འཆི་བ་དང་། ལས། འཁོར་བའི་ཉེས་དམིགས།

སྤྱི་བཤད་དང་བསྐྱར་ཞིབ།

བཀའ་གདམས་དང་། ས་སྐྱ། བཀའ་བརྒྱུད། རྙིང་མ་སོགས་སངས་རྒྱས་ནས་བརྒྱུད་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་མི་འདྲ་བ་རྣམས་ཚང་མས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལས་གསུང་པ་བཞིན། རྩ་བའི་འབྱུང་ཁུངས་གཅིག་ལ་ཐུག་པའི་བློ་སྦྱོང་གི་གཞུང་ཚང་མའི་རྗེས་སུ་འཇུག་གི་ཡོད། ཞི་བ་ལྷའི་གཞུང་གི་ནང་། ལམ་རིམ་ནས་གསུང་པའི་གནད་དོན་ཚང་མ་བསྡུས་ཡོད་ཅིང་། དེ་ཡང་ལམ་གྱི་རིམ་པ་ཚང་མས་སངས་རྒྱས་ཀྱི་ས་ལ་འཁྲིད་པར་བྱེད། ལམ་རིམ་ནང་བློ་སྦྱོང་དང་མ་འབྲེལ་བའི་གསུང་གཅིག་ཀྱང་མེད། ད་དུང་བློ་སྦྱོང་ནང་གསུང་པའི་དམིགས་བསལ་གནད་དོན་འགའ་ལག་ལེན་དུ་འགེལ་ཕྱོགས་གོ་སྡུར་བྱེད་ཅིང་། དགེ་བཤེས་འཆད་ཁ་བས་མཛད་པའི་བློ་སྦྱོང་དོན་བདུན་མའི་ནང་བསྡུས་ཡོད། དེའི་འགྲེལ་པ་རྗེ་ཙོང་ཁ་པ་ཆེན་པོའི་སློབ་མ་ནམ་མཁའ་དཔལ་གྱིས་མཛད་པའི་བློ་སྦྱོང་ཉི་མའི་འོད་ཟེར་ཡིན།

བློ་སྦྱོང་དོན་བདུན་ནི།

  • སྔོན་འགྲོ།
  • ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་སྦྱོང་ཚུལ།
  • རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་བ།
  • ཚེ་གཅིག་ཏུ་ཉམས་ལེན་གྲིལ་ནས་བསྟན་པ།
  • བློ་འབྱོངས་པའི་ཚད།
  • བློ་སྦྱོང་གི་དམ་ཚིག་བསྟན་པ།
  • བློ་སྦྱོང་གི་གནད་དོན།

འཆི་བ་དང་མི་རྟག་པ།

ད་ལྟ་ང་ཚོར་བྱ་བའི་རྟེན་གཞིར་གྱུར་བའི་མི་ལུས་རིན་པོ་ཆེ་ཐོབ་ཡོད། ང་ཚོ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད། ཇི་ལྟར་འདོད་པའི་བདེ་བ་དེ་ནི་རྒྱུ་མེད་རྐྱེན་མེད་དུ་ཕྱི་རོལ་ནས་མི་ཡོང་། དེར་བརྟེན་བདེ་བ་སྒྲུབ་བྱེད་ཀྱི་རྒྱུ་དང་སྡུག་བསྔལ་སྤོང་བྱེད་ཀྱི་གཉེན་པོའི་ཐད་བསམ་བློ་ཞིབ་མོ་གཏོང་དགོས། ཆོས་ཕྱོགས་ཀྱི་ཐབས་ལམ་རྣམས་ལག་བསྟར་ཐུབ་པར། ང་ཚོས་ངེས་པར་དུ་སོ་སོར་ཡོད་པའི་དལ་འབྱོར་མི་ལུས་འདི་བེད་སྤྱོད་ཡག་པོ་གཏོང་དགོས། ང་ཚོ་འཚོ་གནས་བྱེད་པར་འཚོ་བའི་མཐུན་རྐྱེན་གསོག་འཇོག་བྱེད་པ་དང་མི་ཚེའི་ནང་དགོས་ངེས་ཀྱི་ལས་སྣ་ཚོགས་ཤིག་བྱེད་དགོས་པ་ནི་ཨ་ཅང་བརྗོད་མེད་ཡིན། འོན་ཏེ་ང་ཚོའི་རིག་པ་སྒྲིམ་ས་གཙོ་བོ་དེ་དངུལ་གསོག་རྒྱུ་དང་ཕྱི་དངོས་པོ་མཁོ་སྒྲུབ་ཁོ་ན་བྱེད་མི་ཉན། དེར་མ་ཟད། དངུལ་དང་རྒྱུ་ནོར་རྣམས་བདེ་སྐྱིད་ཀྱི་རྒྱུ་གཙོ་བོ་དེ་མ་ཡིན། དཔལ་འབྱོར་ཡག་པོ་ཡོད་པའི་མི་ཚང་མ་སྐྱིད་པོ་ཡོད་པའི་ཁྱབ་པ་མེད། ང་ཚོས་ཤེས་གསལ་ལ། ཕྱུག་པོ་དང་རྒྱུ་ནོར་ཧ་ཅང་མང་པོ་ཡོད་པའི་མི་མང་པོ་ཞིག་ཐབས་སྐྱོ་པོ་དང་སྡུག་བསྔལ་གྱི་ཚོར་བ་ཤུགས་ཆེ་བ་ཡོད་པ་མཐོང་ཆོས་སུ་གནས། དེར་བརྟེན་བདེ་སྐྱིད་ཀྱི་འབྱུང་ཁུངས་གཙོ་བོ་དེ་དངུལ་རེད་ཅེས་ང་ཚོས་བརྗོད་མི་ཐུབ།

ང་ཚོས་ཇི་ལྟར་འདོད་པའི་བདེ་བ་དེ་སྒྲུབ་པར། ངེས་པར་དུ་རྒྱུ་ཞིག་སྔོན་དུ་འགྲོ་དགོས། བདེ་སྐྱིད་ནི་རྩ་བའི་ཆ་ནས་སེམས་ཀྱི་གནས་བབས་ལ་རག་ལས་ཡོད། ཅི་སྟེ་མི་ཞིག་གི་སེམས་སྐྱིད་པོ་ཡོད་ན། ཕྱི་རོལ་གྱི་གནས་སྟངས་གང་འདྲ་ཞིག་འཕྲད་ཀྱང་། མི་དེ་རྟག་ཏུ་ཞི་བདེའི་ངང་གནས་ཐུབ། གལ་སྲིད་མི་ཞིག་རྩ་བའི་ཆ་ནས་སྐྱིད་པོ་དང་། གུས་ཞབས་ཅན། གཞན་ལ་སེམས་ཁུར་ཅན། སེམས་བཟང་པོ། མི་བཟང་པོ་ཞིག་ཡོད་ན། ཆོས་ལ་ཡིད་ཆེས་ཡོད་མེད་ཀྱིས་ཁྱད་པར་གང་ཡང་བཟོ་གི་མེད། གལ་ཏེ་ང་ཚོ་རང་ཉིད་སེམས་བཟང་པོ་དང་གཞན་ལ་ཕན་སེམས་བྱེད་མཁན་ཞིག་ཡིན་ན། བྱ་བ་གང་ཞིག་བྱས་ཀྱང་དགེ་བའི་ལས་སྟོབས་ཆེན་གསོག་ཐུབ། དེའི་སྟེང་ཅི་སྟེ་ང་ཚོས་སློབ་སྦྱོང་བྱས་ཏེ་ཉམས་ལེན་ནང་བསྒྲིལ་ཏེ། ཆོས་ལས་གསུངས་པའི་བློ་སྦྱོང་གི་ཐབས་རྣམས་ལག་བསྟར་བྱས་ན། དགེ་བའི་ལས་ཧ་ཅང་སྟོབས་ཆེན་པོ་གསོག་ཅིང་མི་བཟང་པོ་དང་ཕན་ཐོགས་པོ་ཞིག་ཡོང་བར་དགེ་མཚན་ཤིན་ཏུ་ཆེ། དེ་ལ་བརྟེན་ནས་ཚེ་འདི་ཙམ་མ་ཡིན་པར་སྐྱེ་བ་ཕྱི་མ་ལའང་ཕན་ཐོགས་ཤིན་ཏུ་ཆེ།

དེར་བརྟེན་ད་ལྟ་ང་ཚོ་ཐོབ་པའི་དལ་འབྱོར་མི་ལུས་འདི་ག་ཚོད་ཐུབ་ཐུབ་ཀྱིས་བེད་སྤྱོད་ཡག་པོ་ཞིག་བྱེད་རྒྱུ་ནི་ཧ་ཅང་གནད་འགག་ཆེ། དལ་འབྱོར་མི་ལུས་འདི་མི་རིང་བར་འཇིག་རྒྱུ་ཡིན་པ་ང་ཚོས་ཤེས་དགོས། ང་ཚོའི་གནས་སྟངས་ག་ཚོད་ཡག་པོ་ཡོད་ཀྱང་མི་ཚེ་ནི་རིམ་གྱིས་འཇིག་པའི་ཆོས་ཅན་ཞིག་ཡིན། དེ་འདྲ་སོང་ཙང་། མི་ཚང་མ་མི་རྟག་པ་དང་འཆི་བའི་གཞན་དབང་དུ་གྱུར་ཡོད། གནད་དོན་གཙོ་བོ་ནི་ང་ཚོས་རྩ་ཆེའི་དུས་ཚོད་དེ་འཕྲོ་བརླག་གཏོང་རྒྱུ་མེད། རྒྱུ་མཚན་དེ་ལྟ་བས་ན། མི་རྟག་པ་དང་ཆོས་ཐམས་ཅད་འཇིག་པའི་བདག་ཉིད་ཙམ་ཡིན་ཚུལ་ཐད་བསམ་བློ་གཏོང་རྒྱུ་གནད་ཤིན་ཏུ་ཆེ།

མི་རྟག་པ་སྟོན་པའི་ཐབས་ལམ་སྣ་ཚོགས་ཤིག་ཡོད། དཔེར་ན། བདེན་བཞི་མི་རྟག་བཅུ་དྲུག་གི་ཐོག་ནས་མི་རྟག་པའི་སྐོར་གོ་སྡུར་བྱས་པ་དང་། ཡང་ན་ང་ཚོས་སྤྱིར་བཏང་ནས་མི་རྟག་པ་རགས་པ་དང་ཕྲ་བའི་རིམ་པའི་ཐོག་ནས་གོ་སྡུར་བྱེད་ན་ཆོག འདིར་ང་ཚོས་མཐོང་ཆོས་སུ་གནས་པའི་འཆི་བ་ཐོག་ཏུ་བབ་པ་ལྟ་བུའི་མི་རྟག་པ་རགས་པའི་ཐོག་ནས་གོ་སྡུར་བྱེད་ཀྱི་ཡོད།

འཆི་བ་དང་མི་རྟག་པའི་ཐད་དྲན་ཤེས་མ་བསྟེན་པའི་ཉེས་དམིགས།

མི་རྟག་པ་བསྒོམས་ནས་དེའི་སྐོར་ཤེས་པའི་ཕན་ཡོན་དང་མི་ཤེས་པའི་ཉེས་དམིགས་ཀྱི་ཐད་ང་ཚོས་དོ་སྣང་ཡག་པོ་བྱེད་ངེས་ཡིན། གཞུང་འདིས་ཐོག་མར་ཉེས་དམིགས་དེ་དག་དང་། དེ་ནས་མི་རྟག་པ་དང་འཆི་བ་ཤེས་རྟོགས་བྱེད་རྒྱུའི་ཧ་ཅང་གལ་གནད་ཆེ་བའི་སྐོར་འགྲེལ་བརྗོད་གནང་གི་ཡོད། ང་ཚོས་དེ་ལ་ཡིད་ཆེས་ཡོད་ཀྱང་རུང་མེད་ཀྱང་རུང་། སྐྱེ་བ་ཕྱི་མ་ང་ཚོ་ངན་འགྲོ་དང་བདེ་འགྲོ་གང་དུ་སྐྱེ་བར་ངེས་པ་མེད་པ་སོང་ཙང་། ངན་འགྲོའི་རྒྱུ་རང་རྒྱུད་ཀྱི་མི་དགེ་བའི་ནུས་པ་རྣམས་ཤེས་པ་བྱ་རྒྱུ་གལ་ཆེ། དེ་ཤེས་ནས་ང་ཚོས་སོ་སོའི་བྱ་སྤྱོད་ཐད་གཟབ་ནན་བྱེད་དགོས། གང་ཡིན་ཞེ་ན། དེ་དག་གིས་ང་ཚོའི་འབྱུང་འགྱུར་མི་ཚེར་ཤུགས་རྐྱེན་སྦྱིན་གྱི་ཡོད།

ཅི་སྟེ་ང་ཚོས་དུས་རྟག་ཏུ་འཆི་བར་དྲན་ཤེས་མ་བསྟེན་པར་ནང་ཆོས་ཉམས་ལེན་བྱས་ཀྱང་། ནང་ཆོས་གཤའ་མ་ཞིག་དང་ཁ་ཞེ་གཉིས་མེད་ཀྱིས་ཉམས་ལེན་མི་འོང་། འཆི་བ་དང་མི་རྟག་པ་ཏག་ཏག་ཅིག་ངོ་འཕྲོད་པ་དང་། ང་ཚོའི་ད་ལྟའི་བྱ་སྤྱོད་ལ་བརྟེན་ནས་འབྱུང་འགྱུར་གང་ཞིག་ཡོང་མིན་ཐད་རྒྱུས་མངའ་ལོན་ཚེ། ཉེན་རྟོག་པ་ལྟ་བུས་ང་ཚོར་ཞིབ་བཤེར་བྱེད་མི་དགོས་པར། ལས་རྒྱུ་འབྲས་ལ་ངེས་པ་རྙེད་པས་ང་ཚོ་བྱ་བ་ངན་པར་འཇུག་པ་ལ་ཞིབ་བཤེར་དང་དེ་ལས་སྲུང་བར་བྱེད།

ང་ཚོ་སུ་ཡིན་མིན་ལ་མ་ལྟོས་པར། ཆོས་རྣམས་དངོས་ཡོད་དང་མཐུན་པའི་ལྟ་ཚུལ་ཞིག་གི་ཐོག་ནས་ནམ་ཞིག་འཆི་རྒྱུ་ཡིན་པར་བལྟས་ན། དེས་རང་ཅག་རྣམས་གཅིག་གིས་གཅིག་ལ་མགོ་སྐོར་གཡོག་རེས་དང་སེམས་ཁུར་མི་བྱེད་པར་བསྡད་ན་ཕན་ཐོགས་མེད་པར་ཤེས་སུ་འཇུག་གི་ཡོད། མ་མཐར་རང་ཉིད་ལ་གནོད་པའི་ལས་ངན་དེ་འདྲ་བྱས་ཏེ་རང་གིས་རང་ལྐུགས་པ་བཟོས་ན་སྙིང་པོ་ཅི་ཡང་མེད་པ་མཐོང་ཐུབ། གང་ཡིན་ཟེར་ན། སོ་སོས་གང་བྱས་པའི་ལས་ཀྱི་རྗེས་འབྲས་རྣམས་རང་གིས་མྱོང་དགོས་ཀྱི་ཡོད། དེར་བརྟེན་དུས་རྟག་དུ་འཆི་བ་དང་མི་རྟག་པར་དྲན་ཤེས་བསྟེན་རྒྱུ་དེ་ཧ་ཅང་གནད་འགག་ཆེན་པོ་ཡིན།

འཆི་བ་དང་མི་རྟག་པ་ཤེས་པའི་ངེས་ཤེས་དེ་ཇི་ལྟར་རྒྱུད་ལ་སྦྱོང་ངམ་ཞེ་ན། དང་པོ་ང་ཚོས་སོ་སོའི་རྒྱུ་ཅ་ལག་དང་། གྲོགས་པོ་གྲོགས་མོ། སྤུན་མཆེད་སོགས་ཀྱིས་འཆི་བའི་ཚེ་གང་ཡང་བྱེད་མི་ཐུབ་པའི་དོན་དངོས་དེ་ཤེས་པར་བྱེད་དགོས། དེ་ནས་འཆི་བའི་ཚེ་ང་ཚོར་བདག་པའི་ཅ་ལག་སོགས་གནས་སྟངས་ཀུན་ལ་བསམ་བློ་གཏོང་དགོས། གཅིག་བྱས་ན་གཞན་ལ་མགོ་སྐོར་དང་གཡོ་སྒྱུ་སོགས་བྱས་ནས་ཅ་ལག་དེ་དག་རང་ལ་ཐོབ་ཀྱི་ཡོད། ཡང་ན་དཀའ་ལས་མང་པོ་བརྒྱབ་ནས་ཐོབ་ཡོད་ངེས་རེད། གང་ཡིན་རུང་དེ་དག་ཚང་མས་འཆི་བའི་ཚེ་ཕན་ཅི་ཡང་མི་ཐོགས། འོན་ཀྱང་རང་གིས་ལས་ངན་བྱས་པའི་འབྲས་བུ་རྣམས་རང་གིས་མྱོང་དགོས་པ་ཤེས་དགོས།

ནམ་ཞིག་ང་ཚོ་འཆི་རྒྱུ་ཡིན་པ་ནི་ངེས་པ་རེད། གང་ཡིན་ཟེར་ན། ང་ཚོ་ཚང་མ་རང་རྒྱུད་ཀྱི་ཉོན་མོངས་དང་ལས་སྣ་ཚོགས་ཀྱི་གཞན་དབང་དུ་ཡོད། རྒྱལ་པོ་ཚོའང་འཆི་བ་ལས་གཡོལ་ས་མེད་ཅིང་ཁ་ཤས་ཐ་ན་ཁ་ཤས་དམར་གསོད་གཏོང་གི་ཡོད། གལ་སྲིད་ང་ཚོས་སོ་སོའི་དུས་ཚོད་རྣམས་དོན་དངོས་ལ་སྣང་མེད་དུ་གཏོང་བ་དང་། རང་གིས་རང་ལྐུགས་པ་བཟོ་བ། རྫུན་སྨྲ་བ། མགོ་སྐོར་གཡོག་ཆེད་བྱ་སྤྱོད་འདྲ་མིན་རྩོམ་པ་སོགས་བྱས་བསྡད་ན། འཆི་བའི་ཚེ་ཧ་ལས་ཧོན་འཐོར་བ་དང་། འགྱོད་སེམས་དྲག་པོ་ཡོང་གི་ཡོད། ཅི་སྟེ་ནམ་ཞིག་འཆི་རྒྱུ་ཡིན་པའི་དོན་དངོས་ལ་དྲན་ཤེས་བསྟེན་ནས་ཤེས་རྟོགས་ཡོད་ན། གསོན་པོར་སྡོད་པའི་སྐབས་ཐབས་ཤེས་གང་ཡོང་ཡོང་བྱེད་ངེས་ཡིན། དེ་ལྟར་ན་འགྱོད་སེམས་དྲག་པོ་དང་བཅས་འཆི་མི་དགོས།

མ་གཞི་འཆི་བ་ལས་གཡོལ་རྒྱུ་ཡིན་པ་མི་སྲིད་ཀྱང་། སྔ་ས་ནས་གྲ་སྒྲིག་བྱེད་ཐུབ་ན། འཆི་བ་ཐོག་ཏུ་བབས་པའི་ཚེ་སེམས་ནང་དངངས་སྐྲག་ཡོད་པའི་ཐོག་འཆི་མི་དགོས་པ་ཡོང་གི་ཡོད། འཆི་བར་ངེས་པ་ནི་དུས་ཚོད་སྔ་ཕྱི་ཙམ་ཡིན། དེར་བརྟེན་ད་ལྟ་ནས་གྲ་སྒྲིག་བྱེད་རྒྱུ་དེ་དགེ་མཚན་ལྡན་པ་ཡིན།

གཞུང་འདིའི་ནང་དོན་གནད་འདི་དག་ངོ་སྤྲོད་དང་ནན་བརྗོད་མཛད་ཡོད་པ་ནི།

  • འཆི་བ་ངེས་པ།
  • ནམ་འཆི་ངེས་མེད།
  • འཆི་བའི་ཚེ་ཆོས་མ་གཏོགས་གཞན་ཅིས་ཀྱང་ཕན་མི་ཐོགས།

འདི་དག་ནི་བསམ་ཞིབ་བྱ་དགོས་པའི་གནད་དོན་གསུམ་ཡིན།

འཆི་བ་ངེས་པ།

འཆི་བ་ངེས་པའི་དོན་དངོས་ལ་གཞིགས་ན། ཐ་ན་སངས་རྒྱས་དང་དགྲ་བཅོམ་པ་གྲངས་ལས་འདས་པ་རྣམས་ཀྱང་འཆི་དགོས་ན། སྤྱིར་བཏང་སེམས་ཅན་རྣམས་འཆི་དགོས་པ་ཨ་ཅང་བརྗོད་མེད་ཡིན། ང་ཚོ་སུ་ཡིན་མིན་ལ་ཁྱད་པར་མེད། སྐྱེས་པ་ཐམས་ཅད་འཆི་རྒྱུ་ཡིན་པ་བརྒྱ་ཆ་བརྒྱ་ཐམ་པ་རེད། འཆི་མི་དགོས་པའི་སེམས་ཅན་གཅིག་ཀྱང་མེད། དེར་བརྟེན་དེ་ལས་གཡོལ་ཐབས་བྱེད་པ་དོན་མེད་ཡིན། གལ་སྲིད་ང་ཚོས་འདས་པའི་དུས་ཀྱི་སངས་རྒྱས་རྣམས་ལ་བལྟས་ན། ཁོང་རྣམས་ཀྱིས་སྒྱུ་མ་ལྟ་བུའི་ལུས་འདི་མངོན་དུ་བྱས་ནས་དེ་རྗེས་རྟེན་དེའི་ཐོག་ནས་མྱ་ངན་ལས་མི་འདས་པར་བྱང་ཆུབ་མངོན་དུ་བྱས་ཡོད། དེ་ཡང་ཉུང་ཤས་ཡིན། མང་ཆེ་བས་སྐུ་མྱ་ངན་ལས་འདའ་ཚུལ་བསྟན་ཡོད། རྒྱལ་པོ་དང་རྒྱལ་མོ་སོགས་ལོ་རྒྱུས་ཁྲོད་ཀྱི་མི་སྣ་རྣམས་དཔེར་བླངས་ན། སུ་གཅིག་ལའང་འཆི་བ་མེད་པའི་རང་བཞིན་གྱི་གནས་ཐོབ་པ་བྱུང་མེད།

འཆི་བ་ལས་གཡོལ་ནས་འགྲོ་ཐུབ་པའི་གནས་གཅིག་ཀྱང་མེད། མ་གཞི་ང་ཚོར་ལུས་པོ་སྟོབས་ཆེན་པོ་ཞིག་ཡོད་ཀྱང་། འཆི་བར་ཁ་གཏད་གཅོག་ཐུབ་མཁན་གྱི་ལུས་སྟོབས་ཆེན་ཞིག་མེད། ཕྱོགས་ཚང་མ་ནས་རི་བོས་སྐོར་བའི་ས་ཆ་ཞིག་དང་འདྲ་བར། ཐར་སའི་ལམ་གཅིག་ཀྱང་མེད། དེ་ག་ནང་བཞིན་འཆི་བ་ཐོག་ཏུ་བབས་པའི་ཚེ། དེ་ལས་བྲོས་འགྲོ་སའི་ལམ་གཅིག་ཀྱང་མེད།

རྡུལ་ཕྲན་གྱི་དམག་འཐབ་ཅིག་དང་འདྲ་བར། ཆོས་རྣམས་གཡོལ་ནས་གཡོལ་ས་མེད་པའི་རྩ་བ་ཞིག་ལས་བྱུང་བར་བསམས་ན་ང་ཚོར་ཕན་ཐོགས་ཅི་ཡང་མེད། དེ་ལྟར་ནའང་། འཆི་བ་ནི་གཡོལ་ཐབས་མེད་པ་ཞིག་ཡིན། འཆི་བ་ཐོག་ཏུ་བབས་པའི་ཚེ། དཔེར་ན། རྡུལ་ཕྲན་གྱི་དམག་འཐབ་ལྟ་བུའི་འཇིག་སྣང་ཁྲོད་གནས་ཏེ། ང་ཚོས་ཕྱི་རོལ་གྱི་རྐྱེན་ལ་ཁག་དཀྲི་བྱེད་མི་ཐུབ། འཆི་བའི་རྐྱེན་ནི་ང་ཚོའི་སེམས་རྒྱུད་དུ་བསགས་ཡོད། ཉོན་མོངས་ལས་སོགས་ནི་ནང་གི་རྐྱེན་ཡིན། ནང་གི་རྐྱེན་དེ་དག་དང་མཉམ་དུ་ཕྱིའི་རྐྱེན་ཡོང་གི་ཡོད། གནད་དོན་གཙོ་བོ་ནི། ལས་དང་ཉོན་མོངས་དབང་གིས་སྐྱེས་པ་སོང་ཙང། འཆི་རྒྱུ་ངེས་པ་ཡིན། གང་ཡིན་ཟེར་ན། ང་ཚོའི་ལུས་འདི་གྲུབ་པ་ཉིད་ནས་འཆི་བའི་རྒྱུ་རྐྱེན་ཡང་དུས་མཉམ་དུ་གྲུབ་ཡོད།

སེམས་ཅན་ཐམས་ཅད་མི་རྟག་པའི་རང་བཞིན་དང་དེ་དག་གི་སྡུག་བསྔལ་སྐོར་ལ་ང་ཚོས་མཇུག་ཏུ་གོ་སྡུར་ཞིབ་ཕྲ་བྱེད་རྒྱུ་ཡིན། སྡུག་བསྔལ་གཅིག་ནི་ང་ཚོ་ཚང་མའི་མཐོང་ཆོས་སུ་ཡོད་པའི་རྒ་བའི་སྡུག་བསྔལ་འདི་རེད། ང་ཚོ་རྒ་བ་དང་མཉམ་དུ་དཔེར་ན། དབང་ཤེས་ཀྱི་ནུས་པ་ཉམས་འགྲོ་གི་ཡོད། དེ་ནི་འཆི་བ་མངོན་དུ་འགྱུར་བཞིན་པའི་རྟགས་རེད།

འཆི་བ་ངེས་པའི་རྒྱུ་མཚན་དུ་མ་ཡོད། དང་པོ་ནི། ང་ཚོར་འབྱུང་སྲིད་པའི་རྐྱེན་སྣ་ཚོགས་ཤིག་ཡོད་ཅིང་། རྐྱེན་རྣམས་རང་གི་རྒྱུད་ལ་ཡོད་པ་དང་། རྒ་བ་དང་ཚང་མ་ཉམས་རྒུད་འགྲོ་ཞིང་། ནད་གསོ་བའི་སྨན་གྱི་ནུས་པའང་ཉམས་ཕྱིན་ནས་མཐར་འཆི་བ་ཐོག་ཏུ་འབབ་ཀྱི་ཡོད། གཉིས་པ། ང་ཚོའི་ཚེ་ཚད་ལ་ཁ་སྣོན་རྒྱག་རྒྱུ་མེད་ཅིང་། རྟག་ཏུ་ཐུང་དུ་ཐུང་འགྲོ་བ་ཡིན། མ་གཞི་སྨོན་ལམ་འདེབས་པ་དང་ཚེ་དབང་དང་ཉམས་ལེན་དེ་འདྲ་ཡོད་ཀྱང་། ཚེ་ཚད་རིང་དུ་གཏོང་རྒྱུ་ནི་དོན་དངོས་སུ་ཧ་ཅང་ཁག་པོ་རེད།

ང་ཚོས་སྐྱེ་བ་སྔོན་མ་བསགས་པའི་དགེ་བའི་ལས་ལ་བརྟེན་ནས་བྱུང་བའི་དཀར་པོ་དགེ་བའི་ལས་དང་ནུས་པ་སོགས་ཀྱི་འབྲས་བུར་གྱུར་བའི་རྩ་བའི་ང་ཚོའི་ཚེ་ཚད་འདི་འབྱུང་གི་ཡོད། ཉིན་གཅིག་ནས་གཉིས་བརྒྱུད་རྟག་ཏུ་འགྲོ་བ་ནང་བཞིན། ལོ་སྔོན་མ་ང་ཚོས་ཚེ་ཚད་ལོ་བརྒྱ་ལྷག་ཡོད་ན། ད་ལོ་ལོ་དགུ་བཅུ་གོ་དགུ་མ་གཏོགས་ལྷག་མེད། ང་ཚོས་ཚེ་ཚད་གང་འདྲ་ཞིག་ཡིད་ལ་བྱས་ཀྱང་ཁྱད་པར་མེད། དེ་རིང་ཞོགས་པ་དང་ད་ལྟའི་བར་གྱི་དུས་ཀྱི་ཆ་ཤས་ཤིག་ཕྱིན་ཟིན་པ་ང་ཚོས་མཐོང་ཐུབ། ང་ཚོའི་ཚེ་ཚད་ནི་དབུགས་ཐེངས་རེ་རེ་དང་སྐད་ཅིག་རེ་རེའི་ནང་འདས་འགྲོ་གི་ཡོད། དུས་ཚོད་ནི་རྟག་ཏུ་འགྲོ་ཞིང་རྩ་བ་ནས་སྒུག་གི་མེད། ང་ཚོས་མར་བསྡད་དེ་ཚེ་ཚད་ལ་ཐ་ན་སྐད་ཅིག་ཙམ་ཡང་ཚོད་འཛིན་བྱེད་མི་ཐུབ། ང་ཚོའི་ལྷག་འཕྲོས་ཀྱི་དུས་ཚོད་དེ་འགྲོ་བ་ལས་གཡོལ་ཐབས་བྱས་ནས་འགྲོ་སའི་ཡུལ་གཅིག་ཀྱང་མེད་ལ་གང་ཡང་བྱེད་མི་ཐུབ།

མི་ཚེ་འདས་འགྲོ་བའི་དཔེ་ཧ་ཅང་མང་པོ་ཡོད། དཔེར་ན། འབབ་ཆུ་དང་འདྲ་བར། ཆུ་ཁ་ནས་བརྡོལ་ན་འགོག་ཐབས་ཅི་ཡང་མེད་པར་མུ་མཐུད་འབབ་འགྲོ་གི་རེད། ཡང་ན་རྟག་ཏུ་རྒྱུག་འགྲོ་བའི་རྒྱུག་ཆུ་ཞིག་ལྟར་མི་ཚེ་ནི་རྒྱུན་དུ་འགྲོ་བསྡད་ཀྱི་ཡོད། མཁའ་དབྱིངས་སུ་གློག་དམར་འཁྱུག་པ་ནང་བཞིན་ཡུད་ཙམ་འགགས་ནས་མི་སྡོད།

གཞན་ཡང་ཚེ་ཚད་ལོ་བརྒྱ་ཡིན་པའི་དབང་དུ་བཏང་ན། ཕྱེད་ཀ་ཙམ་ནི་ཧ་ལམ་གཉིད་ཁུག་ནས་སྐྱེལ་གྱི་ཡོད། ལྷག་པར་དུ་གལ་སྲིད་ང་ཚོས་ལོ་གཅིག་གི་ནང་གཉིད་ཁུག་ཚད་ལ་བསམ་བློ་བཏང་ན། གཉིད་མི་ཁུག་པའི་ནད་རིགས་ཡོད་མཁན་ཚོ་གནས་ཚུལ་ཐ་དད་རེད། གཞན་མ་གཏོགས་སྤྱིར་བཏང་ནས་ང་ཚོ་མང་ཆེ་བས་དུས་ཚོད་མང་པོ་ཞིག་གཉིད་ལ་གཏོང་གི་ཡོད། གལ་ཏེ་ཚེ་ཚད་འདི་ལོ་དྲུག་བཅུ་ཡིན་པའི་དབང་དུ་བཏང་ན། འགོ་སྟོད་ཀྱི་ལོ་ངོ་ཉི་ཤུ་ཕར་ཚུར་ཁ་གཡེང་མིག་གཡེང་བྱས་ནས་སྐྱེལ་གྱི་ཡོད། སྣང་བ་གཡེང་བ་དང་དོན་ལྡན་གྱི་བྱ་བ་སྒྲུབ་པར་དུས་ཚོད་ཇི་ཙམ་བཏང་ཡོད་པར་བསམ་པ་དང་། ཅི་སྟེ་མི་ལོ་དྲུག་བཅུ་དེའི་ནང་གཉིད་ཁུག་པ་དང་། ཁ་ལག་བཟའ་བ། ནད་ཀྱིས་མནར་བ་སོགས་ཀྱི་དུས་ཡུན་བསྡོམས་ན། ལོ་དྲུག་ཙམ་ལས་ལྷག་ཡོད་ཀྱི་མ་རེད། ཉིན་གཅིག་གི་ནང་སོ་སོའི་གཟུགས་པོ་ལ་བདག་གཅེས་ཆེད་བྱ་བ་ཆུང་ཙག་དེ་འདྲར་མགོ་འཁོར་ནས་དུས་ཚོད་འཕྲོ་བརླག་གཏོང་གི་ཡོད་པར་བསམ་ཞིབ་བྱེད་དགོས།

སྐྱེས་ཆེན་བླ་མ་ཞིག་གི་མཛད་རྣམ་ནང་། ཁོང་གིས། བྱེད་དགོས་བྱེད་དགོས་བསམས་ནས་ཉི་ཤུ་སོང་། །བྱུང་ན་བྱུང་ན་བསམས་ནས་ཉི་ཤུ་སོང་། །ཨ་ཁ་ཨ་ཁ་བསམས་ནས་ཉི་ཤུ་སོང་། །དེ་ནི་མི་ཚེ་སྟོང་ཟད་སོང་བའི་རྣམ་ཐར་ཡིན། །ཞེས་གསུངས་ཡོད།

བྱིས་དུས་ཀྱི་མི་ཚེའི་ནང་སློབ་སྦྱོང་བྱེད་འདོད་དང་ཡར་རྒྱས་གཏོད་འདོད་ཙམ་ཡོད་པ་ནི་དམིགས་བསལ་ཡིན། འོན་ཀྱང་ང་ཚོ་མང་ཆེ་བས་ཕྲུ་གུ་ནང་བཞིན་མ་ཚོར་བར། འགོ་སྟོད་ཀྱི་ལོ་ངོ་ཉི་ཤུ་ཙམ་རང་རྒྱུད་ཡར་རྒྱས་ཆེད་ལས་དོན་ལ་ཧུར་སྐྱེད་ཆེན་པོ་ཞུགས་ཀྱི་མེད། དེ་ནས་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ང་ཚོས་སོ་སོའི་འཚོ་བར་མགོ་འཁོར་ནས་ལས་རིགས་སྣ་ཚོགས་བྱེད་པ་དང་། དང་པོ་ངས་རང་ཉིད་ཡག་པོ་ཞིག་ཡོང་བ་བྱས་ནས་གཞན་རྣམས་ཕྱིས་སུ་བྱེད་ཀྱི་ཡིན་ཞེས་ཕྱི་བཤོལ་བྱེད་ཀྱི་ཡོད། དེ་ལྟར་ལོ་ངོ་བཅུ་དང་། ཉི་ཤུ། སུམ་ཅུ། བཞི་བཅུ་བྱས་རྫོགས་འགྲོ་གི་ཡོད། དེ་རྗེས་ང་ཚོས་བསྐྱར་དུ་བསམ་བློ་འཁོར་གྱི་ཡོད། ད་ལྟ་ང་རྒས་གོག་ཆགས་འགྲོ་གི་འདུག །ངས་གང་ཡང་འཇོན་གྱི་མི་འདུག་ལ་མཐོང་ཡང་ཐུབ་ཀྱི་མི་འདུག །རྣ་བས་གོ་གི་མི་འདུག་ལ་མི་ཞིག་གིས་གང་བརྗོད་པར་གཟབ་གཟབ་བྱས་ཉན་འཇོག་བྱེད་དགོས་ཀྱི་འདུག་ཅེས་སོགས་ང་ཚོས་སློབ་སྦྱོང་བྱ་རྒྱུའི་མངོན་འདོད་དེ་བློས་གཏོང་བྱེད་ཀྱི་ཡོད།

དེས་ག་རེ་སྟོན་གྱི་ཡོད་ཟེར་ན། དོན་དངོས་སུ་སེམས་དོན་གྱི་མི་ཚེ་ཞིག་དངོས་སྒྱུར་བྱེད་རྒྱུ་ནི་ཧ་ཅང་ཁག་པོ་ཡིན་པར་སྟོན་གྱི་ཡོད། ཚེ་འདི་སྣང་གི་མི་ཚེ་སྟབས་བདེ་ཞིག་བསྐྱལ་ནས་སྡོད་རྒྱུ་ལས་སླ་བ་ཡོད། དེར་བརྟེན་གལ་ཏེ་ང་ཚོས་སེམས་དོན་གྱི་མི་ཚེ་ཞིག་སྐྱེལ་འདོད་ཡོད་ན། རྒས་གོག་མ་ཆགས་བར་ཕྱི་བཤོལ་བྱས་ནས་ནམ་ཡང་སྡོད་རྒྱུ་མེད། དེ་ལྟར་བྱས་ན། ཕྱིས་སུ་རང་གི་རེ་བ་བྱས་པ་བཞིན་བྱེད་མི་ཐུབ་པ་མ་ཟད་འགྱོད་པའི་གླིང་དུ་བསྐྱལ་ནས་སྔ་ཙམ་ནས་བྱས་ན་ཏག་ཏག་ཡིན་བསམ་གྱི་ཡོད། གལ་ཏེ་སེམས་དོན་ནམ་ཆོས་ཕྱོགས་ཀྱི་མི་ཚེ་ཞིག་སྐྱེལ་འདོད་ན། ད་ལྟ་རང་ནས་ཆོད་སེམས་བརྟན་པོས་ཐག་གཅོད་བྱེད་དགོས་ཀྱི་ཡོད།

ཚེ་འདིའི་ནང་རང་ལ་ཐེག་ཆེན་དང་ཐེག་དམན་གཉིས་ཀའི་ཆོས་མཇལ་རྒྱུ་བྱུང་བ་དང་། ཐེག་ཆེན་གྱི་ནང་ནས་མདོ་དང་སྔགས་གཉིས་ཀ་མཇལ་རྒྱུའི་གོ་སྐབས་བྱུང་བར་ངོས་འཛིན་ཡག་པོ་བྱེད་དགོས། དེ་བཞིན་མི་རེ་ངོ་རེར་ལས་འགན་འཁྲི་བ་རྣམས་ངོས་འཛིན་དགོས་ཀྱི་ཡོད། སངས་རྒྱས་ཀྱིས་ང་ཚོས་གང་བྱེད་དགོས་པ་དང་། ལམ་གང་ཞིག་གི་རྗེས་སུ་འཇུག་དགོས་པ་བསྟན་ཡོད། ང་ཚོས་ལས་འགན་དེ་གཞན་སུ་གཅིག་ལའང་གཡོག་མི་ཐུབ། ང་ཚོས་ལམ་དེ་ལག་ལེན་དུ་བཀལ་མི་བཀལ་ནི་མཐའ་གཅིག་ཏུ་སོ་སོར་རག་ལས་ཡོད།

ཚེ་སྲོག་གི་རང་བཞིན་ནི་བརྟན་པོ་མེད་པར་སྐད་ཅིག་སྐད་ཅིག་དུ་འགྱུར་འགྲོ་གི་ཡོད། ཚེ་སྲོག་གི་ནུས་ཤུགས་ཅུང་ཞན་ཅིང་དེར་ཡིད་རྟོན་མི་རུང་། དེར་བརྟེན་ཚེ་ཚད་རྒྱུན་མཐུད་འཇིག་འགྲོ་བ་དང་ཉམས་རྒུད་དུ་འགྲོ་བའི་འཁོར་བར་འཁྱམས་པའི་སེམས་ཅན་དང་འདྲ་བར། ང་ཚོས་སོ་སོའི་གནས་སྟངས་ཤེས་རྟོགས་བྱུང་སྐབས། ཚེ་འདི་པ་ཉིད་ནས་ང་ཚོ་གཡང་སར་ལྷུང་གྲབས་ཡོད་པ་ཤེས་ཐུབ། གལ་ཏེ་ང་ཚོས་དོན་དངོས་དེར་སྣང་མེད་བཏང་ནས་བསྡད་ན། དེ་ནི་དངོས་གནས་ཡ་ང་བའི་གནས་སྟངས་ཤིག་ཡིན།

གནད་དོན་དེ་དག་ལ་བརྟེན་འཆི་བ་ནི་མངོན་དུ་འགྱུར་བཞིན་པ་ཡིན། གལ་སྲིད་ང་ཚོས་འཛམ་གླིང་ནང་གི་མི་ཐེར་འབུམ་ཁ་ཤས་ཡོད་པར་གཞིགས་ན། སྤྱིར་མི་འབོར་འཕེལ་བཞིན་ཡོད་ནའང་། དུས་རབས་ཁ་ཤས་ཀྱི་རྗེས་སུ་དེ་དག་མཐོང་སར་མི་གནས། ཅི་སྟེ་ང་ཚོས་འདིར་ཕེབས་པའི་མི་རྣམས་ལ་བསམ་བློ་བཏང་ཀྱང་། ད་ནས་བརྩིས་པའི་ལོ་བརྒྱའི་རྗེས་གཅིག་བྱས་ན་ཕྲུ་གུ་མ་འབྱར་ཁ་ཤས་ལྷག་སྲིད། འོན་ཀྱང་གཞན་ཚང་མ་གཏན་གཏན་མཐོང་སར་མི་གནས། ང་ཚོས་ད་དུང་འདིར་ཡོད་པའི་ཁང་པ་དང་ཁང་པ་གཞན་རྣམས་ལ་མཚོན་ན། ད་ནས་བརྩིས་པའི་དུས་རབས་ཁ་ཤས་རྗེས་དེ་དག་ཐམས་ཅད་ཟད་ཚར་བ་དང་ཞིག་ཚར་ཡོད་གྱི་རེད། ཤིང་སྡོང་ལ་ཆ་བཞག་ན། དུས་སུ་ལྟུང་བའི་ཤིང་རིགས་ཁག་ཅིག་ལ་ལོ་མ་ཧ་ཅང་མང་པོ་ཡོད། འོན་ཀྱང་དགུན་ཁ་ཤར་བ་དང་ལོ་མ་རྣམས་ས་ལ་ལྷུང་འགྲོ་གི་རེད། འཛམ་གླིང་ནི་རྟག་ཏུ་འགྱུར་བ་འགྲོ་གི་ཡོད། ང་ཚོ་ཞོགས་པ་སྔ་པོ་མལ་ལས་ཡར་ལང་པའི་སྐབས་ཁ་རླུང་ཧ་ཅང་སོས་པ་ཡོད། ཉི་མ་ཤར་བ་དང་མཚམས་མ་ཆད་པར་མཁའ་དབྱིངས་སུ་འགྲུལ་བཞུད་བྱེད་ཀྱི་ཡོད། ང་ཚོའི་མི་ཚེ་ནི་དེ་འདྲ་བ་ཡིན། ཉིན་དང་མཚན་མོ་མཚམས་མ་ཆད་པར་འགྲོ་གི་ཡོད།

ནམ་འཆི་ངེས་མེད།

ལོ་རྒྱུས་ནང་། གནའ་སྔ་མོའི་དུས་སུ་འཆི་བ་མེད་པའི་གཏམ་རྒྱུད་འགའ་བྱུང་ཡོད། ཁོང་ཚོས་བསམ་ཡུལ་ལས་འདས་པའི་ཚེ་རིང་པོ་བསྡད་ཐུབ་ཡོད། འོན་ཏེ་ད་ལྟའི་ཆར་དེ་ནང་བཞིན་ཚེ་རིང་པོ་སྡོད་ཐུབ་པའི་སྐལ་བ་མེད། ང་ཚོ་ཚང་མ་འཆི་རྒྱུ་ཡིན་པ་སོང་ཙང་། ག་དུས་འཆི་བར་ངེས་སམ་ཞེས་རང་གིས་རང་ལ་སྐད་ཆ་དྲིས་ན། ནམ་འཆིའི་དུས་ཚོད་ལ་ངེས་པ་མེད་པ་དང་། དེ་ནི་གནད་དོན་གཉིས་པ་ཞིག་ཡིན། འཛམ་གླིང་གི་ས་ཆ་གང་དུ་གནས་ཀྱང་ནམ་ཞིག་མི་ཚེ་འདི་རྫོགས་རྒྱུ་ཡིན་པ་ངེས་བརྟན་ཡིན་པ་གསལ་པོ་རེད། ཆོས་མངོན་པ་མཛོད་ཀྱི་ནང་གསལ་བ་བཞིན་ང་ཚོས་གླིང་གཞན་གྱི་སྐོར་ལ་བརྗོད་ཀྱི་མེད། ང་ཚོ་གནས་ས་དང་འཚོ་སའི་འཛམ་གླིང་འདི་ག་རང་གི་ནང་ཚེ་ཚད་ལ་ངེས་པ་མེད་པ་ནི་དོན་དངོས་ཤིག་རེད།

འཛམ་གླིང་ནང་མི་མང་པོ་ཡོད་པར་བལྟས་ན། ཚང་མས་འཆི་བའི་དོན་དངོས་དེ་འཕྲད་འདོད་རྩ་བ་ནས་མེད། དེ་བཞིན་ས་ཆ་མང་པོའི་ནང་གི་རྒས་ཡོལ་ཟིན་པའི་རྒས་གོག་རྣམས་ཀྱིས་ཀྱང་འཆི་རྒྱུ་ཡིན་པའི་དོན་དངོས་དེ་ཁས་ལེན་བྱེད་འདོད་མེད། ཁོང་ཚོས་གྱོན་ཆས་ཡིད་དུ་འོང་བ་གྱོན་པ་དང་། མཛེས་བཟོ་བྱས་ཏེ་གཞོན་ཤ་དོད་དུ་བཏང་ནས་འཆི་བའི་དོན་དངོས་དེ་ལས་ཐར་ཐབས་སུ་རང་གི་དུས་ཚོད་ཡོངས་རྫོགས་འཛམ་གླིང་ནང་ཡུལ་སྐོར་དུ་ཕྱིན་ནས་སྐྱེལ་གྱི་ཡོད། འོན་ཀྱང་དུས་ཚོད་ག་དུས་འཆི་བ་དང་ས་ཆ་གང་ཞིག་ཏུ་འཆི་རྒྱུ་ཡིན་པའི་ཐོག་ནས་རང་གི་སེམས་ནང་གྲ་སྒྲིག་ལེགས་པོ་ཞིག་བྱེད་དགོས་ཀྱི་ཡོད།

ཐེངས་ཤིག་སྨན་ཁང་ལ་བརྟག་དཔྱད་ཅིག་བྱས་པའི་རྗེས་སྨན་པས། ཁྱེད་རང་ལོ་ན་དྲུག་བཅུ་བར་དུ་བརྒྱ་ཆ་བརྒྱ་ཐམ་པ་སྡོད་ཀྱི་རེད་ཅེས་ང་ལ་གསུངས་བྱུང་། འོན་ཀྱང་ངས་ཕར་ཚིག་ཐག་བཅད་དེ་བརྗོད་དོན། དུས་ཚོད་ངེས་ཅན་ཞིག་གི་ནང་སུ་གཅིག་ལའང་ཐག་བཅད་དེ་གང་འབྱུང་མིན་བཤད་ཚོད་ཐིག་གི་མ་རེད་ཅེས་ཞུས་པ་ཡིན།

གལ་ཆེའི་གནད་དོན་ཞིག་ནི་འཆི་བ་ཐོག་ཏུ་འཁྱེར་ཡོང་མཁན་ནད་གཞི་སོགས་ཀྱི་རྐྱེན་ཧ་ཅང་མང་པོ་ཡོད་ཅིང་མཐུན་པའི་རྐྱེན་འགའ་ཡང་འཆི་བའི་རྐྱེན་དུ་འགྱུར་སྲིད། སྤྱིར་བཏང་ང་ཚོས་རྐྱེན་དེ་དག་ཕྱི་རོལ་ཏུ་ཡོད་པ་ཞིག་ཏུ་བལྟ་མི་དགོས། ཚང་མ་ང་ཚོའི་རྒྱུད་ལ་འཛོམས་ཡོད། ཐ་ན་མི་ཚེའི་མཐུན་རྐྱེན་དེ་དག་གིས་ཀྱང་འཆི་བའི་རྐྱེན་བྱེད་སྲིད། དཔེར་ན། འཚོ་གནས་ཆེད་ང་ཚོས་ཟས་རིགས་ལོངས་སུ་སྤྱོད་ཀྱི་ཡོད། འོན་ཏེ་མང་དྲགས་ན་གྲོད་ཁོག་མི་བདེ་བ་ཆགས་ནས་འཇུ་དཀའ་བ་དང་མཆིན་པ་སོགས་ཀྱི་ནང་དཀའ་ངལ་འཕྲད་ཀྱི་ཡོད། ཚེ་སྲོག་གནས་ཆེད་དུ་ཟས་ལོངས་སྤྱོད་པས་ཀྱང་འཆི་བའི་རྐྱེན་བྱེད་པ་ཡོང་གི་ཡོད།

གཞན་ཡང་ཤ་རུས་ལས་གྲུབ་པའི་ང་ཚོའི་ལུས་འདི་ཧ་ཅང་ཞན་པོ་དང་སྐྱོན་ཆག་ཤོར་ཆོག་ཆོག་ཡིན་པ་སོགས་ཁ་ཐབས་སྐྱོ་བའི་གནས་སྟངས་ལ་བསམ་བློ་གཏོང་དགོས། ང་ཚོའི་ལུས་ནི་ཧ་ཅང་སྟོབས་ཤུགས་ཆེན་པོའམ་མཁྲེགས་པོ་ཡང་ན་མི་མཐུན་པའི་རྐྱེན་ཚང་མར་འགོག་སྲུང་བྱེད་པའི་ནུས་པ་མེད། གྲུབ་ཆ་སྣ་ཚོགས་ལས་གྲུབ་པའི་ཁང་པ་དང་རི་སོགས་ལ་ང་ཚོས་བསམ་བློ་བཏང་ན། མ་གཞི་དེ་དག་ང་ཚོའི་མིག་སྔར་ཧ་ཅང་སྲ་ཞིང་བརྟན་པ་ཞིག་ཏུ་སྣང་ནའང་། ཆུ་དང་རླུང་སོགས་ལ་བརྟེན་ནས་རིམ་གྱིས་འཇིག་འགྲོ་གི་ཡོད། དེར་བརྟེན་ང་ཚོའི་ལུས་པོ་འདི་འཇིག་འགྲོ་བ་ནི་བརྗོད་མི་དགོས་པ་ཞིག་ཡིན། ལུས་པོའི་ནང་གི་སྙིང་རྟག་ཏུ་འཕར་ནའང་། ཐ་ན་སྐར་མ་གཅིག་མཚམས་ཆད་ཀྱང་ང་ཚོ་འཆི་འགྲོ་གི་ཡོད། པགས་པས་གཡོགས་པའི་རུས་སྒྲོམ་འདི་ཤིན་ཏུ་མཛེས་ནའང་། པགས་པའི་འོག་ཏུ་གཉེན་པོ་དང་སྐྱོན་ཆག་ཤོར་ཆོག་ཆོག་ཀྱི་ནང་ཁྲོལ་གྱིས་ཁེངས་ཡོད། གལ་ཏེ་ང་ཚོས་མིའི་ཕྱིའི་མཛེས་སྡུག་ལྡན་པའི་མཐོང་སྣང་ལ་བལྟས་ན། དེ་དཀོན་མཆོག་གིས་བཟོས་པ་ཞིག་མིན་པ་ལས་སླ་པོར་ངོ་འཕྲོད་ཐུབ། འོན་ཏེ་མིའི་ལུས་པོར་ཡག་པོ་བྱས་བལྟས་ན། སྐྱོན་ཆག་ཤོར་ཆོག་ཆོག་གིས་ཁེངས་ཡོད། ཚེ་སྲོག་ནི་མྱུར་དུ་འཇིག་འགྲོ་བ་ངེས་བརྟན་ཡིན་པ་སོང་ཙང་། ང་ཚོས་ནང་ཆོས་ཀྱི་ཉམས་ལེན་རྣམས་ཚུལ་བཞིན་དུ་ལག་བསྟར་བྱེད་དགོས་པ་ཡིན།
 

འཆི་བའི་ཚེ་ཆོས་མ་གཏོགས་གཞན་ཅིས་ཀྱང་ཕན་མི་ཐོགས།

རྩ་བའི་ས་བཅད་ནང་འཁོད་པའི་གནད་དོན་གཞན་གཅིག་ནི་འཆི་བའི་ཚེ་ཆོས་མ་གཏོགས་གཞན་ཅིས་ཀྱང་ཕན་མི་ཐོགས་ཚུལ་ཡིན། འཆི་བའི་ཚེ་ཆོས་ཉམས་ལེན་བྱས་པ་མ་གཏོགས་གཞན་གང་གིས་ཀྱང་ཕན་མི་ཐོགས་པ་ང་ཚོས་ངེས་པར་དུ་གསལ་པོ་ཤེས་དགོས། ང་ཚོས་འཚོ་བའི་རིང་དཀའ་ལས་དུ་མ་བརྒྱབ་ནས་བསགས་པའི་རྒྱུ་ནོར་ལོངས་སྤྱོད་རྣམས་ཀྱིས་འཆི་བའི་ཚེ་རོགས་གང་ཡང་བྱེད་མི་ཐུབ་པར། ཚང་མ་རྒྱབ་ཏུ་གཡུགས་ནས་འགྲོ་དགོས་ཀྱི་ཡོད། འཛམ་གླིང་ནང་ང་ཚོ་ཕྱུག་པོ་ག་ཚོད་ཡིན་པ་དང་དངུལ་ཁང་ནང་དངུལ་ག་ཚོད་མང་པོ་ཡོད་པའམ་མ་རྩ་ག་ཚོད་མང་པོ་བཙུགས་ཡོད་ཀྱང་འཆི་བའི་ཚེ་དེ་དག་མཉམ་དུ་འཁྱེར་མི་ཐུབ། རེ་བ་གཅིག་ཀྱང་མེད།

དེ་ག་ནང་བཞིན་རང་གི་སྤུན་མཆེད་དང་གྲོགས་པོ་གྲོགས་མོ་སོགས་ཀྱིས་ཀྱང་འཆི་བའི་ཚེ་རོགས་གང་ཡང་བྱེད་མི་ཐུབ། ཆོས་ལ་དད་སེམས་ཆེན་པོ་ཡོད་པའི་མི་རྣམས་ཀྱིས་ཁོ་རང་ཚོའི་ཚེ་སྲོག་རང་ལ་གཏོང་འདོད་ཡོད་ཀྱང་དོན་དངོས་ཐོག་གཏོང་མི་ཐུབ། ཅི་སྟེ་ཚང་མ་འཆི་དགོས་ཀྱི་ཡོད་ན། མི་དེ་དག་གི་ཕན་པ་ཅི་ཡོད་དམ། མི་ཚེའི་མཐའ་མཇུག་ཏུ་སླེབས་སྐབས། ང་གྲྭ་པ་ཡིན། ཡང་ན་ང་ཏཱ་ལའི་བླ་མ་ཡིན་སོགས་ཟེར་བས་འཆི་བ་ལས་སྐྱོབ་མི་ཐུབ་པར། སོ་སོ་གཅིག་པུར་འཆི་བའི་སྡུག་བསྔལ་མྱོང་དགོས་པ་ཡིན། སྐྱེས་པ་ཐམས་ཅད་འཆི་བའི་ཚེ་གཅིག་པུར་འགྲོ་དགོས་པ་ནི་གཅིག་འགྱུར་ཡིན། ཐ་ན་དམག་དཔུང་འབོར་ཆེན་དང་དབང་ཤུགས་ཆེན་པོ་ཡོད་པའི་མའོ་ཙེ་ཏུང་ཡང་འཆི་བའི་ཚེ་གཡས་གཡོན་གྱི་དམག་མི་སོགས་ཀྱི་རོགས་བྱེད་མི་ཐུབ་པར་སོ་སོ་ཁེར་རྐྱང་དུ་འཆི་བའི་སྡུག་བསྔལ་མྱོང་དགོས་ཀྱི་ཡོད།

ང་ཚོ་མི་རེ་ངོ་རེར་ཡོད་པའི་ལུས་འདི་གཞན་དང་ཉེ་པོར་འབྲེལ་བ་དང་། ཚ་བ་དང་། གྲང་བ། བཀྲེས་སྐོམ་སོགས་མྱོང་མཁན་འདིའང་མཐའ་མ་སེམས་དང་ཁ་བྲལ་ནས་འགྲོ་དགོས། ང་ཚོས་སོ་སོའི་ལུས་པོ་འདི་ཧ་ཅང་གཙིགས་ཆེན་པོ་བརྩི་གི་ཡོད། འོན་ཀྱང་གཅེས་པར་འཛིན་པའི་ལུས་འདི་ནམ་ཞིག་ཤི་རོ་ཞིག་ཏུ་འགྱུར་ངེས། སྤྱིར་བཏང་ནས་ཤི་རོར་སྐྱུག་བྲོ་བའི་དྲི་ངན་ཁ་གི་ཡོད། ང་ཚོས་ལུས་འདི་ཧ་ཅང་མི་གཙང་བ་དང་ཟག་བཅས་ཤིག་ཏུ་བརྩི་ནའང་། ཤི་རོ་དེ་གང་ནས་བྱུང་ངམ་ཞེ་ན། ང་ཚོ་རང་གི་ལུས་ལས་བྱུང་། ཤི་རོའི་ནང་གི་དྲི་ངན་དེ་གང་ནས་བྱུང་ངམ་ཞེ་ན། ཤི་རོར་འགྱུར་ངེས་པའི་ལུས་འདིས་འཆི་བའི་ཚེ་ཕན་ཅི་ཡང་མི་ཐོགས། དེར་བརྟེན་འཆི་བའི་ཚེ་ང་ཚོའི་ལུས་དང་། རྒྱུ་ནོར། སྤུན་མཆེད། གྲོགས་པོ་གྲོགས་མོ་སོགས་ཚང་མས་ང་ཚོར་ཕན་གང་ཡང་མི་ཐོགས།

འཆི་བར་བསམ་བློ་རྩ་བ་ནས་མི་གཏོང་མཁན་ཚོས་རྒྱུ་ནོར་བསགས་ཏེ་འགྱིག་གི་སྒམ་དང་ཤིང་སོགས་ཀྱི་སྒམ་ནང་ཉར་ཚགས་བྱེད་ཅིང་། ཡིད་དུ་འོང་བའི་ལྕགས་ཀྲིན་སྟོང་པ་ཞིག་མཐོང་བ་དང་བསྒྲུགས་ནས་ཉར་ཚགས་བྱེད་ཀྱི་ཡོད། དེ་ལ་སྙིང་པོ་དེ་ཙམ་མེད་པར་འཆི་དུས་རྒྱབ་དུ་སྐྱུར་རྒྱུ་ལས་གཞན་གང་ཡང་མེད།

ང་ཚོའི་སེམས་ཀྱི་རྒྱུན་ནི་སྐྱེ་བ་སྔོན་མ་ནས་འདིར་དང་འདི་ནས་ཕྱི་མར་མུ་མཐུད་དེ་འགྲོ་བ་ང་ཚོས་ཤེས་པ་དང་། རྒྱུན་དེའི་ཐོག་ནས་ང་ཚོས་ང་ཞེས་པ་སོགས་འདོགས་ཀྱི་ཡོད། དེར་བརྟེན་སེམས་ཀྱི་རྒྱུན་ནི་རྒྱུན་མ་ཆད་པར་འགྲོ་ཞིང་མཉམ་དུ་རྒྱུ་ཅ་ལག་གང་ཡང་འཁྱེར་མི་ཐུབ། སེམས་ཀྱི་རྒྱུན་དང་མཉམ་དུ་འགྲོ་མཁན་ནི་ཚེ་འདིར་ང་ཚོས་བསགས་པའི་ལས་སྣ་ཚོགས་པ་དག་ཡིན། གལ་སྲིད་ང་ཚོས་དགེ་བའི་ལས་དང་ནུས་པ་སྣ་ཚོགས་བསགས་ཡོད་ན། དེ་ལ་བརྟེན་ནས་འབྱུང་འགྱུར་ང་ཚོར་འབྲས་བུ་བཟང་པོ་འཐོབ་ཀྱི་ཡོད། དགེ་བའི་ནུས་པའམ་ལས་ནི་ང་ཚོས་ནང་ཆོས་ཉམས་ལེན་བྱས་པ་བརྒྱུད་གསོག་ཐུབ་པ་ཞིག་ཡིན།

འཆི་བའི་ཚེ་འབྱུང་སྲིད་པའི་གནས་སྟངས་སྣ་ཚོགས་ཤིག་ལ་ང་ཚོས་བསམ་བློ་བཏང་ན། ང་ཚོར་ན་ཚ་ཕོག་ཉེན་ཆེ། དེ་ནས་ན་ཚ་དེར་བཅོས་ཐབས་ཅི་ཡང་མེད་པར་གཅོང་ནད་ཅིག་ཏུ་འགྱུར་ངེས་ཡིན་ཞེས་བརྗོད་མཁན་སྨན་པ་འདྲ་མིན་སར་འགྲོ་ངེས་ཡིན། བསམ་བློ་ཐོངས་དང་། ང་ཚོའི་སེམས་མི་སྐྱིད་གང་འདྲ་ཆགས་སྲིད། ཕྱོགས་གང་ཐད་ནས་ཡིད་ཐང་ཆད་དེ་རེ་བ་ཟད་ནས་འཆི་རྒྱུ་ཡིན་པ་ཤེས་རྟོགས་ཐུབ། ང་ཚོའི་མི་ཚེའི་ཉིན་མཐའ་མ་དེར་ཉལ་ཁྲིའི་སྟེང་ཉལ་ནས་སེམས་ནང་དངངས་སྐྲག་ཚད་མེད་སྐྱེས་ཏེ་མི་ཚེ་དེ་ལྟར་ཉམས་ནས་འཇུག་རྫོགས་ཀྱི་ཡོད། སྐབས་དེར་ང་ཚོས་གང་ཡང་བྱེད་མི་ཐུབ་ཅིང་རང་བཞིན་གྱི་བརྒྱུད་རིམ་དེ་ལ་སྟངས་འཛིན་ནམ་ཡང་བྱེད་མི་ཐུབ། ཟས་མཐའ་མ་དེ་བཟའ་ཞིང་། ནད་གཞི་བཅོས་པར་སྨན་གྱི་ནུས་པའང་ཐོན་མི་ཐུབ། དེ་ལྟར་ཐམས་ཅད་ཧ་ཅང་སྐྱོ་བ་སྐྱེ་དགོས་པ་ཞིག་ཏུ་འགྱུར་ངེས། སྐད་ཆ་ཤོད་འདོད་ཀྱང་མཆུ་སྐམ་ནས་ཤོད་མི་ཐུབ། རྣ་ཤེས་དང་། མིག་ཤེས། ལྕེ་ཤེས་སོགས་ཉམས་ནས་མཐར་དབུགས་འབྱིན་རྔུམ་ཀྱང་མཚམས་ཆད་ནས་འཆི་འགྲོ་བ་ཡིན། གསོན་པོར་སྡོད་པའི་སྐབས་ང་ཚོར་མིང་གྲགས་སོགས་གང་ཡོད་ཀྱང་ད་ལྟ་བཀྲ་ཤིས་འདས་པོའམ་ཡང་ན་ཀུན་བཟང་འདས་པོ་ཙམ་ལས་ཅི་ཡང་མེད།

དེར་བརྟེན་ང་ཚོས་མངོན་དུ་འགྱུར་བཞིན་པའི་འཆི་བའི་སྐབས་ཀྱི་གནས་སྟངས་དང་ཚུལ་ལ་བསམ་བློ་བཏང་ན། འཆི་བའི་ཚེ་ཆོས་ཀྱི་ཉམས་ལེན་རིགས་འགའ་ཞིག་གིས་ང་ཚོར་ཕན་ཐོགས་བྱེད་ཐུབ་པར་ངེས་ཤེས་བརྟེན་པོ་ཞིག་དགོས་ཀྱི་ཡོད། གནད་ལ་སྨིན་ཤོས་ཀྱི་ཉམས་ལེན་ནི་ཀུན་རྫོབ་དང་དོན་དམ་བྱང་ཆུབ་སེམས་གཉིས་རྒྱུད་ལ་སྐྱེ་རྒྱུ་དེ་ཡིན། དེས་ན་འཆི་བ་དང་མི་རྟག་མངོན་དུ་འགྱུར་བའི་ཚུལ་ལ་བསམས་ནས། ང་ཚོས་བྱང་ཆུབ་སེམས་རང་རྒྱུད་དུ་སྐྱེད་པར་བྱེད་རྒྱུའི་ཆོད་སེམས་ཤུགས་དྲག་པོ་ཞིག་དགོས་ཀྱི་ཡོད།

ལས་རྒྱུ་འབྲས།

སྔོན་འགྲོའི་ཆོས་བཤད་སྐབས་ཀྱི་གནད་དོན་གཞན་ཞིག་ནི་ལས་རྒྱུ་འབྲས་སྐོར་ཡིན། ང་ཚོ་ཤི་བའི་རྗེས། འགྲོ་སའི་ཡུལ་ལ་གཉིས་གང་རུང་དུ་ངེས་ཏེ། བདེ་འགྲོའམ་ངན་འགྲོ་ཡིན། ཡང་ན་བདེ་འགྲོར་སྐྱེ་དགོས་ལ་ཡང་ན་ངན་འགྲོར་སྐྱེ་དགོས། གང་ཡིན་ཞེ་ན་སེམས་ཀྱི་རྒྱུན་མུ་མཐུད་འགྲོ་གི་ཡོད་ཅིང་། སྐྱེ་བ་གཞན་ཞིག་ལེན་རྒྱུ་ཡིན་པ་ནི་ངེས་པ་དང་། དེའང་ལས་སྟོབས་ཆེ་ལོད་ཀྱིས་དབང་གིས་སམ་ལས་ཀྱི་ནུས་པ་ཆེ་ཆུང་ལ་ལྟོས་ནས་སྐྱེ་བ་ལེན་གྱི་ཡོད། དེ་བཞིན་སྔོན་ནས་བསགས་པའི་རྒྱུ་རྐྱེན་ལའང་རག་ལས་པ་ཡིན།

ལས་ཀྱི་རྣམ་གཞག

ལས་སོ་སོར་ངེས་པའི་ཐད་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བའི་ནང་གི་ལུང་ཚིག་སྣ་ཚོགས་ཤིག་ཡོད། ཅི་སྟེ་ང་ཚོས་བྱ་བ་བཟང་པོ་བྱས་ནས་དགེ་བའི་ལས་བསགས་ཡོད་ན། དེའི་འབྲས་བུ་གཅིག་པུ་དེ་ནི་བདེ་བ་ཡིན། གལ་ཏེ་ང་ཚོས་བྱ་བ་ངན་པ་བྱས་ནས་མི་དགེ་བའི་ལས་བསགས་ཡོད་ན། དེའི་འབྲས་བུ་ནི་མི་བདེ་བ་དང་སྡུག་བསྔལ་ཤ་སྟག་ཡིན། དེ་ལྟ་བུའི་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པ་ཡིན། ང་ཚོས་ལས་གང་ཞིག་བསགས་པ་ལ་བརྟེན་ནས་དེ་དང་མཐུན་པའི་འབྲས་བུ་མྱོང་དགོས་ཀྱི་ཡོད།

གནད་དོན་གཞན་ཞིག་ནི་ལས་ཀྱི་འབྲས་བུ་འཕེལ་བའི་སྐོར་ཡིན། ལས་ཆུང་ཆུང་ཞིག་ལས་ཀྱང་ང་ཚོར་འབྲས་བུ་ཧ་ཅང་ཆེན་པོ་ཡོང་གི་ཡོད། དགེ་བའི་ལས་ལས་འབྲས་བུ་བདེ་བ་ཆེན་པོ་ཡོང་བ་དང་། མི་དགེ་བའི་ལས་ལས་འབྲས་བུ་ཧ་ཅང་མི་བདེ་བའམ་ངན་པ་ཡོང་གི་ཡོད། དེ་བཞིན་མི་དགེ་བའི་རྒྱུ་ཆུང་ཆུང་ཞིག་ལས་འབྲས་བུ་མི་བདེ་བ་དང་བཀྲ་མི་ཤིས་པ་མང་པོ་ཡོང་སྲིད་པ་ཡིན། དཔེར་ན། མི་ཞིག་གིས་གྲྭ་པ་ཞིག་ལ་སྤྲེའུམ་ཡང་ན་བོང་བུ་ཞེས་མིང་འདོགས་བྱས་པར་བརྟེན་དེའི་ལས་ཀྱི་འབྲས་བུར་ཁོ་པ་སྐྱེ་བ་བརྒྱ་སྤྲེའུ་ལྟ་བུའི་དུད་འགྲོའི་སྐྱེ་བ་ལེན་དགོས་བྱུང་ཚུལ་ང་ཚོས་གཞུང་མང་པོའི་ནང་ནས་མཇལ་ཡོད། དེ་ནི་ལས་སྟོབས་ཆེ་བའམ་ལས་འཕེལ་བའི་དཔེ་མཚོན་རྣམས་ཡིན།

རྩི་ཤིང་གི་ས་བོན་ལ་མཚོན་ན། གལ་ཏེ་སྨན་ཤིང་ངམ་རྩི་ཤིང་ཞིག་གི་ས་བོན་ཞིག་ཡིན་ན། ས་བོན་དེ་ཉིད་ལ་སྨན་གྱི་ཁྱད་ཆོས་ལྡན་ཡོད། གལ་ཏེ་དུག་ཤིང་ཞིག་གི་ས་བོན་ཡིན་ན། ས་བོན་དེ་ཉིད་ལ་དུག་གི་ཁྱད་ཆོས་ལྡན་ཡོད། དེས་ན། དུག་གི་ས་བོན་ལས་དུག་ཤིང་སྐྱེ་བ་དང་། སྨན་ཤིང་གི་ས་བོན་ལས་སྨན་ཤིང་སྐྱེ་གི་ཡོད། དེ་ག་ནང་བཞིན་བེ་དོའི་ཤིང་ཆེན་པོ་དེ་བེ་དོའི་ས་བོན་ཆུང་ཆུང་དེ་ལས་ཡོང་གི་ཡོད། དེ་དག་ནི་ལས་ཀྱི་ཁྱད་ཆོས་རན་པའི་དཔེ་མཚོན་འགའ་ཞིག་ཡིན།

བསླབ་བཏུས་ནང་ཞི་བ་ལྷས། གལ་ཏེ་བྱ་བ་གང་ཞིག་འཕྲལ་དུ་གནོད་སྐྱོན་ཆེ་ནའང་ཕུགས་སུ་ཕན་ཐོགས་ཆེན་པོ་ཡོད་ན། བྱེད་འོས་པ་ཞིག་ཡིན། གང་ཡིན་ཞེ་ན། ང་ཚོས་ཕུགས་ཀྱི་འབྲས་བུའི་ཆ་ནས་བསམ་བློ་གཏོང་དགོས་པ་ཡིན། འོན་ཏེ་བྱ་བ་གང་ཞིག་འཕྲལ་དུ་ཕན་ཐོགས་ཡོད་ཅིང་ཕུགས་སུ་གནོད་ཀྱི་འདུག་ན། བྱེད་མི་རུང་། དེ་བཞིན་འཕྲལ་ཕུགས་གཉིས་ཀ་ལ་གནོད་སྐྱོན་ཡོད་ན་ནམ་ཡང་བྱེད་མི་རུང་བ་ནི་བརྗོད་མི་དགོས་པ་ཡིན་ཞེས་གསུངས་ཡོད།

ཤ་ལ་ཆགས་པའི་དབང་གིས་དུད་འགྲོ་ལྟ་བུའི་སེམས་ཅན་ཞིག་གི་སྲོག་གཅོད་པའམ་ཁོང་ཁྲོའི་དབང་གིས་རང་གི་དགྲ་བོའི་སྲོག་གཅོད་པའི་དཔེ་ལ་བསམ་བློ་བཏང་ན། འཕྲལ་དུ་ང་ཚོ་ཅུང་འདོད་པ་ཚིམས་པ་དང་ངེས་བརྟན་མེད་པའི་ཤ་ལོངས་སུ་སྤྱོད་པའི་བདེ་བ་ཕྲན་བུ་བྱུང་ནའང་། ཕུགས་ལ་སྲོག་གཅོད་ཀྱི་འབྲས་བུ་ངན་པ་མྱོང་དགོས་པ་ཡིན། དེར་བརྟེན་མི་བདེ་བ་དང་སྡུག་བསྔལ་མང་པོ་མྱོང་དགོས་པ་ངེས་པ་ཡིན། ཕྱོགས་གཞན་ཞིག་ནས་གལ་སྲིད་ང་ཚོས་སྲོག་གཅོད་པར་ཉེ་བའི་སེམས་ཅན་རྣམས་སྲུང་སྐྱོབ་བྱས་ཏེ་འཆི་བ་ལས་སྐྱོབ་ཐུབ་ན། དེའི་འབྲས་བུ་ནི་འཕྲལ་ཕུགས་གཉིས་ཀར་བདེ་བ་འབའ་ཞིག་ཡིན། ས་བོན་ཆུང་ཆུང་ཞིག་ལས་ཤིང་སྡོང་ཆེན་པོ་སྐྱེ་བ་ལྟར། ལས་ཆུང་ཆུང་ཞིག་ལས་འབྲས་བུ་ཆེན་པོ་སྦྱིན་གྱི་ཡོད། དེར་བརྟེན་བདེ་བའམ་སྡུག་བསྔལ་ནི་རྒྱུ་ཆུང་ཆུང་ཞིག་ལས་ཡོང་ཐུབ་པ་བདེན་པ་རེད།

འདིར་ལས་དང་དེའི་ནུས་པ་སྣ་ཚོགས་ཤིག་ང་ཚོའི་སེམས་རྒྱུད་ཐོག་ནས་འབྲས་བུ་མ་སྨིན་བར་རྒྱུན་མ་ཆད་པར་འགྲོ་བའི་ཚུལ་བསྟན་པའི་ལུང་ཞིག་ཡོད། བྱེའུ་ཞིག་གི་གྲིབ་ནག་དེ་རང་ཉིད་དང་མཉམ་དུ་འགྲོ་བ་དང་། ཇི་ཙམ་མཐོན་པོ་འཕུར་ཞིང་། དེའི་གྲིབ་ནག་དེ་ས་སྟེང་གསལ་པོ་དེ་ཙམ་མེད་ནའང་། བྱེའུ་དེ་ཉིད་དང་ཁ་མ་བྲལ་བར་གནས་ཀྱི་ཡོད། བྱེའུ་དེ་ས་སྟེང་དུ་བབས་སྐབས། དེའི་གྲིབ་ནག་གསལ་པོ་ཆགས་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོ་གང་དུ་ཕྱིན་ཀྱང་མཉམ་དུ་གནས་པའི་རང་རྒྱུད་ཀྱི་ལས་ཀྱི་ནུས་པ་རྣམས་ང་ཚོའི་སེམས་ཀྱི་རྒྱུན་ཐོག་ནས་འབྲས་བུ་མ་སྨིན་བར་གནས་ཀྱི་ཡོད། མ་གཞི་ལས་ཀྱི་འབྲས་བུ་སྨིན་ཚུལ་ད་ལྟ་ཧ་ཅང་གསལ་པོ་མ་མཐོང་ནའང་། སྐབས་ཤིག་དུས་ལ་བབས་པ་དང་ནུས་པ་དེ་དག་བསྐྱར་དུ་གསལ་པོ་ཆགས་ངེས་ཡིན།

ང་ཚོས་ལས་ཀྱི་རིགས་སྣ་ཚོགས་ལ་བསམ་བློ་བཏང་ན། དཔེར་ན། མི་ཞིག་ལ་ཚུལ་མིན་གྱི་མིང་ཞིག་གི་ཐོག་ནས་བོས་པའི་ལས་ལྟ་བུས་གཞན་གྱི་སེམས་ནང་མི་སྐྱིད་པ་བཟོ་གི་ཡོད། མིང་མི་སྙན་པ་ཞིག་གི་ཐོག་ནས་འབོད་པར་མི་སུ་གཅིག་གིས་ཀྱང་དགའ་པོ་བྱེད་ཀྱི་མེད། བྱས་ཙང་། དེས་མི་བདེ་བའི་རྒྱུ་བྱེད་ཀྱི་ཡོད་པ་དང་། སླད་མར་མི་དགེ་བའི་ལས་བསྐྱར་དུ་གསོག་པའི་མི་དགེ་བའི་ནུས་པ་སྐྲུན་གྱི་ཡོད། ནམ་ཡང་ཡལ་འགྲོ་གི་མེད། གནད་དོན་ནི་ལས་ཀྱི་ནུས་པ་ཆུད་ཟོས་སུ་འགྲོ་གི་མེད། ཁྱད་པར་ནི་དུས་ཚོད་ཀྱི་སྔ་ཕྱི་ཙམ་ཡིན།

ང་ཚོའི་ལས་ཀྱི་འབྲས་བུ་ངན་པ་རྣམས་མྱོང་བ་གཡོལ་ཆེད་ང་ཚོས་ལག་བསྟར་ཐུབ་པའི་ལྡོག་ཕྱོགས་ཀྱི་ནུས་པ་དང་ཐབས་ལམ་སྣ་ཚོགས་ཡོད། དེ་ཡང་ཕན་ཐོགས་ཡོད་པའི་བྱ་བ་བྱེད་རྒྱུ་དེ་ཡིན། དེ་དག་ནི་ང་ཚོས་རིམ་གྱིས་བསྟེན་དགོས་པ་ཞིག་ལས་སོ་སོའི་ལུས་པོ་གཏོང་བ་སོགས་ཀྱི་ཡ་མཚན་ཆེ་བའི་བྱ་བ་ཙམ་ལ་བརྟེན་ནས་མི་འོང་། སྤྱོད་འཇུག་ནང་གསུངས་པ་བཞིན་ང་ཚོས་ཐོག་མར་བྱ་བ་ཆུང་ཙག་ནས་རིམ་བཞིན་ཡར་རྒྱས་སམ་རྒྱ་སྐྱེད་གཏོང་དགོས། དེ་ལྟར་བྱས་ན། རླབས་ཆེན་གྱི་སྐྱེ་བོ་དམ་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞན་དོན་སླད་སོ་སོའི་ལུས་པོའང་སྦྱིན་པ་བཏང་ཚུལ་གོ་ཐོས་བྱུང་འཕྲལ་སེམས་ཤུགས་མ་ཆག་པ་ཡོང་གི་ཡོད། ཁོང་རྣམས་ཀྱིས་ང་ཚོ་ནང་བཞིན་ཐོག་མར་བྱ་བ་ཆུང་རིགས་ནས་འགོ་བརྩམས་ཏེ་གནང་ཡོད་པར་ང་ཚོས་བསམ་བློ་གཏོང་དགོས། དེ་དང་གཅིག་མཚུངས་ང་ཚོའི་རྒྱུད་ཀྱི་མི་དགེ་བའི་ལས་དང་ལྟ་བ་ལོག་པ་རྣམས་ལའང་ལག་བསྟར་བྱེད་དགོས། དེའི་ཕྱིར་གོམས་གཤིས་ངན་པ་རྣམས་ཇེ་ཉུང་དུ་གཏོང་ཐབས་བྱས་ཏེ་ག་ལེར་ག་ལེར་ཡར་རྒྱས་གཏོང་ཐབས་བྱེད་དགོས། ང་ཚོའི་ལས་ལ་ལྟོས་ནས་འབྲས་བུ་རྣམས་འཕེལ་ཚུལ་ཐད་ཀྱི་གོ་སྡུར་འདིར་མཚམས་འཇོག་རྒྱུ་ཡིན།

གཤམ་གྱི་བརྗོད་དོན་ནི་ལས་མ་བྱས་པ་མི་འཕྲད་པ། བྱས་པ་ཆུད་མི་ཟ་བའི་སྐོར་ཡིན། གལ་སྲིད་ང་ཚོས་ལས་ཤིག་མ་བྱས་ན། དེའི་འབྲས་བུ་བདེ་བའམ་སྡུག་བསྔལ་གང་ཡིན་ཀྱང་མི་འཕྲད། མ་མཐར་རྒྱུ་མ་ཚོགས་པར་འབྲས་བུ་མི་འབྱུང་། གལ་ཏེ་ང་ཚོས་ལས་ཤིག་བྱས་ན། དེའི་འབྲས་བུ་ཆུད་ཟོས་སུ་འགྲོ་གི་མེད། ང་ཚོས་བསགས་པའི་ལས་དེ་དགེ་བ་དང་མི་དགེ་བ་གང་ཡིན་རུང་། ལས་དེའི་འབྲས་བུ་སྨིན་པའི་རྐྱེན་མ་འཕྲད་བར་དུ་འབྲས་བུ་སྨིན་གྱི་མེད། མ་སྨིན་པའི་བར་དུ་ཟད་འགྲོ་གི་མེད། དེ་ནི་དུས་ཀྱི་སྔ་ཕྱི་ཙམ་གྱི་ཁྱད་པར་ཡིན། ད་ལས་བྱས་ཆུད་ཟ་བའི་སྐོར་ཡིན། གལ་སྲིད་ང་ཚོས་ལས་བཟང་པོ་ཞིག་བྱས་ནས་དགེ་བའི་ནུས་པའམ་ལས་ཤིག་བསགས་ཡོད་པ་དང་དེའི་མཇུག་ཐོག་དེ་མ་ཐག་ཏུ་ཁོང་ཁྲོ་བཟའ་ན། དེས་རྐྱེན་པས་ལས་ཀྱི་ནུས་པ་བཟང་པོ་དེ་སྐད་ཅིག་ཉིད་དུ་ཆུད་ཟོས་སུ་འགྱུར་བ་དང་ཤིན་ཏུ་སྟོབས་ཆུང་བར་འགྱུར། དེར་བརྟེན་རྐྱེན་ཐམས་ཅད་ཚོགས་ནས་ཡོད་པའི་སྐབས། ང་ཚོས་བསགས་པའི་ལས་ཀྱི་ནུས་པ་ཡོངས་སུ་ཟད་པའམ་སྟོབས་ཆུང་དུ་འགྲོ་བའི་རྐྱེན་མ་འཕྲད་ན། ནུས་པ་དེའི་འབྲས་བུ་སྨིན་རྒྱུ་ཡིན་པ་ཐག་གཅོད་ཐུབ།

བོད་ཀྱི་ད་ལྟའི་ཕྱིའི་གནས་སྟངས་ཀྱིས་རྐྱེན་པས་བོད་ཡུལ་རྒྱ་ལག་ཏུ་ཤོར་ཕྱིན་པ་བཞིན་ནང་གི་རྒྱུ་རྐྱེན་གྱིས་ཀྱང་གཅིག་མཚུངས་བྱས་ཡོད། མི་དགེ་བའི་ལས་སྟོབས་ཆེན་བསགས་པའི་ཉེར་ལེན་ལ་བརྟེན་ནས་ང་ཚོའི་ལུང་པ་ཤོར་ཏེ། སྐྱབས་བཅོལ་ཏུ་དཀའ་སྡུག་གིས་ཁེངས་ནས་སྡོད་དགོས་པའི་རྐྱེན་བྱས་ཡོད། ཨ་ཧྥི་རི་ཁའི་གནས་སྟངས་ལ་གཞིགས་ན། ཐན་པ་བཏང་བ་དང་མུ་གེ་ཚབས་ཆེན་ཤོར་བའམ་མི་ས་ཡ་མང་པོར་ནད་ཡམས་བྱུང་ནས་རྐྱེན་ལམ་དུ་ཤོར་གི་ཡོད། དེ་ནི་འཛམ་གླིང་ཧྲིལ་པོའི་ནང་ལས་ཀྱི་བཀོད་པར་རག་ལས་པ་དང་། དེ་ཡང་མིའི་སེམས་རྒྱུད་ཀྱི་ནུས་པ་འདྲ་མིན་གྱི་དབང་གིས་ཡོང་གི་ཡོད། སྤྱིར་དུད་འགྲོའང་དེའི་ཁོངས་སུ་འདུས་ནའང་། གཙོ་བོ་ལས་ཀྱི་རྣམ་གཞག་ཐུན་མོང་དུ་ཡོད་པའི་མིའི་སེམས་རྒྱུད་ཀྱི་ནུས་པར་རག་ལས་ཡོད། དེ་དག་ལ་བརྟེན་ནས་འཛམ་གླིང་ནང་ལས་རྒྱུ་འབྲས་ཐོག་འགྱུར་བ་ཡོང་ཞིང་། དཔེར་ན། ཨ་ཧྥི་རི་ཁ་ལྟ་བུའི་ནང་གི་ཐན་པ་དང་མུ་གེ་སོགས་ཡོང་གི་ཡོད།

གནས་སྟངས་དེ་རིགས་ཀྱི་ཁྲོད་རྐྱེན་ངན་ཆེན་པོ་གང་དུ་ཡོད་པའི་ས་ཁུལ་དུ་དཀའ་ཚེགས་ཆེན་པོ་དེ་ཙམ་མེད་པར་འཚོ་གནས་བྱེད་མཁན་ཡང་ཡོད་ཅིང་། དེ་ནི་སོ་སོའི་ལས་དང་ནུས་པའི་དབང་གིས་ཡོང་གི་ཡོད། དེར་བརྟེན་ང་ཚོར་བྱུས་ཉེས་ཤིག་འཕྲད་པའི་སྐབས། འདས་པའི་དུས་སུ་ང་ཚོས་བྱ་བ་གང་ཞིག་བྱས་ནས་དེའི་མཐུ་ལས་འབྲས་བུ་འདི་བྱུང་ཚུལ་ཐད་བསམ་བློ་ཡག་པོ་གཏོང་དགོས། དེ་ལྟར་བསམ་བློ་བཏང་ན། སོ་སོའི་སེམས་ཁམས་ཅུང་བདེ་པོར་གནས་ཐུབ་པ་དང་། དཀའ་ངལ་སོགས་ཀྱིས་གནོད་སྐྱོན་ཆེན་པོ་མི་ཡོང།

ནང་སེམས་ཀྱི་སྒྲིག་ལམ་ཡར་རྒྱས་གཏོང་བ། 

དེ་ནས་ང་ཚོས། “ད་ལྟ་ནང་བཞིན་བདེ་བ་འདོད་ཅིང་སྡུག་བསྔལ་དང་དཀའ་ངལ་མི་འདོད་པ་མ་ཟད་ད་དུང་མ་འོངས་པར་ཡང་མུ་མཐུད་བདེ་བ་འབའ་ཞིག་འདོད་པ་ལས་སྡུག་བསྔལ་མི་འདོད། ངས་མ་འོངས་པར་བདེ་བ་འདོད་པ་བཞིན་དོན་གཉེར་ཚུལ་བཞིན་དུ་བྱེད། དེར་བརྟེན་ད་ལྟ་ནས་བདེ་བ་སྒྲུབ་བྱེད་ཀྱི་དགེ་བའི་ལས་སུ་འཇུག་དགོས།” ཞེས་དེ་ལྟར་བསམ་ཞིབ་བྱེད་ཐུབ། བསམ་བློ་དེ་ལྟར་བཏང་ན། ཁྲིམས་མེད་ལུགས་མེད་བྱེད་མཁན་རྣམས་བཀག་འགོག་ཆེད་ང་ཚོར་བཙོན་ཁང་དང་། དམངས་ཁྲིམས། ཉེན་རྟོག་པ་སོགས་དགོས་རྒྱུ་མེད། སོ་སོའི་ལས་ཀྱི་འབྲས་བུ་ངན་པ་རྣམས་སོ་སོས་མྱོང་དགོས་པ་ཤེས་ནས། ལས་འགན་གྱི་ཚོར་བ་ཞིག་རང་བཞིན་གྱིས་འོངས་ནས་འཕྲོག་བཅོམ་དང་། མགོ་སྐོར་གཏོང་བ། སྲོག་གཅོད་པ། དེ་བཞིན་ཕུགས་ལ་སོ་སོར་སྡུག་བསྔལ་འབའ་ཞིག་སྟེར་བའི་ལས་ཀྱི་རིགས་སོགས་ལས་ངན་ལ་འཇུག་པ་ལས་ཟློག་པར་བྱེད།

གལ་སྲིད་ང་ཚོར་ནང་སེམས་ཀྱི་སྒྲིག་ལམ་ཡག་པོ་ཡོད་ན། ཕྱིའི་བཀག་སྡོམ་དགོས་པ་མེད། རྒྱ་གར་ནང་ད་དུང་ཁང་པར་སྒོ་ལྕགས་མ་བརྒྱབ་པར་འཇོག་མཁན་མི་མང་པོ་ཡོད། གལ་སྲིད་རྐུ་མ་ཞིག་ཡོད་ན། དེ་ནི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་སྐྱོན་ཆའམ་རླུང་རྟ་མེད་པ་ཞིག་ཏུ་ཚོར་གྱི་ཡོད། གང་ཡིན་ཞེ་ན། དེ་ལྟའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ལས་སྡོམ་སེམས་ལག་བསྟར་བྱེད་རྒྱུ་ནི་ཁོང་ཚོའི་མིག་སྔར་ཧ་ཅང་དོ་གལ་ཆེན་པོ་ཞིག་ཏུ་སྣང་། གཞན་ལ་བརྟེན་མི་དགོས་པར་རང་སྒྲིག་རང་སྲུང་བྱེད་པའི་ལམ་ཡག་ཤོས་ནི་རང་གི་བྱ་སྤྱོད་ལ་སོ་སོས་བརྟག་དཔྱད་བྱ་རྒྱུ་དེ་ཡིན། གལ་ཏེ་ང་ཚོས་ཝཀྐི་ཊོཀྐི་ ༼བརྡ་ལན་ཕར་སྤྲོད་ཚུར་ལེན་བྱེད་ཐུབ་པའི་འཁྱེར་བདེའི་སརླུང་འཕྲིན་ཆུང་ངུ་༽ དང་གློག་ཆས་སྣ་ཚོགས་ལྡན་པའི་ཉེན་རྟོག་པའི་སྟོབས་ཤུགས་ཆེ་བའི་ནུབ་ཕྱོགས་ཀྱི་ལུང་པ་ཁག་ལ་བལྟས་ན། མ་གཞི་ས་ཁུལ་དེ་དག་ནང་ཉེན་རྟོག་སྐོར་སྲུང་བ་སོགས་ཀྱི་སྲུང་བྱ་སྟོབས་ཤུགས་ཆེ་བར་མཐོང་ནའང་། ཁྲིམས་འགལ་གྱི་ཉེས་ཚད་ཧ་ཅང་མཐོན་པོ་ཡོད། ནང་སེམས་ཀྱི་སྒྲིག་ལམ་ཀུན་སྤྱོད་མེད་པའི་མི་རྣམས་ཁྲིམས་འགལ་གྱི་བྱ་བ་ལས་འགོག་ཐབས་བྲལ། དེར་བརྟེན་ཕྱིའི་བཀག་སྡོམ་དང་དབང་ཤུགས་ཀྱིས་ནག་ཉེས་གསོག་པ་ལས་འགོག་མི་ཐུབ། འོན་ཏེ་སྤྱི་ཚོགས་དང་རྒྱབ་འགལ་གྱི་བྱ་སྤྱོད་རྣམས་ལས་ཟློག་པར་ནང་སེམས་ཀྱི་ནུས་ཤུགས་ཕན་ཐོགས་ཧ་ཅང་ཆེ།

རྒྱ་ནག་གཞུང་གིས་དོན་དངོས་སུ་ཁྲིམས་ལུགས་མཁྲེགས་སུ་གཏོང་དགོས་པ་དང་མིའི་བྱ་སྤྱོད་ལ་ཞིབ་དཔྱད་ནན་པོ་བྱེད་དགོས་ཀྱི་ཡོད། འོན་ཏེ་སྤྲོ་སེམས་དང་ནང་སེམས་ནས་མཉམ་རུབ་ཀྱི་ཆོད་སེམས་མེད་པར། ཁྲིམས་དང་བཀའ་རྩ་རྣམས་སྤྱི་ཚོགས་ནང་ཚགས་ཚུད་པོ་ཡོང་རྒྱུ་ཧ་ཅང་དཀའ། ཉེན་རྟོག་པའི་དབང་ཤུགས་ལ་སོགས་ལ་བརྟེན་ནས་སྟངས་འཛིན་བྱ་ཐབས་བྱེད་པས་ལམ་ལུགས་ཁྲོད་དཀའ་རྙོག་ཤུགས་ཆེ་རུ་འགྲོ་བའི་རྒྱུ་བྱེད། གང་ཡིན་ཟེར་ན། ཉེན་རྟོག་པ་དང་བཙོན་སྲུང་བ་རྣམས་ཀྱིས་ཁྲིམས་འགལ་མང་བ་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོའི་བྱ་སྤྱོད་དང་དེ་དག་གི་མཇུག་འབྲས་ཐད་སོ་སོ་རང་གི་ནང་སེམས་ཀྱི་འགན་འཁྲིའི་ཚོར་བ་ཞིག་གི་ཐོག་དོ་ནན་བྱེད་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཡིན།

ལས་ཀྱི་དབྱེ་བ། མི་དགེ་བ་བཅུ།

ཆོས་མངོན་པ་མཛོད་ཀྱི་ནང་ལས་ཀྱི་དབྱེ་བ་སྣ་ཚོགས་སྐོར་གསུང་ཡོད། ལུས་ངག་ཡིད་གསུམ་གྱིས་བསགས་པའི་ལས་དང་། ངེས་པའི་ལས། མ་ངེས་པའི་ལས། མཐོང་ཆོས་མྱོང་འགྱུར་གྱི་ལས། སྐྱེ་གནས་མྱོང་འགྱུར་གྱི་ལས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་སོགས་གསུངས་ཡོད། ལས་ཀྱི་རྣམ་གཞག་གསུང་པའི་སྐབས་དབྱེ་བ་ཧ་ཅང་མང་པོ་ཡོད།

ཚད་མེད་པའི་སེམས་ཅན་ལ་བལྟོས་ནས་ལས་ཀྱི་རིགས་ཧ་ཅང་མང་པོ་ཡོད་ནའང་། དེ་དག་བསྡུས་ན་བཅུའི་ནང་བསྡུ་ཐུབ་སྟེ། ལུས་ཀྱི་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་བཅས་ཡིན། བཅུ་པོ་དེ་དག་ལ་མི་དགེ་བའི་ཕྱོགས་ནས་བལྟས་ན་མི་དགེ་བ་བཅུ་ཡོད། དེ་དག་སྤངས་པའི་ལས་རྣམས་དགེ་བ་བཅུ་ཡིན། ལས་རྒྱུ་འབྲས་ཀྱི་རྣམ་གཞག་དང་། དགེ་བ་བཅུ་དང་མི་དགེ་བ་བཅུའི་ཐོག་ནས་ལས་འབྲས་ཀྱི་ཚུལ་ལ་ཡིད་ཆེས་བརྟན་པོ་དགོས་རྒྱུ་ཤིན་ཏུ་གལ་ཆེ། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ནང་གནད་དོན་ཆེ་བ་གཅིག་ཡིན།

ང་ཚོས་སྲོག་གཅོད་པ་ལྟ་བུའི་མི་དགེ་བའི་ལས་ལ་བསམས་ན།  དེ་ཡང་ཀུན་སློང་དང་། ཡུལ་ངོས་འཛིན་པ། འདོད་ཆགས་ཡང་ན་ཁོང་ཁྲོ་ལྟ་བུ་ཉོན་མོངས་གང་ཞིག་ཚུད་ཡོད་པ། དེ་ནས་བྱ་བའི་མཐར་ཐུག་བཅས་ནམ་རྒྱུན་གཞི་དང་། བསམ་པ། སྦྱོར་བ། མཐར་ཐུག་གི་ཐོག་བསམ་བློ་གཏོང་དགོས། གཞན་གྱི་སྲོག་གཅོད་པ་ནི་ང་ཚོའི་བྱ་སྤྱོད་ཀྱི་ནང་ནས་ཉེས་པ་ཆེ་ཤོས་ཤིག་ཡིན། ཐ་ན་འབུ་སྲིན་ཕྲ་མོ་ཞིག་གི་སྲོག་གཅོད་པའང་ཉེས་པ་ཧ་ཅང་ཆེ། བོད་མི་མང་ཆེ་བས་ཐ་ན་ཕྲུ་གུའི་སྐབས་ནས་བཟུང་འབུ་སྲིན་ཕྲ་མོ་ཡན་ཆད་གསོད་པ་ནི་སྡིག་པ་ཤིན་ཏུ་ཆེ་བར་བརྩི་གི་ཡོད། ཐ་ན་ཕྲུ་གུ་ཆུང་ཆུང་ཞིག་གིས་སྲོག་གཅོད་པ་ཟེར་བའི་ཚིག་གི་དོན་མི་ཤེས་ཀྱང་སྲོག་གཅོད་ཀྱི་ལས་དེ་ཧ་ཅང་སྡུག་ཅག་ཡིན་པ་ཤེས་ཀྱི་ཡོད། དེར་བརྟེན་ཕྲུ་གུ་ཞིག་གིས་ཀྱང་དེ་ལྟར་བརྗོད་ཤེས་པ་ནི་ཧ་ལས་པའི་ཡག་པོ་རེད།

ཤ་ལ་ཆགས་ནས་སེམས་ཅན་གྱི་སྲོག་གཅོད་པར་གཞིགས་ན། འདུ་ཤེས་གསུམ་གྱི་ཐོག་ནས་མ་གཏོགས་ཐབས་གཞན་ལ་བརྟེན་ནས་ཐོབ་པའི་སེམས་ཅན་གྱི་ཤ་བཟའ་བ་སྤོང་དགོས་ཀྱི་ཡོད། གདུལ་བའི་བསླབ་ཁྲིམས་ལ་ལྟར་བྱས་ན། ཇི་སྲིད་འདུ་ཤེས་གསུམ་ཉམས་སུ་ལེན་པ་དེ་སྲིད་དུ་དམིགས་བསལ་ནད་ཀྱིས་མནར་བའི་དགེ་འདུན་ཕོ་མོ་རྣམས་ལ་ཕུལ་ན་ཤ་བཟའ་ཆོག་གི་ཡོད། འདུ་ཤེས་གསུམ་ནི། དང་པོ། ཆེད་དུ་དམིགས་ནས་སོ་སོའི་ཆེད་དུ་བསད་པ་མི་མཐོང་བ། གཉིས་པ། ཆེད་དུ་དམིགས་ནས་སོ་སོའི་ཆེད་དུ་བསད་སྐོར་མི་ཐོས་པ། གསུམ་པ། གང་བཟའ་བྱའི་ཤ་དེ་སེམས་ཅན་རང་བཞིན་གྱིས་ཤི་བའམ་ཚུལ་བཞིན་དུ་ཁྲོམ་ནས་ཉོས་པར་ཐེ་ཚོམ་མེད་པ་བཅས་ཡིན། ང་ཚོས་ཆེད་མངགས་སོ་སོའི་དོན་དུ་སེམས་ཅན་གསོད་འཇུག་གི་མེད། ས་གནས་གང་ཞིག་ཏུ་ཤ་ཧ་ཅང་འབེལ་པོ་ཡོད་ན་གནས་ཚུལ་གཅིག་རེད། འོན་ཀྱང་ཤ་དཀོན་པོ་ཡོད་པའི་ས་ཆ་ཞིག་ལ་ཡོད་པའམ་ཡང་ན་སོ་སོའི་ཆེད་དུ་བསད་པ་མིན་ནམ་ཞེས་དོགས་པ་ཡོད་ན། ང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ཤ་བཟའ་རྒྱུ་ཉུང་དུ་གཏོང་དགོས། ངོས་རང་ལ་མཚོན་ན། ཕྱི་ལོ་ ༡༩༦༥ ནས་བཟུང་ལོ་ངོ་གཉིས་རིང་ཤ་སྤངས་པ་ཡིན། འོན་ཏེ་མཆིན་པའི་གཉན་ཚད་ཕོག་ནས་དཀའ་ངལ་བྱུང་སྟེ་ཤ་མི་བཟའ་ཀ་མེད་བྱུང་། གལ་ཏེ་སོ་སོའི་འཕྲོད་བསྟེན་ལ་སྐྱོན་མེད་ན། ཤ་སྤོང་བ་ནི་ཡག་ཤོས་ཡིན།


མ་བྱིན་པར་ལེན་པའང་མི་དགེ་བ་ཚབས་ཆེན་ཞིག་རེད། དེ་ག་ནང་བཞིན་ལོག་གཡེམ་ཏེ། གཞན་གྱི་བདག་ཏུ་བཟུང་བའི་ཆུང་མ་དང་ལྷན་དུ་འཁྲིག་སྤྱོད་བྱེད་པ་ལྟ་བུ་མི་དགེ་བ་ཡིན། དེ་ནི་ཧ་ཅང་གནོད་ཚབས་ཆེ་ཞིང་དམིགས་བསལ་ཕྲུ་གུ་བྱུང་ནས་དཀའ་རྙོག་ཆེན་པོ་ཡོང་གི་ཡོད། དེར་བརྟེན་སོ་སོའི་ཆུང་མ་མ་ཡིན་པའི་བུད་མེད་གཞན་དང་མཉམ་དུ་འབྲེལ་བ་དེ་རིགས་བྱེད་པ་རྩ་བ་ནས་སྤོང་དགོས།

དེ་ནས་ངག་གི་མི་དགེ་བའི་ལས་ཀྱང་ཡོད། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་བཅས་ཡིན། མཐའ་མ་ངག་འཁྱལ་ནི་ཧ་ཅང་སྡུག་ཅག་ཅིག་མིན་པ་ལྟར་སྣང་ནའང་། དེས་ང་ཚོའི་མཚན་སྙན་མེད་པ་བཟོ་བ་དང་དུས་ཚོད་འཕྲོ་བརླག་གཏོང་གི་ཡོད། དེ་ནས་ཡིད་ཀྱི་མི་དགེ་བ་ཡོང་གི་ཡོད། བརྣབ་སེམས། གནོད་སེམས། ལོག་ལྟ་བཅས་ཡིན།

བརྣབ་སེམས་ལ་མཚོན་ན། ཚོད་འཛིན་ཐུབ་རྒྱུ་ཧ་ཅང་དཀའ། མི་ཞིག་གི་ཁྱིམ་མཚེས་ཤིག་ལ་རླུང་འཕྲིན་དང་སྒྲ་འཇུག་འཁོར་ཐག་སྙིང་རྗེ་པོ་ཞིག་ཡོད་ན། ཁོ་པས་ང་ལ་འཁྱུག་ཙམ་བལྟ་འཇུག་རོགས་གནང་ཞེས་བཤད་ནས། དེ་མ་ཐག་དེ་རང་ལ་འཐོབ་འདོད་ཀྱིས་སེམས་ནང་བརྣབ་སེམས་ཤུགས་ཆེན་པོ་སྐྱེ་གི་ཡོད། གཞན་ལ་ངན་སེམས་བཅངས་པ་ནི་གནོད་སེམས་ཡིན། དཔེར་ན། ང་ཚོས་མི་ཞིག་ལ་མི་དགའ་ན། མི་དེ་གང་ཞིག་ཏུ་འགྲོ་བའི་སྐབས། བར་ཆད་འཕྲད་པ་ཤོག །ས་སྟེང་དུ་འགྱེལ་བ་ཤོག་ཅེས་པའི་བསམ་ངན་འཁོར་གྱི་ཡོད། ལོག་ལྟ་ནི་དངོས་ཡོད་གནས་ཚུལ་ལ་གང་ཡོད་པར་ཁས་ལེན་མ་བྱས་པར་དོན་དངོས་སུ་གཞི་མ་གྲུབ་པའི་ཆོས་ཡོད་པར་བལྟ་བ་ཡིན།

དཔེར་ན། རྒྱ་ནག་གིས་དོན་དངོས་ཀྱི་གནས་ཚུལ་མང་པོ་ཞིག་ཁས་ལེན་མ་བྱས་པར་མཐའ་གཅིག་ཏུ་དངོས་གཙོ་སྨྲ་བའི་ལྟ་ཚུལ་འཛིན་གྱི་ཡོད། མི་འགའ་ཞིག་གིས་རྣམ་ཤེས་ཁས་ལེན་གྱི་མེད་པ་དང་། གལ་ཏེ་ཁས་བླངས་ཀྱང་སྔ་མ་ནས་འདིར་འོངས་བ་དང་འདི་ནས་ཕྱི་མར་འགྲོ་བའི་རྣམ་ཤེས་ཀྱི་རྒྱུན་འདོད་ཀྱི་མེད། དེའི་ཐོག་གཞི་བཞག་སྟེ་ཁོང་ཚོས་དགེ་བའི་ལས་ཀྱི་རིན་ཐང་དང་ཐར་པ་གཞི་གྲུབ་པ་སོགས་ཁས་ལེན་བྱེད་ཀྱི་མེད།

དགེ་བའི་ལས་ལ་མཚོན་ན། སྲོག་གཅོད་པ་ལྟ་བུ་མི་དགེ་བའི་ལས་ལ་དངོས་སུ་ཞུགས་ཡོད་པའི་སྐབས་དེ་ག་རང་དུ་སྲོག་གཅོད་པའི་ཉེས་དམིགས་མཐོང་ནས་སྡོམ་སེམས་ཉམས་ལེན་བྱས་ན། དེ་ནི་དངོས་གནས་སྲོག་གཅོད་སྤངས་པའི་དགེ་བའི་བྱ་བ་རླབས་ཆེན་ཞིག་ཡིན། སྲོག་གཅོད་ཀྱི་ལས་སྤངས་པའི་དགེ་བའི་ལས་དེ་སྤྱིར་བཏང་སྲོག་གཅོད་ཉེན་མེད་པའི་གནས་སྐབས་སུ་ཡོང་གི་མེད། དེ་ནི་སྲོག་གཅོད་འདོད་ཀྱི་བསམ་པ་དང་དངོས་གཞི་ལས་སུ་ཞུགས་པའི་སྐབས་དེའི་ཉེས་དམིགས་མཐོང་ནས་སྡོམ་སེམས་ལག་བསྟར་བྱས་ཏེ་ཡོང་དགོས། དགེ་བའི་ལས་བཅུ་པོ་རྣམས་སྡོམ་སེམས་ཀྱི་ཐོག་ནས་སྤེལ་དགོས།

རྫུན་དང་ཕྲ་མ་ལ་མཚོན་ན། མི་ཁ་ཤས་རྟག་ཏུ་རྫུན་ཤོད་པའམ་སྒྲོ་འདོགས་རྒྱུར་ཧ་ཅང་དགའ་པོ་ཡོད། འོན་ཏེ་ང་ཚོས་ཆོས་ཉམས་ལེན་ལ་དོ་སྣང་མ་བྱས་ཀྱང་སོ་སོའི་མཚན་སྙན་ལ་བསམ་བློ་གཏོང་དགོས། དེར་མ་ཟད། གཞན་ལ་མགོ་སྐོར་མི་གཏོང་རྒྱུ་གལ་ཆེ། དེར་བརྟེན་རྫུན་སོགས་སོ་སོའི་གོམས་གཤིས་སུ་འཇགས་ན་སྡིག་པ་ཤིན་ཏུ་ཆེ། གནད་དོན་དེའི་ཐོག་ནས་ང་ཚོས་བྱ་བ་གང་བྱེད་ཀྱང་ཁྱད་པར་མེད། གལ་ཆེ་ཤོས་ནི་ང་ཚོའི་སྤྱོད་ཚུལ་ལ་དོ་སྣང་བྱས་ནས་ཞི་ཞིང་དུལ་བ། གཞན་ལ་སེམས་པ་བཟང་པོ་དང་ཕན་ཐོགས་ཐུབ་མཁན་ཞིག་བྱེད་དགོས། འབུ་གྲོག་མ་དང་སྦྲང་བུར་མཚོན་ན། དེ་དག་ནི་སྤྱི་ཚོགས་ཆེན་པོ་ཞིག་གི་ནང་འཚོ་གནས་བྱེད་སྟབས་དབྱིན་སྐད་ནང་ “སྤྱི་ཚོགས་ཀྱི་འབུ་སྲིན་” ཞིག་ཏུ་བརྩི་གི་ཡོད། ང་ཚོས་མི་རྣམས་ཀྱང་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་ཞེས་བརྗོད་དགོས། ང་ཚོ་སྤྱི་ཚོགས་ནང་འཚོ་གནས་བྱེད་ཀྱི་ཡོད་སྟབས་མི་གཞན་ལ་བསམ་བློ་གཏོང་རྒྱུ་ནི་ཧ་ཅང་དགོས་གལ་ཆེ།

སྤྱི་ཚོགས་ཀྱི་སེམས་ཅན་དང་འབུ་སྲིན་རྣམས་ལ་ཕྱི་རོལ་གྱི་དགྲ་བོ་ཞིག་ཐུག་སྐབས་རང་སྲུང་བྱེད་ཀྱི་ཡོད། ནང་ཁུལ་དུ་རྩོད་གླེང་ཕྲན་བུ་བྱུང་བའི་སྐབས་སྐད་ཆ་བཤད་རེས་བྱས་ཐག་གཅོད་ཡང་དག་པ་ཞིག་བྱེད་ཀྱི་ཡོད། ང་ཚོས་རང་གི་སྤྱི་ཚོགས་ནང་བཟོད་པ་ཉམས་ལེན་བྱས་ཏེ། རིམ་བཞིན་སྤྱི་ཚོགས་གཞན་ལ་རྒྱ་སྐྱེད་གཏོང་དགོས། ང་ཚོ་ཚང་མ་ལས་ཀ་མཉམ་དུ་བྱས་མཉམ་དུ་འཚོ་དགོས་སྟབས། གཅིག་གིས་གཅིག་ལ་མགོ་སྐོར་སླུ་བྲིད་བྱེད་པ་ནི་ཕན་ཐོགས་ཅི་ཡང་མེད། མ་རེད་དམ། ཅི་སྟེ་ང་ཚོ་བརྒྱ་ཆ་བརྒྱ་ཐམ་པ་གཞན་ལ་བརྟེན་མི་དགོས་པ་ཞིག་དང་། གལ་ཏེ་ང་ཚོ་ར་རྒོད་ལྟར་གཞན་ལ་བརྟེན་མི་དགོས་པར་ཁེར་རྐྱང་རི་མགོར་གནས་ཐུབ་ན། དེ་ལྟར་བྱེད་པར་སྐྱོན་དེ་ཙམ་མེད། འོན་ཀྱང་གཞན་གྱི་རོགས་རམ་དང་སེམས་བཟང་འཐོབ་སླད་ཇི་སྲིད་ང་ཚོས་གཞན་ལ་བརྟེན་པ་དེ་སྲིད་དུ་མཉམ་དུ་འཚོ་གནས་བྱེད་ཐབས་སྦྱོང་དགོས་པ་ཡིན། ང་ཚོས་ཞི་མཐུན་ངང་མཉམ་གནས་ཐུབ་ཐབས་བྱེད་དགོས།

ང་ཚོ་སྤྱི་ཚོགས་ནང་འཚོ་གནས་བྱེད་པ་དང་བདེ་བ་འདོད་ཀྱི་ཡོད་སྟབས། བདེ་བ་སྒྲུབ་ཐབས་ཀྱི་ལམ་གཅིག་པུ་དེ་ནི་གཞན་དང་མཉམ་ལས་བྱ་རྒྱུ་དེ་ཡིན། དེར་བརྟེན་གཞན་དང་མཉམ་དུ་བློ་ཉེ་དང་ཞི་མཐུན་གྱི་འབྲེལ་བ་སྐྲུན་ཐུབ། ཐ་ན་ཁྱིམ་ཚང་ཞིག་གི་ནང་དུའང་། གང་དུ་མཛའ་མཐུན་ངང་མཉམ་ལས་མེད་པར་དེར། ལས་དོན་ཚགས་ཚུད་པོ་ཡོང་མི་ཐུབ་པར་མི་བདེ་བ་དང་སྡུག་བསྔལ་མང་པོ་བཟོ་གི་ཡོད། གལ་སྲིད་མི་ཚང་མ་མཛའ་མཐུན་ཡག་པོ་ཡོད་ན། སྤྱི་ཚོགས་ཁྱོན་ཡོངས་ལ་བདེ་སྐྱིད་བསྐྲུན་ཐུབ་རྒྱུ་སྲིད་པ་ཞིག་ཡིན།

སྤུན་མཆེད་ནང་ཁུལ་དང་། ཕ་མ་དང་བུ་ཕྲུག་བར། མི་དང་མིའི་བར་དོགས་པ་རྣམ་རྟོག་རྒྱ་ཁྱབ་ཏུ་བཟོས་པ་དེ་ནི་རྒྱ་ནག་དམར་ཤོག་ཚོས་བྱས་པའི་ནོར་འཁྲུལ་སྡུག་ཤོས་ཤིག་ཡིན། དེར་བརྟེན་སྤྱི་ཚོགས་རིང་ལུགས་དང་དམར་པོའི་རིང་ལུགས་ཀྱི་དམིགས་ཡུལ་བཟང་པོ་ཞིག་སྒྲུབ་རྒྱུར་ལམ་ལྷོང་བྱུང་ཐུབ་མེད། རྒྱ་རིགས་རྣམས་དོན་དངོས་སུ་སྙིང་རྗེའི་ཡུལ་དུ་གནས་ཡོད། ཁོང་ཚོས་ཆོས་ཁས་ལེན་གྱི་མེད། མ་རིག་པའི་དབང་གིས་གཞན་མང་པོ་ཞིག་ཁས་ལེན་མ་བྱས་པར་ཐ་ན་སོ་སོས་གང་བྱེད་པའང་ཤེས་ཀྱི་མེད། རང་གིས་རང་ལ་ལྟ་རྟོག་དང་གཅེས་སྤྲས་མི་བྱེད་མཁན་འཛམ་གླིང་ནང་མི་སུ་གཅིག་ཀྱང་མེད། འོན་ཀྱང་རྒྱ་ནག་དམར་པོའི་གཞུང་གིས་ལག་ཏུ་མེ་མདའ་དང་དབྱུག་པ་བཟུང་ནས་སྤྱི་ཚོགས་རིང་ལུགས་ལག་བསྟར་བྱ་ཐབས་བྱེད་པ་དེས་ག་རེ་སྟོན་གྱི་ཡོད་ཟེར་ན། ཁོང་ཚོར་གང་ཟག་སྒེར་དང་གཞན་ལ་བཅོས་མིན་གྱི་སེམས་ཁུར་དང་ཤ་ཚ་མེད་པ་སྟོན་གྱི་ཡོད། དེར་བརྟེན་ཁོང་ཚོའི་དམིགས་ཡུལ་ཇི་ལྟར་སྒྲུབ་ཐུབ་བམ།

 དེར་བརྟེན་ལས་རྒྱུ་འབྲས་ལ་གཟབ་གཟབ་བྱས་སློབ་སྦྱོང་དང་ཉམས་ཞིབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། འདིར་དགེ་བཤེས་སོགས་ཤེས་ཡོན་ཟབ་མོ་ལྡན་པའི་མི་མང་པོ་ཡོད་པ་རྣམས་ཀྱིས་ཀྱང་བྱེད་དགོས། ཁོང་ཚོར་ཕྱིའི་འབྱུང་བ་དང་ནང་གི་འབྱུང་བ། ཕྱི་དང་ནང་གི་ལས་རྒྱུ་འབྲས་བཅས་ཀྱི་བར་འབྲེལ་བ་གང་ཞིག་ཡོད་མེད་ཐད་རྟོག་ཞིབ་བྱེད་རྒྱུའི་དོ་དབྱིངས་ཆེན་པོ་ཡོད་སྲིད། དེ་དག་ཚང་མར་བརྟག་དཔྱད་ནན་པོ་བྱེད་དགོས། ལས་རྒྱུ་འབྲས་ཀྱི་ཐོག་ད་ལན་གྱི་གོ་སྡུར་འདིར་མཇུག་བསྡུ་གི་ཡིན།

འཁོར་བའི་ཉེས་དམིགས།

སྔོན་འགྲོའི་ཆོས་བཞི་པ་དེ་ནི་འཁོར་བའི་སྡུག་བསྔལ་ལམ་དཀའ་ངལ་སྐོར་ཡིན། སྡུག་བསྔལ་གྱི་རིགས་གཉིས་ལས། འཁོར་བ་སྤྱིའི་སྡུག་བསྔལ་དང་བྱེ་བྲག་གི་སྡུག་བསྔལ་ཡིན། དེའང་འཁོར་བ་སྤྱིའི་སྡུག་བསྔལ་ནི་སྤྱིར་བཏང་སྡུག་བསྔལ་མྱོང་སྟངས་ལ་གོ་ཞིང་། སྡུག་བསྔལ་རིགས་དྲུག་ཏུ་ཕྱེས་ཡོད།

དང་པོ་ནི་འཁོར་བ་ལ་ངེས་པ་མེད་པ་དེ་ཡིན། ང་ཚོའི་གནས་སྟངས་ནི་དུས་རྟག་ཏུ་འགྱུར་བ་འགྲོ་གི་ཡོད། སྐྱེ་བ་ལ་ཐོག་མ་མེད་པ་དང་དེ་བཞིན་སྔོན་གྱི་གྲོགས་པོ་གྲོགས་མོ་རྣམས་ཚེ་འདིའི་ནང་དགྲ་རུ་འགྱུར་སྲིད་པ་དང་། སྔོན་གྱི་དགྲ་རྣམས་ད་ལྟའི་གཉེན་དུ་འགྱུར་བའང་ཡོད། དེ་ག་ནང་བཞིན་སྐྱེ་བ་གཅིག་གི་ནང་དུའང་གཅིག་མཚུངས་ཡོང་གི་ཡོད། དེར་བརྟེན་ང་ཚོར་ཡག་པོ་བྱེད་མཁན་དང་སྡུག་ཅག་བྱེད་མཁན་རྣམས་ལ་བསམ་བློ་གཏོང་དགོས་པ་དང་། གཞི་རྩ་དེའི་ཐོག་ནས་ཡག་པོ་བྱེད་མཁན་རྣམས་ལ་གྲོགས་པོ་དང་སྡུག་ཅག་བྱེད་མཁན་ལ་དགྲ་ཞེས་འདོགས་ཚུལ་ལ་བལྟ་དགོས། མི་ཆེ་གེ་མོ་ཞིག་གིས་ང་ཚོར་ཡག་སྡུག་བྱེད་པར་ངེས་བརྟན་ཁྱོན་ནས་མེད་པར་འགྱུར་བ་འགྲོ་སྲིད། དེ་ནི་དཔེར་ན། མི་ཞིག་གིས་རང་ཉིད་ལ་ངའི་བློས་ཐུབ་གྲོགས་པོ་ཞེས་བརྗོད་ན། གཞི་དེའི་ཐོག་ནས་མི་དེར་བཅངས་པའི་སོ་སོའི་ཚོར་བ་མྱུར་དུ་འགྱུར་བ་འགྲོ་གི་ཡོད་པ་ལས་ང་ཚོས་གསལ་པོ་ཤེས་ཐུབ། དང་པོ་ང་ཚོས་ཁོང་ཚོའི་ཚོར་སྣང་དངོས་གནས་དེ་གང་ཡིན་ནམ་ཞེས་དོགས་པ་བཟའ་བ་དང་། དེ་ནས་མི་དེར་ཕྱོགས་ཞེན་སོགས་སྣ་ཚོགས་བྱེད་ཀྱི་ཡོད། མི་རིང་བར་མི་དེ་ང་ཚོའི་མི་དགའ་སའི་དགྲར་འགྱུར་སྲིད། དེར་བརྟེན་ང་ཚོས་ཤེས་དགོས་པ་ཞིག་ལ་གྲོགས་པོ་དང་དགྲ་ཞེས་རྟག་པ་བརྟན་པ་ཞིག་རྩ་བ་ནས་མེད།

འཁོར་བའི་ནང་ཆོག་ཤེས་མེད་པའི་སྐོར། ང་ཚོས་དངོས་སྒྱུར་བྱེད་ཐུབ་པའི་ཡིད་དུ་འོང་བའི་འབྲས་བུ་གཅིག་ནི་ཆོག་ཤེས་ཡིན། འོན་ཏེ་དེ་ཧ་ཅང་ཁག་པོ་ཡོད། མི་འགའ་ཞིག་ལ་དངུལ་དང་དཔལ་འབྱོར་ཧ་ཅང་མང་པོ་ཡོད་ནའང་། ཁོང་ཚོའི་སེམས་ལ་འདོད་པ་ཁེངས་རྒྱུ་མེད་པར་ཆོག་ཤེས་སྟེན་མི་ཤེས་ན། དབུལ་པོ་ཡིན་པའི་སྐབས་ནང་བཞིན་སྡུག་བསྔལ་སྣ་ཚོགས་མྱོང་དགོས་ཀྱི་ཡོད། དངུལ་ག་ཚོད་ཡོད་ཀྱང་ཕན་མི་ཐོགས། ཁོང་ཚོའི་སེམས་ནང་ག་དུས་ཡིན་ཀྱང་དབུལ་པོ་དང་སྡུག་བསྔལ་མྱོང་གི་ཡོད།

གཞན་ཡང་ང་ཚོས་ད་བར་ཐོབ་ཟིན་པའི་ལུས་དང་བླངས་ཟིན་པའི་སྐྱེ་བ་དེ་དག་ལ་བསམ་བློ་གཏོང་དགོས། སངས་རྒྱས་བྱོན་པ་ནས་བཟུང་ད་ལྟ་བར་དུ་ང་ཚོར་མིའི་ལུས་རྟེན་ཤ་སྟག་ཐོབ་ཡོད་ན། ལན་གྲངས་ཇི་ཙམ་ཐོབ་ཡོད་དམ། ང་ཚོ་མ་ཡི་མངལ་ལས་སྐྱེས། གང་ཐུབ་ཅི་ཐུབ་ཀྱིས་རྒྱུ་ནོར་གསོག་འཇོག་བྱས། དེ་ནས་ཤི། ཡང་བསྐྱར་སྐྱེ་བ་བླངས་ནས་རྒྱུ་ནོར་གསོག་ཐབས་བྱས། ཡང་ཤི། སླར་ཡང་སྐྱེ་བ་བླངས་ནས་རྒྱུ་ནོར་གང་མང་གསོག་ཐབས་བྱས། མཐར་ཤི། འདི་ལྟར་འཁོར་བའི་སྐྱེ་བ་ཟམ་མ་ཆད་པར་ལེན་པའི་ཚུལ་བ་བསམ་བློ་གཏོང་དགོས། སྐྱེ་བ་དེ་དག་ང་ཚོས་བཏུང་པའི་འོ་མ་ལྟ་བུར་བསམས་ན། འོ་མ་དེ་དག་ཤོང་བར་རྒྱ་མཚོའང་ཆུང་དྲགས་རྒྱུ་རེད། གལ་སྲིད་རང་ཉིད་ད་ལྟ་ལོ་ན་ལྔ་བཅུ་ཡིན་ན། འདས་པའི་ལོ་དེ་དག་ནང་ཟས་པའི་ཁ་ལག་ལ་གཞིགས་ན་ལྷ་ཁང་འདིའང་ཁེངས་ངེས་ཡིན། དེ་དག་ཚང་མ་གཅིན་སྐྱག་ཆགས་ཡོད། སྐྱེ་བ་འདིའི་ནང་རང་གིས་སྐྱག་གཅིན་ཇི་ཙམ་བཏང་ཡོད་དམ།

གལ་ཏེ་ང་ཚོས་མི་ལུས་འདི་བླངས་པའི་སྐབས་ཁེ་ཕན་ལེན་མི་ཐུབ་ན། ང་ཚོའི་ནུས་ཤུགས་དང་སོ་རྣམས་ཆུད་ཟོས་རང་ཡིན། ཁ་ཟས་སོགས་བཟའ་བའི་སྐབས་ང་ཚོས་ལྡད་བརྒྱབ་ནས་འགྲམ་པར་དགོས་མེད་ཀྱི་ན་ཟུག་མང་པོ་ཞིག་བཟོས་ཡོད། དེར་བརྟེན་ང་ཚོ་གང་དུ་འདུག་སའི་ཁོར་ཡུག་ནང་གི་དངོས་ཡོད་གནས་སྟངས་ལ་ལྟ་རྒྱུ་ཤིན་ཏུ་གལ་ཆེ། གང་ཡིན་ཟེར་ན། ང་ཚོ་དངོས་ཡོད་གནས་སྟངས་དེ་མི་ཤེས་པར་དཀའ་ངལ་མང་པོ་ཞིག་བཟོ་གི་ཡོད། ཅི་སྟེ་ང་ཚོ་སྐྱེ་བ་འདིར་ཕག་པའི་ལུས་བླངས་ཡོད་ན། ཕག་པར་ཁྱད་ཆོས་ཡག་པོ་ག་རེ་ཡོད་དམ། མི་རྣམས་ཀྱིས་ཕག་པ་ནི་དང་པོ་ནས་མིའི་ལག་འོག་ཏུ་ཤི་རྒྱུར་སྐྱེ་བ་བླངས་ཡོད་ཅེས་ཟེར་གྱི་ཡོད། དེ་ཅུང་བདེན་པར་སྣང་། གལ་ཏེ་མ་བསད་ནའང་། དེ་ལས་གཞན་པའི་དགོས་དོན་ཞིག་ཡོད་དགོས་ངེས་ཡིན། འོན་ཏེ་ཕག་པའམ་ཕག་ཕྲུག་ཉར་ནས་ཕན་ཐོགས་ག་རེ་ཡོད་དམ། ཕག་པའི་བྱད་བཞིན་ལ་མཛེས་ཉམས་ཅི་ཡང་མེད་ཅིང་ཧ་ཅང་བཙོག་པ་ཡོད། སྙིང་རྗེའི་ཡུལ་ཙམ་ལས་མ་འདས། མི་རྣམས་ཀྱིས་ཁྱི་ཕྲུག་གམ་ཞིམ་ཕྲུག་ཆུང་ཆུང་མཐོང་སྐབས། ཁོང་ཚོས་ཁ་ནས། “ཨོའོ། དཔེ་སྙིང་རྗེ་པོ་འདུག །དེ་འདྲའི་སྙིང་རྗེ་བ་ལ་ཨང་།” ཞེས་བརྗོད་ཀྱི་ཡོད། འོན་ཀྱང་གད་སྙིགས་ཁྲོད་བཙོག་པ་བཟའ་ནས་བསྡད་པའི་ཕག་ཕྲུག་ཆུང་ཆུང་མཐོང་སྐབས། དེ་འདྲའི་སྙིང་རྗེ་བ་ལ་ཞེས་བརྗོད་ཀྱི་མེད། དེ་ལས་ལྡོག་སྟེ། སྣ་བུག་བཀག་ནས་སྡོད་ཀྱི་ཡོད། དེར་བརྟེན་གལ་སྲིད་ང་ཚོས་སོ་སོའི་མི་ཚེ་འདི་བེད་སྤྱོད་ཡག་པོ་མ་བཏང་ན། ཕག་པ་ནང་བཞིན་གད་སྙིགས་སམ་ཁ་ཟས་ཕོན་ཆེན་བཟས་ནས་མི་ཚེ་གཏོང་ཟད་དུ་སྐྱེལ་གྱི་ཡོད། དེས་ན་ང་ཚོས་བྱས་པའི་ལས་ལ་སྙིང་པོ་ཅི་ཡོད་དམ། སྐྱེ་བ་ལ་ཐོག་མ་མེད་པ་ནས་བཟུང་ང་ཚོས་དེ་ལྟར་བྱས་ཡོད།

བོད་རིགས་དང་རྒྱ་རིགས་དབར་དུས་རྟག་ཏུ་དམག་འཐབ་བྱས་པའི་འདས་དོན་ལ་གཟིགས་དང་། སྐབས་རེ་བོད་མིས་རྒྱ་རིགས་འཛིན་བཟུང་བྱས། ཐག་པས་བསྡམས་ནས་ཁོང་ཚོའི་སྟེང་དུ་བསྡད་པ་བྱུང་ཡོད། ད་དུང་ཁོང་ཚོས་དེ་ལས་རྩུབ་པའི་མནར་གཅོད་ཀྱི་རིགས་ཀྱང་བཏང་ཡོད། དེ་ནི་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད། གལ་སྲིད་ང་ཚོས་འདས་པའི་ལོ་རྒྱུས་ཀྱི་འགྲེལ་བཤད་ལ་བལྟས་ན། དགའ་བ་སྐྱེ་འོས་པ་དང་དངངས་སྐྲག་སྐྱེ་དགོས་པའི་བྱུང་བ་དེ་འདྲ་མཐོང་རྒྱུ་ཡོད།

༸གོང་ས་ལྔ་པ་ཆེན་པོའི་གསུང་འབུམ་ནང་། ༸གོང་ས་སྐུ་ཕྲེང་དང་པོའི་ཞབས་ཕྱི་ཞིག་སྐྱེ་བ་རྗེས་མར་བྱེའུ་ཞིག་གི་སྐྱེ་བ་བླངས་བ་དང་། གལ་སྲིད་ང་ཚོས་ལོ་རྒྱུས་དེའི་འགྲེལ་བར་ཡིད་ཆེས་ཡོད་ན། མི་དེ་ག་རང་སྐྱེ་བ་དེའི་མཇུག་ཏུའམ་ཕྱི་མ་དེར་བླ་མ་ཚད་ལྡན་ཞིག་གི་སྐྱེ་བ་བླངས་སྐོར་མཇལ་རྒྱུ་ཡོད། དེར་བརྟེན་ཕྲུ་གུའི་རྩེད་མོ་ལྟར་གྲུ་གཟིངས་ཤིག་གི་ནང་ངེས་མེད་དུ་རྩེད་མོ་རྩེ་བ་དང་། ཡང་ཤོ་རྩེ་བ་ལྟར། ཡང་བསྐྱར་ཡང་བསྐྱར་བབས་ནས་སྡོད་ཀྱི་ཡོད་པ་ལྟར། ང་ཚོས་རང་ཉིད་གནས་ངེས་མེད་དང་གནས་སྟངས་འདྲ་མིན་ནང་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་བླངས་ཟིན་པ་དཔེ་འདི་རིགས་ལས་མཐོང་ཐུབ།

གལ་སྲིད་གནས་སྟངས་ཚང་མ་ཤིང་སྡོང་ངམ་རྩི་ཤིང་ལྟ་བུ་ཡིན་ན། ང་ཚོས་ག་ཚོད་བཏུབ་ཀྱང་ཡང་བསྐྱར་སྐྱེས་ཡོང་གི་ཡོད། སྙིང་པོ་ཅི་ཡང་མེད། ཤིང་སྡོང་གི་ངོས་ནས་གང་ཡང་བྱེད་མི་ཐུབ་པར་སྐྱེ་བ་དང་གཅོད་པའི་བརྒྱུད་རིམ་ཁོ་ན་བརྒྱུད་དེ་འགྲོ་དགོས། འོན་ཀྱང་ང་ཚོའི་གནད་དོན་ཁྲོད་དེ་ལྟར་མིན་པར་རང་ངོས་ནས་བྱ་བ་ཞིག་བྱེད་ཐུབ་ཀྱི་ཡོད། གང་ཡིན་ཟེར་ན། ང་ཚོའི་ངེས་བརྟན་མེད་པའི་སྐྱེ་བའི་གནས་སྟངས་ནི་རྟག་ཏུ་སེམས་ཀྱི་གཞན་དབང་དུ་འགྱུར་བ་དང་། སེམས་དེ་རང་རྒྱུད་ཀྱི་ལས་དང་ཉོན་མོངས་པའི་དབང་དུ་འགྲོ་གི་ཡོད། བྱས་ཙང་། སྐྱེ་བའི་རྒྱུན་དེ་གཅོད་པར་ང་ཚོས་ལས་སམ་ནུས་པ་དེར་ཁ་ལོ་སྒྱུར་ཐབས་བྱེད་ཐུབ། ང་ཚོ་ཨ་ལད་པད་ཀོ་ནང་བཞིན་མ་ཡིན།

ང་ཚོས་སྐྱེ་བ་མི་འདྲ་བ་མང་པོ་ཞིག་བླངས་ཡོད། འོན་ཏེ་སྐྱེ་བ་དེ་དག་ལས་ག་ཚོད་ཙམ་ཞིག་ང་ཚོས་ཆུད་ཟོས་སུ་མ་བཏང་བར་སྙིང་པོ་ལེན་ཐུབ་པ་དང་དོན་ལྡན་ཞིག་སྐྱེལ་ཐུབ་པ་བྱུང་ཡོད་དམ། སྐྱེ་བ་ག་ཚོད་ཙམ་ཞིག་ཆུད་ཟོས་སུ་བཏང་ཡོད་དམ། སྐྱེ་བ་ས་ཡ་དང་ཐེར་འབུམ་མང་པོ་བླངས་པའི་སྐབས་ང་ཚོས་དེ་དག་ལས་སྙིང་པོ་ལེན་ཐུབ་པ་བྱུང་མེད། དེ་ནི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་ཡིན། ང་ཚོས་སྐྱེ་བ་དེ་དག་ཇི་ལྟར་བླངས་པའི་ཚུལ་བ་བསམ་བློ་གཏོང་དགོས། འོན་ཏེ་ད་ལྟ་བར་དུ་ང་ཚོས་དེ་དག་བེད་སྤྱོད་ཚུལ་བཞིན་དུ་བཏང་ཐུབ་མེད། དེར་བརྟེན་ང་ཚོས་སོ་སོའི་བྱེད་སྟངས་ལ་མི་དགའ་བའི་ཚོར་སྣང་ཞིག་སྐྱེད་ཐུབ་པ་བྱེད་དགོས།

རྒྱུན་ཆད་མེད་པར་སྐྱེ་བ་བཟང་ལོད་ལ་མ་ལྟོས་པར་བསྐྱར་ཟློས་ཡང་ཟློས་དུ་ང་ཚོ་ལུས་རྟེན་འདྲ་མིན་དུ་སྐྱེ་བ་བླངས་ནས། སྐྱེ་བའི་རྒྱུན་འཁོར་འདིའི་གཏིང་མཐའ་དཔོག་རྒྱུ་དང་བསམ་བློ་གཏོང་རྒྱུར་ཐབས་ཤེས་བྱས་ན། དེའི་ཐོག་ནས་འཁོར་བའི་སྐྱེ་རྒྱུན་ལས་ཐར་བར་བྱེད་པའི་ཆོད་སེམས་ཤིག་སྟེ། ངེས་འབྱུང་གི་བསམ་པ་སྐྱེ་ཐུབ།

བསམ་ཞིབ་དགོས་པའི་གནད་དོན་གཞན་ཞིག་ནི། མི་རྣམས་ཀྱི་གནས་སྟངས་ལ་བརྟན་ཆ་མེད་པར་མཐོ་བ་ནས་དམའ་བ་དང་དམའ་བ་ནས་མཐོ་བར་འགྲོ་བའི་ཚུལ་འདི་ཡིན། འགྲོ་བ་མི་ཞིག་ཏུ་སྐྱེ་བ་བླངས་པའི་ཆ་ནས་རྒྱལ་པོ་དང་གནད་ཡོད་མི་སྣ་སོགས་བྱེད་ཐུབ། དེ་ནས་གནས་སྟངས་ཀྱིས་རྐྱེན་པས་བྲན་གཡོག་ཅིག་ཀྱང་ཆགས་སྲིད། ཡང་ན་ལྷ་ཞིག་ཏུ་སྐྱེས་ཀྱང་དམྱལ་བར་ལྷུང་སྲིད། ང་ཚོས་སོ་སོའི་ཉེ་འཁོར་གྱི་ཁོར་ཡུག་ཁྲོད་མི་འགའ་ཞིག་མཐོ་བ་ནས་དམའ་བ་དང་དམའ་བ་ནས་མཐོ་བ་འགྲོ་བའི་དཔེ་མང་པོ་གསལ་པོར་མཐོང་རྒྱུ་ཡོད། དེར་བརྟེན་ང་ཚོས་སོ་སོ་རང་ཉིད་དང་སོ་སོའི་གནས་སྟངས་ལ་ལྟ་དགོས་ཀྱི་ཡོད། ང་ཚོ་ནི་མངོན་མཐོ་ལྷ་མིའི་གོ་འཕང་ཀྱི་ལུས་རྟེན་ལས་མིའི་སྐྱེ་བ་བླངས་ཡོད། མིའི་སྐྱེ་བ་ནི་ཕུལ་དུ་བྱུང་བ་ཞིག་ཡིན།།

Top