང་ཡིན་པ་ནང་བཞིན་རྗེས་འདེད་ཀྱིས་ཐག་རིང་དུ་གཏོང་གི་རེད། གང་ལྟར་ཡང་། དེ་ནི་གཉེན་པོ་བསྟེན་པའི་ཐབས་གཅིག་རེད། ཡིན་ནའང་འདི་དག་ནི་གནས་སྐབས་ཙམ་ཡིན་པས། དེ་དག་གིས་དཀའ་ངལ་གྱི་རྩ་བ་ནས་མེད་པ་བཟོ་གི་མེད།

མཐར་ཐུག་གི་གཉེན་པོ་བསྟེན་པ།

བློ་སྦྱོང་གི་ཐབས་ལམ་གཉིས་པ་ནི། གནས་སྐབས་ཀྱི་གཉེན་པོ་ཙམ་མིན་པར། དཀའ་ངལ་གྱི་རྩ་བ་མེད་པ་བཟོ་མཁན་གྱི་གཉེན་པོ་ཞིག་བསྟེན་པ་དེ་ཡིན། དེ་ནི་དུས་གཅིག་ལ་གཞི་མཐུན་མི་སྲིད་པའི་སེམས་ཀྱི་གནས་བབས་ཏེ། རྨོངས་པ་དང་འཁྲུལ་བའི་ཐད་ཀའི་ལྡོག་ཟླར་གྱུར་བ་དེ་བསྟེན་པ་ལ་གོ་བ་ཡིན། དེ་ཡང་སྟོང་པ་ཉིད་ཀྱི་དོན་རྟོགས་པ་ཞིག་ལ་གོ་ཞིང་། དེ་ནི་གང་ཟག་ཅིག་གམ་གནས་སྟངས་ཤིག་དངོས་པོའི་གནས་ལུགས་དང་རྩ་ནས་མི་མཐུན་པར་ཇི་ལྟར་གནས་པ་ལ་ལོག་པར་འཛིན་ཚུལ་ཞེས་ཟེར། ཕྱོགས་གཞན་ཞིག་ནས་ང་ཚོའི་འདོད་ཆགས་སམ་ཁོང་ཁྲོའི་རྨང་གཞིར་བྱེད་པ་ནི་གཞི་རྩའི་ཆ་ནས་དངོས་པོ་རྣམས་ཇི་ལྟར་གནས་པའི་ཐད་རྨོངས་པ་དེ་ཡིན།

སྐབས་འདིར་སྟོང་ཉིད་ཀྱི་སྐོར་གཏིང་ཟབ་པོ་གྲོས་བསྡུར་བྱ་རྒྱུའི་དུས་ཚོད་མ་རེད། བྱས་ཙང་། གང་འཆད་པར་བྱ་བ་དེ་གཞི་རིམ་གྱི་ཐོག་ནས་ཞུ་རྒྱུ་ཡིན། དཔེ་ཆ་བཞག་ན། ཁྱེད་རང་རྒས་གསོ་ཁང་ཞིག་གི་ནང་སོ་སོའི་སྤོ་པོ་དང་རྨོ་མོ་ནད་པ་ཡིན་པ་ཐུག་འཕྲད་དུ་འགྲོ་བ་ལྟ་བུ་རེད། དཔེར་ན། བར་ཤུར་བརྒྱུད་དེ་ཁོང་ཚོའི་ཉལ་ཁང་དུ་འགྲོ་བ་དང་རྒས་འཁོགས་གཉེར་འཁུམས་དུ་གྱུར་བ་རྐུབ་ཀྱག་འཁོར་ལོ་ཅན་ཞིག་ལ་བརྟེན་ནས་རང་གིས་རང་ལ་གོ་ལ་མ་གོའི་སྐད་ཆ་ཤོད་ཀྱིན་ཡོད་པ། རང་གི་པང་དུ་ཨ་ཅོར་སྒང་ལ་ཁ་ཆུ་འཛག་པ་དང་མཆུས་འཐོག་བཞིན་ཡོད་པའི་རྨོ་རྒས་འཁོགས་ཤིག་གི་ཉེ་འཁྲིས་ནས་ཁྱེད་རང་ཕྱིན་པ་རེད། དེ་འདྲ་ཞིག་མཐོང་དུས་ཧ་ཅང་བཟོད་མ་བདེ་བ་ཡོང་གི་ཡོད། ཁྱེད་ཀྱིས་རྨོ་མོ་དེ་རྟག་ཏུ་དེ་འདྲ་ཡིན་པའི་བསམ་ཕྱོགས་འཛིན་གྱི་ཡོད། ཁྱེད་རང་རྨོ་དེའི་ཉེ་འཁྲིས་ནས་ཕྱིན་པ་དང་མོས་མོ་རང་གི་ལག་པ་བརྐྱངས་ནས་ཁྱེད་ཀྱི་ལག་པ་འཛིན་ཐབས་བྱེད་པའམ་རེག་ཐབས་བྱེད་སྐབས། ཁྱེད་རང་ཞེད་སྣང་སྐྱེ་གི་ཡོད། ཁྱེད་ཀྱིས་རང་ཁོ་ནར་བསམ་བཞིན་ཡོད།

ང་ཚོས་སྐབས་འདིར་དེ་ནི་འགྲོ་བ་མི་ཞིག་ཡིན་ཞེས་དྲན་པའི་སྒོ་ནས་གནས་སྐབས་ཀྱི་གཉེན་པོ་བསྟེན་ཆོག །དཔེར་ན། ཁོ་མོ་ལ་མི་ཚེ་ཞིག་ཡོད་པ་དང་། ནང་མི་ཁྱིམ་ཚང་ཡོད་པ། འཚོ་ཐབས་ཀྱི་ཆེད་ལས་ཡོད་པ། སྔོན་ཁོ་མོ་གཞོན་ནུ་མ་ཞིག་ཡིན་པ། ཁོ་མོ་ནི་དུས་རྟག་ཏུ་གནས་སྟངས་འདི་འདྲ་ཞིག་མེད། ཁོ་མོས་ང་ལ་རེག་ཐབས་དང་འཇུ་ཐབས་བྱེད་པ་ནི། ཁོ་མོ་འགྲོ་བ་མི་ལ་རེག་འདོད་ཡོད་པ་རེད། དེ་ནི་ཕན་ནུས་ལྡན་པ་ཞིག་ཡིན་ངེས་ཀྱང་། ང་ཚོས་ད་དུང་དེ་ལས་གཏིང་ཟབ་པའི་ཐབས་ཤིག་བེད་སྤྱོད་བྱེད་ཆོག །དེ་ནི་ཁོ་མོ་ཇི་ལྟར་གནས་པའི་ཚུལ་ལ་ངའི་བསམ་བློ་གཏོང་སྟངས་དང་། ཁོ་མོ་ང་ཚོར་རྒས་ཤིང་འཁོགས་པའི་སྣང་ཚུལ་དེ་ལ་གཞན་གང་ཡང་མིན་པའི་སྒོ་ནས་ངོས་འཛིན་བྱེད་པ་ནི་མི་སྲིད་པ་ཞིག་ཡིན། མི་སུ་གཅིག་ཀྱང་གཡོ་འགུལ་མེད་པའི་འདྲ་པར་ཞིག་གི་ངོར་ཡུན་རིང་འཁྱགས་པ་ཆགས་པ་དང་འདྲ་བར་གནས་མི་ཐུབ། དེ་ནས་ང་ཚོས་ “དེ་འདྲ་མེད། མི་སྲིད་པ་རེད་” ཅེས་པའི་ཐོག་དམིགས་པ་གཏད་ངེས་རེད། དེ་ནི་ང་ཚོའི་གོ་བ་ལོག་སྒྲུབ་དེ་འགོག་ཐབས་ཤུགས་ཆེ་བ་དེ་ཡིན། དེ་ལ་བརྟེན་ནས་ང་ཚོས་ཁོ་མོའི་ཕྱོགས་སུ་དངོས་ཡོད་དང་མཐུན་ཞིང་སྙིང་རྗེ་དང་ལྡན་པའི་བསམ་ཕྱོགས་འཛིན་ཐུབ།

རྨང་གཞིར་གྱུར་བའི་ཡེ་ཤེས་གསལ་སྟོན་བྱེད་པར་ཉོན་མོངས་ལ་ངལ་གསོ་སྟེར་བ།

ཐབས་ལམ་གཞན་ཞིག་ནི་ཕྱག་རྒྱ་ཆེན་པོ་ཞེས་ཚད་མཐོའི་སྒོམ་གྱི་ནང་ཉམས་ལེན་བྱེད་པའི་ཡེ་ཤེས་མཐོང་བ་ལ་བརྟེན་ནས་ཉོན་མོངས་རྣམས་རང་ཤུགས་ཀྱིས་གྲོལ་བ་དེ་ཡིན། ཐབས་ལམ་འདིས་གཞི་རྩའི་ཆ་ལག་གྲུབ་ཚུལ་བཀོལ་སྤྱོད་པ་དང་བཅས་ཏེ་ང་ཚོའི་སེམས་ཀྱིས་དངོས་པོའི་གནས་ལུགས་རྟོགས་ཀྱི་ཡོད། དེ་ཡང་ལས་སླ་པོའི་སྒོ་ནས་བཤད་ན། ང་ཚོའི་སེམས་ཀྱི་བྱ་བ་བྱེད་སྟངས་དེ་ཡིན།

དཔེ་མཚོན་ཞིག་ལ་བལྟ་རྒྱུ་ཡིན། ང་ཚོ་མི་ཞིག་ལ་འདོད་པ་དང་ཞེན་ཆགས་ཤུགས་ཆེན་ཡོད་པ་ལྟ་བུ་རེད། གལ་ཏེ་ང་ཚོས་སེམས་འཁྲལ་དེ་སེམས་ཚོར་གྱི་གནས་བབས་དེའི་ནང་ལྷོད་ཡངས་སུ་གཏོང་ཐུབ་ན། དེའི་འོག་ནས་ང་ཚོས་གང་རྙེད་དམ་ཞེ་ན། སོ་སོར་རྟོགས་པའི་ཡེ་ཤེས་ཟེར་བ་དེ་ཤེས་རྟོགས་ཡོང་གི་ཡོད། ཕྱོགས་གཞན་ཞིག་ནས་དེ་དག་ཐམས་ཅད་ང་ཚོས་མི་དེ་ཤེས་པའི་སྒོ་ནས་འབྱུང་གི་ཡོད་པ་དང་། ང་ཚོས་མི་དེ་གཞན་ལས་ལྡོག་སྟེ་གང་ཟག་སྒེར་སོ་སོ་ལ་བྱེ་བྲག་ཏུ་ཕྱེ་གི་ཡོད། སེམས་ཀྱི་གཞི་རྩའི་སྒྲོམ་གཞི་གྱི་ཆ་ནས་དེ་དག་ཐམས་ཅད་འབྱུང་བཞིན་ཡོད། ང་ཚོས་ “མི་འདི་དངོས་གནས་དམིགས་བསལ་ཞིག་ཡིན་” ཞེས་དེ་ལ་རྟོག་འཆར་སྐྲུན་པ་དང་། ཁྱད་ཆོས་འགའ་ཞིག་ལ་སྒྲོ་འདོགས་བྱེད་པ་དང་བཅས་མི་དེ་ལ་བརྟེན་ནས་ཡིད་དབང་འཕྲོག་པའམ་འདོད་ཆགས་སོགས་མྱོང་གི་ཡོད།

འདོད་པ་ནི་ཁྱེད་ལ་དངོས་པོ་གང་ཞིག་མེད་པའི་སྐབས། ཁྱེད་ཀྱིས་དེ་འཐོབ་འདོད་བྱེད་པའམ་འཐོབ་རེ་བྱེད་པ་དེ་ཡིན། ཆགས་སེམས་ནི་ཁྱེད་ལ་དངོས་པོ་དེ་ཡོད་སྐབས། དེ་དང་འབྲལ་འདོད་མི་བྱེད་པ་དེ་ཡིན། དེ་གཉིས་ཀ་རྦད་དེ་རང་གཅེས་འཛིན་རེད། གལ་ཏེ་ང་ཚོས་སྒྲོ་འདོགས་ཀྱི་ནུས་པ་དམ་པོ་དེ་ལ་ངལ་གསོ་སྟེར་བ་དང་སེམས་ཀྱི་གནས་བབས་དེའི་ནང་ཞེན་པ་ཡིན་ན། སེམས་དེས་ཡུལ་གྱི་ཕྱོགས་སུ་གང་བྱེད་ཀྱིན་ཡོད་པའི་གཞི་རྩའི་སྒྲོམ་གཞི་གཅིག་པུ་དེ་གནས་ཀྱི་ཡོད། དེ་ནི་ཡུལ་དེ་ངེས་བཤད་བྱེད་པ་ཙམ་ཡིན། དེ་ག་རང་རེད།

གལ་ཏེ་ཁྱེད་ཀྱིས་ཐབས་ལམ་དེ་ལག་བསྟར་ཐུབ་ན། དེ་ནི་གང་འཚམས་ཀྱི་ཚད་མཐོ་པོ་ཞིག་ཡིན་ནའང་དངོས་གནས་ཕན་ནུས་ལྡན་པ་ཞིག་ཀྱང་ཡིན། འོན་ཀྱང་དེ་ལག་བསྟར་བྱེད་པར་ཏོག་ཙམ་གནས་ཚད་སྨིན་པ་དགོས་ཤིང་། རང་གི་སེམས་ཚོར་གྱི་དབང་འོག་ཏུ་མ་ཤོར་བ་ཞིག་དགོས། སེམས་ཚོར་གྱི་སྒོ་ནས་གནད་དོན་ཞིག་ལ་གདོང་ལེན་བྱེད་སྟངས་དེའི་འོག་ཏུ་གང་འགྲོ་བཞིན་ཡོད་ཤེས་ཐུབ་པ་དགོས་ཤིང་། དེ་ནས་ཞི་འཇམ་དུ་གཏོང་དགོས། ང་ཚོས་དེའི་འོག་གི་གཞི་རྩའི་སེམས་ཀྱི་སྒྲོམ་གཞི་ག་ཚོད་མང་བ་མཐོང་ན། དེའི་ཚོད་ཀྱིས་ སེམས་ཚོར་དེ་རང་ངོས་ནས་རང་ཤུགས་ཀྱིས་གྲོལ་འགྲོ་གི་ཡོད།

རྐྱེན་ངན་པ་རྐྱེན་བཟང་པོར་བསྒྱུར་བ། ང་ཚོའི་གཞན་ལ་ལྟ་ཚུལ།

ཐབས་ལམ་རྗེས་མ་འདི་ནི། ཁྱེད་ཀྱི་ཉམས་ལེན་དང་མཐུན་གྱི་མི་འདུག་བསམ་པའི་གནས་སྟངས་རྣམས་རང་གི་ཉམས་ལེན་དང་མཐུན་རྐྱེན་དུ་བསྒྱུར་བ་དེ་ཡིན། འདི་ནི་སྲོལ་རྒྱུན་གྱི་བློ་སྦྱོང་གི་གཞུང་དག་ལས་གཙོ་བོ་ཞིག་ཡིན་པར་གསུངས་ཡོད། དམིགས་བསལ་གྱི་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ནང་གསུངས་ཡོད། རྒྱ་གར་གྱི་སློབ་དཔོན་ཆེན་པོ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཟོད་པ་བསྟན་པའི་ལེའུའི་ནང་།

གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །༼ལེའུ་ ༦ ཚིགས་བཅད་ ༡༠།༽ ཞེས་གསུངས་ཡོད་པ་དེས་ཐབས་ཚུལ་འདི་སྟོན་གྱི་ཡོད།

དེ་ཡང་གལ་ཏེ་ཁྱེད་ཀྱིས་གནས་སྟངས་བསྒྱུར་བཅོས་གཏོང་ཐུབ་ན། དེ་ལ་བློ་ཕམ་བྱེད་དགོས་དོན་གང་ཡིན་ནམ། བསྒྱུར་བཅོས་གཏོང་དགོས། གལ་ཏེ་ཁྱེད་ཀྱིས་གང་ཡང་བྱེད་ཐུབ་ཀྱི་མི་འདུག་ན། ཡང་བློ་ཕམ་བྱེད་དགོས་དོན་གང་ཡོད་དམ། བློ་ཕམ་བྱེད་པས་ཕན་ཐོགས་ཀྱི་མེད། བྱས་ཙང་། གལ་ཏེ་ང་ཚོར་སྐྱོན་བརྗོད་བྱེད་པ་དང་། གནས་སྟངས་ཡ་ང་བ་དང་ཐབས་སྐྱོ་པོ་འགྲོ་བཞིན་ཡོད་པ། ཡང་ན་ཧ་ཅང་གནོད་གཞི་ཅན་ལྟར་དུ་མཐོང་བའི་གནས་སྟངས་ཤིག་གི་ནང་ཡོད་པ་དང་། ང་ཚོས་གནས་སྟངས་དེ་འགྱུར་བ་གཏོང་མི་ཐུབ་པ་ཡིན་ན། དེ་ལ་བློ་ཕམ་དང་སྤྲོ་ཐུང་བྱེད་དགོས་དོན་གང་ཡོད་དམ། དེའི་ཕྱོགས་སུ་བསམ་བློའི་ཁྱེར་སོ་དེ་བསྒྱུར་བཅོས་གཏོང་དགོས་པ་ཙམ་རེད།

མི་མཐུན་པའི་རྐྱེན་ངན་པ་དེ་རྐྱེན་བཟང་པོར་བསྒྱུར་བའི་ཐབས་ཚུལ་མི་འདྲ་བ་མང་པོ་ཡོད། ང་ཚོའི་བློའི་ཁྱེར་སོ་འགྱུར་བ་གཏོང་ཚུལ་མང་པོ་ཞིག་ནི། མི་གཞན་གྱིས་རང་ཉིད་ལ་དཀའ་ངལ་སྤྲད་པའི་སྐབས་ང་ཚོས་གཞན་དག་ལ་ཐབས་ཚུལ་མི་འདྲ་བའི་སྒོ་ནས་ཇི་ལྟར་ལྟ་ཚུལ་ལ་རག་ལུས་ཡོད་པ་དང་། གཞན་རྣམས་ལ་ནི་དཀའ་ཚེགས་ཅན་གྱི་གནས་སྟངས་ནང་ང་ཚོའི་ངོས་ནས་ལྟ་ཚུལ་ཇི་ལྟར་འཛིན་པར་རག་ལུས་ཡོད། ཐོག་མར་ང་ཚོས་གཞན་གྱི་ཕྱོགས་སུ་བློའི་ཁྱེར་སོ་དང་འབྲེལ་བའི་སྐོར་བལྟ་རྒྱུ་ཡིན།

རྙོག་དྲ་ཚ་བའི་མི་རྣམས་ཡིད་བཞིན་ནོར་བུ་ལྟར་ལྟ་བ།

རྙོག་དྲ་ཚ་བའི་མི་རྣམས་ཀྱི་ཕྱོགས་སུ་ང་ཚོའི་བློའི་ཁྱེར་སོ་འགྱུར་བ་གཏོང་ཚུལ་གཅིག་ནི། ཁོང་ཚོ་ཡིད་བཞིན་གྱི་ནོར་བུ་ནང་བཞིན་ལྟ་རྒྱུ་དེ་རེད། དཔེར་ན། ང་ཚོས་ “འདིར་ང་ལ་འགྲན་བསྡུར་བྱེད་མཁན་ཞིག་འདུག ཁོས་ང་རང་ཡར་རྒྱས་གཏོང་བའི་གོ་སྐབས་ཤིག་སྦྱིན་གྱི་འདུག །ང་རང་ཇི་ཙམ་ཡར་རྒྱས་ཕྱིན་ཡོད་མེད་ཚོད་ལྟ་བྱེད་ཀྱི་འདུག །དེ་ནི་ངོ་མཚར་ཅན་ཞིག་རེད་” ཅེས་བསམ་བློ་གཏོང་ཆོག །ཡང་ “འདི་ནི་ང་རང་གུང་ཚིགས་ལ་མགྲོན་འབོད་བྱེད་མཁན་དེ་རེད། མི་དེས་རྟག་ཏུ་རྙོག་དྲ་ཤོད་ཀྱི་འདུག་ལ། མི་དེ་དང་མཉམ་དུ་སྡོད་རྒྱུ་ནི་རྦད་དེ་སེམས་ངལ་སྐྱེ་དགོས་པ་ཞིག་འདུག །འདི་ནི་ངོ་མཚར་ཅན་ཞིག་རེད། མི་དེས་ང་རང་མགྲོན་འབོད་བྱས་པ་དེ་གང་འདྲ་ཡག་པོ་མ་རེད་དམ། གང་ཡིན་ཞེ་ན། ད་ང་རང་བཟོད་པ་དང་བསམ་ཤེས་དངོས་སུ་ཉམས་སུ་ལེན་རྒྱུའི་གོ་སྐབས་ཤིག་ཡོད་པ་རེད་” ཅེས་བསམ་དགོས། བྱས་ཙང་། མི་དེའི་རིགས་ནི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་རེད། དེ་ག་ནང་བཞིན་ “ངའི་ཁྱིམ་མཚེས་ཀྱིས་ང་རང་ཕྲུ་གུ་མ་འབྱར་ལ་བུ་རྫི་བྱེད་རོགས་ཟེར་གྱི་འདུག །ཕྲུ་གུ་དེས་ཕྱི་དྲོའི་དུས་ཚོད་ཆ་ཚང་ངུ་འབོད་བྱ་རྒྱུ་ཡིན་པ་ངས་ཤེས། དེ་ནི་ངོ་མཚར་བ་ལ། འདི་ནི་དཔེ་ཡག་པོ་རེད་” ཅེས་བསམ་དགོས།

སློབ་དཔོན་ཆེན་པོ་ཞི་བ་ལྷས་འདིའི་སྐོར་ཧ་ཅང་སྙིང་རྗེ་པོའི་སྒོ་ནས་གསུངས་ཡོད་པ་ནི།

དེ་བས་ངལ་བས་མ་བསྒྲུབས་པའི། །ཁྱིམ་དུ་གཏེར་ནི་བྱུང་བ་ལྟར། །བྱང་ཆུབ་སྤྱོད་པའི་གྲོགས་གྱུར་པས། །བདག་གིས་དགྲ་ལ་དགའ་བར་བྱ། །ཞེས་གསུངས་ཡོད། ༼སྤྱོད་འཇུག །ལེའུ་ ༦ ཚིགས་བཅད། ༡༠༧།༽

སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་གཅིག་ཏུ་བརྩོན་པའི་བྱང་ཆུབ་སེམས་དཔའ་ཞིག་ལ་ཐུགས་མཉེས་ཤོས་དེ་གང་ཡིན་ཟེར་ན། མི་ཞིག་གིས་ཁོང་ལ་ཁོང་ཚོའི་དོན་དུ་གཅིག་བྱེད་རོགས་གནང་ཞེས་འདྲི་བའི་སྐབས་དེ་རེད། གལ་ཏེ་མི་སུ་གཅིག་གིས་ཀྱང་ཁོང་ཚོར་རོགས་བྱེད་རོགས་སོགས་གང་ཡང་མ་ཞུས་ན། བྱང་ཆུབ་སེམས་དཔའ་དེ་ཐུགས་ཕམ་པ་དང་ཕན་མེད་ལྟར་ཚོར་གནང་གི་ཡོད། ང་རང་ལ་དྲྭ་ལྗོངས་ཤིག་ཡོད་པ་དང་། འདྲི་བ་འདྲི་བ་དང་ལས་ཀ་བྱེད་དགོས་ཞེས་ང་ལ་གློག་འཕྲིན་ཧ་ཅང་མང་པོ་འབྱོར་གྱི་འདུག །དེ་འདྲའི་མང་པོ་ཡོང་དུས་བསུན་པོ་དང་སྤྲོ་ཐུང་ཆགས་རྒྱུ་ཧ་ཅང་ལས་སླ་པོ་ཡོད། འོན་ཀྱང་ངས་བྱང་ཆུབ་སེམས་དཔའི་སྤྱོད་ཚུལ་ལྟར་ཉམས་ལེན་བྱེད་ཐུབ་ན། ང་རང་སྐྱིད་པོ་ཡོང་ངེས་རེད། ག་ཚོད་ཀྱིས་གློག་འཕྲིན་མང་བ་འབྱོང་བ་དེ་ཚོད་ཀྱིས་ངས་གཞན་ལ་ཕན་ཐོགས་བྱེད་ཐུབ། གལ་ཏེ་ང་ཚོས་ “ངས་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག་” ཅེས་ནང་པ་ནང་བཞིན་སྨོན་ལམ་འདེབས་ན། སེམས་ཅན་ཇེ་མང་ནས་ཇེ་མང་ང་ཚོའི་སར་སླེབས་ནས་རོགས་བྱེད་རོགས་ཟེར་གྱི་རེད། ང་ཚོས་སྨོན་ལམ་འདེབས་པ་དེ་དངོས་སུ་གྲུབ་པ་མ་ཡིན་ནམ།

དེ་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས།

བདེ་བའི་དོན་དུ་ལས་བྱས་ཀྱང་། །བདེ་འགྱུར་མི་འགྱུར་གཏོལ་མེད་ཀྱི། །གང་གི་ལས་ཉིད་བདེར་གྱུར་བ། །དེ་ལས་མི་བྱེད་ཇི་ལྟར་བདེ། ། ༼སྤྱོད་འཇུག །ལེའུ་ ༧། ཚིགས་བཅད། ༦༣།༽ ཞེས་གསུངས་སོ།།

རྙོག་དྲ་ཚ་བའི་མི་རྣམས་སོ་སོའི་ཕྲུ་གུ་ནད་པ་ལྟར་ལྟ་བ།

ཡང་བློའི་ཁྱེར་སོ་བསྒྱུར་བཅོས་གཏོང་སྟངས་གཞན་ཞིག་ནི། ང་ཚོར་དཀའ་ངལ་ཆེན་པོ་སྤྲོད་མཁན་དང་དེ་དང་མཉམ་དུ་སྡོད་རྒྱུ་རྩ་ནས་མི་དགའ་བའི་གང་ཟག་དེ་རང་གི་ཕྲུ་གུ་ནད་པ་ནང་བཞིན་ལྟ་རྒྱུ་དེ་རེད། ང་ཚོའི་ཕྲུ་གུ་ན་ནས་ངུ་བ་དང་རྙོག་དྲ་ཚ་པོ་ཆགས་དུས་ང་ཚོར་དཀའ་ངལ་ཆེན་པོ་སྤྲད་སྲིད། འོན་ཀྱང་ང་ཚོར་ད་དུང་ཡང་ཕྲུ་གུར་བརྩེ་བ་ཧ་ཅང་ཆེན་པོ་ཡོད། གང་ཡིན་ཟེར་ན། ང་ཚོས་ཕྲུ་གུ་དེ་ནད་པ་ཡིན་པ་ཤེས་ཀྱི་ཡོད། ང་ཚོས་ཕྲུ་གུ་དེ་ཉལ་འཇུག་དགོས་པ་སོགས་གང་ཡང་ཡིན་སྲིད། གལ་ཏེ་ཧ་ཅང་ངལ་དུབ་ཅན་གྱི་ང་ཚོའི་ཕྲུ་གུ་དེས་ “ང་ཁྱེད་ལ་མི་དགའ། ཉལ་ག་འགྲོ་འདོད་མེད་” ཅེས་ཟེར་ན། ང་ཚོས་དེ་ཧ་ཅང་དོ་གལ་དུ་བརྩི་གི་མེད། གང་ཡིན་ཞེ་ན། ཕྲུ་གུ་དེ་ནད་པ་རེད། བྱས་ཙང་། དེ་དང་གཅིག་པ་རེད། གང་ཟག་དེའི་ཕྱོགས་སུ་ང་ཚོའི་བསམ་བློའི་ཁྱེར་སོ་དེ་འགྱུར་བ་བཏང་ནས། མི་དེ་རྙོག་དྲ་ཚ་པོ་ཞིག་ཏུ་ལྟ་རྒྱུའི་ཚབ་ལ་ཕྲུ་གུ་ནད་པ་ལྟ་བུར་བསམ་བློ་གཏོང་དགོས་པ་ཙམ་རེད།

རྙོག་དྲ་ཚ་བའི་མི་རྣམས་རང་གི་དགེ་རྒན་ལྟར་ལྟ་བ།

ཐབས་ལམ་གསུམ་པ་ནི་དགེ་རྒན་ལྟ་བུར་ལྟ་བ་དེ་རེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་འབྲེལ་བའི་སྒྲུང་སྙན་གྲགས་ཅན་ཞིག་ཡོད་པ་ནི། ཇོ་བོ་རྗེ་བོད་དུ་ཕེབས་སྐབས། ཁོང་དང་མཉམ་དུ་རྒྱ་གར་གྱི་མ་བྱན་ཞིག་ཁྲིད་གནང་ཡོད། རྒྱ་གར་གྱི་མ་བྱན་དེས་ནམ་ཡང་ལམ་སྟོན་ལྟར་མི་བྱེད་པར་རྩོད་པ་རྒྱག་གི་ཡོད། བོད་མི་ཚོས་ཇོ་བོ་རྗེ་ལ། “ཁྱེད་ཀྱིས་མ་བྱན་དེ་ག་རེ་བྱས་ནས་རྒྱ་གར་ལ་ལོག་གཏང་གནང་གི་མེད་དམ། ང་ཚོས་ཁྱེད་ལ་ཞལ་ལག་བཟོ་ཆོག” །ཅེས་ཞུས་པ་རེད། དེའི་ལན་དུ་ཇོ་བོ་རྗེས། “མ་རེད། མ་རེད། ཁོང་ངའི་མ་བྱན་གཅིག་པུ་མ་རེད། ངའི་བཟོད་པའི་དགེ་རྒན་རེད་” ཅེས་གསུངས་ཡོད། བྱས་ཙང་། གལ་ཏེ་ང་ཚོའི་མི་ཚེའི་ནང་སྤུན་མཆེད་རྙོག་དྲ་ཚ་པོ་ཞིག་ཡོད་པ་དང་། ང་ཚོས་དེ་དང་མཉམ་དུ་གདོང་ལེན་མི་བྱེད་ཀ་མེད་ཡིན་ན། དེའི་སྐབས་མི་དེ་སོ་སོའི་བཟོད་པའི་དགེ་རྒན་ལྟར་ལྟ་རྒྱུ་དེ་ཧ་ཅང་ཕན་རླབས་ཆེ་བ་ཞིག་ཡིན།

དངོས་གནས་བྱས་ན། མི་རྣམས་ཀྱིས་ང་ཚོར་གནས་དོན་འདྲ་མིན་གྱི་སྐོར་བསླབ་ཐུབ་ཀྱི་ཡོད། དཔེར་ན། སྤྱོད་པ་ངན་པོ་བྱེད་པའི་སྒོ་ནས་ང་ཚོས་དེ་འདྲ་བའི་སྤྱོད་ངན་བྱ་མི་རུང་བ་བསླབ་པ་ལྟ་བུ་རེད། ཐ་ན་ང་ཚོར་ཁྱི་ཞིག་ཡོད་ནའང་དེ་ང་ཚོའི་དགེ་རྒན་བྱེད་ཐུབ། ཇི་ལྟར་བྱེད་ཐུབ་མིན་དོ་སྣང་བྱུང་ངམ། གལ་ཏེ་ཁྱེད་ཀྱིས་ཉིན་མོའི་དུས་སུ་ཁྱི་དེ་གཡས་གཡོན་ཁྲིད་ན། ཁྱི་དེ་ས་ཆ་གང་རུང་ཞིག་ལ་མར་བསྡད་ནས་ངལ་གསོ་རྒྱག་ཐུབ་ལ་གཉིད་ཀྱང་ཡུར་སྲིད། དེ་ལས་ལྡོག་སྟེ། ང་ཚོ་ལ་མཚོན་ན། “ཨོ་ཧོ། འདི་ནི་ཉལ་ཁྲི་དམིགས་བསལ་ཅན་ཞིག་དང་། མལ་ཆས་དམིགས་བསལ་ཅན། དེ་ཡང་འཇམ་པོ་ཞིག་གམ་།” ཡང་ “མལ་ཆས་སྲ་པོ་ཞིག་དགོས་ཀྱི་ཡོད།”  ཁྱི་དེས་རྙོག་དྲ་ཤོད་ཀྱི་མེད། ཁྱི་དེ་ས་ཆ་གང་དུའང་ཉལ་ཆོག །དེ་ནི་སློབ་སྟོན་ཡག་པོ་ཞིག་ཡིན། དེ་དག་ནི་གཞན་དག་གིས་རང་ལ་དཀའ་ངལ་དང་བསུན་པོ་བཟོ་བའི་སྐབས། ཐབས་ཚུལ་མི་འདྲ་བའི་སྒོ་ནས་ལྟ་སྟངས་ཁག་རེད། དཔེར་ན། ཡིད་བཞིན་ནོར་བུ་ལྟ་བུར་ལྟ་བ་དང་། ཕྲུག་གུ་ནད་པ་ལྟ་བུར་ལྟ་བ། དེ་བཞིན་དགེ་རྒན་ནང་བཞིན་ལྟ་བ་བཅས་རེད།

རྐྱེན་ངན་པ་རྐྱེན་བཟང་པོ་བསྒྱུར་བ། རང་གིས་རང་ལ་ལྟ་སྟངས།

གཞན་ལ་རྒྱལ་ཁ་སྟེར་བ།

ང་ཚོས་རང་གིས་རང་ལ་མི་འདྲ་བའི་སྒོ་ནས་ལྟ་སྟངས་དང་གནས་སྟངས་དེ་དག་གི་ནང་སོ་སོའི་བློའི་ཁྱེར་སོ་འགྱུར་བ་གཏོང་སྟངས་ཀྱི་ཐབས་ཚུལ་ཡང་མང་པོ་ཡོད་པ་རེད། དང་པོ་ནི། ཕམ་ཁ་རང་གིས་ལེན་པ་དང་རྒྱལ་ཁ་གཞན་ལ་སྟེར་བ་དེ་རེད། ཕྱོགས་གཞན་ཞིག་ནས་རང་གཅེས་འཛིན་གྱི་བློའི་ཁྱེར་སོ་ལ་བརྟེན་ནས་ང་ཚོས་རྟག་ཏུ་རང་གིས་རང་ལ། “ང་རང་རྒྱལ་ཁ་འཐོབ་དགོས་འདུག །ང་རང་གི་འདོད་པ་ནང་བཞིན་འགྲུབ་དགོས་ཀྱི་འདུག །མི་གཞན་དེས་དང་ལེན་བྱེད་དགོས་” ཞེས་བསམ་གྱི་ཡོད། དེ་ལྟའི་གནས་སྐབས་སུ་གལ་ཏེ་ང་ཚོས་རང་ཉིད་ཕམ་ཁ་ལེན་རྒྱུར་ངོས་ལེན་བྱས་ན། རྩོད་གླེང་མེད་པ་རེད། དཔེ་ལས་སླ་པོ་ཞིག་བཞག་ན། ཁྱེད་རང་སོ་སོའི་གྲོགས་པོའམ་ཟླ་རོགས་དང་མཉམ་དུ་ཡོད་པ་དང་། ཁྱེད་ཀྱིས་ཟ་ཁང་ཞིག་གི་ནང་འགྲོ་རྒྱུའི་ཐག་གཅོད་བྱེད་དགོས་ཀྱི་ཡོད། གལ་ཏེ་ཁྱེད་ཀྱི་གྲོགས་པོ་ས་ཆ་བྱེ་བྲག་ཅིག་ལ་འགྲོ་འདོད་བྱེད་པ་དང་ཁྱེད་རང་ས་ཆ་གཞན་ཞིག་ལ་འགྲོ་རྒྱུའི་ཨུ་ཚུགས་བྱས་ན། ཁྱེད་གཉིས་ཕན་ཚུན་རྩོད་པ་རྒྱག་ཡག་འགོ་བཙུག་གི་རེད། འོན་ཀྱང་མཐར་ཐུག་ལ་དེས་ཁྱད་པར་གང་བཟོ་གི་ཡོད་དམ། གལ་ཏེ་ཁྱེད་ཀྱིས་ངོས་ལེན་བྱས་ཏེ། “ཡ་ཡ། འགྲིག་གི་རེད། ཁྱེད་རང་འགྲོ་འདོད་སའི་ཟ་ཁང་དུ་འགྲོ་” ཞེས་བརྗོད་ན་རྩོད་གླེང་མེད་པ་རེད། ཕྱོགས་གཞན་ཞིག་ནས་གལ་ཏེ་ང་ཚོས་མི་གཞན་དེ་རང་ལས་ལྷག་པའི་གཅེས་འཛིན་བྱས་ནས་རྒྱལ་ཁ་སྟེར་ཡོད་ན། རྩོད་གླེང་མེད་པ་རེད།

ང་ཚོས་མི་གཞན་དེས་ཧ་ཅང་ངན་པ་དང་གནོད་གཞི་ཅན་གྱི་བསམ་ཚུལ་སྟོན་པའི་གནས་སྟངས་ཧ་ཅང་ཆེན་པོ་དེ་འདྲའི་སྐོར་ཤོད་ཀྱི་མེད། འོན་ཀྱང་དེས་དངོས་གནས་ཁྱད་པར་གཏིང་ཟབ་པོ་མི་བཟོ་བའི་སྐབས། རྒྱལ་ཁ་དེ་གཞན་ལ་སྟེར་དགོས། ཨ་ཅང་ཅང་ཐབས་བྱུས་འདིའི་ཐོག་ལ་དགག་པ་ཡོད་སྲིད་པ་རེད། གལ་ཏེ་ཁྱེད་ཀྱིས་རྟག་ཏུ་དང་ལེན་བྱེད་པ་དང་མི་གཞན་དེས་ཁེ་བཟང་རྐྱང་རྐྱང་ལེན་གྱི་ཡོད་ན། ཐབས་ལམ་དེ་ག་དུས་བེད་སྤྱོད་བྱེད་དགོས་མིན་ཐད་ཁྱེད་རང་གྲུང་པོ་བྱེད་དགོས་པ་ནི་སྨྲོས་ཅི་དགོས། ཡིན་ནའང་གནས་སྟངས་མང་པོ་ཞིག་གི་ནང་དཀའ་ངལ་ལ་གདོང་ལེན་བྱེད་པའི་ཐབས་ལམ་ཡག་ཤོས་འདི་ཡིན།

ང་རང་རང་གི་ཉམས་མྱོང་ཐོག་ནས་ངས་དཔེ་ཞིག་བཞག་ན། ང་རང་བྷར་ལཱིན་གྱི་རྫོང་ཁག་ནས་ཟ་ཁང་གཙོ་བོ་ཡོད་ས་བྲེལ་ཟིང་ཅན་གྱི་མཐའ་ཟུར་ཞིག་ལ་སྡོད་ཀྱི་ཡོད། ང་རང་གཡར་ཁང་ཞིག་གི་ཐོག་བརྩེགས་དང་པོར་སྡོད་ཀྱི་ཡོད་པ་དང་དེར་སྔོན་མ་ཆང་ཁང་ཧ་ཅང་ཁུ་སིམ་ཞིག་ཡོད་ཀྱང་། ད་ཆ་སི་པེ་ནི་ཤའི་ཟ་ཁང་གྲགས་ཅན་གསར་པ་ཞིག་ཏུ་གྱུར་ཡོད། ཟ་ཁང་དེ་ནི་བདུན་ཕྲག་གཅིག་ཆ་ཚང་ཞོགས་པ་ཆུ་ཚོད་བདུན་པ་ནས་ཕྱི་ཉིན་ཞོགས་པ་ཆུ་ཚོད་གསུམ་པའི་བར་སྒོ་ཕྱེ་གི་ཡོད། གནམ་གཤིས་ཚ་བའི་སྐབས་ངའི་ཐོག་བརྩེགས་ཀྱི་གཡས་གཡོན་གཉིས་ཀའི་ཕྱི་ལོགས་སུ་ཁོང་ཚོས་ཅོག་ཙེ་རྣམསབཏོན་གྱི་རེད། མི་རྣམས་ཕྱི་ལ་བསྡད་ནས་སྦི་རག་དང་རྒུན་ཆང་འཐུང་ཞིང་། སྐད་ཤུགས་ཆེན་པོས་ཁ་བརྡ་བྱེད་པ་དང་གད་མོ་དགོད་པ་སོགས་བྱས་ནས་ཞོགས་པའི་ཆུ་ཚོད་གསུམ་པའི་བར་དུ་སྡོད་ཀྱི་རེད། ཁོང་ཚོས་ཟ་ཁང་དེ་ཐོག་མར་སྒོ་ཕྱེ་སྐབས། ཕྱི་ལོགས་ཀྱི་ཅོག་ཙེ་དེ་དག་ངའི་ཉལ་ཁང་གི་སྒེའུ་ཁུང་འོག་ལ་ཏག་ཏག་ཡོད་པ་དང་། དགོང་མོར་ང་རང་དེ་གར་བསྙེས་ནས་བསྡད་མྱོང་ཡོད། སྐད་ཤུགས་ཆེ་བའི་རྒྱུ་མཚན་གྱིས་གཉིད་ཁུག་ཐུབ་ཀྱི་མི་འདུག །བསུན་སྣང་སྐྱེས་པ་དང་སྤྲོ་ཐུང་བྱས་ཏེ་རང་ཉིད་ཁོ་ནར་བསམས་ནས་གཞན་རྣམས་ཀྱིས་དུས་ཚོད་སྐྱིད་པོ་སྐྱེལ་བཞིན་ཡོད་པའི་བསམ་བློ་མི་འཁོར་བར། ངའི་སེམས་ནང་རྟོག་འཆར་གྱི་རིགས་འདྲ་མིན་སྐྱེ་ངེས་རེད། ངའི་སེམས་ནང་དུས་རབས་བར་མའི་ཕོ་བྲང་ཞིག་གི་ནང་ཡོད་པ་དང་ཟོམ་ཆེན་ཞིག་གི་ནང་ཏར་ཞུན་ཁོལ་མ་ཡོད་དེ་མི་རྣམས་ཀྱི་སྟེང་དུ་བླུགས་ཀྱི་ཡོད་པའི་བསམ་བློ་འཁོར་གྱི་ཡོད། འོན་ཀྱང་ངས་རྟག་ཏུ་འབོད་ནས་ “མི་དེ་དག་ཁུ་སིམ་སྡོད་ལབ་རོགས། ཡང་མིན་ན་ངས་ཉེན་རྟོག་པ་སྐད་གཏང་གི་ཡིན་” ཞེས་ཁྲོ་ཉམས་ཅན་གྱི་མི་རྒན་ཞིག་བྱེད་ཐུབ་ཀྱི་མི་འདུག་ལ། དེས་གོ་ཆོད་ཀྱི་མ་རེད།

རྒྱུ་མཚན་དེ་ལྟར་ན། ངས་དཀའ་ངལ་དེ་ལ་གདོང་ལེན་བྱེད་ཐབས་གཅིག་རང་ཡོད་པ་ནི། གཞན་ལ་རྒྱལ་ཁ་སྟེར་རྒྱུ་དང་ཕམ་ཁ་དེ་རང་གིས་འཁུར་རྒྱུ་ཐག་བཅད་པ་ཡིན། ཁོང་ཚོས་དབྱར་དུས་ཀྱི་དགོང་མོ་སྐྱིད་པོའི་ངང་ལོངས་སུ་སྤྱོད་རྒྱུ་དེ་ནི་ང་རང་ཉལ་ཁང་ནང་གཉིད་ཁུག་ཐུབ་པ་ལས་གལ་ཆེ་བ་ཡིན། ངའི་ནང་གི་རྒྱ་ལམ་ལ་ཁ་མ་ཕྱོགས་པ་གཅིག་རང་ཡོད་པ་ནི་ཐབ་ཚང་རེད། ང་རང་ལ་ཐབ་ཚང་རྒྱ་ཆེ་ལ་ཞོགས་ཇའི་ཆེད་དུ་བཏེགས་པའི་སྡིངས་ཆ་ཞིག་ཡོད། ས་ཆ་སྟོང་པ་འདང་ངེས་བཞིན་པ་ཡོད། བྱས་ཙང་། དབྱར་དུས་སུ་ང་རང་དེར་ཉལ་གྱི་ཡོད། ཉིན་མོར་ངས་གདན་དེ་རྩིག་ངོས་སུ་བསྙེས་ནས་བཞག་པ་དང་མཚན་མོ་ཞ་ལའི་སྒང་ལ་བཏིངས་ནས་ཐབ་ཚང་ནང་ཉལ་གྱི་ཡོད། དེ་ནི་དངོས་གནས་ཁུ་སིམ་པོ་འདུག་ལ་ནང་གི་ཁང་མིག་བསིལ་ཤོས་དེ་རེད།

ང་རང་ཐབ་ཚང་ནང་ཉལ་རྒྱུ་དགའ་པོ་ཡོད། ངས་ཁོང་ཚོར་རྒྱལ་ཁ་སྤྲད་པ་ཡིན་ལ། ཁོང་ཚོ་ག་ཚོད་སྐད་ཅོར་ཚ་ནའང་ཁྱད་པར་མི་འདུག །གང་ཡིན་ཟེར་ན། ངས་གོ་གི་མི་འདུག །ད་དུང་ལོ་གསར་པ་སླེབས་པའི་ཉིན་མོའི་ནང་དེ་ཧ་ཅང་ཡག་པོ་འདུག །གང་ཡིན་ཞེ་ན། འཇར་མིན་གྱི་མི་རྣམས་ཤོ་པག་ལ་ཧ་ཅང་དགའ་པོ་ཡོད་རེད། སྲང་ལམ་ནས་དེའི་སྐད་ཧ་ཅང་ཆེན་པོ་གོ་གི་རེད། འོན་ཀྱང་སླར་ངས་བློའི་ཁྱེར་སོ་བསྒྱུར་བཅོས་བཏང་ནས་དཀའ་ངལ་མེད་པའི་ཐོག་ཐབ་ཚང་ནང་ཉལ་ཏེ་ཁོང་ཚོར་རྒྱལ་ཁ་སྤྲོད་ཀྱི་ཡོད།

རྐྱེན་ངན་འབྱུང་བ་དེས་རང་གི་ལས་ངན་འཛད་ཀྱི་ཡོད་པར་ལྟ་བ།

ཐབས་ལམ་གཉིས་པ་ནི་ང་ཚོར་འབྱུང་བའི་རྐྱེན་ངན་པ་དེ་དག་རང་གི་ལས་ངན་པ་འཛད་ཀྱི་ཡོད་པར་ལྟ་བ་དེ་རེད། ང་ཚོས་དེ་ཉེས་ཆད་ལྟ་བུར་ངོས་ལེན་བྱེད་པའི་དོན་མིན། འོན་ཀྱང་གནས་སྟངས་ཡ་ང་བ་འདི་འབྱུང་བ་དེས་སོ་སོའི་ལས་ངན་པ་ཅུང་ཟད་ཙམ་ཡིན་ནའང་འཛད་པར་བྱེད་ཀྱི་ཡོད་བསམ་དགོས། དེ་ལྟར་བསམ་པ་ལ་བརྟེན་ནས་མ་འོངས་པར་དེ་ལས་ཚབས་ཆེ་བའི་གནས་སྟངས་སྨིན་པར་སྔོན་འགོག་བྱེད་ཀྱི་ཡོད། དེ་ལ་དཔེ་མཚོན་ལས་སླ་མོ་ཞིག་བཞག་ན། ཁྱེད་རང་སྣུམ་འཁོར་འཚང་འགག་ནང་ཚུད་ནས་རྒྱུན་རིང་པོ་འགྲོ་མ་ཐུབ་པར་ལྷག་པ་ལྟ་བུ་རེད། བྱས་ཙང་། དེའི་སྐབས་ཁྱེད་ཀྱིས། “དཔེ་ཡག་པོ། གལ་ཏེ་ངའི་མི་ཚེའི་སྨད་ཙམ་ལ་གཟའ་གྲིབ་འདྲ་འཕོག་ན། ང་རང་དངོས་གནས་འགུལ་མི་ཐུབ་པ་ཆགས་ཀྱི་རེད། འདིས་གཟའ་གྲིབ་ཀྱི་ནད་འཕོག་པའི་ལས་དེ་མེད་པ་བཟོ་གི་རེད་” ཅེས་བསམ་དགོས། འདིས་མ་འོངས་པའི་ནང་གནས་སྟངས་སྔར་ལས་བཟང་བ་ཞིག་ཡོང་བའི་ལམ་ཁ་གཙང་མ་བཟོ་གི་ཡོད་པ་སོང་ཙང་། ང་ཚོས་རྐྱེན་ངན་འདི་དག་འབྱུང་གི་ཡོད་པ་ལ་དགའ་བ་སྒོམ་དགོས།

སྲོལ་རྒྱུན་གྱི་ནང་པ་ཚོས་འབྱུང་པོ་ལ་ཡིད་ཆེས་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་ཀྱང་དེ་དག་ཡོད་པར་ཁས་བླངས་ན། བློའི་ཁྱེར་སོ་འགྱུར་བ་གཏོང་ཚུལ་དེ་གོམ་པ་གཅིག་མདུན་སྤོས་བྱས་ནས། འབྱུང་པོ་དེ་དག་ལ། “གནོད་པ་མང་ཙམ་བྱེད་རོགས། མང་ཙམ་བྱེད་རོགས་” ཞེས་བརྗོད་ཆོག །ཉེ་ཆར་ང་ལ་དེ་དང་འབྲེལ་བའི་ཉམས་མྱོང་ཡག་པོ་ཞིག་བྱུང་སོང་། དེ་ཡང་ཕྱི་ཟླ་བདུན་པའི་དཀྱིལ་ཙམ་ནས་འགོ་བཙུགས་ཏེ་ཟླ་བ་གཉིས་རིང་གནས་སྟངས་ཚང་མ་ཡག་པོ་རྩ་ནས་བྱུང་མ་སོང་། ཚང་མ་ཉམས་ཆག་ཕྱིན་སོང་། ངའི་གཟུགས་པོའི་རྒྱབ་ལ་སྐྲངས་འབུར་ཁྱད་མཚར་ཞིག་གིས་གཉན་ཁ་རྒྱག་པ་དང་ལུས་སྦྱོང་ཁང་དུ་ཟླ་བ་གཉིས་རིང་འགྲོ་ཐུབ་མ་སོང་། མཐར་གཉན་ཁ་དེ་མེད་པ་ཆགས་སྐབས་སྐྲངས་འབུར་དེ་གཅོད་དགོས་བྱུང་། དེའི་རྗེས་སུ་ངའི་གློག་ཀླད་ནང་དྲྭ་འབུ་ཉེན་ཁ་ཅན་ཞིག་འཛུལ་འདུག །དེས་ཡིག་སྣོད་གཉེན་ཆས་རགས་པ་མེད་པ་བཟོས་སོང་། བྱས་ཙང་། ང་རང་ལ་རྒྱུན་ལྡན་གྱི་གློག་ཀླད་དེ་མེད་པར་ཟླ་བ་གཅིག་རིང་བསྡད་པ་ཡིན། དེའི་རྗེས་ཡང་ངའི་པར་སྐྲུན་འཕྲུལ་འཁོར་དེ་ཡང་ཆག་སོང་། དེ་ག་ནང་བཞིན་བརྙན་པར་གཏོང་ཆས་གཉིས་ཡོད་པ་དེ་གཉིས་ཀ་ཆག་སོང་། ང་རང་སྐར་རྩིས་རིག་པ་ལ་ཧ་ཅང་དགའ་མཁན་ཞིག་ཡིན། འགྲེལ་བརྗོད་མེད་པའི་རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་ངས་ཕྱོགས་བསྡུས་བྱས་པའི་ཚེ་རབས་ལས་རྩིས་ཚང་མའི་གཅེས་བསྡུས་གྲངས་མཛོད་དེ་ཡང་རྩ་བོར་བརླག་ཤོར་སོང་། ང་རང་ལ་གནས་ཚུལ་དེ་ཕྱིར་རག་ཐབས་མེད་པ་ཞིག་རེད། དེ་ནས་ངས་རྟག་ཏུ་བཏུང་བྱའི་ཕོར་པ་དགའ་ཤོས་དེ་ཆག་སོང་། དེ་དག་གི་དཀྱིལ་ཤིག་ལ་ང་རང་ཧྥ་རན་སིར་༧གོང་ས་མཆོག་གི་གསུང་ཆོས་ཞུ་བར་ཕྱིན་པ་དང་། དེར་མཁའ་ལམ་གནམ་གྲུ་དེས་ངའི་དོ་བོ་བརླགས་སོང་།

དེ་ནི་ང་རང་ལ་བྱུང་བའི་གནས་སྟངས་མཐའ་མ་དེ་རེད། ངའི་དོ་བོ་བརླག་སྐབས། ང་རང་དགོད་བྲོ་པོ་བྱུང་། དེ་ནི་རྦད་དེ་ཁྲལ་དགོད་ཅན་ཆགས་སོང་། དེ་ནས་ངས་ “འབྱུང་པོ་ཁྱེད་རང་ཚོས་ད་དུང་མང་ཙམ་ཁྱེར་རོགས། གཞན་གནོད་པ་སྐྱེལ་རྒྱུ་ག་རེ་ལྷག་སོང་ངམ་” ཞེས་བསམ་བློ་གཏོང་འགོ་ཚུགས་པ་ཡིན། དེས་ང་རང་བདེ་པོ་བཟོས་སོང་། དེ་ལས་ལྡོག་སྟེ། གེགས་བར་ཆད་མེད་པ་བཟོ་ཕྱིར་རང་གི་སེམས་ཚོར་གྱི་བཅད་མཚམས་བཙུགས་མེད། ངས་གུ་ཡངས་དང་བཅས་དེ་དག་ཐམས་ཅད་ལ་ངོས་ལེན་བྱས་པ་དང་། ད་དུང་མང་ཙམ་ཕེབས་བསུ་ཞུས་ཡིན།

ལོ་ཁ་ཤས་གོང་ལ་ངའི་སོའི་འོག་གི་འགྲམ་རུས་ལ་གཉན་ཁ་རྒྱག་པ་དང་། དེ་ལ་སྔོན་ངས་རྩ་བའི་བུ་ག་ཞིག་ཡོད་པ་དང་དེ་སོའི་སྨན་པ་ཞིག་གིས་འགྲམ་རུས་དུམ་བུ་གཅིག་གཏུམས་ནས་གཤགས་བཅོས་བྱེད་དགོས་ཐུག་པ་རེད། ཧྥ་རན་སིའི་འགྲུལ་བཞུད་དེའི་རྗེས་མི་རིང་བར་ང་རང་སོའི་སྨན་པ་ཞིག་ལ་བཅར་བ་ཡིན། སྨན་པས་ང་ལ་གནས་ཚུལ་ཡག་པོ་ཞིག་བཤད་སོང་། དེ་ནི་གཉན་ཁ་དེ་རྨ་རྗེས་ཀྱི་ཕུང་གྲུབ་ནང་སླར་ཡང་ཐོན་པ་དང་། དེ་རུས་པའི་ནང་ནས་གཅོད་བྲེག་གཏོང་ཆེད་སོ་ལ་བཤགས་བཅོས་གཉིས་པ་ཞིག་བྱེད་དགོས་འདུག་ཅེས་ཟེར། གནས་ཚུལ་དེ་ངས་ “དཔེ་ཡག་པོ་” ཞེས་པའི་བློའི་ཁྱེར་སོ་ལ་བརྟེན་ནས་གནས་ཚུལ་བཟང་པོ་ཞིག་ཏུ་བཅོས་བསྒྱུར་བྱེད་ཐུབ་སོང་། དེ་ནི་ངའི་དྲྭ་ལྗོངས་ནང་སྐད་ཡིག་སྡེ་ཚན་རྗེས་མ་བླུགས་རྒྱུའི་ཆེད་བར་ཆད་ཟློག་ཅེས་པ་དེ་རེད།

ནང་ཆོས་ལྟར་བྱས་ན། ཁྱེད་ཀྱིས་བཟང་ཕྱོགས་ཀྱི་གནས་སྟངས་ག་ཚོད་བསྒྲུབ་ཐབས་བྱེད་པ་དེ་ཚོད་ཀྱིས་དེ་བསྒྲུབ་པར་འགོག་རྐྱེན་བྱེད་ཐབས་བྱེད་པའི་བར་ཆད་མང་བ་ཡོད་ཅེས་གསུང་གི་ཡོད། བྱས་ཙང་། ངས་བྱུང་རྐྱེན་དེ་དག་ཚང་མར་བར་ཆད་ཟློག་བྱེད་ཀྱི་གནས་སྟངས་ངོ་མཚར་ཅན་ཞིག་ཡིན་པར་བལྟས་ནས། འབྱུང་པོ་དེ་དག་ལ་ “བར་ཆད་མང་ཙམ་འཁྱེར་ཤོག །དེ་དག་ངའི་སྟེང་ལ་གཡུག་རོགས་” ཞེས་བརྗོད་པ་ཡིན། དེ་ལྟར་བྱེད་པའི་སྐབས། གནས་སྟངས་ཡ་ང་བ་དང་གྲ་མ་འགྲིག་པ་གང་ཞིག་བྱུང་བའི་དུས་ཡུན་ཧྲིལ་པོའི་ནང་ང་རང་མི་སྐྱིད་པ་རྩ་བ་ནས་བྱུང་མ་སོང་། དེར་བརྟེན་གལ་ཏེ་ཁྱེད་ཀྱིས་བློ་སྦྱོང་གི་ཐབས་ལམ་དེ་དངོས་སུ་ལག་བསྟར་བྱེད་ཐུབ་ན། དེས་དངོས་གནས་ལས་ཀ་བྱེད་ཀྱི་རེད་ལ་ཕན་ཐོགས་ཀྱི་རེད། གནས་སྟངས་ཤིག་ལ་ཧ་ཅང་དཀའ་ལས་ཁག་པོ་དང་། ཞེད་སྣང་ཚ་པོ། ཡིད་ཞུམ་ནས་བལྟ་རྒྱུ་ཚབ་ལ་སོ་སོའི་བློའི་ཁྱེར་སོ་བཅོས་བསྒྱུར་བཏང་ནས་གནས་སྟངས་དེ་ངོ་མཚར་ཅན་དང་ཡག་པོ་ཞིག་ཡིན་པར་བལྟ་དགོས།

རང་གི་བདེ་བ་གཞན་ལ་སྦྱིན་པ་དང་གཞན་གྱི་སྡུག་བསྔལ་རང་གིས་ལེན་པ། ༼གཏོང་ལེན།༽

ངས་ཞུ་བར་འདོད་པའི་ཐབས་ལམ་མཐའ་མ་དེ་ནི། ཕལ་ཆེར་དེ་དག་ཐམས་ཅད་ལས་དཀའ་ལས་ཆེ་ཤོས་དང་ཚད་མཐོ་ཤོས་དེ་རེད། དེ་ནི་གཏོང་ལེན་གྱི་ཉམས་ལེན་ཟེར་བ་དེ་རེད། ཁྱེད་ཀྱིས་དཀའ་སྡུག་ཅན་གྱི་གནས་སྟངས་མྱོང་བའི་སྐབས། དཔེར་ན། སོ་ན་བ་ལ་ཆ་བཞག་ན། དེའི་ཐབས་ནི། “མི་ཚང་མར་མྱོང་བའི་སོའི་ན་ཚའི་སྡུག་བསྔལ་དེ་ང་རང་གི་སྟེང་དུ་སྨིན་པར་ཤོག །ངས་གཞན་ཚང་མའི་སོའི་ན་ཚ་དེ་བླངས་ནས་གཞན་སུ་གཅིག་ལའང་དེ་ལྟའི་སོའི་ན་ཚའི་སྡུག་བསྔལ་དེ་སླར་ཡང་མ་མྱོང་བ་ཤོག་” ཅེས་བསམ་དགོས། ང་ཚོའི་བློ་རྒྱ་ཆེ་ལ་སེམས་པ་བཟང་པོའི་སྒོ་ནས་གཞན་གྱི་སྡུག་བསྔལ་དགའ་བཞིན་སྤྲོ་བཞིན་དུ་ངོས་ལེན་བྱེད་པ་ལ་བརྟེན་ནས་རང་ཉིད་སྡུག་པོ་དང་སྐྱོ་པོ་ཁོ་ནར་བསམ་པའི་སྡུག་བསྔལ་དང་། ཞེད་སྣང་། བྱ་ཐབས་དཀའ་བ་བཅས་ལས་ཐར་གྱི་ཡོད། གཏོང་ལེན་ལ་བརྟེན་ནས་ང་ཚོས་ད་དུང་གཏིང་ཟབ་ཏུ་ཕྱིན་ཏེ། “ཁོང་ཚོའི་སྡུག་བསྔལ་ཐམས་ཅད་མེད་པ་བཟོས་ནས་ངའི་སེམས་ཀྱི་གཞི་རྩའི་བདེ་བའི་ནང་འཇུག་གི་ཡིན། ངས་བདེ་བ་དེ་ཚང་མར་གཏོང་གི་ཡིན་” ཞེས་བསམ་བློ་གཏོང་དགོས།

འདིར་ཁྱེད་རང་ཚོ་དཔའ་བོ་ཞིག་ཡིན་ཁུལ་གྱི་བདག་གིར་བྱ་རྒྱུ་མེད་པའི་ཐོག་གཟབ་ནན་བྱེད་དགོས། དཔེར་ན། “ངས་ཁྱེད་ཀྱི་ཆེད་དུ་སྡུག་བསྔལ་མྱོང་གི་ཡིན་” ཟེར་བ་ལྟ་བུ་ནི་ཕྱོགས་གཅིག་ནས་བལྟས་ན། བདག་འཛིན་གྱི་ཆེ་བརྗོད་ཆགས་ཀྱི་ཡོད། ཐབས་འདི་ལ་ང་རང་ཧ་ཅང་མཁས་པ་ཞིག་མིན་ཞེས་ངོས་ལེན་བྱེད་དགོས་ངེས་རེད། དེ་ཡང་ལྷག་བསམ་རྣམ་དག་ཐོག་ནས་བྱེད་པར། ཞུམ་པ་མེད་པའི་དཔའ་ཞིག་དགོས། འོན་ཀྱང་ངས་དེ་ཉེ་ཆར་ཐབས་ཤེས་བྱས་ཡིན།

ངས་གོང་དུ་ཞུས་པ་ལྟར། ངའི་འགྲམ་སྟེང་ལ་གཤགས་བཅོས་གཉིས་པ་ཞིག་བྱེད་དགོས་ཐུག་པ་རེད། གཤགས་བཅོས་བྱེད་པའི་དུས་ཡུན་ཧྲིལ་པོའི་ནང་རང་ཉིད་གཉིད་སད་ནས་ཡོད། དེ་ནི་གང་འཚམས་ཀྱི་དགའ་སྤྲོ་ལྡན་པ་ཞིག་འདུག །སྨན་པས་ཁྱེད་ཀྱི་ཁའི་ཕྱོགས་གཅིག་གི་སོ་རྙིལ་ཆ་ཚང་ལྷེབ་མོར་འབྲེག་པ་དང་། དེའི་ཤུན་པགས་བཤུས་ནས་གློག་གི་སོག་ལེ་འདྲ་བ་ཞིག་ཁའི་ནང་བླུགས་པ་དང་འགྲམ་རུས་དུམ་བུ་གཅིག་དང་། སོའི་རྩ་བའི་རྩེ་ཏོག་ཆུང་ངུ་ཞིག་དང་། དེའི་ཉེ་འཁོར་དུ་ཡོད་པའི་ཤ་དང་བཅས་པ་གཅོད་འབྲེག་གཏོང་གི་འདུག །ཁོང་ཚོས་དེ་ལྟར་བྱེད་སྟངས་དེ་ནི་ཕལ་ཆེར་དུས་རབས་བར་མའི་བྱེད་སྟངས་འདྲ་པོ་ཡོད། ཐེངས་མ་དང་པོ་ང་ལ་དེ་ལྟར་བྱེད་སྐབས། ངས་ཁོང་ཚོས་གང་བྱེད་བཞིན་པ་དེ་ནི་ཧ་ཅང་ཡིད་ལ་འཐད་པོ་མཐོང་སོང་། སྦྲིད་སྨན་ཡག་པོ་ཡོད་ཙང་ན་ཟུག་ཆེན་པོ་བྱུང་མ་སོང་། ཡིན་ནའང་དཀྱིལ་མ་ནས་ཏོག་ཙམ་ན་ཟུག་མང་དུ་ཕྱིན་སོང་། འོན་ཀྱང་ཐེངས་པ་གཉིས་པའི་སྐབས། གཉན་ཁ་དེ་རྦད་དེ་ཤུགས་ཆེ་བ་འདུག །ཁྱེད་ལ་གཉན་ཁ་ཡོད་སྐབས་གཉན་ཁ་ཡོད་ས་ལ་སྦྲིད་སྨན་གྱིས་དེ་ཙམ་ཕན་གྱི་མེད། བྱས་ཙང་། དེ་ནི་ཧ་ཅང་ན་ཟུག་ཆེན་པོ་བྱུང་།

ངས་ཕྱག་རྒྱ་ཆེན་པོའི་ནང་ཉམས་ལེན་བྱས་པའི་ཐབས་དེ་ཡང་ངས་ཐབས་ཤེས་བྱས་ཡིན། དེ་ནི་ཚོར་བ་ཙམ་རེད། གལ་ཡོད་མ་རེད། ཁྱེད་ཀྱི་ལག་པ་ཏི་གི་སློང་བ་དང་། སེན་འཐོག་རྒྱག་པ། སྦར་ཤད་རྒྱག་པ། གཅོད་འབྲེག་བྱེད་པ་སོགས་གང་ཡིན་རུང་དེ་ནི་ལུས་ཀྱི་ཚོར་བ་ཙམ་རེད། དེ་ལས་ལྷག་པ་གང་ཡང་མ་རེད། བྱས་ཙང་། དེ་ལས་གནས་ཚུལ་ཆེན་བཟོ་མི་ཉན། དེས་གང་འཚམས་ཤིག་གི་བར་དུ་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་དེ་ནས་ངས་གཏོང་ལེན་དྲན་གསོས་ཀྱི་འདུག །སྐབས་དེ་དུས་བོད་ནང་སྡུག་སྦྱོང་དང་མནར་གཅོད་ཚད་མེད་གཏོང་བཞིན་པའི་སྐབས་རེད། ངས་བོད་ནང་ཡོད་པའི་བོད་མི་ཚོས་དཀའ་སྡུག་ཚད་མེད་མྱོང་བཞིན་པ་ལ་བསམ་བློ་གཏོང་འགོ་བཙུགས་ནས་དེ་དང་བསྡུར་བའི་སྐབས། ངས་གང་མྱོང་བ་དེ་གང་ཡང་མ་རེད། དཀའ་ངལ་ཆུང་ཙག་ཅིག་རེད་འདུག །དེ་ཡང་སྐར་མ་གཉིས་ཙམ་གནས་པ་དང་དེ་ནས་འཛད་འགྲོ་གི་ཡོད།

དེར་བརྟེན་ང་ཚོས་ “ང་རང་ཐབས་སྡུག་པ་ལ། སྡུག་བསྔལ་མྱོང་གི་འདུག་” ཅེས་བསམ་རྒྱུ་ཚབ་ལ་ངས་བློའི་ཁྱེར་སོ་རྒྱ་སྐྱེད་བཏང་ནས་བོད་ནང་གི་བོད་མི་རྣམས་ལ་བསམས་ནས་ “ཁོང་ཚོའི་སྡུག་བསྔལ་ཐམས་ཅད་ངའི་འགྲམ་པར་ཡོད་པའི་ན་ཟུག་གི་ནང་འཐིམ་པར་ཤོག །ང་རང་ཞི་འཇམ་དང་སྐྱིད་པོའི་ངང་སྡོད་པ་འདི་བརྒྱུད་ནས་ངས་ཁོང་ཚོར་ཞི་བདེ་དང་བདེ་སྐྱིད་སྦྱིན་ཐུབ་པར་ཤོག་” ཅེས་བསམ་བློ་བཏང་བ་ཡིན།

ངས་དེ་ཡང་བརྒྱ་ཆ་བརྒྱ་ཐམ་པ་ཏག་ཏག་ཅིག་བྱས་མེད་ཀྱང་། དེས་ང་ལ་གནས་སྟངས་ལ་གདོང་ལེན་བྱེད་པར་ཕན་ཐོགས་ཆེན་པོ་ཞེ་དྲགས་བྱུང་སོང་། གལ་ཏེ་ཁྱེད་ཀྱིས་དེ་མ་ནོར་བར་བྱས་ན། དངོས་གནས་ཁོང་ཚོའི་སྡུག་བསྔལ་ཚོར་བ་དང་ཁྱེད་ཀྱི་སྡུག་བསྔལ་ཇེ་སྡུག་དང་ཉེན་ཚབས་ཆེ་རུ་གཏོང་འདོད་སྐྱེ་གི་རེད། དྲང་པོར་ཞུས་ན། དེ་རྣམ་པར་དག་པ་ཞིག་བྱ་རྒྱུ་དེ་དངོས་གནས་ཧ་ཅང་ཚད་མཐོ་བའི་ཉམས་ལེན་ཞིག་རེད། ཁྱེད་ཀྱིས་དེ་ཚིག་གི་ལམ་ནས་བརྗོད་ཐུབ་ཀྱང་དེས་དོན་དག་གང་ཡང་སྟོན་གྱི་མེད། དེ་དངོས་སུ་འབྱུང་བར་འདོད་པ་ནི་གནས་ཚུལ་ཐ་དད་ཅིག་རེད། འོན་ཀྱང་མ་མཐར་ཡང་ཁོང་ཚོར་སྡུག་བསྔལ་ཇི་ཙམ་ཡོད་པ་དེ་ཙོམ་ཞིག་ཁྱེད་ཀྱིས་མེད་པར་བཟོ་ཐུབ་སྲིད་པ་ཞིག་ཡིན།

འོན་ཀྱང་དེ་གནས་ལུགས་ངོ་མ་དང་ནོར་མི་ཉན། གནས་ལུགས་ངོ་མ་ནི་དེ་ལས་མཐར་ཕྱིན་པ་ཡིན། གང་ཡིན་ཟེར་ན། སྐབས་འདིར་ཁྱེད་ཀྱིས་གོང་སྤེལ་གཏོང་བ་དང་བཀོལ་སྤྱོད་བྱེད་པའི་སེམས་ཀྱི་གནས་བབས་ནི། སྡུག་བསྔལ་ལ་འཐབ་རྒྱུ་ཚབ་ལ་ཁྱེད་ཀྱིས་དྭང་བླངས་ཐོག་དེ་ལ་གདོང་ལེན་བྱེད་ཐུབ་པའི་རང་གིས་རང་ལ་གདེང་ཚོད་ཀྱིས་ངོས་ལེན་བྱེད་པའི་ནང་ནས་གཅིག་ཡིན། གལ་ཏེ་ཁྱེད་ཀྱིས་གཞན་ཐམས་ཅད་ཀྱི་སྡུག་བསྔལ་ལ་རྒྱ་ཆེ་བའི་བསམ་བློ་བཏང་ནས་བྱེད་ཀྱི་ཡོད་ན། སོ་སོའི་སྡུག་བསྔལ་ལ་ཁྱེད་ཀྱིས་ངོས་ལེན་དང་གདོང་ལེན་བྱ་རྒྱུའི་གདེང་ཚོད་ཡོད་ཤག་རེད། དེ་ལ་འཐབ་འཛིང་མི་བྱེད་ལ་དེས་ཞེད་སྣང་སྦྱིན་གྱི་མ་རེད། དེ་འདྲ་ཡིན་ཙང་། དེ་ནི་རྫུ་འཕྲུལ་གྱི་ཐབས་ཤིག་མ་རེད། གལ་ཏེ་ཁྱེད་ཀྱིས་དེ་ལ་གང་འབྱུང་གི་ཡོད་པར་བརྟག་དཔྱད་བྱས་ན། དེས་གོ་དོན་ཧ་ཅང་གཏིང་ཟབ་སྟོན་གྱི་ཡོད། 

ཕྱོགས་བསྡོམས།

དེ་དག་ནི་བློ་སྦྱོང་ནང་བེད་སྤྱོད་བྱས་པའི་ཐབས་འགའ་ཞིག་ཡིན། དེ་དག་ཀྱང་རང་གཅེས་འཛིན་ལས་ཐར་ཞིང་། གཞན་དོན་དུ་གཙོ་བོ་སེམས་འཁུར་བྱེད་དགོས་པ་དེ་ཡིན། ང་ཚོའི་ཀུན་སློང་གི་རིམ་པ་གང་ཡིན་ལ་མ་ལྟོས་པར། བློའི་ཁྱེར་སོ་འགྱུར་བ་གཏོང་སྟངས་དེ་ཧ་ཅང་ཕན་ཐོགས་ཆེ། འདི་ལས་བྱུང་བའི་རང་གིས་རང་བསྒྱུར་བཅོས་གཏོང་ཚུལ་ནི་བསམ་བློ་གཏོང་ཐུབ་པ་དང་ལྷག་བསམ་རྣམ་དག་ཐོག་ “རྐྱེན་ངན་པ་དང་དཀའ་ངལ་ཅན་གྱི་གནས་སྟངས་གང་འདྲ་ཞིག་འབྱུང་རུང་། ངས་རང་ཉིད་ཐབས་སྐྱོ་པོར་བསམས་ནས་དེས་རང་ལ་གནོད་འཇུག་གི་མིན། དེས་རང་ཉིད་ཡིད་ཞུམ་དུ་འཇུག་གི་མིན་” ཞེས་ཚོར་རྒྱུ་མེད། དེ་ལས་ལྡོག་སྟེ། ང་ཚོའི་མི་ཚེའི་ནང་། “ག་རེ་འབྱུང་ནའང་བྱུང་། ངས་དེ་བསྒྱུར་བཅོས་གཏོང་ཐུབ། ངས་གཞན་ལ་སེམས་འཁུར་ཆེས་ཆེར་སྐྱེད་ཕྱིར་བེད་སྤྱོད་བྱེད་ཐུབ། དེ་བར་ཆད་ཅིག་ཏུ་འགྱུར་གྱི་མ་རེད།” ཅེས་པའི་སྤྱིར་བཏང་གི་བསམ་ཕྱོགས་གོང་འཕེལ་གཏོང་དགོས། དེ་ལྟའི་བློའི་ཁྱེར་སོ་ཡོད་པ་དེས་རང་གི་མི་ཚེའི་ནང་ཞུམ་པ་མེད་པའི་སྙིང་སྟོབས་སྦྱིན་གྱི་ཡོད།།

Top