ཐེག་པ་ཆེན་པོའི་བློ་སྦྱོང་མཚོན་ཆ་འཁོར་ལོ།

སྐད་ཡིག་གཞན།

༄༅། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དགྲ་བོ་གནད་ལ་དབབ་པ་མཚོན་ཆའི་འཁོར་ལོ་ཞེས་བྱ་བ། ཁྲོ་བོ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །

༡༽བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ན། །སྨན་གྱི་ལྡུམ་ར་ལེགས་པར་མཛེས་གྱུར་ཀྱང་། །རྨ་བྱའི་ཚོགས་རྣམས་དགའ་བར་མི་འགྱུར་གྱི། །བཙན་དུག་བཅུད་ཀྱིས་རྨ་བྱ་འཚོ་བ་ལྟར། །

༢༽དཔའ་བོ་འཁོར་བའི་ནགས་སུ་འཇུག་པ་ན། །བདེ་སྐྱིད་དཔལ་གྱི་ལྡུམ་ར་མཛེས་གྱུར་ཀྱང་། །དཔའ་བོ་དག་ནི་ཆགས་པར་མི་འགྱུར་གྱི། །སྡུག་བསྔལ་ནགས་སུ་སེམས་དཔའ་འཚོ་བ་ཡིན། །

༣༽དེ་ཕྱིར་བདེ་སྐྱིད་དང་དུ་ལེན་པ་ཡི། །བདར་མའི་དབང་གིས་སྡུག་ལ་སྐྱེལ་བ་ཡིན། །སྡུག་བསྔལ་དང་དུ་ལེན་པའི་སེམས་དཔའ་དེ། །དཔའ་བའི་སྟོབས་ཀྱིས་རྟག་ཏུ་བདེ་བ་ཡིན། །

༤༽ད་འདིར་འདོད་ཆགས་བཙན་དུག་ནགས་དང་འདྲ། །དཔའ་བོ་རྨ་བྱ་ལྟ་བུས་མཆུན་པར་འགྱུར། །བདར་མ་བྱ་རོག་ལྟ་བུའི་སྲོག་ལ་འཆི། །

༥༽རང་འདོད་ཅན་གྱིས་དུག་འདི་ག་ལ་མཆུན། །ཉོན་མོངས་གཞན་དང་དེ་བཞིན་སྦྱར་བ་ན། །བྱ་རོག་ལྟ་བུར་ཐར་པའི་སྲོག་ལ་འབབ། །

༦༽དེ་ཕྱིར་སེམས་དཔའ་རྨ་བྱ་ལྟ་བུ་ཡིས། །དུག་གི་ནགས་དང་འདྲ་བའི་ཉོན་མོངས་རྣམས། །བཅུད་དུ་བསྒྱུར་ལ་འཁོར་བའི་ནགས་སུ་འཇུག །དང་དུ་བླངས་ལ་དུག་འདི་གཞོམ་པར་བྱ། །

༧༽ད་ནི་རང་དབང་མེད་པར་འཁོར་བ་ཡིས། །བདག་ཏུ་འཇན་པ་བདུད་ཀྱི་ཕོ་ཉ་འདི། །རང་འདོད་སྐྱིད་འདོད་བདེ་དང་ཕར་ཕྲལ་ལ། །གཞན་དོན་དཀའ་སྤྱད་དང་དུ་བླང་བར་བྱ། །

༨༽ལས་ཀྱིས་བདས་ཤིང་ཉོན་མོངས་གོམས་པ་ཡིས། །རིས་མཐུན་སྐྱེ་དགུ་རྣམས་ཀྱི་སྡུག་བསྔལ་རྣམས། །སྐྱིད་འདོད་བདག་གི་སྟེང་དུ་སྤུང་བར་བྱ། །

༩༽གལ་ཏེ་རང་འདོད་འཁྲི་བ་ཞུགས་པའི་ཚེ། །ཟླག་ལ་རང་གི་བདེ་སྐྱད་འགྲོ་ལ་སྦྱིན། །ཇི་ལྟར་བདག་ལ་འཁོར་གྱིས་ལོག་སྒྲུབ་ཚེ། །རང་གི་ཡེངས་པས་ལན་ཞེས་སྙིང་ཚིམ་སྦྲེང་། །

༡༠༽ལུས་ལ་མི་བཟོད་ན་ཚ་བྱུང་བའི་ཚེ། །འགྲོ་བའི་ལུས་ལ་གནོད་པ་སྐྱལ་བ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ན་ཚ་མ་ལུས་རང་ལ་བླངས། །

༡༡༽རང་གི་སེམས་ལ་སྡུག་བསྔལ་བྱུང་བའི་ཚེ། །ངེས་པར་གཞན་གྱི་སེམས་རྒྱུད་དཀྲུགས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་སྡུག་བསྔལ་མ་ལུས་རང་ལ་བླངས། །

༡༢༽རང་ཉིད་བཀྲེས་སྐོམ་དྲག་པོས་གཟིར་བ་ན། །ཁྲལ་དང་རྐུ་ཕྲོག་སེར་སྣ་བྱས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་བཀྲེས་སྐོམ་མ་ལུས་རང་ལ་བླངས། །

༡༣༽དབང་པོ་གཞན་གྱི་འཁོར་ཞིང་མནར་བའི་ཚེ། །དམན་ལ་སྡང་ཞིང་བྲན་དུ་བཀོལ་བ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ལུས་སྲོག་གཞན་གྱི་དོན་དུ་བཀོལ། །

༡༤༽མི་སྙན་ཚིག་རྣམས་རྣ་བར་བྱུང་བ་ན། །ཕྲ་མ་ལ་སོགས་ངག་གི་ནངས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ངག་གི་སྐྱོན་ལ་སྨད་པར་བྱ། །

༡༥༽གང་ཡང་མ་དག་ཡུལ་དུ་སྐྱེས་པ་ན། །མ་དག་སྣང་བ་རྟག་པར་བསྒོམས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དག་སྣང་འབའ་ཞིག་བསྒོམ་པར་བྱ། །

༡༦༽ཕན་ཞིང་མཛའ་བའི་གྲོགས་དང་བྲལ་བའི་ཚེ། །གཞན་གྱི་འཁོར་རྣམས་བདག་གིས་ཁ་དྲངས་པས། །ལས་ངན་མཆན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གཞན་དག་འཁོར་དང་བྲལ་མི་བྱ། །

༡༧༽དམ་པ་ཐམས་ཅད་བདག་ལ་མི་དགའ་བ། །དམ་པ་བོར་ནས་འཁོར་ངན་བསྟེན་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡན། །ད་ནི་ངན་པའི་གྲོགས་རྣམས་སྤང་བར་བྱ། །

༡༨༽སྒྲོ་སྐུར་གཞན་གྱིས་སྡིག་སོགས་བྱུང་བའི་ཚེ། །རང་གིས་དམ་པ་རྣམས་ལ་སྨད་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གཞན་ལ་སྒྲོ་སྐུར་སྨད་མི་བྱ། །

༡༩༽མཁོ་བའི་རྫས་ལ་ཆུད་ཟོས་བྱུང་བའི་ཚོ། །གཞན་གྱི་མཁོ་བ་ཁྱད་དུ་བསད་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གཞན་གྱི་མཁོ་བ་བསྒྲུབ་པར་བྱ། །

༢༠༽སེམས་མི་གསལ་ཞིང་སྙིང་མི་དགའ་བའི་ཚེ། །སྐྱེ་བོ་གཞན་ལ་སྡིག་པ་བསགས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གཞན་གྱི་སྡིག་རྐྱེན་སྤང་བར་བྱ། །

༢༡༽བྱ་བ་མ་གྲུབ་སེམས་རྩ་འཁྲུག་པའི་ཚེ། །དམ་པའི་ལས་ལ་བར་ཆད་བྱས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་བར་ཆད་ཐམས་ཅད་སྤང་བར་བྱ། །

༢༢༽གང་ལྟར་བྱས་ཀྱང་བླ་མ་མ་མཉེས་ཚེ། །དམ་པའི་ཆོས་ལ་ངོ་ལྐོག་བྱས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཆོས་ལ་ངོ་ལྐོག་ཆུང་བར་བྱ། །

༢༣༽སྐྱེ་བོ་ཡོངས་ཀྱིས་ཁ་ལོག་བྱུང་བའི་ཚེ། །ངོ་ཚ་ཁྲེལ་ཡོད་ཁྱད་དུ་གསོད་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་མི་བསྲུན་པ་ལ་འཛེམ་པར་བྱ། །

༢༤༽འཁོར་རྣམས་འདུས་མ་ཐག་ཏུ་འགྲས་པའི་ཚེ། །སྡུག་ཤིས་ངན་པ་ཕྱོགས་སུ་བཙོངས་པ་ཡིས།ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གང་ལའང་མི་ཤིས་ལེགས་པར་བྱ། །

༢༥༽ཉེ་ཚད་ཐམས་ཅད་དགྲ་བོར་ལངས་པའི་ཚེ། །བསམ་པ་ངན་པ་ནང་དུ་བཅུག་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་མུགས་སྐྱོ་རྒྱུན་མ་ཆུང་བར་བྱ། །

༢༦༽བད་གཅོང་སྐྲན་དང་རྨུ་ཆུ་ངན་པའི་ཚེ། །ཁྲིམས་མེད་དཀོར་ལ་བག་མེད་འབགས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་སྒོ་འཕྲོག་ལ་སོགས་སྤང་བར་བྱ། །

༢༧༽གློ་བུར་འགོ་ནད་ལུས་ལ་ཐེབས་པའི་ཚེ། །དམ་ཚིག་ཉམས་པའི་བྱ་བ་བྱས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་མི་དགེའི་ལས་རྣམས་སྤང་བར་བྱ། །

༢༨༽ཤེས་བྱ་ཀུན་ལ་བློ་གྲོས་རྨོངས་པའི་ཚེ། །བཞག་ཏུ་འོས་པའི་ཆོས་རྣམས་བྱས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཐོས་སོགས་ཤེས་རབ་གོམས་པར་བྱ། །

༢༩༽ཆོས་ལ་སྤྱོད་ཚེ་གཉིད་ཀྱིས་ནོན་པའི་ཚེ། །དམ་པའི་ཆོས་ལ་སྒྲིབ་པ་བསགས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཆོས་ཕྱིར་དཀའ་བ་སྤྱད་པར་བྱ། །

༣༠༽ཉོན་མོངས་ལ་དགའ་རྣམ་གཡེང་ཆེ་བའི་ཚེ། །མི་རྟག་འཁོར་བའི་ཉེས་དམིགས་མ་བསྒོམས་པས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་འཁོར་བར་ཡིད་འབྱུང་ཆེ་བར་བྱ། །

༣༡༽ཅི་ཙུག་བྱས་ཀྱང་མར་འགྲོར་ཤོར་བའི་ཚེ། །ལས་དང་རྒྱུ་འབྲས་ཁྱད་དུ་བསད་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་བསོད་ནམས་གསོག་ལ་འབད་པར་བྱ། །

༣༢༽རིམ་གྲོ་བྱས་ཚད་ལོག་པར་སོང་བའི་ཚེ། །ནག་པོའི་ཕྱོགས་ལ་རེ་ལྟོས་བྱས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ནག་པོའི་ཕྱོགས་ལས་བཟློག་པར་བྱ། །

༣༣༽དཀོན་མཆོག་གསུམ་ལ་གསོལ་བ་མ་ཐེབས་ཚེ། །སངས་རྒྱས་པ་ལ་ཡིད་ཆེས་མ་བྱས་པས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དཀོན་མཆོག་ཁོ་ན་བསྟེན་པར་བྱ། །

༣༤༽རྣམ་རྟོག་གྲིབ་དང་གདོན་དུ་ལངས་པའི་ཚེ། །ལྷ་དང་སྔགས་ལ་སྡིག་པ་བསགས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ངན་རྟོགས་ཐམས་ཅད་གཞོམ་པར་བྱ། །

༣༥༽དབང་མེད་མི་ལྟར་རྗེས་སུ་འཁྱམས་པའི་ཚེ ། །བླ་མ་ལ་སོགས་གནས་ནས་བསྐྲད་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གང་ཡང་ཡུལ་ནས་དབྱུང་མི་བྱ། །

༣༦༽སད་སེར་ལ་སོགས་མི་འདོད་བྱུང་བའི་ཚེ། །དམ་ཚིག་ཁྲིམས་རྣམས་ཚུལ་བཞིན་མ་བསྲུངས་པས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དམ་ཚིག་ལ་སོགས་གཙང་བར་བྱ། །

༣༧༽འདོད་པ་ཆེ་ལ་འབྱོར་པས་འཕོངས་པའི་ཚེ། །སྦྱིན་དང་དཀོན་མཆོག་མཆོད་པ་མ་བགྱིས་པས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་མཆོད་སྦྱིན་དག་ལ་བརྩོན་པར་བྱ། །

༣༨༽སྐྱེ་གཟུགས་ངན་ཏེ་འཁོར་གྱིས་བརྙས་པའི་ཚེ། །སྐུ་གཟུགས་ངན་བཞེངས་ཁོང་ཁྲོས་དཀྲུགས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ལྷ་བཞེངས་ངང་རྒྱུད་རིང་བར་བྱ། །

༣༩༽གང་ལྟར་བྱས་ཀྱང་ཆགས་སྡང་འཁྲུགས་པའི་ཚེ། །མ་རུངས་རྒྱུད་ངན་སུ་བཅུག་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ང་ཁྱོད་དྲུང་ནས་དབྱུང་བར་བྱ། །

༤༠༽སྒྲུབ་པ་གང་བྱས་དམིགས་སུ་མ་སོང་ཚེ། །ལྟ་བ་ངན་པ་ཁོག་ཏུ་ཞུགས་པ་ཡིས། །ལས་ངན་མཆོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཅི་བྱེད་གཞན་དོན་ཉིད་དུ་བྱ། །

༤༡༽དགེ་སྦྱོར་བྱས་ཀྱང་རང་རྒྱུད་མ་ཐུལ་ཚེ། །ཚེ་འདིའི་ཆེ་ཐབས་དང་དུ་བླངས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ཐར་པ་འདོད་ལ་བསྒྲིམ་པར་བྱ། །

༤༢༽འདུན་མ་དག་ལ་བརྟགས་ཤིང་འགྱོད་པའི་ཚེ ། །ཁྲེལ་མེད་གསར་འགྲོགས་མཐོ་ཁ་འགྲིམས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གང་ལའང་འགྲོགས་ལུགས་གཟབ་པར་བྱ། །

༤༣༽གཞན་གྱི་མུག་སྐྱོས་རང་ཉིད་བསླུས་པའི་ཚེ། །རང་འདོད་ང་རྒྱལ་ལྟོགས་འདོད་ཆེས་པ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་གང་ལའང་མངོན་མཚན་ཆུང་བར་བྱ། །

༤༤༽ཉན་བཤད་ཆགས་སྡང་གཡོས་སུ་སོང་བའི་ཚེ། །བདུད་ཀྱི་སྐྱོན་རྣམས་སྙིང་ལ་མ་བསམས་པས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་འགལ་རྐྱེན་བརྟགས་ནས་སྤང་བར་བྱ། །

༤༥༽བཟང་བྱས་ཐམས་ཅད་ངན་དུ་སོང་བ་ནི། །དྲིན་ལན་ཐམས་ཅད་ལོག་པར་གཞལ་བ་ཡིས། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དྲིན་ལན་སྤྱི་བོས་བླང་བར་བྱ། །

༤༦༽མདོར་ན་མི་འདོད་ཐོག་ཏུ་བབ་པ་རྣམས། །མགར་བ་རང་གི་རལ་གྲིས་བསད་པ་ལྟར། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་སྡིག་པའི་ལས་ལ་བག་ཡོད་བྱ། །

༤༧༽ངན་སོང་གནས་སུ་སྡུག་བསྔལ་མྱོང་བ་ཡང༌། །མདའ་མཁན་རང་གི་མདའ་ཡིས་བསད་པ་ལྟར། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །དེ་བས་སྡིག་པའི་ལས་ལ་བག་ཡོད་བྱ། །

༤༨༽ཁྱིམ་གྱི་སྡུག་བསྔལ་ཐོག་ཏུ་བབས་པ་ཡང་། །བསྐྱངས་པའི་བུ་ཚས་ཕ་མ་བསད་པ་ལྟར། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་རྟག་པར་རབ་ཏུ་བྱུང་བའི་རིགས། །

༤༩༽དེ་ལྟར་ལགས་པས་དགྲ་བོ་བདག་གིས་ཟིན། །འཇབས་ནས་བསླུ་བའི་ཆོམ་རྐུན་བདག་གིས་ཟིན། །རང་དུ་བརྫུས་ནས་བསླུ་བའི་ཟོག་པོ་ནི། །ཨེ་མ་བདག་འཛིན་འདི་ཡིན་ཐེ་ཚོམ་མེད། །

༥༠༽ད་ནི་ལས་ཀྱི་མཚོན་ཆ་ཀླད་ལ་བསྐོར། །ཁྲོས་པའི་ཚུལ་གྱིས་ལན་གསུམ་ཀླད་ལ་བསྐོར། །བདེན་གཉིས་ཞབས་བགྲད་ཐབས་ཤེས་སྤྱན་མིག་གདངས། །

༥༡༽སྟོབས་བཞིའི་མཆེ་བ་གཙིགས་པ་དགྲ་ལ་བསྣུན། །དགྲ་བོ་གཟིར་བའི་རིག་སྔགས་རྒྱལ་པོ་ལ། །

༥༢༽འཁོར་བའི་ནགས་སུ་རང་དབང་མ་མཆིས་པར། །ལས་ཀྱི་མཚོན་ཆ་ཐོགས་ནས་རྒྱུག་བྱེད་པ། །བདག་འཛིན་འགོང་པོ་ཞེས་པའི་གདུག་རྩུབ་ཅན། །རང་གཞན་འཕུང་དུ་འཇུག་པའི་དམ་ཉམས་ཁུག།ཁུག་ཅིག་ཁུག་ཅིག་ཁྲོ་བོ་གཤིན་རྗེ་གཤེད། །

༥༣༽རྒྱོབ་ཅིག་རྒྱོབ་ཅིག་དགྲ་བདག་སྙིང་ལ་བསྣུན། །འཕུང་བྱེད་རྟོགས་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །

༥༤༽ཧཱུྂ་ཧཱུྂ་ཡི་དམ་ཆེན་པོ་རྫུ་འཕྲུལ་བསྐྱེད། །ཛཿཛཿདགྲ་བོ་འདི་ནི་དམ་ལ་ཐོགས། །ཕཊ་ཕཊ་འཆིང་བ་ཐམས་ཅད་བསྒྲལ་དུ་གསོལ། །བཤིག་བཤིག་འཛིན་པའི་མདུད་པ་བཅད་དུ་གསོལ། །

༥༥༽ཚུར་བྱོན་ཡི་དམ་ཁྲོ་བོ་གཤིན་རྗེ་གཤེད། །འཁོར་བར་ལས་ཀྱི་འདམ་རྫབ་སྦྱོར་བ་ཡིས། །ལས་དང་ཉོན་མོངས་དུག་ལྔའི་རྒྱལ་པ་འདི། །ད་ལྟ་ཉིད་དུ་ཤག་ཤག་དབྲལ་དུ་གསོལ། །

༥༦༽ངན་སོང་གསུམ་དུ་སྡུག་ལ་བསྐྱལ་གྱུར་ཀྱང་། །བྲེད་མི་ཤེས་པར་རྒྱུ་ལ་རྒྱུག་པ་ཡི། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །

༥༧༽སྐྱེད་འདོད་ཆེ་ལ་དེ་རྒྱུ་ཚོགས་མི་གསག།སྡུག་སྲན་ཆུང་ལ་འདོད་ནག་རྔམས་སེམས་ཆེ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །

༥༨༽འདོད་ཐག་ཉེ་ལ་སྒྲུབ་ལ་བརྩོན་འགྲུས་ཆུང་། །བྱ་བྱེད་མང་ལ་གང་ཡང་མཐར་མི་འཁྱོལ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༥༩༽གསར་འགྲོགས་ཆེ་ལ་ཁྲེལ་གཞུང་ཕྱི་ཐག་ཆུང་། །ལྟོ་འདུན་ཆེ་ལ་རྐུ་འཕྲོག་ཚོལ་ཁྲོ་རེམ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༦༠༽ཁ་བསགགཞོགས་སློང་མཁས་ལ་ཞེ་མུག་ཆེ། །བསྡུ་བསོག་རིམ་ལ་ཡོད་ཀྱང་སེར་སྣས་བཅིངས། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༦༡༽ཀུན་ལ་བྱས་པ་ཆུང་ལ་སྡུག་ཡུས་ཆེ། །རང་ལ་ཁྱེར་ཁ་མེད་པ་རྔམ་པོ་ཆེ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙང་ལ་མ་ར་ཡ། །

༦༢༽སློབ་དཔོན་མང་ལ་དམ་ཚིག་ཁུར་ཤེས་ཆུང་། །སློབ་མ་མང་ལ་ཕན་འདོགས་སྐྱང་རན་ཆུང་། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༦༣༽ཁས་བླངས་ཆེ་ལ་ཕན་པའི་ཉམས་ལེན་ཆུང་། །སྙན་པ་ཆེ་ལ་བརྟགས་ན་ལྷ་འདྲེས་ཁྲེལ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༦༤༽ཐོས་རྒྱ་ཆུང་ལ་སྟོང་སྐད་རྦད་ཁམ་ཆེ། །ལུང་བརྒྱ་ཆུང་ལ་མི་གཏོགས་དགུ་ལ་གཏོགས། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༦༥༽འཁོར་གཡོག་མང་ལ་འཁུར་མཁན་སུ་ཡང་མེད། །དཔོན་པོ་མང་ལ་རྒྱབ་བསྟེན་མགོན་དང་བྲལ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༦༦༽གོ་ས་མཐོ་ལ་ཡོན་ཏན་འདྲེ་བས་ཆུང་། །བླ་མ་ཆེ་ལ་ཆགས་སྡང་བདུད་ལས་རྩུབ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༦༧༽ལྟ་བ་མཐོ་ལ་སྤྱོད་པ་ཁྱི་ལས་ངན། །ཡོན་ཏན་མང་ལ་གཞི་མ་རླུང་ལ་ཤོར། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༦༨༽ཞེ་འདོད་ཐམས་ཅད་རང་གི་ཕུགས་སུ་ཞུགས། །གྱོགས་སྐོར་ཐམས་ཅད་དོན་མེད་བཞད་གད་བྱེད། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༦༩༽ངུར་སྨྲིག་གྱོན་ནས་བསྲུང་སྐྱོབ་འདྲེ་ལ་ཞུ། །སྡོམ་པ་བླངས་ནས་སྤྱོད་ལམ་བདུད་དང་བསྟུན། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༧༠༽བདེ་སྐྱིད་ལྷ་ཡིས་བྱིན་ནས་སྡུག་འདྲེ་མཆོད། །འདྲེན་པ་ཆོས་ཀྱིས་བྱས་ནས་དཀོན་མཆོག་བསླུ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༧༡༽རྟག་ཏུ་དགོན་པ་བསྟེན་ནས་གཡེང་བས་ཁྱེར། །དམ་ཆོས་གཙུག་ལག་ཞུས་ནས་མོ་བོན་སྐྱོང་། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༧༢༽ཚུལ་ཁྲིམས་ཐར་ལམ་བོར་ནས་ཕ་ཁྱིམ་འཛིན། །བདེ་སྐྱིད་ཆུ་ལ་འཕོ་ནས་སྡུག་ལ་བསྙག།ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༧༣༽ཐར་པའི་འཇུག་ངོགས་བོར་ནས་ས་མཐའ་འགྲིམ། །མི་ལུས་རིན་ཆེན་རྙེད་ནས་དམྱལ་ཁམས་བསྒྲུབ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༧༤༽ཆོས་ཀྱི་འགྱུར་ཁྱད་བཞག་ནས་ཚོང་ཁེ་བསྒྲུབ། །བླ་མའི་ཆོས་གྲྭ་བཞག་ནས་གྲོང་ཡུལ་འགྲིམ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༧༥༽རང་གི་རང་འཚོ་བཞག་ནས་འདུ་སྒོ་འཕྲོག །རང་གི་ཕ་ཟས་བཞགནས་གཞན་ལ་རྐུ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༧༦༽ཨེ་མ་སྒོམ་སྲན་ཆུང་ལ་མངོན་ཤེས་རྣོ། །ལམ་སྣ་མ་ཟིན་དོན་མེད་རྐང་པ་མགྱོགས། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༧༧༽ཕན་པར་བསླབ་ན་སྡང་སེམས་དགྲ་རུ་འཛིན། །མགོ་བསྐོར་བསླུ་ན་སྙིང་མེད་དྲིན་དུ་གཟོ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༧༨༽ནང་མིར་བརྟེན་ན་སྙིང་གཏམ་དགྲ་ལ་འཆད། །ཕེབས་པར་འགྲོགས་ན་ཁྲེལ་མེད་གློ་སྙིང་རྐུ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༧༩༽ཀོ་ལོང་དམ་ལ་རྣམ་རྟོག་སུ་བས་རགས། །འགྲོགས་པར་དཀའ་ལ་བཤིས་ངན་རྒྱུན་དུ་བླང༌། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༨༠༽བཅོལ་ན་མི་ཉན་ལྐོག་ན་གནོད་པ་བསྐྱེལ། །བསྟུན་ན་མི་འདུད་རྒྱང་ན་རྩོད་པ་འཚང༌། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༨༡༽བཀའ་བློ་མི་བདེ་རྟག་པར་འགྲོགས་པར་དཀའ། །ཕོག་ཐུག་མང་ལ་རྟག་ཏུ་འཛིན་པ་དམ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༨༢༽མཐོ་དམན་ཆེ་ཞིང་དམ་པ་དགྲ་རུ་འཛིན། །འདོད་ཆགས་ཆེ་བས་གཞོན་ནུ་དང་དུ་ལེན། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༨༣༽ཕྱི་ཐག་ཐུང་བས་སྔར་འགྲོགས་རྒྱང་དུ་འཕེན། །གསར་འགྲོགས་ཆེ་བས་ཀུན་ལ་ཁ་དྲོད་གཏིང༌། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༨༤༽མངོན་ཤེས་མེད་པས་རྫུན་སྐྱོན་དང་དུ་ལེན། །སྙིང་རྗེ་མེད་པས་བློ་གཏད་སྙིང་ལ་བྲབ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མཱ་ར་ཡ། །

༨༥༽ཐོས་པ་ཆུང་ལ་ཀུན་ལས་བར་ཚོད་བྱེད། །ལུང་བརྒྱ་ཆུང་བས་ཡོངས་ལ་ལོག་ལྟ་སྐྱེ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༨༦༽ཆགས་སྡང་གོམས་པས་གཞན་ཕྱོགས་ཡོངས་ལ་སྨོད། །ཕྲག་དོག་གོམས་པས་གཞན་ལ་སྒྲོ་སྐུར་འདེབས། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༨༧༽སློབ་གཉེར་མ་བྱས་རྒྱ་ཆེན་ཁྱད་དུ་གསོད། །བླ་མ་མི་བསྟེན་ལུང་ལ་སྨོད་པ་བྱེད། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༨༨༽སྡེ་སྣོད་མི་འཆད་རང་བཟོ་རྫུན་དུ་བསྒྲིག །དག་སྣང་མ་འབྱོངས་ལབ་ཚད་འབའ་ཤར་སྨྲ། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༨༩༽ཆོས་མིན་ལས་ལ་སྨོད་པར་མི་བྱེད་པར། །ལེགས་བཤད་ཡོངས་ལ་སུན་འབྱིན་སྣ་ཚོགས་གཏོང༌། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༩༠༽ངོ་ཚའི་གནས་ལ་ངོ་ཚར་མི་འཛིན་པར། །ངོ་མི་ཚ་ལོང་ཚའི་ཆོས་ལོག་འཛིན། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༩༡༽བྱས་ན་རུང་བ་གཅིག་ཀྱང་མི་བྱེད་པར། །མི་རིགས་བྱ་བ་ཐམས་ཅད་བྱེད་པ་ཡིས། །ཕུང་བྱེད་རྟོག་པའི་མགོ་ལ་ཆེམས་སེ་ཆེམས། །དགྲ་བདག་གཤེད་མའི་སྙིང་ལ་མ་ར་ཡ། །

༩༢༽ཨེ་མ་བདག་ལྟའི་འགོང་པོ་འཇོམས་མཛད་པའི། །བདེ་གཤེགས་ཆོས་ཀྱི་སྐུ་མངའ་མཐུ་སྟོབས་ཅན། །བདག་མེད་ལས་ཀྱི་མཚོན་ཆ་དབྱུག་ཐོ་ཅན། །ཐེ་ཚོམ་མེད་པར་ཀླད་ལ་ལན་གསུམ་བསྐོར། །

༩༣༽རྔམས་སྟེབས་ཆེན་པོས་དགྲ་འདི་བསྒྲལ་དུ་གསོལ། །ཤེས་རབ་ཆེན་པོས་རྟོག་ངན་གཞོམ་དུ་གསོལ། །སྙིང་རྗེ་ཆེན་པོས་ལས་ལ་སྐྱབ་ཏུ་གསོལ། །ངེས་པར་བདག་ནི་བརླག་པར་མཛད་དུ་གསོལ། །

༩༤༽འཁོར་བ་པ་ལ་དུཿཁ་ཅི་མཆིས་པ། །བདག་འཛིན་འདི་ལ་ངེས་པར་དཔུང་དུ་གསོལ། །གང་ལ་ཉོན་མོངས་དུག་ལྔ་ཅི་མཆིས་པ། །རིགས་མཐུན་འདི་ལ་ངེས་པར་དཔུང་དུ་གསོལ། །

༩༥༽འདི་ལྟར་ཉེས་པའི་རྩ་བ་མ་ལུས་པ། །ཐེ་ཚོམ་མེད་པར་རིགས་པས་ངོས་ཟིན་ཀྱང༌། །ད་དུང་འདི་ཡི་ཁ་འཛིན་ཤགས་འདེབས་ན། །འཛིན་མཁན་དེ་ཉིད་བརླག་པར་མཛད་དུ་གསོལ། །

༩༦༽ད་ནི་ལེ་ལན་ཐམས་ཅད་གཅིག་ལ་གདའ། །སྐྱེ་བོ་ཡོངས་ལ་བཀའ་དྲིན་ཆེ་བར་བསྒོམ། །གཞན་གྱི་མི་འདོད་རང་གི་རྒྱུད་ལ་བླངས། །བདག་གི་དགེ་རྩ་འགྲོ་བ་ཡོངས་ལ་བསྔོ། །

༩༧༽དེ་ལྟར་འགྲོ་བ་གཞན་གྱི་སྒོ་གསུམ་གྱིས། །དུས་གསུམ་བགྱིས་པ་བདག་གིས་བླངས་པ་ཡིས། །རྨ་བྱ་དུག་གི་མདོངས་དང་ལྡན་པ་ལྟར། །ཉོན་མོངས་བྱང་ཆུབ་གྲོགས་སུ་འགྱུར་བར་ཤོག།

༩༨༽བདག་གི་དགེ་རྩ་འགྲོ་ལ་སྦྱིན་པ་ཡིས། །བྱ་རོག་དུག་ཟོས་སྨན་གྱིས་གསོས་པ་ལྟར། །སྐྱེ་བོ་ཡོངས་ཀྱི་ཐར་པའི་སྲོག་བཟུང་ནས། །བདེ་གཤེགས་སངས་རྒྱས་མྱུར་དུ་ཐོབ་པར་ཤོག །

༩༩༽ནམ་ཞིག་བདག་དང་ཕ་མར་གྱུར་པ་རྣམས། །འོག་མིན་གནས་སུ་བྱང་ཆུབ་མ་ཐོབ་བར། །འགྲོ་བ་དྲུག་ཏུ་ལས་ཀྱིས་འཁྱམས་ན་ཡང༌། །ཕན་ཚུན་གཅིག་སེམས་གཅིག་གིས་འཛིན་པར་ཤོག །

༡༠༠༽དེ་ཚེ་འགྲོ་བ་གཅིག་གི་དོན་དུ་ཡང་། །ངན་སོང་གསུམ་དུ་བདག་གིས་ཡོངས་ཞུགས་ནས། །སེམས་དཔའ་ཆེན་པོའི་སྤྱོད་པ་མ་ཉམས་པར། །ངན་སོང་སྡུག་བསྔལ་བདག་གིས་དྲོངས་པར་ཤོག །

༡༠༡༽དེ་མ་ཐག་ཏུ་དམྱལ་བའི་བསྲུང་མ་རྣམས། །བདག་ལ་བླ་མའི་འདུ་ཤེས་སྐྱེས་གྱུར་ནས། །མཚོན་ཆ་དག་ཀྱང་མེ་ཏོག་ཆར་དུ་གྱུར། །གནོད་པ་མེད་པར་ཞི་བདེ་འཕེལ་བར་ཤོག །

༡༠༢༽ངན་སོང་བ་ཡང་མངོན་ཤེས་གཟུངས་ཐོབ་ནས། །ལྷ་མིའི་ལུས་བླངས་བྱང་ཆུབ་སེམས་བསྐྱེད་དེ། །བདག་གིས་དྲིན་ལན་ཆོས་ཀྱིས་གཟོ་བར་ཤོག །བདག་ལ་བླ་མར་བཟུང་ནས་བསྟེན་པར་ཤོག །

༡༠༣༽དེ་ཚེ་མཐོ་རིས་འགྲོ་བ་ཐམས་ཅད་ཀྱང༌། །བདག་དང་མཚུངས་པར་བདག་མེད་རབ་བསྒོམས་ནས། །སྲིད་དང་ཞི་བ་རྣམ་པར་མི་རྟོག་པར། །མཉམ་པ་ཉིད་དུ་ཏིང་འཛིན་བསྒམ་པར་ཤོག། མཉམ་པ་ཉིད་དུ་རང་ངོ་འཕྲོད་པར་ཤོག །

༡༠༤༽དེ་ལྟར་བྱས་ན་དགྲ་འདི་ཆོམས་པར་འགྱུར། །དེ་ལྟར་བྱས་ན་རྣམ་རྟོག་ཆོམས་འགྱུར་ཏེ། །མི་རྟོག་ཡེ་ཤེས་བདག་མེད་བསྒམ་འགྱུར་ཏེ། །གཟུགས་སྐུའི་རྒྱུ་འབྲས་ཅི་སྟེ་ཐོབ་མི་འགྱུར། །

༡༠༥༽ཀ་ཡེ་དེ་དག་ཐམས་ཅད་རྟེན་འབྲེལ་ཡིན། །རྟེན་འབྲེལ་རྟོགས་པ་རང་ཚུགས་མེད་པ་ཡིན། །ཕར་བསྒྱུར་ཚུར་བསྒྱུར་བརྫུན་སྣང་སྒྱུ་མ་ཡིན། །འགལ་མེ་བཞིན་དུ་སྣང་བའི་གཟུགས་བརྙན་ཡིན། །

༡༠༦༽ཆུ་ཤིང་བཞིན་དུ་སྲོག་ལ་སྙིང་པོ་མེད། །ཁུག་སྣ་བཞིན་དུ་བཏུད་ནས་འཇིག་པ་ཡིན། །སྨིག་སྒྱུ་བཞིན་དུ་རྒྱང་ནས་མཛེས་པ་ཡིན། །

༡༠༧༽མེ་ལོང་གཟུགས་བརྙན་ལྟ་བུར་བདེན་བདེན་འདྲ། །སྤྲིན་དང་ན་བུན་བཞིན་དུ་སྡོད་སྡོད་འདྲ། །དགྲ་བདག་གཤེད་མ་འདི་ནི་དེ་བཞིན་དུ། །ཡོད་ཡོད་འདྲ་སྟེ་ནམ་ཡང་ཡོད་མ་ཡིན། །

༡༠༨༽བདེན་བདེན་འདྲ་སྟེ་གང་དུའང་བདེན་མ་བྱེད། །སྣང་སྣང་འདྲ་སྟེ་སྒྲོ་སྐུར་ཡུལ་ལས་འདས། །དེ་ལ་ལས་ཀྱི་འཁོར་ལོ་གང་ཞིག་ཡོད། །

༡༠༩༽འདི་ནི་འདི་ལྟར་རང་བཞིན་མེད་ན་ཡང༌། །ཆུ་ཕོར་གང་དུ་ཟླ་བའི་གཟུགས་བརྙན་ཤར། །ལས་འབྲས་འདི་ནི་བརྫུན་པས་སྣ་ཚོགས་བཀྲ། །སྣང་བ་ཙམ་དུ་བླང་དོར་བྱའོ་ཨང༌། །

༡༡༠༽རྨི་ལམ་ཡུལ་དུ་བསྐལ་བའི་མེ་འབར་ཚེ། །རང་བཞིན་མེད་ཀྱང་ཚ་བས་འཇིགས་སྐྲག་ལྟར། །དམྱལ་ཁམས་སོགས་ལ་རང་བཞིན་མེད་ན་ཡང༌། །བཙོ་བསྲེགས་ལ་སོགས་འཇིགས་པས་སྤང་བར་བྱ། །

༡༡༡༽ཚད་པས་འཁྲུལ་ཚེ་མུན་ནག་ཡོང་མེད་ཀྱང༌། །གཏིང་རིང་ཕུག་ཏུ་རྒྱུ་ཞིང་འཚུབ་པ་ལྟར། །མ་རིག་སོགས་ལ་རང་བཞིན་མེད་ན་ཡང༌། །ཤེས་རབ་གསུམ་གྱིས་འཁྲུལ་བ་བསལ་བར་བྱ། །

༡༡༢༽རོལ་མོ་མཁན་གྱིས་དགྱེས་པའི་གླུ་བླངས་ཏེ། །དཔྱད་ན་སྒྲ་དེའི་རང་བཞིན་མ་མཆིས་མོད། །མ་དཔྱད་ཚོགས་པའི་སྙན་པའི་སྒྲ་བྱུང་ནས། །སྐྱེ་བོ་སེམས་ཀྱི་གདུང་བ་སེལ་བ་ལྟར། །

༡༡༣༽ལས་དང་རྒྱུ་འབྲས་ཡོངས་སུ་སྤྱད་པ་ན། །གཅིག་དང་ཐ་དང་རང་བཞིན་མེད་ན་ཡང༌། །སྣང་སྣང་ལྟ་བུར་ཆོས་ལ་སྐྱེ་འཇིག་བྱེད། །ཡོད་ཡོད་ལྟ་བུར་སྐྱེ་འཇིག་སྣ་ཚོགས་མྱོང༌། །སྣང་བ་ཙམ་དུ་བླང་དོར་བྱའོ་ཨང་། །

༡༡༤༽ཆུ་ཡི་ཐིག་པས་བུམ་པ་ཁེངས་པ་ན། །ཆུ་ཐིག་དང་པོས་བུམ་པ་མི་ཁེངས་བཞིན། །ཐ་མ་ལ་སོགས་རེ་རེས་མ་ཡིན་ནོ། །རྟེན་འབྲེལ་ཚོགས་པས་བུམ་པ་གང་བ་ལྟར། །

༡༡༥༽བདེ་སྡུག་འབྲས་བུ་གང་གིས་མྱོང་བ་ན། །རྒྱུ་ཡི་སྐད་ཅིག་དང་པོས་མ་ཡིན་ཞིང༌། ། ཐ་མའི་སྐད་ཅིག་སོགས་ཀྱིས་མ་ཡིན་ཀྱང༌། །རྟེན་འབྲེལ་ཚོགས་པས་བདེ་སྡུག་མྱོང་བར་འགྱུར། །སྣང་བ་ཙམ་དུ་བླང་དོར་བྱ་འོ་ཨང༌། །

༡༡༦༽ཨེ་མ་མ་བརྟགས་གཅིག་པུར་ཉམས་དགའ་བའི། །སྣང་བ་འདི་ལ་སྙིང་པོ་མ་མཆིས་མོད། །འོན་ཀྱང་ཡོད་པ་ལྟ་བུར་སྣང་བ་ཡི། །ཆོས་འདི་ཟབ་ཏེ་དམན་པས་མཐོང་བར་དཀའ། །

༡༡༧༽ད་ནི་འདི་ལ་མཉམ་པར་འཇོག་པ་ན། །ངེས་པར་སྣང་བ་ཙམ་ཡང་ཅི་ཞིག་ཡོད། །ཡོད་པ་ཅི་ཡོད་མེད་པའང་ཅི་ཞིག་ཡོད། །ཡིན་མིན་དམ་བཅའ་གང་དུའང་ཅི་ཞིགཡོད། །

༡༡༨༽ཡུལ་དང་ཡུལ་ཅན་ཆོས་ཉིད་མ་མཆིས་ཤིང༌། །བླང་དོར་ཀུན་བྲལ་སྤྲོས་དང་བྲལ་བ་ཡིས། །གཉུག་མའི་ངང་དུ་བློ་གྲོས་མ་བཅོས་པར། །ལྷན་ནེ་གནས་ན་སྐྱས་བུ་ཆེན་པོར་འགྱུར། །

༡༡༩༽དེ་ལྟར་ཀུན་རྫོབ་བྱང་ཆུབ་སེམས་དང་ནི། །དོན་དམ་བྱང་ཆུབ་སེམས་ལ་སྤྱད་པ་ཡིས། །ཚོགས་གཉིས་པར་ཆད་མེད་པར་མཐར་ཕྱིན་ནས། །དོན་གཉིས་ཕུན་སུམ་ཚོགས་པ་ཐོབ་པར་ཤོག །

དགྲ་བོ་གནད་ལ་དབབ་པ་མཚོན་ཆའི་འཁོར་ལོ་ཞེས་བྱ་བ། འཇིགས་པའི་གཅན་གཟན་སྣ་ཚོགས་རྒྱུ་བའི་ནགས་ཁྲོད་དུ་ལུང་རིགས་དང་རྟོགས་པའི་རྣལ་འབྱོར་པ་དྷརྨ་རཀྵི་ཏ་ཆེན་པོ་དེས་བླ་མ་དམ་པའི་གསུང་ལྟར་སྡེབས་ནས་དུས་ཀྱི་སྙིགས་མ་ལ་འཇིཌ་པ་དང་བཅས་པའི་ནགས་ཁྲོད་དུ་ཉམས་སུ་བླང་བའོ། །

དེས་ཨ་ཏི་ཤ་ལ་གནང་ནས། ཨ་ཏི་ཤས་ཀྱང་གདུལ་དཀའ་བའི་སེམས་ཅན་མང་པོ་འདུལ་བའི་ཕྱིར། ཕྱོགས་དང་ཕྱོགས་མཚམས་མེད་པར་ཉམས་སུ་བླངས་ཏེ། རྟོགས་པ་འཁྲུངས་པའི་ཚིགས་སུ་བཅད་པའང་འདི་སྐད་གསུངས་སོ། །

ཁོ་བོས་རྒྱལ་སྲིད་སྤངས་ནས་དཀའ་བ་སྤྱད་པའི་ཚེ། །བསོད་ནམས་བསགས་ནས་བླ་མ་མཆོག་དང་མཇལ། །དམ་ཆོས་བདུད་རྩི་འདི་བསྟེན་ཆོས་དབང་བསྐུར། །དེང་སང་གཉེན་པོ་ཐུབ་ནས་ཚིག་སྐྱ་བཟུང༌། །

གྲུབ་པའི་མཐའ་ལ་ཕྱོགས་རིས་མ་མཆིས་པར། །བློ་གྲོས་བཀྲམ་ནས་ཀུན་ནས་བསླབ་པའི་ཚེ། །ཡ་མཚན་དཔག་མེད་བདག་གིས་མཐོང་མོད་ཀྱི། །སྙིགས་མའི་དུས་འདིར་ཆོས་འདིས་ཕན་པར་བྱུང༌། ཞེས་གསུངས་ནས།

རྒྱ་བོད་ན་སློབ་མ་བསམ་གྱིས་མ་ཁྱབ་པ་མཆིས་པའི་ནང་ནས་བཅོམ་ལྡན་འདས་མ་སྒྲོལ་མ་ལ་སོགས་པ་ཡི་དམ་གྱི་ལྷ་དཔག་ཏུ་མ་མཆིས་པས། །ལུང་བསྟན་པའི་སྣོད་དང་ལྡན་པའི་སློབ་མ་ཨུ་པ་སི་ཀ་དང་། བོད་མཐའ་འཁོབ་ཀྱི་གདུལ་བྱ་མ་རུངས་པ་འདུལ་བའི་ཆོས་སུ་གནང་བ་སྟེ། ལོ་པཎ་ཡང་རྒྱལ་བ་ཡབ་སྲས་གཉིས་ཀྱིས་མཛད་དོ། །ཇོ་བོས་སྟོན་པ། པོ་ཏ་པ། ཤ་ར་པ། འཆད་ཀ་པ། སྤྱིལ་བུ་པ། ལྷ་ཆེན་པོ། ལྷ་འགྲོ་བའི་མགོན་པོ། འོད་འཇོ་པ། མཁན་པོ་དམར་སྟོན། མཁན་པོ་ཤེས་རབ་རྡོ་རྗེ། དེས་མཁན་པོ་བུད་དྷཱ་་ལ། དེས་ཀིརྟི་ཤྲི་ལ་ལ། དེས་རྒྱལ་བ་བཟང་པོ་ལ། དེས་སྣུབས་ཆོས་ལུང་པ་བསོད་ནམས་རིན་ཆེན་ལ། དེས་གཞོན་ནུ་རྒྱལ་མཆོག་དཀོན་མཆོག་འབངས་ལ། བླ་མ་དྷརྨ་རཀྵི་ཏའི་བློ་སྦྱོང་གི་སྐོར་རོ།། །།སརྦ་ཧེ་འཛུམ།། །།

Top