ཀུན་སློང་ཡང་བསྐྱར་ངེས་བརྟན་བཟོ་བ།
ཆོས་ཉན་པར་ང་ཚོར་ཀུན་སློང་ཡང་དག་པ་ཞིག་དགོས། དེ་མིན་དགེ་བའི་ནུས་པའམ་ཚོགས་རླབས་པོ་ཆེ་ཞིག་གསོག་པའི་གོ་སྐབས་ཤོར་བ་དང་ཆོས་དེ་སེམས་རྒྱུད་དུ་སྦྱོར་མི་ཐུབ། ཀུན་སློང་དེ་ཡང་ཚེ་འདི་པ་ཙམ་ཡར་རྒྱས་གཏོང་རྒྱུ་དང་། ཡང་ན་ཚེ་ཕྱི་མ་ཡག་པོ་ཡོང་བའམ། ཐ་ན་སོ་སོ་རང་ཉིད་ཀྱི་ཆེད་དུ་ཐར་པ་འཐོབ་ཕྱིར་ཀུན་སློང་འཁྱེར་རྒྱུ་མེད། དེ་ལས་ང་ཚོས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་བྱང་ཆུབ་སེམས་སྐྱེད་རྒྱུར་ཀུན་སློང་སྦྱོང་དགོས། དེ་ཡང་། “ངས་རང་ཉིད་གཅིག་པུའི་ཆེད་དུ་ཆོས་མི་ཉན་པའམ་སོ་སོའི་གཅིག་པུར་ཐར་པ་འཐོབ་ཕྱིར་མི་ཉན་པར། རང་གི་བློ་སྒོ་ཕྱེས་ཏེ་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སླད་རྫོགས་པའི་བྱང་ཆུབ་འཐོབ་པའི་ཆེད་ཉན་གྱི་ཡོད།” ཅེས་པ་དང་། “ཆོས་དེ་དག་རང་གི་སེམས་རྒྱུད་དང་མཉམ་སྡེབ་ཀྱིས་རང་རྒྱུད་ལ་ཡོད་པའི་སེམས་ཀྱི་གནས་བབས་མ་དུལ་བ་རྣམས་ངོ་ཤེས་པ་བྱེད་ཀྱི་ཡིན། རིམ་གྱིས་དེ་དག་གང་ཐུབ་ཅི་ཐུབ་ཀྱིས་ལེགས་བཅོས་བྱེད་ཀྱི་ཡིན་བསམ་པའི་ཀུན་སློང་བཅོས་དགོས།”
གལ་སྲིད་ང་ཚོས་ཆོས་དེ་དག་རྣམ་གཞག་ཙམ་དུ་འདུ་ཤེས་བཟུང་ན། ཕན་ཐོགས་ཞེ་དྲགས་ཡོང་མི་ཐུབ། དེའི་ཚབ་ཏུ་ང་ཚོས་སོ་སོའི་སེམས་ཀྱི་གནས་བབས་དང་བློའི་ཁྱེར་སོ་དང་བསྡུར་ནས། “རང་ཉིད་ཡར་རྒྱས་ངེས་པར་དུ་གཏོང་དགོས་པ་དང་། རང་རྒྱུད་ལ་ཆ་རྐྱེན་འདང་ངེས་གང་ཞིག་མེད་པ་དེ་དག་ངོས་འཛིན་བྱས་ཏེ་བཅོས་ཐབས་བྱེད་ཀྱི་ཡིན།” ཞེས་བསམ་དགོས། དེ་ལྟར་བྱས་ན་ཕན་ཐོགས་ཆེ་བ་དང་མྱོང་བ་གཏིང་ཟབ་པ་སྐྱེ་ཐུབ།
གཞུང་གི་རྩ་བའི་སྒྲོམ་གཞི།
ང་ཚོའི་བསམ་བློའི་ཁྱེར་སོའམ་བློ་སྦྱོང་བའི་དོན་བདུན་ཡོད་པ་ནི། དང་པོ་སྔོན་འགྲོའི་ཉམས་ལེན་གྱི་རིམ་པ་དང་འབྲེལ་བ་ཁག་རེད། དེ་ལ་བོད་སྐད་ནང་ “རྟེན་དང་བརྟེན་པ་” ཞེས་བྱ་བའི་ཐ་སྙད་ཅིག་ཡོད་པ་དང་། དེ་ནི་ཁང་པ་ཞིག་དང་། ནང་ཆས། དེའི་ནང་གི་མི་དང་འདྲ་བ་རེད། དེ་ག་ནང་བཞིན་དཀྱིལ་འཁོར་ནང་དཀྱིལ་འཁོར་གྱི་ཕོ་བྲང་ནི་རྟེན་ཡིན་ཅིང་། དེའི་ནང་གི་འདྲ་རིས་རྣམས་ལ་དེའི་བརྟེན་པ་ཡིན། འདིར་སྔོན་འགྲོའི་ཆོས་རྣམས་ནི་དཀྱིལ་འཁོར་གྱི་ཕོ་བྲང་ལྟ་བུ་དང་། ཆོས་གཙོ་བོ་ནི་བརྟེན་པ་ལྷ་སྲུང་གི་སྐུ་འདྲ་ལྟ་བུ་ཡིན། དེར་བརྟེན་སྔོན་འགྲོའི་ཆོས་རྣམས་ཐོག་མའི་དགོས་མཁོ་ཙམ་དང་ཕྱིས་སུ་མི་དགོས་པ་ཞིག་ཏུ་བསམ་རྒྱུ་མེད། དེ་དག་ནི་དངོས་གཞིའི་ཆོས་ཐམས་ཅད་ལ་རྟེན་བྱེད་པའི་གཞི་རྟེན་ཡིན་ཅིང་། རྟག་ཏུ་དེར་གནས་ཀྱི་ཡོད། འདིར་ཉམས་སུ་ལེན་བྱའི་ཆོས་གཙོ་བོ་ནི་བྱང་ཆུབ་སེམས་སྐྱེད་པར་བྱ་རྒྱུ་དེ་ཡིན། དེ་ནི་རྒྱུ་འབྲས་མན་ངག་བདུན་གྱི་གཉིས་པ་དེ་ཡིན།
དེ་ལ་ཀུན་རྫོབ་བྱང་ཆུབ་སེམས་དང་དོན་དམ་བྱང་ཆུབ་སེམས་གཉིས་ཡོད། ཀུན་རྫོབ་བྱང་ཆུབ་སེམས་ནི། སེམས་ཅན་ཐམས་ཅད་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཀུན་རྫོབ་ (ཀུན་རྫོབ་དང་། ཕྱི་ཚུལ། རགས་པ། སྣང་བ་) བདེན་པར་དམིགས་པའི་སེམས་དེ་ཡིན་པ་དང་། དོན་དམ་བྱང་ཆུབ་སེམས་ནི། སེམས་ཅན་དང་སངས་རྒྱས་ཀྱི་དོན་དམ་པའི་བདེན་པ་སྟེ། སྟོང་ཉིད་དམ་ཆོས་ཐམས་ཅད་ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པ་མེད་པར་དམིགས་པའི་སེམས་དེ་ཡིན། དེ་དག་ནི་ང་ཚོའི་མི་ཚེའི་ནང་ངེས་པར་དུ་རང་རྒྱུད་ལ་ཡར་རྒྱས་གཏོང་དགོས་པའི་སེམས་ཀྱི་གནས་བབས་སམ་བློའི་ཁྱེར་སོ་གཉིས་ཡིན།
ང་ཚོས་སོ་སོའི་མི་ཚེའི་ནང་བྱང་ཆུབ་ཀྱི་སེམས་དེ་གཉིས་རྒྱུད་ལ་སྦྱོང་བའི་ཉམས་ལེན་ནང་འཇུག་པའི་སྐབས་ང་ཚོར་གནས་སྟངས་སྣ་ཚོགས་ཤིག་འཕྲད་རྒྱུ་རེད། སྐབས་རེ་མཐུན་པ་དང་སྐབས་རེ་མི་མཐུན་པའི་རྐྱེན་དང་འཕྲད་ངེས་ཡིན། ཅི་སྟེ་ང་ཚོར་བློ་སྟོབས་མེད་ན། མི་མཐུན་པའི་རྐྱེན་དང་འཕྲད་པའི་སྐབས་བློ་སྟོབས་ཉམས་པ་དང་སེམས་ཤུགས་ཆག་ནས་བློས་གཏོང་བྱེད་པའི་བསམ་བློ་འཁོར་གྱི་ཡོད། སྐབས་དེར་བསམ་བློ་ཧ་ཅང་བརྟན་པོ་དང་འགྱུར་བ་མེད་པ་ཞིག་དགོས་རྒྱུ་ཤིན་ཏུ་གལ་ཆེ། དེ་ལྟར་བྱུང་ན་ང་ཚོས་གནས་སྟངས་ལ་གདོང་ལེན་བྱེད་ཐུབ། དེས་ན། “ང་ཚོས་མི་ཚེའི་ནང་གནས་སྟངས་དེ་འདྲ་འབྱུང་གི་རེད། འཁོར་བར་སྙིང་པོ་ཅི་ཡོད་དམ། འོན་ཀྱང་ངས་དེ་དག་ལ་གདོང་ལེན་བྱེད་ཐུབ། ཚབས་ཆེན་པོ་དེ་ཙམ་མ་རེད། ཉེན་ཁའང་དེ་ཙམ་མ་རེད།” ཅེས་བསམ་དགོས་ལ་ཚོར་དགོས། གལ་སྲིད་ང་ཚོའི་སེམས་དེ་ལྟར་བརྟན་པོ་ཉར་ཐུབ་ན། འཕྲད་སྲིད་པའི་དཀའ་ངལ་གྱི་རིགས་གང་ལའང་གདོང་ལེན་བྱེད་ཐུབ་ཅིང་། དཔའ་ནམ་ཡང་མི་ཞུམ་པ་ཡོང་གི་ཡོད། གལ་ཏེ་ང་ཚོས་མི་དགེ་བ་དང་མི་མཐུན་པའི་རྐྱེན་དེ་དག་ཚང་མ་ལམ་དུ་ཁྱེར་ཐུབ་ན། དེ་དག་ང་ཚོའི་སེམས་དོན་གྱི་ལམ་གྱི་ཆ་ཤས་སུ་སྒྲིལ་ཐུབ། དེ་རྗེས་ཉེན་ཁ་ཅི་ཡང་མེད་པར། དེ་དག་གིས་ང་ཚོར་གནོད་པ་སྐྱེལ་མི་ཐུབ་ལ་ཉམས་ལེན་ནང་བརྟན་པོར་འཇུག་ཐུབ། དེ་ནི་ཕན་ཡོན་ཆེ་བ་དང་རྒྱ་ཆེ་བའི་ལམ་ཞིག་ཡིན།
བློ་སྦྱོང་དོན་བདུན་གྱི་ནང་ནས་གཞན་ལྔ་ནི།
- རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ།
- ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ།
- བློ་འབྱོངས་པའི་ཚད།
- བློ་སྦྱོང་གི་དམ་ཚིག
- བློ་སྦྱོང་གི་བསླབ་བྱ་བཅས་སོ།།
དེ་དང་མཉམ་དུ་ང་ཚོ་བློ་སྦྱོང་དོན་བདུན་མའི་རྩ་བའི་གཞུང་ལ་སླེབས་པ་རེད། བློ་སྦྱོང་གི་ཆོས་དེ་དག་གི་རྩ་བའི་སྒྲོམ་གཞི་དང་སྔོན་འགྲོའི་ཉམས་ལེན་ཐད་ང་ཚོས་ཐོག་མར་དལ་འབྱོར་མི་ལུས་དང་། དེ་ནས་འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བཅས་ཀྱི་ཐོག་ནས་བཤད་ཀྱི་ཡིན། བློ་སྦྱོང་གི་རྟེན་གྱི་སྐབས་སྔོན་འགྲོའི་གནད་དོན་བཞི་ཡོད་ཅིང་། དེ་དག་ལ་རྒྱུན་དུ་བློ་ཆོས་ལ་སྐུལ་བའི་བསམ་པའམ་བློ་ལྡོག་རྣམ་བཞི་ཞེས་བརྗོད་ཀྱི་ཡོད།
པཎ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བློ་སྦྱོང་གི་གཞུང་གི་སྔོན་འགྲོའི་རིམ་པ་རྣམས་བཀའ་གདམས་ཀྱི་ལུགས་ལྟར། ངན་སོང་གི་སྐྱེ་གནས་ཀྱི་སྡུག་བསྔལ་དང་། དེ་ནས་དེ་དག་ལ་བསམ་དགོས་པ། མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་འཚོལ་བའམ་སྐྱབས་སུ་འགྲོ་དགོས་པའི་སྐོར་གསུང་གི་ཡོད། འདིར་སྐྱབས་འགྲོ་ནི་སྐྱེ་གནས་སྣ་ཚོགས་ཤིག་གོ་བསྡུར་བྱེད་པའི་ཆ་ཤས་སུ་གསུང་གི་ཡོད། འདི་ལྟ་བུའི་ལམ་སྣ་ཚོགས་ལ་བརྟེན་ནས་ང་ཚོས་ལམ་རིམ་གྱི་གནད་ཚང་མ་སྔོན་འགྲོའི་ཆོས་བཞི་པོའི་ནང་བསྡུ་ཐུབ།
ལམ་རིམ་གྱི་གནད་རྣམས་གུང་སྒྲིག་སྟངས་དང་འཆད་སྟངས་སྣ་ཚོགས་ཡོད། ངའི་བསམ་པར། དེ་ནི་རྗེས་འཇུག་འདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་ལ་བསྟུན་ནས་གསུང་གི་ཡོད། དཔེར་ན། ལམ་གཙོ་རྣམ་གསུམ་ནང་། རྗེ་ཙོང་ཁ་པ་ཆེན་པོས་ངེས་འབྱུང་གི་རིམ་པ་གཉིས་གསུངས་ཡོད། ཚེ་འདི་ལ་མགོ་འཁོར་ནས་སྡོད་པ་སྤོང་བ་དང་། ཚེ་ཕྱི་མར་མགོ་འཁོར་ནས་བརྩོན་པ་ཟློག་དགོས་པ་བཅས་གཉིས་གསུངས་ཡོད། འོན་ཀྱང་ལམ་རིམ་ཆེན་མོའི་ནང་རྗེ་ཙོང་ཁ་པ་ཆེན་པོས་ཀུན་སློང་རིམ་པ་གསུམ་གསུངས་ཡོད། དེ་དག་ལས་གཅིག་ནི་ངེས་འབྱུང་ཡིན་པ་ལས་ངེས་འབྱུང་ལ་རིམ་པ་གཉིས་གསུངས་མེད།
དེས་ན། མ་གཞི་ལམ་རིམ་ནང་གི་ངན་སོང་གི་སྡུག་བསྔལ་སྐོར་གསུང་སྟངས་ཀྱིས་ང་ཚོར་དེ་མ་ཐག་སྐྱབས་འགྲོ་སྐྱེ་འཇུག་གི་ཡོད་ཀྱང་། འདིར་གནད་དོན་འདྲ་མིན་ཐད་བསམ་བློ་གཏོང་བའི་སྐབས། ཐད་ཀར་བྱང་ཆུབ་སེམས་རིན་པོ་ཆེ་སྦྱོང་བར་སྐུལ་གྱི་ཡོད། དཔེར་ན། ང་ཚོས་དལ་འབྱོར་མི་ལུས་རིན་ཆེན་ཐད་བསམ་བློ་གཏོང་བའི་སྐབས་དེས་ཐད་ཀར་བྱང་ཆུབ་སེམས་སྦྱོང་བའི་ལམ་དུ་འཁྲིད་ཀྱི་ཡོད། དེ་ནས་འཆི་བ་དང་མི་རྟག་པར་བསམ་པ་དེས་ཀྱང་བྱང་ཆུབ་སེམས་སྦྱོང་བར་སྐུལ་མ་བྱེད་ཀྱི་ཡོད། སྤྱིར་སྡུག་བསྔལ་གྱི་རྣམ་གྲངས་སྣ་ཚོགས་བསྟན་པ་དང་བྱེ་བྲག་ཏུ་གནས་འདྲ་མིན་གྱི་སྡུག་བསྔལ་བསྟན་པ་དེས་ཀྱང་བྱང་ཆུབ་སེམས་སྐྱེད་པར་ཕན་གྱི་ཡོད། འདི་ནི་ལམ་རིམ་གྱི་གནད་མང་པོ་ཞིག་བློ་སྦྱོང་གི་ཐོག་ནས་འགྲེལ་བའི་ལམ་དམིགས་བསལ་ཞིག་ཆགས་ཡོད། ས་བཅད་དེ་དག་ནི་སྒོམ་རྒྱག་བཞིན་པའི་སྐབས་དང་སྒོམ་གྱི་ཐུན་མཚམས་སྐབས་གོ་དགོས། དེ་ཡང་ནང་ཆོས་ཉམས་ལེན་ཟེར་དུས་སྐྱིལ་ཀྲུང་བྱས་ཁ་ནས་སྨོན་ལམ་འདྲ་མིན་འདོན་པ་དང་དེ་མིན་དུས་ཚོད་ལྷག་མ་རྣམས་ཁ་གཡེང་མིག་གཡེང་བྱས་དུས་ཚོད་ཆུད་ཟོས་སུ་གཏོང་བའི་དོན་ལ་གོ་གི་མེད། ང་ཚོས་ལམ་ལུགས་ལྟར་སྐྱིལ་ཀྲུང་བྱས་བསྡད་ནའང་འདྲ་གང་ལྟར་དུས་རྟག་ཏུ་ཉམས་ལེན་དེ་དག་རྒྱུན་མཐུད་དགོས་ཀྱི་ཡོད།
དེ་ནི་གློག་རྫས་ཤིག་ལ་གློག་གསོག་པ་དང་འདྲ། དོན་དངོས་སུ་སྒོམ་རྒྱག་པའི་སྐབས་མར་སྐྱིལ་ཀྲུང་བྱས་སྡོད་པའི་སྐབས། ང་ཚོས་སོ་སོའི་སེམས་དང་བསམ་ཕྱོགས་ཇེ་གསལ་དང་ཤུགས་ཇེ་ཆེར་བཏང་ནས་ཕྱིས་སུ་དེ་དག་བེད་སྤྱོད་གཏོང་ཐུབ། དཔེར་ན། གློག་རྫས་ནང་གློག་བསགས་ན་ཕྱིས་སུ་བེད་སྤྱོད་ཡོད་པ་ལྟ་བུ་ཡིན། དེ་བཞིན་གློག་རྫས་ནང་གློག་ག་དུས་གསོག་དགོས་པ་དང་ཕྱིས་སུ་དུས་ཚོད་གང་ཞིག་ནང་གློག་ནུས་བེད་སྤྱོད་གཏོང་དགོས་མིན་དུས་ཚོད་ངེས་བརྟན་ཞིག་ཡོད་པ་ལྟར། ང་ཚོས་ནུས་པ་གོང་འཕེལ་གཏོང་བའི་ཆེད་དངོས་གཞིའི་སྒོམ་རྒྱག་པ་དང་ཕྱིས་སུ་ཉིན་རེའི་མི་ཚེའི་ནང་ག་དུས་བེད་སྤྱོད་གཏོང་དགོས་མིན་དུས་ཚོད་ཅིག་ཡོད། སྒོམ་རྒྱག་པའི་སྐབས་ང་ཚོ་ཆོས་པ་ཡིན་ཅིང་དེ་མིན་དུས་ཚོད་གཞན་གྱི་སྐབས་ཆོས་པ་མིན་ཟེར་ནས་ཆོས་མིན་མི་དགེ་བའི་ལས་བརྩམས་ན་འགྲིགས་ཀྱི་མེད། ང་ཚོས་རྒྱུན་མཐུད་དེ་སྔ་ཕྱི་འགལ་མེད་ཐོག་འགྲོ་དགོས། གནས་སྐབས་འདྲ་མིན་གང་དུའང་ང་ཚོས་སོ་སོའི་སེམས་དེ་ཆོས་དང་མཐུན་པའི་སྤྱོད་ཚུལ་སྐྱོང་ཐུབ་པ་བྱེད་དགོས།
མི་ཚང་མས་བདེ་བ་འདོད་ཅིང་བདེ་བ་དེ་འཚོལ་ཕྱིར་ཐབས་ལམ་སྣ་ཚོགས་ཤིག་གི་རྗེས་སུ་འཇུག་ཐབས་བྱེད་ཀྱི་ཡོད་པ་བརྗོད་མི་དགོས། ཨ་ཅང་ཅང་མི་ཚང་མར་མི་ཚེའི་ནང་དུ་དགོས་ངེས་ཀྱི་ཆ་རྐྱེན་མང་པོ་ཞིག་དགོས་ཀྱི་ཡོད། འོན་ཀྱང་ཁྲིམས་མེད་ལུང་མེད་དང་གཞན་ལ་གནོད་པའི་ཐབས་ལམ་བརྒྱུད་ང་ཚོས་བདེ་བ་དེ་སྒྲུབ་ཐབས་བྱེད་པའམ་གཞན་གྱི་དྲུང་ནས་ཁེ་སང་ལེན་ཐབས་བྱེད་པ་སོགས་ནི་ང་ཚོས་མཚམས་འཇོག་དགོས་པ་དང་མེད་པ་བཟོ་རྒྱུའི་གནད་དོན་ཁག་ཅིག་ཡིན། སོ་སོས་བྱེད་བཞིན་པའི་བྱ་བ་མང་པོ་ཞིག་ལ་ང་ཚོས་བསམ་བློ་གཏོང་དགོས། གལ་སྲིད་ང་ཚོས་ཁེངས་དྲེགས་ངང་གཞན་ལ་བཤུ་གཞོག་གཏོང་བ་དང་། སོ་སོར་ཁེ་ཕན་འཐོབ་ཆེད་གཞན་ལ་མགོ་སྐོར་གཏོང་ཐབས་བྱས་ན། “དེ་ལྟར་བྱས་པས་ཕུགས་སུ་སོ་སོར་ཁེ་ཕན་གང་ཡོང་ངམ། དེ་ལ་བརྟེན་ནས་རང་ཉིད་ལ་འདོད་པའི་བདེ་བ་འཐོབ་ཐུབ་བམ། ཅི་སྟེ་གཞན་ལ་མགོ་སྐོར་བསླུ་ཁྲིད་བཏང་ནས་སོ་སོར་ཁེ་ཕན་ཕྲན་བུ་ཐོབ་ཀྱང་། དེས་རང་ཉིད་ལ་ཕུགས་རྒྱང་རིང་པོའི་ཐོག་ནས་ཕན་ཐོགས་ཡོང་ཐུབ་བམ།” ཅེས་བསམ་བློ་གཏོང་དགོས། དེ་ལྟར་ཡིད་ཆེས་རྙེད་པ་ཞིག་དགོས་རྒྱུ་ནི། “གལ་ཏེ་སོ་སོས་དེ་ལྟ་བུའི་དྲང་བདེན་མིན་པའི་ཐབས་ལམ་ཞིག་བེད་སྤྱོད་བྱས་ན། དེས་རང་དང་འགལ་བའི་ལས་ཤིག་བྱེད་ངེས་ཡིན། གང་ཡིན་ཟེར་ན། མི་རྣམས་ཀྱིས་ང་རྒྱལ་ཁེངས་དྲེགས་དང་བཅས་ཏེ་གཞན་ནས་ཁེ་བཟང་ལེན་ཐབས་བྱས་ན། མི་ཚང་མས་མི་དེ་རང་གཤིས་ངན་པ་ཞིག་ཏུ་བལྟ་གི་ཡོད། མི་སུ་གཅིག་གིས་ཀྱང་སྤྱོད་ཚུལ་ངན་པ་བྱེད་མཁན་དེའི་ཕྱོགས་སུ་མི་ལང་བར་སྐྱོན་བརྗོད་བྱེད་ངེས་ཡིན།” དེ་ནི་གང་ལ་གང་འཚམས་ཀྱི་གསལ་པོ་མ་རེད་དམ། དེར་བརྟེན་གཞན་ལ་མགོ་སྐོར་བསླུ་ཁྲིད་བྱས་པའི་སྐྱོན་དང་ངན་འབྲས་ང་ཚོས་མཐོང་ཐུབ།
ང་ཚོས་སོ་སོའི་སྒོམ་ཐུན་གྲུབ་པའི་རྗེས་ཕྱི་རོལ་དུ་བསྐྱོད་དེ་མི་མང་པོ་ཐུག་འཕྲད་ཡོང་གི་ཡོད། སྐབས་དེར་གཡོ་སྒྱུ་དང་ཁེངས་དྲེགས་ཀྱི་སྒོ་ནས་བྱ་སྤྱོད་སྤེལ་བའི་སྐུལ་ཤུགས་ཤིག་ཡོད་སྲིད། དེ་ལྟར་བྱུང་ཚེ་ང་ཚོས་སོ་སོས་སྒོམ་གྱི་ཐུན་སྐབས་བསམ་བློ་ག་རེ་བཏང་བར་དྲན་ཤེས་སྟེན་དགོས་པ་དང་། “ཨོའོ། ངས་གཞན་ལ་གཡོ་སྒྱུའི་བསམ་པ་བཅངས་པ་དང་མགོ་སྐོར་གཏོང་ཐབས་བྱས་ཚེ། སྒོམ་གྱི་ནང་དེ་དག་བྱ་མི་རུང་བར་གསུངས་པས། མི་སུ་གཅིག་ལའང་ཕན་ཐོགས་ཅི་ཡང་མེད།” ཅེས་དེ་ལྟར་ཤེས་ནས་སྡོམ་སེམས་ལག་བསྟར་བྱེད་ངེས། སྐབས་དེར་ང་ཚོས་མི་དགེ་བའི་ལས་སམ་འཚེ་བའི་ལས་སུ་འཇུག་པ་ལས་སྡོམ་པར་བྱེད། དེ་ནི་སྒོམ་གྱི་ཐུན་མཚམས་སུ་དངོས་གཞིའི་ཉམས་ལེན་རྣལ་མ་དེ་ཡིན། དེ་ནི་ང་ཚོས་སྒོམ་རྒྱག་པའི་སྐབས་རང་རྒྱུད་དུ་སྤེལ་ཐབས་བྱེད་པའི་གོམས་གཤིས་བཟང་པོ་རྣམས་ཡིན། གལ་ཏེ་ང་ཚོས་གཟབ་ནན་ཐོག་སྒོམ་དང་སྒོམ་གྱི་ཐུན་མཚམས་སྐབས་ཀྱི་ཉམས་ལེན་གཉིས་ཕན་ཚུན་མཉམ་སྡེབ་ཡག་པོ་བྱས་ན། དེ་ལ་བརྟེན་ནས་སྒོམ་གྱི་ཐུན་མཚམས་སྐབས་སུ་སོ་སོའི་སྤྱོད་པ་ཡར་རྒྱས་འགྲོ་བར་ཕན་ཐོགས་ཡོད་པ་ཤེས་རྟོགས་ཐུབ་པ་དང་། སྒོམ་གྱི་ཐུན་མཚམས་སྐབས་སུ་བྱ་བ་གང་ཞིག་བྱས་ཀྱང་སྒོམ་དངོས་སུ་རྒྱག་པའི་སྐབས་ཕན་ཐོགས་ཡོང་ཐུབ། ཉིན་ནས་ཉིན་བརྒྱུད་ང་ཚོས་ཡར་རྒྱས་འགྲོ་བ་ཤེས་རྟོགས་ཡོང་གི་ཡོད།
ང་ཚོས་སོ་སོའི་སྤྱོད་ལམ་ལ་བརྟག་དཔྱད་བྱེད་དགོས། གལ་སྲིད་ང་ཚོས་ཆང་རག་འཐུང་བའམ་ཐ་མག་འཐེན་ན། རང་གིས་རང་ལ་གནོད་ཚབས་ཤིན་ཏུ་ཆེ་བའི་བྱ་ངན་དེ་རིགས་སྤངས་ནས་ཡར་རྒྱས་གཏོང་ཐབས་བྱེད་དགོས། ང་ཚོས་ག་དུས་ཐ་མག་མཐོང་ཀྱང་དེའི་ཉེས་དམིགས་ལ་བསམ་བློ་བཏང་ན། སྤོང་འདོད་ཡོང་ཐུབ། ཉིན་གཅིག་ལ་ཐ་མག་རྐང་གཅིག་གམ་གཉིས་བར་ཉུང་དུ་གཏོང་རྒྱུར་ཐག་བཅད་དེ་མཐར་ཉུང་དུ་ཉུང་དུ་བཏང་ནས་དྲི་མ་ཁ་བ་ཙམ་གྱིས་ཞེན་པ་ལོག་པའི་མཚམས་སུ་མ་སླེབས་བར་ཉུང་དུ་གཏོང་དགོས། གལ་སྲིད་ཐ་མག་འཐེན་ན་དུས་ཚོད་དང་དངུལ་ཆུད་ཟོས་ཡིན་པའི་གནས་ལུགས་ལ་བསམ་བློ་གཏོང་དགོས། ཐ་མག་ཆེད་བཏང་པའི་དངུལ་དང་དུས་ཚོད་ཡང་ན་ཐ་མག་འཐེན་མཁན་གཞན་མཉམ་དུ་ཅི་དགར་དོན་མེད་ཀྱི་གཏམ་གླེང་བྱེད་པའི་ཕན་མེད་ཀྱི་རང་བཞིན་ལ་བསམ་བློ་གཏོང་དགོས། གནས་སྟངས་གང་འདྲ་ཞིག་ནས་བསམས་ཀྱང་ཐ་མག་འཐེན་རྒྱུར་གོམས་པ་ནི་དོན་མེད་པ་དང་སྙིང་པོ་མེད་པ་རང་ཡིན། དེ་ག་ནང་བཞིན་ཆང་རག་འཐུང་བ་དང་། ང་རྒྱལ་དང་། གཡོ་སྒྱུ་ཅན། གཉའ་གནོན་བྱེད་པ་ལྟ་བུའི་རང་གཤིས་ངན་པའི་རིགས་ཀུན་ལའང་གཅིག་མཚུངས་ཡིན། དེས་ན་དེ་དག་གི་ཉེས་དམིགས་དང་གོམས་གཤིས་ངན་པ་ཡིན་པ་ཤེས་པར་བྱས་ནས་ཉུང་དུ་གཏོང་ཐབས་བྱས་ཏེ་མཐར་སྤོང་ཐབས་བྱེད་དགོས།
སྒོམ་གྱི་ཐུན་ཞིག་འགོ་མ་བཙུགས་གོང་གི་བརྒྱུད་རིམ།
དངོས་གཞིའི་སྒོམ་འགོ་མ་བཙུགས་པའི་སྐབས། སྒོམ་རྒྱག་དགོས་དོན་ཅི་ཡིན་ནམ་ཞེས་སོ་སོའི་ཀུན་སློང་ལ་བརྟག་དཔྱད་བྱ་རྒྱུ་ཤིན་ཏུ་གནད་འགག་ཆེ། སངས་རྒྱས་དང་། ཆོས། དགེ་འདུན་གཙོ་བོར་གྱུར་བའི་སྐྱབས་གནས་གང་ལ་སྐྱབས་སུ་འགྲོ་བ་ངེས་བརྟན་བཟོ་དགོས་པ་དང་། བྱང་ཆུབ་སེམས་ཀྱི་དམིགས་ཡུལ་གསལ་པོ་དགོས། དེ་ཡང་བླ་མ་གསེར་གླིང་པའི་བརྒྱུད་པ་གཞིར་བཟུང་སྐྱབས་སུ་འགྲོ་བའི་ཡུལ་དམིགས་རྣམ་དུ་བྱེད་དགོས། དེར་བརྟེན་ཐོག་མར་ང་ཚོས་སོ་སོའི་ཀུན་སློང་ལ་བརྟག་དཔྱད་བྱས་ཏེ་བརྟན་པོ་བཟོ་བ་དང་། དེ་རྗེས་སྒོམ་རྒྱག་སའི་གནས་ཡག་པོ་ཞིག་བཙལ་ནས་སྒོམ་གདན་གྲ་སྒྲིག་བྱེད་དགོས།
སྒོམ་གྱི་གནས་བྱི་དོར་བྱེད་པ།
དང་པོ་སྒོམ་གང་དུ་རྒྱག་སའི་གནས་ལ་བྱི་དོར་ལེགས་པར་བྱེད་དགོས། དེས་ང་ཚོའི་སེམས་ཀྱི་གསལ་ཆ་དང་། སྒོམ་གྱི་ཡུལ་ལ་ང་ཚོས་གུས་བརྩི་བྱེད་པའི་རིམ་པ་སྟོན་པ། སོ་སོའི་འཕྲོད་བསྟེན་ལ་ཤུགས་རྐྱེན་སྦྱིན་པ་བཅས་ལ་ཁྱད་པར་ཆེན་པོ་བཟོ་གི་ཡོད། དེས་ན་སོ་སོའི་ཁྱིམ་དང་འདུག་གནས་རྣམས་གཙང་མ་ཉར་རྒྱུ་དང་མཆོད་རྫས་ཤོམ་རྒྱུ་གལ་ཆེ། ང་ཚོས་གད་ཕྱིས་བྱེད་པ་དང་བྱི་དོར་བྱེད་སྐབས། “ངས་གནས་འདི་གཙང་མ་བཟོ་བས་རང་གི་སེམས་གཙང་བ་བཟོ་གི་ཡོད།” ཅེས་འདུ་ཤེས་པ་ལྟ་བུའི་ཀུན་སློང་བཅོས་ན་ཕན་རླབས་ཤིན་ཏུ་ཆེ། བྱི་དོར་བྱེད་སྐབས་སོ་སོའི་ཆེད་དུ་འདུག་གནས་གཙང་མ་བཟོ་རྒྱུའི་བསམ་བློ་མི་བཏང་བར། སྐྱབས་སུ་འགྲོ་ཡུལ་དང་དམིགས་པར་གུས་བརྩི་མཚོན་ཕྱིར་གད་ཕྱིས་བྱེད་ཀྱི་ཡོད་བསམ་པའི་ཀུན་སློང་བཅོས་དགོས།
མཆོད་ཤོམ་སྒྲིག་པ་དང་མཆོད་རྫས་འབུལ་བ།
ང་ཚོས་མཆོད་ཤོམ་དང་མཆོད་རྫས་འབུལ་བའི་སྐབས། གཞན་གྱི་ཡིད་འཕྲོག་པའི་ཆེད་དུ་མི་འབུལ་བར་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཆེད་རང་རྒྱུད་ཡར་རྒྱས་འགྲོ་བའི་ཆེད་དུ་དམིགས་དགོས། དེའི་ཕྱིར་གུས་ཞབས་ལྡན་པའི་སྒོ་ནས་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་མཚོན་བྱེད་ཀྱི་སྐུ་འདྲ་སྒྲིག་གཤོམ་བྱེད་དགོས། དེ་ཡང་ཧ་ཅང་རྒྱས་སྤྲོས་དང་རྫིག་པོ་དེ་འདྲ་སྒྲིག་མི་དགོས། གལ་སྲིད་མཆོད་ཤོམ་སྟེང་གསེར་དང་དངུལ་ལས་གྲུབ་པའི་གཏིང་བསྒྲིགས་ན། ང་ཚོའི་སེམས་ཕྱེད་ཀ་རྩ་ཆེའི་དངོས་པོ་དེ་དག་ཐོག་ཤོར་ནས་ཉམས་ལེན་ལ་སེམས་ཕྱེད་ཀ་ཙམ་ལས་གཏོང་མི་ཐུབ།
དགེ་བཤེས་འབན་གུང་རྒྱལ་གྱི་སྒྲུང་སྙན་གྲགས་ཅན་ཞིག་ཡོད། ཁོང་གིས་བྲག་ཕུག་ནང་སྒོམ་བརྒྱབ་སྟེ་བཞུགས་ཀྱི་ཡོད། ཐེངས་ཤིག་ཁོང་གི་རྒན་ལགས་བྲག་ཕུག་ནང་ཕེབས་པའི་སྐབས། ཁོང་གིས་མཆོད་པ་ཧ་ཅང་གྲ་རྒྱས་པོ་བཤམས། དེ་ནས་སོ་སོའི་ཀུན་སློང་ལ་བརྟག་དཔྱད་བྱས་པས་མི་གཞན་གྱིས་ཁོང་ལ་ཆོས་པ་རྣམ་དག་ཅིག་རེད་འདུག་ཅེས་བསྔགས་པ་བརྗོད་ཕྱིར་ཡིན་པ་ཤེས། དེ་ཤེས་འཕྲལ་ཁོང་གིས་མཆོད་རྫས་སྟེང་ཐལ་བ་གཤོས། ཁོང་གི་རྒན་ལགས་ཕེབས་པ་དང་། རྒན་ལགས་ཀྱིས་དགེ་བཤེས་འབན་གུང་རྒྱལ་གྱིས་འཇིག་རྟེན་ཆོས་བརྒྱད་སྟེང་ཐལ་བ་གཤོས་འདུག་ཅེས་གསུངས་པ་དང་མཆོད་པ་རྣམ་དག་ཅིག་ཕུལ་བ་རེད།
ནང་ཆོས་ཉམས་ལེན་པ་གཤའ་མ་ཞིག་མ་ཆགས་སྔོན། དགེ་བཤེས་འབན་གུང་རྒྱལ་ནི་སྐད་གྲགས་ཆེ་བའི་ཆོམ་རྐུན་ཞིག་ཡིན། ཉམས་ལེན་པ་ཞིག་ཆགས་པའི་རྗེས་ཉིན་གཅིག་ཁོང་སྦྱིན་བདག་ཅིག་གི་ཁྱིམ་དུ་ཕེབས། སྦྱིན་བདག་གིས་ཁྱིམ་དུ་མཆོད་པ་ཧ་ཅང་རྒྱས་པོ་བཤམས་ཏེ་ཕྱིར་བསྐྱོད། འབན་གུང་རྒྱལ་རྐུ་འཁྱེར་ལ་རྦད་དེ་གོམས་སྟབས་རང་འགུལ་གྱིས་ལག་པ་ཅ་ལག་ཅིག་བསྙབས་ཏེ་རྐུ་གྲབས་བྱེད་པའི་ཚེ། ལམ་སེང་སོ་སོའི་ལག་པ་གཅིག་གིས་གཞན་དེ་འཇུས་ནས་འདིར་རྐུ་མ་འདུག །མགྱོགས་པོ་མི་ཤོག་ཅེས་སྐད་བརྒྱབ་སྟེ་རང་གིས་རང་འཛིན་བཟུང་བྱས་པ་ལྟ་བུ་རེད།
འདི་ནི་ང་ཚོས་ཆོས་ཉམས་ལེན་ཇི་ལྟར་བྱེད་དགོས་པ་དེ་རེད། ང་ཚོས་རང་རྒྱུད་དུ་མི་དགེ་བའི་བསམ་བློ་ཞིག་མངོན་དུ་འགྱུར་སྐབས་རང་གིས་རང་འཛིན་བཟུང་བྱེད་སྐབས། འཛིན་བཟུང་བྱས་ཏེ་བསམ་བློ་དེའི་དབང་དུ་མི་འགྲོ་བ་བྱེད་དགོས། ཆོས་ཀྱི་གནད་འགག་གཙོ་བོ་ནི་ང་ཚོས་བྱ་མི་རུང་བའི་ལས་ཤིག་བྱེད་ལ་ཉེ་བའི་སྐབས་འཕྲལ་དུ་དེ་ལ་སྔོན་འགོག་གི་ཐབས་ལམ་བསྟེན་ནས་དེ་ལས་ལྡོག་རྒྱུ་དེ་ཡིན། དེར་བརྟེན་ཁྱེད་རང་ཚོས་༸གོང་ས་མཆོག་གིས་གསུང་ཆོས་འདིའི་སྐབས་དེ་ལྟ་བུ་ཞིག་བྱ་རྒྱུ་མེད་ཅེས་གསུངས་པ་དེ་དྲན་ཐུབ་ན། དེ་ནས་རང་གིས་རང་འཛིན་བཟུང་བྱེད་པའི་སྐབས་རང་གིས་རང་བཀག་སྡོམ་བྱེད་ཐུབ།
དེ་ནི་ཆང་འཐུང་བའི་དཔེ་དང་འདྲ་པོ་ཡོད། ཆང་འཐུང་བའི་སྐབས་བྲོ་བ་ཆེན་པོ་ཡོད་ཀྱང་དེ་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན། གལ་སྲིད་ང་ཚོས་དོ་སྣང་ཞེ་དྲགས་བྱེད་ཐུབ་ཀྱི་མི་འདུག་བསམས་ན། ང་ཚོ་མི་དགེ་བའི་ལས་སུ་ངན་ལངས་ཤོར་ནས་གོམས་གཤིས་སུ་གྱུར་ཏེ་ཚོར་བ་མེད་པ་ལྟ་བུ་འགྱུར་ཉེན་ཆེ། དཔེར་ན། ར་བཟི་བའི་སྐབས་སོ་སོས་ག་རེ་བྱས་པ་དང་བྱེད་བཞིན་པ་ཚོར་གྱི་མེད། ཕྱིས་སུ་གཞན་གྱིས་མི་དེ་ར་བཟི་བའི་སྐབས་རྫུན་ཤོད་པ་དང་སྤྱོད་པ་སྡུག་ཅག་དེ་འདྲ་བྱེད་ཀྱི་འདུག་ཅེས་མི་སྙན་པའི་གཏམ་སྨྲ་གི་ཡོད། འོན་ཀྱང་ར་དངས་པའི་རྗེས་སོ་སོས་ཅི་ཡང་དྲན་གྱི་མེད། དེ་ནི་ངོ་ཚ་པོ་ཞེ་དྲགས་ཡོད་རེད། ཆང་འཐུང་ན་ང་ཚོས་རང་ཉིད་ལྐུགས་པ་བཟོ་བ་དང་ཕུང་ལ་སྦྱོར་གྱི་ཡོད།
ནང་ཆོས་ཀྱི་སྙིང་པོ་ནི་རང་ཉིད་མི་དགེ་བའི་ལས་ཤིག་ལ་འཇུག་ཉེན་འདུག་ན་འཕྲལ་དུ་གཉེན་པོ་བསྟེན་པའམ་སྔོན་འགོག་གི་ཐབས་ལམ་བསྟེན་ནས་ལས་དེ་མཚམས་འཇོག་བྱས་ཏེ་ནམ་ཡང་བསྐྱར་ཟློས་མི་བྱེད་པ་དེ་ཡིན། ང་ཚོས་རང་གི་གང་ཤེས་ཚང་མ་ལག་བསྟར་བྱེད་དགོས། དཔེར་ན། འབྲེལ་ཡོད་དགེ་བཤེས་འབན་གུང་རྒྱལ་གྱི་སྒྲུང་ལྟ་བུ། ཁོང་གི་ནང་ཆོས་ཉམས་ལེན་ནི་ཧ་ཅང་གསལ་པོ་དང་གནད་ལ་ཁེལ་པོ་ཡོད། ཁོང་གིས་རང་ཉིད་མི་དགེ་བའི་ལས་སུ་འཇུག་གྲབས་འདུག་ན་ལམ་སེང་གཉེན་པོ་བསྟེན་ནས་ཟློག་ཐབས་བྱེད་ཀྱི་ཡོད།
ང་ཚོས་སོ་སོའི་མཆོད་ཤོམ་ངོམ་སོ་ཚ་པོ་བཟོ་ཕྱིར་ཅ་ལག་རིན་གོང་ཆེན་པོ་དེ་འདྲ་ཉོས་ཏེ་མཆོད་པའི་རྫས་སུ་འབུལ་མི་དགོས། དེ་ལྟར་བྱས་ཚེ་དོན་ངོ་མ་བརླག་ཉེན་ཆེ། ནང་ཆོས་ནི་སེམས་རྒྱུད་ཡར་རྒྱས་གཏོང་ཆེད་ཡིན་པ་ལས་ཕྱི་ལོགས་ནས་རྒྱུ་ངོམ་བྱ་རྒྱུ་མ་ཡིན། གལ་ཏེ་ང་ཚོར་གཞན་གྱིས་རྔན་པ་སྟེར་བ་སོགས་བརྒྱུད་སྐུ་བརྙན་དེ་འདྲ་བྱུང་ཚེ་དེ་དག་མཆོད་ཤོམ་ནང་སྒྲིག་ན་ཆོག །མཆོད་རྫས་ཇི་ཙམ་ལེགས་པ་དེའི་ཚོད་ཀྱིས་ཁེ་ཕན་ཆེ་བ་ཡོད། འོན་ཀྱང་རྒྱུ་ངོམ་ཆེད་མཆོད་རྫས་རྩ་ཆེན་དེ་འདྲ་ཕུལ་ནའང་ཕན་ཡོན་དེ་ཙམ་མི་ཡོང་། ལྷག་པར་དུ་བོད་པའི་སྐུ་ཐང་འདྲ་པོ་རིན་གོང་ཆེན་པོ་དེ་འདྲ་གཞན་གྱི་ཡིད་འཕྲོག་ཆེད་བླུ་ཡོན་ཞུ་རྒྱུ་མེད། གལ་སྲིད་བླུ་ཡོན་ཞུས་པ་ཡིན་ནའང་སྐུ་ཐང་ཚད་ལྡན་དེ་འདྲ་ཞུ་དགོས། ཅི་སྟེ་སྲོལ་རྒྱུན་དང་མི་མཐུན་པའི་རིགས་དེ་འདྲ་ཉོས་ན། གཞན་གྱིས་ལྟ་དུས་སྐུ་ཐང་འདི་ཧ་ཅང་མདོག་ཉེས་པོ་འདུག །ཏག་ཏག་མི་འདུག་ཅེས་བརྗོད་སྲིད། དེས་ན་ང་ཚོས་མི་དགེ་བའི་ལས་གསོག་གི་ཡོད། དེར་བརྟེན་གཞན་གྱི་ཡིད་འཕྲོག་ཆེད་རྩ་བ་བྱེད་རྒྱུ་མེད། གལ་སྲིད་ང་ཚོའི་མཆོད་པ་འབུལ་སྟངས་དང་སྒྲིག་སྟངས་རྣམས་རྒྱས་སྤྲོས་མ་བྱས་ན། སོ་སོའི་དགེ་རྒན་གྱི་སྐུ་པར་ཡང་སྒྲིག་ཆོག །དེ་ལ་བརྟེན་ནས་སོ་སོའི་སེམས་ནང་སྐྱིད་པོ་ཡོང་བ་དང་གུས་བརྩི་ཡོང་གི་ཡོད།
ལུས་ཀྱི་འདུག་སྟངས་ཚུལ་བཞིན་དུ་སྡོད་པ།
དེ་ནས་ང་ཚོས་འདུག་སྟངས་མ་ནོར་བ་ཞིག་སྡོད་དགོས། ཅི་སྟེ་ང་ཚོས་རྡོ་རྗེ་སྐྱིལ་ཀྲུང་ཡང་ན་པདྨའི་སྐྱིལ་ཀྲུང་བྱས་བསྡད་ཐུབ་ན། འདུག་སྟངས་དེ་ཡག་ཤོས་ཡིན། གལ་སྲིད་འདུག་སྟངས་དེ་བདེ་པོ་མི་འདུག་ན། རྒྱུན་གཏན་ལྟར་རྐང་པ་གཅིག་གི་སྟེང་གཅིག་བཞག་སྟེ་བསྡད་ན་ཆོག །དེའང་བདེ་པོ་མེད་ན། རྐུབ་སྟེགས་སྟེང་བསྡད་ནའང་འགྲིགས། གཙོ་བོ་ནི་སེམས་རྒྱུད་འདུལ་རྒྱུ་དེ་ཡིན། ལུས་ཀྱི་འདུག་སྟངས་ལ་གནད་འགག་དེ་ཙམ་མེད། ཅི་སྟེ་སྐྱིལ་ཀྲུང་བྱས་བསྡད་ན། གནད་ལ་སྨིན་པ་ཡོད།
རྒྱབ་དང་མདུན་ནམ་ཡང་ན་གཡས་གཡོན་གང་རུང་ལ་མ་བསྙེས་པར་ལུས་པོ་སྲོང་པོར་འདུག་དགོས། གལ་སྲིད་ལུས་ཁམས་བདེ་པོ་མེད་ན། ཨ་ཅང་ཅང་དམིགས་བསལ་ཡོད། འོན་ཀྱང་རྩ་བའི་ཆ་ནས་ལུས་དྲང་པོར་གཡས་གཡོན་ལ་མ་བསྙེས་པར་འདུག་དགོས། ལྷག་པར་དུ་ང་ཚོས་སྒོམ་སྒྲུབ་ཉམས་ལེན་བྱེད་པའི་སྐབས། གཡོ་འགུལ་མེད་པར་ལུས་དྲང་པོར་འདུག་དགོས། གལ་སྲིད་གཡོ་འགུལ་བྱེད་པ་དང་། རྒྱབ་མདུན་དང་གཡས་གཡོན་ལ་འགུལ་ན་སེམས་རྩེ་གཅིག་ཏུ་གཏོད་མི་ཐུབ། ལུས་གཡོ་འགུལ་བྱེད་པས་སེམས་ལ་གཡོ་འགུལ་ཐེབས་ཏེ། རྣམ་གཡེང་ཤུགས་ཆེ་བ་ཡོང་གི་ཡོད། རྒྱུན་དུ་ང་ཚོས་ཞལ་འདོན་སྐྱོར་བའི་སྐབས་ལུས་ཙོག་པུར་མ་བསྡད་པར་འགུལ་སྐྱོད་བྱེད་ཀྱི་ཡོད། དེ་ཡང་མང་ཆེ་བ་བོད་པ་ཚོས་བྱེད་ཀྱི་ཡོད་ཀྱང་དེ་ང་ཚོ་གཅིག་པུ་མ་རེད། ཁ་ཆེ་ཚོས་ཀྱང་ཀོ་རན་ (Koran) ཞལ་འདོན་བྱེད་སྐབས་གཅིག་མཚུངས་བྱེད་ཀྱི་འདུག །ཕྱི་རྒྱལ་བ་ཚོས་འདིར་ཡོང་ནས་བོད་མིས་ཞལ་འདོན་སྐྱོར་བའི་སྐབས་གཡོ་འགུལ་བྱེད་པ་མཐོང་དུས་ཁྱད་མཚར་མཐོང་གི་ཡོད། གང་ཡིན་ཟེར་ན། ཁ་ཤས་མདུན་དང་རྒྱབ་ལ་འགུལ་བ་དང་ཁ་ཤས་གཡས་གཡོན་ལ་གཡོ་འགུལ་བྱེད་ཀྱི་ཡོད།
ལོ་ངོ་བཅོ་ལྔའི་སྔོན། བོད་ནང་དགེ་བཤེས་ཤིག་ཡོད་ཅིང་། ཁོང་ནི་རྣལ་འབྱོར་བ་ཚད་ལྡན་ཞིག་ཡིན་པ་དང་རི་ཁྲོད་འགྲིམས་ནས་བཞུགས་ཀྱི་ཡོད། ཁོང་རྒྱ་གར་ལ་ཕེབས་པའི་སྐབས། ང་ལ་དབང་ཁ་ཤས་གནང་རོགས་གསུང་གི་འདུག །ངོས་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། དབང་གནང་བའི་སྐབས་ཁོང་གི་ལུས་པོ་གཡོ་འགུལ་ཙམ་ཡང་གནང་མ་སོང་། གལ་སྲིད་ང་ཚོར་ནུས་པ་ཡོད་ན། ཁོང་ནང་བཞིན་བསྡད་དེ་སྒོམ་ལ་འཇུག་དགོས། དེ་ནི་ཏིང་ངེ་འཛིན་གྱི་མཐུ་ལས་བྱུང་།
གལ་ཏེ་མིག་ཤེལ་གྱོན་མཁན་ཞིག་ཡིན་ན། སྒོམ་རྒྱག་པའི་སྐབས་མིག་ཤེལ་མ་གྱོན་ན་ཁྱད་པར་གང་ཡོད་བརྟག་དཔྱད་བྱེད་དགོས། ཅི་སྟེ་ངས་མིག་ཤེལ་གྱོན་པ་ན། ཤེས་པའི་གསལ་ཆ་ཤུགས་ཆེ་བ་ཡོད། འོན་ཀྱང་མིག་ཤེལ་ཕུད་ན། སེམས་ཀྱི་གནས་ཆ་ཆེ་བ་དང་བརྟན་པ་ཡོང་ཐུབ། དེར་བརྟེན་རང་ངོས་ནས་བསམ་ཞིབ་བྱས་ཏེ་ཁྱད་པར་གང་འདུག་ལྟ་དགོས་ཤིང་། རང་ཉིད་ལ་གང་ལེགས་པ་དེ་བྱེད་དགོས།
སྐྱབས་སུ་འགྲོ་བ་དང་ཀུན་སློང་བསྐྱར་དུ་བཅོས་པ།
དེ་རྗེས་ང་ཚོས་སོ་སོའི་སེམས་ཀྱི་གནས་བབས་ལ་བརྟག་པ་བྱེད་དགོས་ཤིང་། དགེ་བའི་སེམས་ཀྱི་གནས་བབས་བྱེ་བྲག་པ་ཞིག་ནས་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་སེམས་ཀྱི་དམིགས་ཡུལ་ཡང་བསྐྱར་ངེས་བརྟན་བཟོ་དགོས། སྐབས་དེར་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཆེད་དུ་ངས་སེམས་རྩེ་གཅིག་ཏུ་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་བརྟེན་ནས་བྱང་ཆུབ་སེམས་སྐྱེད་པར་བརྩོན་གྱི་ཡིན་བསམ་པའི་ཆོད་སེམས་ཤིག་རྒྱུད་ལ་སྦྱོང་དགོས། དེའི་ཕྱིར་དམིགས་ཡུལ་དེ་སྒྲུབ་པར་ངས་དགེ་བའི་ལས་གསོག་པར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཆོས་ཉམས་ལེན་བྱེད་ཀྱི་ཡིན་ཞེས་པའི་བསམ་པ་ཞིག་སྐྱེད་དགོས།
དེར་བརྟེན་དམིགས་རྣམ་ཞིག་ཡོད་ན་ཕན་ཐོགས་ཡོད་སྟབས། སྐྱབས་སུ་འགྲོ་བའི་ཡུལ་དམིགས་རྣམ་དུ་བྱས་ན་དགེ་མཚན་ཆེ། དེའང་ཚོགས་ཞིང་ཧ་ཅང་གྲ་རྒྱས་པོ་ཞིག་བྱུང་ན་འགྲིག་ལ་སངས་རྒྱས་ཀྱི་སྐུ་བརྙན་ཙམ་ཞིག་བྱུང་ནའང་འགྲིགས། དེ་ལྟར་སངས་རྒྱས་ཀྱི་སྐུ་བརྙན་དམིགས་པར་བྱས་ཏེ་དེ་ལས་བྱིན་རླབས་རང་རྒྱུད་ལ་འཇུག་གི་ཡོད་པར་བསམ་དགོས། དེ་ལྟར་གསལ་བར་བཀོད་པའི་དམིགས་རྣམ་ལ་བརྟེན་ནས་ཚོར་བ་སྔར་ལས་ཤུགས་ཆེ་བ་ཞིག་སྐྱེད་ཕྱིར་ཕན་ཐོགས་ཆེན་པོ་ཡོད།
སྐྱབས་གནས་དངོས་སམ་ངོ་མ་དེ་འཕགས་པའི་རྒྱུད་ཀྱི་འགོག་བདེན་དང་ལམ་བདེན་ཡིན། ང་ཚོས་ཚོགས་ཞིང་དམིགས་རྣམ་དུ་གསལ་པོར་བྱེད་ཐུབ་མིན་ལ་མ་བལྟོས་པར། ང་ཚོར་ལམ་བདེན་དང་འགོག་བདེན་འཐོབ་པར་རོགས་བྱེད་མཁན་སྐྱབས་སུ་འགྲོ་བའི་ཡུལ་ངོ་མ་དེ་གང་ཡིན་མིན་སེམས་ནང་གསལ་པོ་བྱས་ཉར་དགོས། དགེ་བའི་ལས་གསོག་པར་ང་ཚོས་ཡུལ་སྣ་ཚོགས་ཤིག་དམིགས་རྣམ་དུ་བྱེད་ཆོག །འོན་ཀྱང་གཙོ་བོ་ནི་ཁ་ཙམ་གྱིས་སྐྱབས་སུ་འགྲོ་བ་མ་ཡིན་པར་དོན་ངོ་མའི་ཐོག་ནས་སྐྱབས་འགྲོ་རྣལ་མ་ཞིག་རྒྱུད་ལ་སྐྱེད་བྱེད་ཀྱི་རྒྱུར་འགྲོ་བ་ཞིག་དགོས། དེ་ལ་ཡིད་ཆེས་གཙང་མ་ཞིག་དགོས། མདོར་ན་དཀོན་མཆོག་གསུམ་ནི་སྐྱབས་གནས་མཐར་ཐུག་ཡང་དག་པ་དེ་ཡིན་པས། ང་ཚོས་དཀོན་མཆོག་གསུམ་གྱི་ཡོན་ཏན་རྒྱུད་ལ་སྐྱེད་ཕྱིར་མུ་མཐུད་སྐྱབས་སུ་འགྲོ་དགོས།
བོད་ནང་ང་ཚོས་ཐེག་དམན་དང་། ཐེག་ཆེན། སྔགས་བཅས་ཟུང་དུ་འབྲེལ་ནས་ཉམས་ལེན་བྱེད་ཀྱི་ཡོད། སྔགས་ལུགས་སུ་སྐྱབས་སུ་འགྲོ་སྐབས་སྐྱབས་ཡུལ་གྱི་དྲུང་ནས་དབང་ཚང་མ་ཞུ་བའི་མོས་པ་བྱེད་དགོས་ཀྱི་ཡོད། དེ་འདྲ་སོང་ཙང་། ང་ཚོས་བླ་མའི་དྲུང་དུ་སྐྱབས་འགྲོ་བྱེད་པའི་ཐབས་ལག་བསྟར་བྱེད་ཀྱི་ཡོད། བླ་མའི་དྲུང་དུ་སྐྱབས་སུ་འགྲོ་བའི་སྐབས་ང་ཚོས་སྐྱབས་གནས་དངོས་ཀྱི་དྲུང་ནས་དབང་ཞུ་བའི་མོས་པ་བྱེད་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་སྐྱབས་སུ་འགྲོ་བའི་སྐབས་ཐོག་མར་བླ་མ་ལ་སྐྱབས་སུ་འགྲོ་གི་ཡོད། གང་ལགས་ཞེ་ན། བླ་མའམ་དགེ་བའི་བཤེས་གཉེན་གྱི་མདུན་ནས་ང་ཚོར་དབང་ཐོབ་ཀྱི་ཡོད་པའི་དམིགས་རྣམ་བྱེད་དགོས། དགེ་བའི་བཤེས་གཉེན་ནི་དཀོན་མཆོག་གསུམ་གྱིས་བསྟན་པ་ལྟར་ང་ཚོ་ཐར་པའི་ལམ་དུ་འཁྲིད་པར་བྱེད་མཁན་གཅིག་པུ་དེ་ཡིན། དེར་བརྟེན་ང་ཚོས་ཐོག་མར་སོ་སོའི་དགེ་བའི་བཤེས་གཉེན་ལ་བརྟེན་གྱི་ཡོད། ཁོང་ནི་ང་ཚོ་སྒེར་གྱི་མི་ཚེའི་ནང་དངོས་སུ་མྱོང་འདྲིས་ཡོད་པ་དང་ཐར་པའི་ལམ་སྣ་སྟོན་གྱི་ཡོད། དེ་རྗེས་གཞི་ནས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་གི་ཡོད། དེ་ནས་ང་ཚོའི་ཉམས་ལེན་དེ་ཐེག་པ་ཆེན་པོའི་ཆོས་ལ་འགྲོ་ཆེད་བྱང་ཆུབ་ཀྱི་སེམས་སྦྱོང་རྒྱུའི་ཐད་བསྐྱར་དུ་ངེས་བརྟན་བཟོ་དགོས།
ཡན་ལག་བདུན་པའི་མཆོད་པ།
དེ་ནས་སྐྱབས་སུ་སོང་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང་། སྐྱབས་ཡུལ་དམིགས་རྣམ་དུ་བྱས་ཏེ་ཕྱག་འཚལ་བ་སོགས་ཡན་ལན་བདུན་པ་འདོན་དགོས། མདོ་དང་སྔགས་ཀྱི་ཉམས་ལེན་སོ་སོར་འབྲེལ་ཏེ་ཡན་ལག་བདུན་པ་འདོན་སྟངས་སྣ་ཚོགས་ཡོད། མ་ཟད་ང་ཚོས་ཡན་ལག་བདུན་པ་འདི་བླ་མའི་རྣལ་འབྱོར་དང་སངས་རྒྱས་ཀྱི་གཟུགས་རྣམ་ (ཡི་དམ་གྱི་ལྷ་) འདྲ་མིན་དང་འབྲེལ་ནས་ཉམས་ལེན་བྱེད་ཆོག །དགེ་ལུགས་ཀྱི་སྲོལ་རྒྱུན་ནང་། དཔེར་ན། དགའ་ལྡན་ལྷ་བརྒྱ་མའི་ཐོག་ནས་ཡན་ལན་བདུན་པ་འབུལ་གྱི་ཡོད། དེའི་ནང་དམིགས་རྣམ་དུ་བྱེད་པའི་སྐུ་བརྙན་གཙོ་བོ་དེ་རྗེ་ཙོང་ཁ་པ་ཆེན་པོ་ཡིན།
གཞན་ཡང་ང་ཚོས་སོ་སོའི་དགེ་བའི་བཤེས་གཉེན་ནམ་སངས་རྒྱས་ཀྱི་སྐུ་འདྲ་དམིགས་པར་བྱས་ན་འགྲིགས། ཡང་ན་ཐུན་དྲུག་བླ་མའི་རྣལ་འབྱོར་ཉམས་ལེན་བྱས་ན་ཆོག །ཉམས་ལེན་བྱེད་ཐབས་ཧ་ཅང་མང་པོ་ཡོད། ཡན་ལག་བདུན་པའི་ནང་གི་ཚིགས་སུ་བཅད་པ་འགའ་ཞིག་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྐོར་གྱི་མདོ་དེ་དག་ལས་གསུངས་པ་ཆགས་ཡོད། ལྷག་པར་དུ་མདོ་ཕལ་པོ་ཆེ་ལས་གསུངས་ཡོད། ང་ཚོས་ཡན་ལག་བདུན་པ་གསུང་ཐབས་གང་ཞིག་ཉམས་ལེན་བྱས་ཀྱང་། དེའི་ནང་གི་གནད་དོན་གཙོ་བོ་ཁག་དང་དོན་ལ་ང་ཚོས་དོ་སྣང་ཡག་པོ་བྱེད་དགོས། དེ་བཞིན་མཇུག་གི་བསྔོ་བའི་ལེའུར་ནན་པོ་བྱེད་དགོས། དེ་ནི་བླ་མ་གསེར་གླིང་པ་དང་ཇོ་བོ་རྗེ་ཨ་ཏི་ཤས་གསུངས་པའི་ཉམས་ལེན་གྱི་རིམ་པ་རྣམས་ཡིན།
དེ་རྗེས་ང་ཚོས་སོ་སོའི་བློ་ཆོས་ལ་སྐུལ་བ་དང་། ཐམས་ཅད་ཐར་པའི་ལམ་དུ་འགྲོ་ཐུབ་པའི་དོན་དུ་རེ་བའམ་གསོལ་བ་སྣ་ཚོགས་པ་འདེབས་དགོས། དེ་ལྟར་ང་ཚོས་གང་སྦྱངས་པ་རྣམས་ཉམས་ལེན་དུ་ཚུལ་བཞིན་དུ་ལག་བསྟར་བྱེད་ཐུབ།
མཎྜལ་འབུལ་བ།
ཕྱིའི་འཇིག་རྟེན་མཚོན་བྱེད་ཀྱི་མཎྜལ་འབུལ་བར་གཞིགས་ན། ཧིན་དུའི་གསུང་རབ་ཁག་གི་ནང་གསལ་བ་ལྟར། འདི་ལ་སྲོལ་རྒྱུན་དུ་རིའི་རྒྱལ་ལྷུན་པོ་དང་གླིང་བཞི་སོགས་གཏོགས་ཡོད། ཐེངས་ཤིག་ངོས་རང་རྒྱ་གར་ནང་གནས་མཇལ་དུ་ཡོང་བའི་སྐབས་ཧིན་དུའི་ལྷ་ཁང་ཞིག་མཇལ་བ་དྲན་གྱི་འདུག །ལྷ་ཁང་དེ་ས་གནས་གང་ཞིག་ཏུ་ཡོད་མིན་ངས་གསལ་པོ་ཞེ་དྲགས་དྲན་གྱི་མི་འདུག །འོན་ཀྱང་དེའི་ནང་རི་རྒྱལ་ལྷུན་པོ་དང་གླིང་བཞིའི་ལྡེབས་རིས་ཤིག་འདུག །ང་ཚོར་ཡོད་པ་དང་ཧ་ལམ་འདྲ་པོ་འདུག །དེར་བརྟེན་ང་ཚོས་དེའི་མདུན་དུ་མཆོད་པ་ཕུལ་ནས་རི་རྒྱལ་ལྷུན་པོ་དང་གླིང་བཞི་སོགས་ཡིད་ལ་བྱེད་ཀྱི་ཡོད། མཎྜལ་གྱི་བཀོད་པ་ཧ་ཅང་གྲ་རྒྱས་པོ་བྱེད་དགོས་དོན་མེད། དམིགས་རྣམ་སྒོམ་པ་དེ་མཐའ་གཅིག་ཏུ་ཆོས་མངོན་པ་ནང་བཞིན་མི་དགོས། འོན་ཀྱང་འཇིག་རྟེན་དངོས་ཇི་ལྟར་ཡོད་པ་ནང་བཞིན་ཡིན་ན་འགྲིག
ང་ཚོས་འཛམ་གླིང་འདི་སྒོར་སྒོར་དུ་ཁས་ལེན་མི་ཐུབ། དེ་ནི་ང་ཚོས་མཐོང་བཞིན་པ་ཡིན། དོན་དངོས་སུ་ང་ཚོས་ས་གཞི་འདིའི་གུག་ཆ་མཐོང་གི་ཡོད། དེང་གི་དུས་སུ་འཛམ་གླིང་འགྲེལ་བརྗོད་བྱེད་སྟངས་ནི་ང་ཚོའི་དབང་ཤེས་ཀྱིས་གཏན་འབེབས་བྱས་ཡོད་ཅིང་མིག་གིས་དངོས་སུ་མཐོང་གི་ཡོད། གལ་སྲིད་ང་ཚོས་དེ་ཁས་མི་བླངས་པར་ཆོས་མངོན་པ་མཛོད་ནང་གསུངས་པ་ནང་བཞིན་ཨུ་ཚུགས་བྱས་ན་རིག་པ་དང་འགལ་བ་ཡིན། མ་ཡིན་ནམ། དེར་བརྟེན་ང་ཚོས་འདིར་ཚན་རིག་གི་རྙེད་དོན་ལ་མཐའ་གཅིག་ཏུ་འགོག་རྒོལ་མི་བྱེད་པ་དང་ཡང་མངོན་པ་ནས་གསུངས་པར་ཡང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་མི་ཉན། གནད་དོན་གཙོ་བོ་དེ་འཛམ་གླིང་འདི་ཡིད་དུ་འོང་བ་ཞིག་དང་སྙིང་རྗེ་པོ་ཞིག་ཡིད་ལ་བྱས་པ་བརྒྱུད་སོ་སོའི་སེམས་ཀྱི་གནས་སྟངས་ཡག་པོ་ཞིག་དང་བཟང་ཕྱོགས་ཀྱི་ནུས་པ་ཞིག་བསྐྲུན་ཕྱིར་ཡིན། ང་ཚོས་མཎྜལ་འབུལ་བའི་སྐབས་བསམ་ཕྱོགས་དེ་སེམས་ལ་བཞག་ནས་དམིགས་རྣམ་སྒོམ་དགོས་པ་ཡིན། ང་ཚོའི་དགེ་བའི་བཤེས་གཉེན་དང་སངས་རྒྱས་གྲངས་མེད་པ་རྣམས་སྐྱབས་སུ་འགྲོ་བའི་ཡུལ་བླ་ན་མེད་པ་དང་ཚོགས་ཞིང་གསལ་འདེབས་ས་དེ་ཡིན་པས་དེ་དག་ལ་ང་ཚོས་མཆོད་པའི་ཚུལ་དུ་མཎྜལ་འབུལ་གྱི་ཡོད།
དགེ་བའི་བཤེས་གཉེན་དང་འབྲེལ་བ་བཟང་པོ།
སོ་སོའི་ངོས་ནས་བསམ་པ་རྣམ་དག་གིས་ཆོད་སེམས་བརྟན་པོའི་༼བླ་མར་མོས་གུས་༽ཐོག་ནས་དགེ་བའི་བཤེས་གཉེན་དང་འབྲེལ་ལམ་བཟང་པོ་ཞིག་སྐྲུན་ཐུབ་པ་དང་། ཆོད་སེམས་དེ་ལྟའི་ཕན་ཡོན་དང་དེ་ལས་ལྡོག་པའི་ཉེས་དམིགས་རྣམས་ཀྱང་སྟོན་གྱི་ཡོད།
ཚེ་འདིའི་ནང་། ཅི་སྟེ་ང་ཚོས་སངས་རྒྱས་ཀྱི་སྐུ་ཐང་ཞིག་འཚེམ་པའམ་འབྲི་བར་འདོད་ན། འཚེམ་མཁན་ནམ་འབྲི་མཁན་ཞིག་གི་དྲུང་ནས་སྦྱོང་དགོས་ཀྱི་ཡོད། དེ་རྗེས་ང་ཚོས་དཔེ་བླངས་ནས་སོ་སོས་གཅིག་མཚུངས་འབྲི་ཐུབ་ཀྱི་ཡོད། དེར་བརྟེན་ང་ཚོར་དགེ་རྒན་དགོས་པ་གསལ་པོ་ཡིན། དེ་ག་ནང་བཞིན་ཆོས་ཕྱོགས་ཀྱི་སྦྱོང་བརྡར་ལའང་གཅིག་པ་ཡིན། ཆོས་ཕྱོགས་ཀྱི་ཉམས་ལེན་སྐབས་ཚུལ་བཞིན་དུ་བསམ་པ་རྣམ་དག་ཐོག་ནས་དགེ་བའི་བཤེས་གཉེན་ལ་བརྟེན་རྒྱུ་ནི་དམིགས་བསལ་གལ་འགངས་ཆེ། དེ་ལྟར་དགེ་བའི་བཤེས་གཉེན་ལ་དད་པ་དང་ཡིད་ཆེས་བརྟན་པོ་ཡོང་བར་ང་ཚོས་སྒོམ་གཏིང་ཟབ་པོ་རྒྱག་དགོས། ཡིད་ཆེས་པའི་དད་པ་བརྟན་པོ་ཡར་རྒྱས་གཏོང་བ་ནི་ཐབས་དང་ཤེས་རབ་ཀྱི་ཉམས་ལེན་དང་འབྲེལ་ཡོད། གལ་ཏེ་ཤེས་རབ་ཀྱི་ཆ་དང་འབྲེལ་ནས་ཡར་རྒྱས་བཏང་ན། དགེ་བའི་བཤེས་གཉེན་ལ་དད་པ་དང་ཡིད་ཆེས་གོང་མཐོར་གཏོང་བར་དགོས་ངེས་ཀྱི་གནད་དོན་ཐད་རྒྱུ་མཚན་འདྲ་མིན་ལ་བརྟེན་ནས་བརྟག་དཔྱད་ལེགས་པོ་བྱེད་དགོས།
གལ་སྲིད་དགེ་བའི་བཤེས་གཉེན་ལ་ཡིད་ཆེས་དང་དད་པ་བརྟན་པོ་ཡོད་ན། ང་ཚོས་དེ་ལས་སེམས་ཤུགས་དང་བློ་སྐྱེད་ལེན་ཐུབ། གལ་ཏེ་མེད་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེད་ཆེད་འབད་བརྩོན་ག་ཚོད་བྱས་ཀྱང་དེ་ཙམ་གྱིས་གནད་ལ་སྨིན་པོ་ཡོང་རྒྱུ་ཁག་པོ་རེད། དགེ་བའི་བཤེས་གཉེན་དེར་ཡོན་ཏན་དང་མཛད་པ་འཕྲིན་ལས་ཇི་ཙམ་ཡོད་ཀྱང་ཅི་སྟེ་ང་ཚོར་དད་དམ་གཡོ་བ་མེད་པ་མེད་ན། བྱིན་རླབས་དང་འཕྲིན་ལས་འཇུག་རྒྱུ་ཧ་ཅང་དཀའ། དེར་བརྟེན་ང་ཚོས་མཆོད་པ་ཇི་ཙམ་ཕུལ་ཀྱང་ང་ཚོའི་སེམས་ཤུགས་འཕེལ་བའམ་བློ་སྟོབས་འཕེལ་བར་ཕན་ཐོགས་མི་ཡོང་།
དེས་ན་དང་པོ་ང་ཚོས་དགེ་བའི་བཤེས་གཉེན་དང་འབྲེལ་ལམ་བཟང་པོ་ཞིག་ཡོང་རྒྱུའི་གནད་དོན་ཁག་ངོས་འཛིན་ཐུབ་པ་བྱེད་དགོས། དགོས་ངེས་ཀྱི་ཆ་རྐྱེན་གང་དང་གང་ཡིན་ནམ། ལམ་རིམ་ནང་རྗེ་ཙོང་ཁ་པ་ཆེན་པོས། དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས་དང་སློབ་མའི་ཁྱད་ཆོས་ཁག་ཅིག་དང་། དགེ་བའི་བཤེས་གཉེན་སྟེན་པའི་ཕན་ཡོན་དང་ཚད། མ་བསྟེན་པའི་ཉེས་དམིགས་བཅས་གསུངས་ཡོད།
དང་པོ་དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས་ནི། དགེ་བའི་བཤེས་གཉེན་ལ་ཚུལ་བཞིན་བརྟག་པའི་ཕྱིར་ཡོན་ཏན་དེ་དག་གསལ་པོ་ཤེས་དགོས། ཁོང་གི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་དང་། མཛད་རྗེས། དོན་ལ་མཁས་པ་ཡིན་མིན། ཉམས་ལེན་གང་གནང་གི་ཡོད་མེད་སོགས་བརྟག་དཔྱད་བྱེད་དགོས། དགེ་བའི་བཤེས་གཉེན་རྣམས་སོ་སོ་རང་ངོས་ནས་བྱུང་བའམ་རང་བཞིན་གྱིས་སྐྱེད་པ་རེད་བསམ་པ་ནི་ནོར་བ་ཡིན། སུ་གཅིག་ཀྱང་སྐྱེས་པ་ཉིད་ནས་མཁས་པ་དང་ཡོན་ཏན་ཀུན་ལྡན་ཞིག་མིན།
སྤྲུལ་སྐུ་ནི་ངེས་པར་དུ་བླ་མ་ཡིན་མི་དགོས་པ་དང་། བླ་མའང་ངེས་པར་དུ་སྤྲུལ་སྐུ་ཡིན་མི་དགོས། དེ་གཉིས་ཁྱབ་མཉམ་མ་ཡིན། བླ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དུ་གུ་རུ་སྟེ་དགེ་བའི་བཤེས་གཉེན་གྱི་སྐད་དོད་ཡིན་ཅིང་། དོན་ནི་མཐོ་པོ་དང་། ཁྱད་འཕགས་སོགས་ལ་འཇུག །བླ་ན་མེད་པ་ཞེས་པའི་སྐབས་དེ་ལས་མཐོ་བའམ་ལེགས་པ་མེད་པར་གོ་ཞིང་། གང་ཟག་ཅིག་ལ་བླ་མ་ཞེས་འབོད་སྐབས་མི་རྒྱག་པ་ཞིག་ལྗིད་ཚད་དོ་མཉམ་མེད་པ་ལྟར་མིན་པར། ནང་ཉམས་རྟོགས་ཀྱི་ཆ་ནས་མཐོ་པོ་ཡོད་པའམ་ཡོན་ཏན་བྱང་ཆུབ་པར་གོ་དགོས། བླ་མ་ཞེས་པ་ནི་མཚན་གནས་མཐོ་པོ་ཡོད་པ་ཙམ་མིན་པར། ཡོན་ཏན་དང་ཁྱད་ཆོས་ཁྱད་དུ་འཕགས་པ་ཡོད་པའི་གང་ཟག་ཡིན།
དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས་ནི་ལུང་རྟོགས་ཀྱི་ཡོན་ཏན་གཉིས་ཀ་ཚང་དགོས། ཚད་ལྡན་གྱི་དགེ་རྒན་ལ་དེ་གཉིས་ཀ་ཚང་བའི་ཐོག་ལུང་གི་ཡོན་ཏན་བྱང་ཆུབ་པ་ཡོད་ཀྱང་ཁོང་ཁྲོ་བཟའ་སླ་པོ་མི་རུང་། ང་ཚོར་དགེ་རྒན་གང་ཞིག་ལ་ཁྱད་ཆོས་དང་ཡོན་ཏན་གཉིས་ཀ་ལེགས་པོ་ཚང་བ་དང་གསུང་རབ་ཀྱི་དགོངས་དོན་གཞིར་བཟུང་འཚོ་གནས་བྱེད་མཁན། གཞུང་དོན་རྣམས་གཞན་ལ་ཇི་མ་ཇི་བཞིན་འགྲེལ་ཐུབ་མཁན་ཞིག་དགོས་ཀྱི་ཡོད།
ལམ་རིམ་ནང་དགེ་བའི་བཤེས་གཉེན་ནི་ཞི་ཞིང་དུལ་བ། སེམས་རྩེ་གཅིག་ཏུ་གནས་པ། ལེགས་པར་སྦྱངས་པ། བླ་ན་མེད་པ། འབད་བརྩོན་ཆེ་བ། ཤེས་རྒྱ་ཆེ་བ། སྟོང་ཉིད་མངོན་སུམ་དུ་རྟོགས་པ། དེ་འགྲེལ་བརྗོད་མཐིལ་ཕྱིན་པ་ཐུབ་པ། བརྩེ་བའི་བདག་ཉིད་བཅས་ཀྱི་ཁྱད་ཆོས་ལྡན་པ་ཞིག་དགོས་ཞེས་གསུངས། དེ་བཞིན་སློབ་མ་ནི་སློབ་གཉེར་ལ་བཅོས་མིན་གྱི་དོ་དབྱིངས་ཡོད་པ་དང་རང་རྒྱུད་ཡར་རྒྱས་གཏོང་འདོད་རྣལ་མ་ཡོད་པ་ཞིག་དགོས། གཞུང་ནང་ནང་ཆོས་ལ་དོ་དབྱིངས་མེད་པའམ་ཚིག་ཙམ་ཤེས་འདོད་མཁན་ཚོར་ཆོས་འཆད་མི་ཉན་པར་གསུངས།
ང་ཚོས་བླ་མའི་རྣལ་འབྱོར་སྒྲུབ་ཐབས་བྱེད་ཀྱི་ཡོད། འདིར་རྣལ་འབྱོར་ཞེས་པ་ནི་དོན་ལ་གནས་པའི་ཆོས་དང་ཟུང་འབྲེལ་བྱེད་པའི་དོན་ལ་ཟེར། ཕྱོགས་གཞན་ཞིག་ནས་ང་ཚོས་སོ་སོའི་ལུས་དང་། ངག །ཡིད་བཅས་གསུམ་དགེ་བའི་བཤེས་གཉེན་དང་དེའི་རྒྱུད་པ་རྣམས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱེད་རྒྱུའི་འདོད་པ་ཡོད། ཁྱད་ཆོས་དེ་དག་ནི་དོན་ལ་གནས་པའི་ཆོས་ཡིན། ང་ཚོས་སོ་སོའི་དགེ་བའི་བཤེས་གཉེན་གྱི་མཁྱེན་པ་དང་། རྟོགས་པ། སྒྲུབ་པ་དང་གཅིག་མཚུངས་ཤིག་ང་ཚོའི་རྒྱུད་ལ་མངོན་དུ་བྱ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་ནི་དོན་ལ་གནས་པའི་བླ་མའི་ཡོན་ཏན་རྣམས་སོ་སོའི་རྒྱུད་དུ་འཇགས་ཐབས་བྱེད་པའི་བླ་མའི་རྣལ་འབྱོར་རེད།
དེ་ཡང་ཉམས་ལེན་དེའི་ནང་ཡོངས་སུ་ཞུགས་པར། ཚུལ་དང་ལྡན་ཞིང་སེམས་ཐག་ཆོད་པོས་དགེ་བའི་བཤེས་གཉེན་བསྟེན་པའི་ཕན་ཡོན་དང་། མ་བསྟེན་པའི་ཉེས་དམིགས་སམ་བསྟེན་ནས་ཉམས་པ་བཅས་ལ་བསམ་བློ་ཞིབ་ཚགས་གཏོང་དགོས།
དེ་རྗེས་དངོས་གཞིའི་ཉམས་ལེན་སྐབས་ང་ཚོས་རང་རྒྱུད་རྣམ་པར་དག་པའི་སྒོ་ནས་དགེ་བའི་བཤེས་གཉེན་བསྟེན་པའི་ཚུལ་ལ་བསམ་བློ་ཡག་པོ་གཏོང་དགོས་ཀྱི་ཡོད། དེ་ནི་དགེ་བའི་བཤེས་གཉེན་ལ་ང་ཚོའི་སེམས་སམ་སྤྱོད་ཚུལ། བྱ་སྤྱོད་ཀྱི་ཐོག་ནས་སྒྲུབ་དགོས། སེམས་སམ་སྤྱོད་ཚུལ་ལ་གཞིགས་ན། བླ་མ་ནི་སངས་རྒྱས་སུ་འདུ་ཤེས་དགོས་པ་དང་ཆབས་ཅིག་དེ་ལྟར་འདུ་ཤེས་པའི་དོན་ཤེས་དགོས། དེ་ནས་བླ་མའི་དཀའ་དྲིན་དྲན་ནས་ཡི་རང་དང་དཀའ་དྲིན་ཚོར་ཐུབ་པ་དགོས། བྱ་སྤྱོད་ལ་གཞིགས་ན། རྩ་བའི་གནད་དོན་ནི་བླ་མས་བསླབ་བྱ་གང་གནང་པ་རྣམས་སོ་སོའི་ཉིན་རེའི་མི་ཚེའི་ནང་དངོས་སུ་ལག་ལེན་དུ་འགེལ་རྒྱུ་དེ་ཡིན་ཅིང་། དེ་ནས་བླ་མར་གུས་བརྩིའི་ཐོག་རོགས་རམ་བྱེད་དགོས། རྗེ་བཙུན་མི་ལ་རས་པས། “ང་ལ་རང་གི་བླ་མར་འབུལ་བྱེད་ཕྱི་དངོས་པོའི་འབུལ་བ་ཅི་ཡང་མེད། འོན་ཀྱང་ངས་བླ་མའི་དཀའ་དྲིན་དྲན་ཞིང་ཁོང་གིས་གང་གསུངས་པ་རྣམས་སོ་སོའི་ཉམས་ལེན་ནང་ཚུལ་བཞིན་དུ་སྒྲིལ་གྱི་ཡིན།” ཅེས་གསུངས། ཐེག་པ་ཆེན་པོའི་བླ་མ་ཞིག་གིས་སོ་སོའི་སློབ་མས་དངོས་རྫས་གང་ཕུལ་མིན་ལ་མ་ལྟོས་པར། བཅོས་མིན་གྱི་ཉམས་ལེན་བྱས་ཏེ་སྒྲུབ་པའི་མཆོད་པ་ཕུལ་ན་དེ་ལ་ཐུགས་མཉེས་པོ་གནང་གི་ཡོད།
ང་ཚོས་བླ་མའི་བཀའ་སློབ་ཚུལ་བཞིན་དུ་ལག་བསྟར་བྱ་རྒྱུའི་སྐོར་ལ་སྐད་ཆ་ཤོད་སྐབས། ང་ཚོས་མཚན་ཉིད་ཡོངས་སུ་ཚང་བའི་བླ་མ་ཞིག་གི་སྐོར་ལ་ཤོད་ཀྱི་ཡོད། འོན་ཀྱང་དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བླ་མ་ཞིག་རྙེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དེར་བརྟེན་གསུང་རབ་ནང་གསུངས་པ་བཞིན། གང་ཟག་ལ་མ་རྟོན་པར་ཁོང་གིས་གང་གསུངས་པའི་ཆོས་ལ་རྟོན་ཞེས་གསུངས་ཡོད། བླ་མ་ནི་མཁྱེན་པ་དང་སྒྲུབ་པའི་ཆ་ནས་ཕུལ་བྱུང་ཞིག་མ་ཡིན་ནའང་། ང་ཚོས་ཁོང་གིས་གང་གསུངས་པར་བརྟག་དཔྱད་བྱས་ཏེ། ཕན་ཐོགས་ཡོད་མེད་བལྟ་དགོས།
ང་ཚོས་བླ་མའི་གསུང་དང་ཁོང་གི་ཡོན་ཏན་ལ་བརྟག་དཔྱད་བྱེད་དགོས། ཐོག་མར་བླ་མར་བསྟེན་དེ་ནས་བླ་མ་དེའི་སྐྱོན་དང་ནོར་འཁྲུལ་ཧ་ཅང་མང་པོ་མཐོང་ན་ཡག་པོ་མེད། དེ་ལ་བརྟེན་ནས་མི་རིང་བར་བླ་མ་དེ་སྟེན་འདོད་མེད་པར་སྐྱོན་ཤ་སྟག་མཐོང་གི་རེད། དེ་ནི་གནས་སྟངས་ཧ་ཅང་ཐབས་སྐྱོ་པོ་ཞིག་ཡིན། དེར་བརྟེན་གཞུང་ནང་གསུངས་པ་བཞིན་དང་པོ་ནས་བརྟག་དཔྱད་ཡག་པོ་བྱེད་དགོས།
ཐོག་མ་མེད་པའི་སེམས།
སྔོན་འགྲོའི་ཆོས་བཤད་འདི་དག་གི་རྗེས། དངོས་གཞིའི་སྒོམ་གྱི་སྐབས་གཞུང་ནང་གསུང་དོན། ཐོག་མ་མེད་པའི་སྐབས་ནས་བཟུང་ང་ཚོ་སོ་སོའི་སེམས་ཀྱི་གཞན་དབང་དུ་གྱུར་བ་དང་། སེམས་དེའང་ཉོན་མོངས་དང་མི་དགེ་བའི་སྤྱོད་ཚུལ་གྱི་གཞན་དབང་དུ་སོང་ཚུལ་རྣམས་ལ་བསམ་བློ་གཏོང་དགོས་ཞེས་གསུངས་ཡོད།
གཞུང་མང་པོའི་ནང་ཐོག་མ་མེད་པའི་དུས་གསུང་སྐབས། དེའི་དོན་གང་ཡིན་ནམ། ལུགས་གཞན་ནང་འཇིག་རྟེན་འདི་བཀོད་པ་པོས་བཟོས་ཏེ་ཐོག་མ་ཡོད་པ་འདོད། འདིར་ཆོས་རྣམས་རང་རྐྱ་ཐུབ་པ་དང་གཞན་ལ་ལྟོས་མེད་དུ་གནས་པའི་ཐོག་མ་ཞིག་མེད། དེར་བརྟེན་ཐོག་མ་མེད་པའི་དུས་ཟེར་དུས་སྐྱེ་བ་ལ་ཐོག་མ་མེད་པར་གོ་དགོས།
རྒྱ་གར་གྱི་མངའ་སྡེ་པན་ཇབ་ནང་ལོ་ན་གསུམ་ལ་སླེབས་པའི་བུ་མོ་ཆུང་ཆུང་ཞིག་འདུག །ཁོ་མོས་སྔོན་གྱི་སྐྱེ་བ་མང་པོ་ཞིག་དང་། ནང་མི། ག་རེ་བྱུང་བ་སོགས་གསལ་པོར་དྲན་གྱི་འདུག །དེ་ག་ནང་བཞིན་སྐྱེ་བ་སྔོན་མའི་དངོས་རྫས་དང་མི། དེ་དག་གི་སྐབས་གང་བྱུང་བ་དྲན་མཁན་ཕྲུ་གུ་དེ་འདྲ་མང་པོ་ཡོད། དེར་བརྟེན་སྐྱེ་བ་སྔོན་མ་གཞི་གྲུབ་པའི་དཔང་རྟགས་དུ་མ་ཡོད།
ང་ཚོས་སྐྱེ་བ་ལ་ཐོག་མ་མེད་སྐོར་ཤོད་སྐབས། སེམས་དང་སེམས་ཀྱི་རྒྱུན་ལ་ཐོག་མ་མེད་སྐོར་ཤོད་ཀྱི་ཡོད། སེམས་ནི་གསལ་ཞིང་རིག་པར་འགྲེལ་བརྗོད་བྱས་ཡོད། མཚན་ཉིད་དེ་ཤེས་པ་ཙམ་གྱིས་འགྲིགས་ཀྱི་མེད། ཆོས་རྣམས་ཀྱི་སྣང་ཚུལ་ལམ་སེམས་ལ་འཆར་ཚུལ་གྱི་ཐོག་ནས་སེམས་ཀྱི་གསལ་ཆའི་བྱེད་ལས་དེ་ང་ཚོས་ངོས་འཛིན་ནམ་ཤེས་པ་བྱ་རྒྱུ་དེ་གནད་འགག་ཤིན་ཏུ་ཆེ་བ་དང་། དེ་བཞིན་རིག་པའི་ཆ་དེ་སེམས་ཀྱི་བྱེད་ལས་ཐོག་ནས་ངོས་འཛིན་བྱ་རྒྱུ་གལ་ཆེ། སེམས་དེ་ཉིད་ལའང་ཐོག་མ་མེད། དེར་བརྟེན་སེམས་དེ་གཞི་གྲུབ་པ་དང་ལུས་དང་འབྲེལ་བ་ཡོད་པ་ཁུངས་སྐྱེལ་བྱེད་རྒྱུ་གནད་ཆེ། དེ་ནི་ཕྱི་རོལ་གྱི་ལུས་སམ་བེམ་པོ་ཞིག་མིན་ཀྱང་ལུས་དང་འབྲེལ་བ་ཡོད། སེམས་ལ་རགས་པ་དང་ཕྲ་མོ་ཞེས་རིམ་པ་སྣ་ཚོགས་ཡོད། ཐོག་མ་མེད་པའི་སྐབས་ནས་བརྒྱུད་པའི་སེམས་ཀྱི་རྒྱུན་དེ་ནི་ཧ་ཅང་ཕྲ་མོ་ཡིན།
སངས་རྒྱས་ཀྱི་ཞལ་ནས། ཅི་སྟེ་སེམས་འདི་གསར་དུ་བཟོས་པ་དང་ཡང་ན་ཡུད་ཙམ་ལས་མི་གནས་པ་དང་། ཡང་ན་དཀོན་མཆོག་གིས་བཟོས་པ་ཞིག་ཡིན་ན། དེར་བཟོ་ལྟ་བཟོ་རྒྱུ་དང་ཚོད་འཛིན་བྱ་རྒྱུ་ཧ་ཅང་ཁག་པོ་རེད། ཕྱོགས་གཞན་ཞིག་ནས་གལ་ཏེ་ང་ཚོས་སེམས་དེ་ཐོག་མ་མེད་པའི་དུས་ནས་ཡོང་བ་ཞིག་དང་། ཉམས་མྱོང་རྣམས་སྔོན་མའི་ལས་ལ་བརྟེན་ནས་དེའི་ཐོག་ནས་ཡོང་བར་བསམ་བློ་བཏང་ན། དེས་ན་ང་ཚོས་ཐབས་ལམ་སྣ་ཚོགས་ཤིག་ལ་བརྟེན་ནས་སེམས་འདུལ་བའམ་བཟོ་ལྟ་བཟོ་ཐུབ།
ང་ཚོར་གནས་ཚུལ་རྣམས་ཇི་ལྟར་འཐོབ་པ་དང་ང་ཚོས་ཆོས་རྣམས་ཇི་ལྟར་རྟོགས་པའི་བརྒྱུད་རིམ་དངོས་དེར་བརྟག་དཔྱད་བྱེད་དགོས། གནས་ཚུལ་རྣམས་ང་ཚོའི་མིག་གིས་མཐོང་བ་དང་རྣ་བས་ཐོས་ནས་ཕྱི་རོལ་ནས་ནང་དུ་ཡོང་བར་སྣང་། དཔེར་ན། ང་འདིར་བསྡད་དེ་ངའི་མདུན་གྱི་དགེ་སློང་དབུ་སྐྲ་དཀར་པོ་དེར་ལྟ་བ་ལྟ་བུ། ཆོས་རྣམས་ལ་ནང་ནས་གཅིག་གིས་བལྟས་ནས། མིག་ཤེས་ཀྱི་ཡུལ་དང་འབྲེལ་བ་བཟོ་མཁན་དང་། གང་མཐོང་བ་དེ་སྤུ་རིས་འབྱེད་མཁན་ཤེས་པ་ལྟ་བུ་ཞིག་ཡོད་པ་ལྟ་བུར་སྣང་། དེ་ནི་ངས་ཡུལ་དེར་ལྟ་བའི་སྐབས། མཐོང་སྣང་དུ་གསལ་པོར་ཡོད་པའི་ཡུལ་དེ་ངས་མཐོང་ཐུབ། འོན་ཀྱང་དབང་ཤེས་གཅིག་པུར་བརྟེན་ནས་ཡུལ་དེ་དེ་རིང་ཞོགས་པ་མཐོང་བ་ཞིག་ཡིན་ན། ཡུལ་དེ་ངེས་པོ་ཞིག་དྲན་ཐུབ་ཀྱི་མེད། མ་གཞི་ངས་གཡས་གཡོན་གྱི་ཆོས་རྣམས་མཐོང་ནའང་། དེ་དག་སྤུ་རིས་འབྱེད་མི་ཐུབ། དེར་བརྟེན་གནས་ཚུལ་རྣམས་དབང་ཤེས་སྣ་ཚོགས་བརྒྱུད་ནས་ཡོང་གི་ཡོད་པ་དང་། དེར་རིག་པ་རྩེ་སྒྲིམ་གྱིས་དོ་སྣང་ཞིག་སྤྲོད་པའི་ཆ་རྐྱེན་ཚང་དགོས་པ་ལྟར་སྣང་བས། དེའི་ནང་འདི་དང་འདི་མ་ཡིན་རྣམ་པར་འབྱེད་སླད་ཡིད་ཀྱི་བརྒྱུད་རིམ་ཞིག་གཏོགས་ཀྱི་ཡོད་པ་གསལ་པོ་རེད།
གཞུང་ནང་འགྲེལ་བཤད་སྐྱོན་པ་དེ་ཙམ་དུ་འཇོག་མི་ཉན། ང་ཚོས་སོ་སོའི་རྣམ་དཔྱོད་ཀྱི་ཐོག་ནས་བརྟག་དཔྱད་བྱེད་དགོས་པ་དང་ད་དུང་དེང་དུས་ཚན་རིག་གི་འགྲེལ་བརྗོད་ལའང་བསམ་ཞིབ་བྱེད་དགོས། ལྷག་པར་དུ་ཀླད་པའི་འགྲེལ་བཤད་དང་དེས་དབང་ཤེས་བརྒྱུད་ལས་ཀ་ཇི་ལྟར་བྱེད་པ། ཡིད་ཀྱི་བྱེད་ལས་འདྲ་མིན་ནང་ཀླད་པའི་ཆ་ཤས་འདྲ་མིན་ཚུད་ཚུལ་སོགས་ཀྱི་ཐད་བསམ་བློ་གཏོང་དགོས། ང་ཚོས་སོ་སོའི་ཉམས་མྱོང་དང་ཚན་རིག་གི་འགྲེལ་བཤད་ལ་བསྟུན་ནས་ང་ཚོའི་སེམས་ཀྱིས་བྱ་བ་ཇི་ལྟར་བྱེད་པ་རྟོགས་ཐབས་བྱེད་དགོས། དེ་ལ་བརྟག་དཔྱད་མང་པོ་བྱེད་དགོས་ཀྱི་ཡོད།
ཀླད་པ་དང་དེ་མིན་གཞན་གྱི་ཐད་སངས་རྒྱས་ཀྱི་བཀའ་དང་མི་འགལ་ཞིང་ཚན་རིག་གི་འགྲེལ་བཤད་དང་བསྟུན་བརྒྱུད་རིམ་དེ་ཆ་ཚང་གིས་ལས་ཀ་ཇི་ལྟར་བྱེད་ཕྱོགས་ཐད་ང་ཚོར་ངེས་ཤེས་རྙེད་ཐུབ་པ་སྲིད་པ་ཡིན། དེ་བཞིན་དྲན་ཤེས་ཀྱིས་བྱ་བ་བྱེད་སྟངས་དང་སེམས་དང་བེམ་པོའི་དབར་གྱི་འབྲེལ་ལམ་ལའང་གཅིག་གྱུར་ཡིན། དཔེར་ན། བོད་མིར་མཚོན་ན། རྒྱ་ནག་དང་རྒྱ་གར་ཞེས་པའི་མིང་ཚིག་འདི་གཉིས་ལ་མཚོན་ན། མ་གཞི་ཚིག་སྔ་མ་གཉིས་ཀ་གཅིག་པ་ཡིན་ནའང་། ཕྱི་མ་འདྲ་གི་མེད། དེ་གཉིས་རྣ་བར་ཐོས་འཕྲལ་ང་ཚོའི་རྣམ་འགྱུར་ལ་ཤུགས་རྐྱེན་ངེས་ཅན་ཞིག་སྦྱིན་པར་ཕྱི་རོལ་ནས་སྐུལ་འདེད་གང་ཡང་མེད། འོན་ཀྱང་རྒྱ་ནག་ཅེས་པའི་ཐ་སྙད་དེ་ཐོས་མ་ཐག་སེམས་ལ་བཟོད་མི་བདེ་བ་དང་། རྒྱ་གར་ཞེས་པ་ཐོས་མ་ཐག་ང་ཚོའི་སེམས་ནང་ཅུང་ཞི་འཇམ་མམ་ལྷིང་པོ་ཚོར་གྱི་ཡོད། དེ་ག་ནང་བཞིན་བསྟན་འཛིན་རྒྱ་མཚོ་ཞེས་པའི་མིང་ཐོས་འཕྲལ་ལམ་སེང་ང་ཚོའི་སེམས་ནང་སྐྱིད་པོ་དང་ཞི་བདེ་ཚོར་ཞིང་། མའོ་ཙེ་ཏུང་ཞེས་པ་ཐོས་འཕྲལ་མི་ངན་དེ་ཞེས་བསམ་བློ་འཁོར་གྱི་ཡོད། གནད་དོན་གཉིས་ཀའི་ནང་དབྱངས་དང་གསལ་བྱེད་ཀྱི་སྒྲ་ཙམ་ལས་ཕྱི་ལོགས་ཀྱི་ཤུགས་རྐྱེན་ཅི་ཡང་མེད། འོན་ཀྱང་ང་ཚོའི་སེམས་ཀྱི་ལས་ཀ་བྱེད་སྟངས་དང་སྔ་མའི་བག་ཆགས་གཉིས་བར་འབྲེལ་ལམ་ངེས་ཅན་ཞིག་ཡོད་ཅིང་། དེ་ལ་བརྟེན་ནས་ཡོང་གི་ཡོད།
མིག་གི་ཡུལ་དང་དེ་དག་མིག་ཤེས་ལ་ཇི་ལྟར་འཆར་ཚུལ་ཐེ་བའི་དེ་ལྟ་བུའི་གནད་དོན་ཁག་ལ་བརྟག་དཔྱད་བྱེད་རྒྱུ་གནད་འགག་ཆེ། བསྟན་འཛིན་རྒྱ་མཚོ་ཞེས་པའི་མིང་ཐོས་སྐབས་སེམས་ནང་གང་བྱུང་བ་དང་དེར་གྲོགས་བྱེད་པའི་ཚོར་བ་རྣམས་ལའང་གཅིག་པ་ཡིན། ཚན་རིག་དང་མཐུན་པའི་བརྟག་དཔྱད་བྱས་ནས་དེ་དག་ཚང་མ་བྱུང་ཚུལ་ཐད་རྒྱུས་མངའ་བྱེད་དགོས། ཐ་ན་དེ་ལྟར་ནང་པའི་གསུང་རབ་ནང་དངོས་སུ་འགྲེལ་བརྗོད་མཛད་མེད་ཀྱང་ཀླད་པའི་ནང་བརྒྱུད་རིམ་གང་ཞིག་ཡོད་མེད་མཐོང་བ་བྱེད་དགོས། གང་ཡིན་ཟེར་ན། བརྒྱུད་རིམ་ཚང་མའི་ནང་ཀླད་མའི་བྱེད་ལས་ཚུད་ཡོད། ཀླད་པའི་ཆ་ཤས་མི་འདྲ་བ་ནང་མིག་དང་རྣ་བའི་བྱེད་ལས་འདྲ་མིན་གཏོགས་ཡོད། རྨི་ལམ་ནང་ག་རེ་འབྱུང་མིན་ཤེས་ཐབས་བྱེད་དགོས། ཀླད་པའི་བྱེད་ལས་ཚུད་པའི་བརྒྱུད་རིམ་དེ་དག་ང་ཚོས་ངོས་ལེན་མི་བྱེད་ཀ་མེད་ཡིན། གང་ཡིན་ཟེར་ན། དེ་དག་ཚང་མ་ཚན་རིག་གི་ཐོག་ནས་གཏན་འབེབས་བྱས་ཡོད། དཔེར་ན། མི་ཞིག་གཉིད་ཁུག་པའི་སྐབས། གལ་སྲིད་སྒྲ་ཆུང་ཆུང་ཞིག་ཐོས་ན་གཉིད་དཀྲོག་ཐུབ་ཀྱི་མེད། གལ་སྲིད་སྐད་ཤུགས་ཆེན་པོ་ཞིག་བརྒྱབ་ན། ལུས་ཀྱི་རྣམ་འགྱུར་ཞིག་ཐོན་གྱི་ཡོད། འདིར་བསྐྱར་དུ་ང་ཚོས་ཁས་ལེན་མི་བྱེད་ཀ་མེད་རེད། ང་ཚོས་དེ་དག་ཚང་མ་ཚན་རིག་གི་རྙེད་དོན་ཐོག་གཞི་བཞག་ཚུལ་ལ་བརྟག་དཔྱད་བྱས་ཏེ་དེ་དག་ནང་ཆོས་དང་མཐུན་ལུགས་ཧ་གོ་བ་བྱེད་དགོས།
ཀླད་པའི་ནང་ད་དུང་དྲན་པ་གཏོགས་ཡོད་པ་དང་། དེ་བཞིན་དབང་པོའི་སྤྱོད་ཡུལ་ལས་འདས་པའི་མངོན་ཤེས་ལའང་གཅིག་པ་ཡིན་ངེས། དཔེར་ན། ཏིང་ངེ་འཛིན་ལ་བརྟེན་ནས་བྱུང་བའི་མ་འོངས་པར་གང་འབྱུང་མིན་རྟོགས་པ་ལྟ་བུ། དེ་དག་ནི་གསུང་རབ་ནང་འགྲེལ་བརྗོད་བྱས་ཡོད་ཅིང་དོན་དངོས་སུ་མ་འོངས་སྔོན་མཐོང་གི་ཤེས་པ་མངོན་དུ་བྱས་པའི་མི་དུ་མ་ཡོད། སྔོན་མ་བྱུང་ཟིན་པའི་ཆོས་ཤིག་བསྐྱར་དུ་མྱོང་བའི་ཡིད་ཀྱི་རྒྱུན་ཞིག་གིས་ཕྱི་མ་གང་འབྱུང་སྲིད་པར་སྔོན་བརྡ་ཙམ་གཏོང་ཐུབ། འོན་ཀྱང་དེ་ཡིད་ཀྱི་རྒྱུན་དང་བྱུང་བ་གཉིས་པོ་དེའི་བར་ལྟོས་བཅས་ཀྱི་འབྲེལ་བ་དགོས་ཀྱི་ཡོད། དེར་བརྟེན་མ་འོངས་སྔོན་མཐོང་གི་མངོན་ཤེས་རང་རྒྱུད་དུ་སྐྱེད་ཐུབ་པ་སྲིད་ཀྱང་། སེམས་ཀྱི་རྒྱུན་དང་མ་འོངས་པའི་བྱུང་བ་དེ་གཉིས་བར་འབྲེལ་བ་མེད་ན། མ་འོངས་པར་གང་འབྱུང་མིན་ཐད་བརྡ་ཙམ་ཡང་སྟོན་མི་ཐུབ། མངོན་ཤེས་ཟེར་དུ་རྒྱུ་མེད་རྐྱེན་མེད་ལས་མ་བྱུང་། དེ་ནི་མངོན་ཤེས་དང་ལྡན་པའི་གང་ཟག་གང་ཞིག་གི་སེམས་རྒྱུན་ངོ་མའི་ནང་རྒྱུ་དང་། རྐྱེན། གནས་སྟངས་འདྲ་མིན་ལ་བརྟེན་ནས་འབྱུང་དགོས་ཀྱི་ཡོད།
འཕེལ་རིམ།
ང་ཚོས་ཤེས་པའི་རིམ་པ་འདྲ་མིན་ལ་བརྟག་དཔྱད་བྱེད་སྐབས་མདོ་ཕྱོགས་ཙམ་མིན་པར་སྔགས་ལུགས་ཀྱི་རིམ་པ་ལའང་བརྟག་དཔྱད་བྱས་ན་དགེ་མཚན་ཤིན་ཏུ་ཆེ། སྔགས་ཀྱི་ནང་རྣམ་ཤེས་ཕྲ་མོའི་རིམ་པའི་ཐོག་ལ་འགྲེལ་བརྗོད་བྱས་ཡོད་པ་དང་། རིམ་པ་དེ་སྐྱེ་བ་སྔ་མ་ལས་བྱུང་ཞིང་ད་ལྟ་ལས་ཕྱི་མར་འགྲོ་བ་འབྱུང་གི་ཡོད། དེ་དང་ང་ཚོའི་ལུས་ཕྲ་མོ་འབྲེལ་བ་ཡོད་པ་དང་། དེ་ནི་ཤེས་པ་ཕྲ་མོ་དང་མཉམ་དུ་ཡོད་པའི་རླུང་སེམས་ཕྲ་མོ་དེ་ཡིན། དེ་གཉིས་གདགས་གཞི་བྱས་ནས་ང་ཞེས་པ་དེ་གཉིས་ཀྱི་སྟེང་བཏགས་པ་དང་། ཟུང་འབྲེལ་དུ་སྐྱེ་བ་སྔ་མ་ནས་འདིར་འོངས་བ་དང་འདི་ནས་ཕྱི་མར་འགྲོ་གི་ཡོད།
སྐྱེ་བ་རེ་རེའི་ནང་འཕེལ་རིམ་བརྒྱུད་སེམས་དང་ལུས་པོ་ཕྲ་མོ་དེ་གཉིས་རིམ་གྱིས་རགས་པའི་ངོ་བོར་གྱུར་བ་དང་དེ་ནས་འབྱུང་བ་རགས་པ་རྣམས་དང་འབྲེལ་བ་འགོ་འཛུགས་ཀྱི་ཡོད། ཕྱིའི་འཇིག་རྟེན་འདི་དང་བསྟུན་ནས་སྤྱིར་བཏང་གི་འཕེལ་རིམ་ལ་བསམས་ན། གདོད་མའི་སེམས་ཅན་རྣམས་ཏིང་ངེ་འཛིན་ལ་བརྟེན་ནས་འཚོ་ཞིང་ཟས་རགས་པ་བཟའ་དགོས་ཀྱི་མེད་ཚུལ་གསུང་རབ་ནང་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་ཕྱིས་སུ་རིམ་གྱིས་ཟས་རགས་པར་བརྟེན་སྟབས་ལུས་ཀྱང་རིམ་པས་རགས་པར་གྱུར། དེ་ལྟར་ཏིང་ངེ་འཛིན་ལ་བརྟེན་མཁན་རྣམས་འཇིག་རྟེན་ཆགས་པའི་སྐབས་ཀྱི་སེམས་ཅན་ཚང་མ་ཡིན་ནམ་ཡང་ཁ་ཤས་ཤིག་ཡིན་མིན་ད་ལྟ་ང་ཚོས་བརྟག་དཔྱད་བྱེད་དགོས།
བོད་ལ་མཚོན་ན། ང་ཚོས་བོད་རིགས་རྣམས་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་གཉིས་འདུས་པ་ལས་བྱུང་བར་ཡིད་ཆེས་བྱེད་ཀྱི་ཡོད། ཚན་རིག་གིས་ཚེ་སྲོག་ཐོག་མར་སྟབས་བདེ་པོ་དང་དེ་ནས་རྙོག་འཛིངས་ཆེ་བར་རིམ་འགྱུར་བྱུང་བར་བཤད་ཀྱི་ཡོད། ངོས་རང་ལ་མཚོན་ན་འཕེལ་རིམ་གྱི་རྣམ་གཞག་དེ་གཉིས་གར་ཡིད་ཆེས་ཡོད། བོད་ནང་མི་ཐོག་མར་བྱུང་བའི་དུས་ཚིགས་ལ་གཞིགས་ན། སངས་རྒྱས་ཤྭཀྱ་ཐུབ་པ་མ་བྱོན་སྔོན་ནས་བོད་ནང་མི་ཡོད་པའི་ཚན་རིག་གི་དཔང་རྟགས་རྙེད་ཡོད། གནའ་ཤུལ་དངོས་རྫས་དཔྱད་རིག་ཐོག་ནས་ཆབ་མདོ་དང་ཀོང་པོའི་ནང་ནས་མི་ལོ་སུམ་སྟོང་ཙམ་འདས་པའི་མིའི་རུས་པ་དང་དེ་མིན་གནའ་ཤུལ་རྙེད་སོན་བྱུང་ཡོད། དེ་བཞིན་སངས་རྒྱས་མྱ་ངན་ལས་འདས་རྗེས་མི་ལོ་ཉིས་བརྒྱའི་རྗེས་ཁ་བའི་ལྗོངས་སུ་མི་རབས་གསར་པ་ཞིག་འབྱུང་ཞེས་སངས་རྒྱས་ཉིད་ཀྱིས་ལུང་བསྟན། དེ་གཉིས་མི་འགལ་བ་ཇི་ལྟར་བྱེད་དམ།
སྔ་མོ་ལྷ་སར་མཚོ་ཞིག་ཡོད་པ་དང་། ཕྱི་ལོ་ ༡༩༥༦ ལོར་ས་ཁམས་བརྟག་དཔྱད་དམ་ས་གཤིས་རིག་པའི་རུ་ཁག་ཅིག་ལ་དེ་ནས་རྩི་ཤིང་གི་འགྱུར་རྡོ་ཤུལ་རྫས་རྙེད་པ་གསལ་པོ་ཡིན། དཔྱད་ཞིབ་དེས་མཚོ་དེའི་ནང་ཟགས་པའི་ལྕང་མའི་ལོ་མ་རྣམས་མཚོ་གཏིང་དུ་འདམ་བག་ནང་མ་ཉམས་པར་གནས་པ་བསྟན། དེར་བརྟེན་དེར་མཚོ་ཞིག་ཡོད་ཅིང་སྟེང་དུ་ཤིང་ནགས་ཡོད་པ་གསལ་པོ་ཡིན། རིམ་བཞིན་མཚོ་ཇེ་ཆུང་དུ་སོང་ནས་མཐར་སྐམ་པ་དང་། ཤུལ་དུ་ལྷ་སའི་གཙུག་ལག་ཁང་བཞེངས། སངས་རྒྱས་ཀྱི་ལུང་བསྟན་ནང་མཚོ་དེའི་མཚམས་ཀྱི་ཕྱི་རོལ་ཏུ་མི་གནས་ཀྱི་མ་རེད་ཅེས་བསྟན་མེད། ལུང་བསྟན་ནང་ས་གནས་དེར་མི་རབས་གསར་པ་བྱུང་ནས་སྐམ་སར་གནས་པ་དང་དེ་ཡང་མཚོ་དབུས་ནས་ཐོག་མར་འབྱུང་ཞེས་གསུངས། དེས་ཆབ་མདོ་དང་དེ་མིན་བོད་ཀྱི་ས་གནས་གཞན་དུ་སྐབས་དེའི་སྔོན་དུ་མི་བྱུང་བའི་ཚན་རིག་གི་དཔང་རྟགས་དང་འགལ་བ་བཟོ་གི་མེད། དེ་ག་ནང་བཞིན་ང་ཚོས་གསུང་རབ་དང་ཚན་རིག་ལས་བསྟན་པའི་དངོས་པོ་དེ་དག་ལ་བརྟག་དཔྱད་ཞིབ་ཚགས་བྱེད་དགོས་ཀྱི་ཡོད།
འཕེལ་འགྱུར་རྣམ་གཞག་ལ་མཚོན་ན། དེས་ཚེ་སྲོག་རྣམས་སྟབས་བདེ་ནས་རྙོག་འཛིངས་ཅན་དུ་རིམ་གྱིས་གོང་འཕེལ་ཕྱིན་པ་སྟོན་ཅིང་། སངས་རྒྱས་ཤྭཀྱ་ཐུབ་པས་སེམས་ནང་གཏན་གྱི་བདེ་བ་ཞིག་ཇི་ལྟར་འཐོབ་པའི་ཚུལ་ལེགས་པར་བསྟན་པ་ལས་འཛམ་གླིང་འདི་སྒོར་སྒོར་དང་། གྲུ་བཞི་ཡང་ན་ཟུར་གསུམ་སོགས་གང་ཡིན་བཀའ་གནང་མེད། སངས་རྒྱས་ཀྱི་ཆོས་ཀྱི་ལུས་དངོས་ནང་། མི་དང་ས་ཆ་བྱེ་བྲག་འགའ་ཞིག་གི་ཐོག་མའི་འབྱུང་ཁུངས་སྐོར་འགྲེལ་བརྗོད་མཛད་ཡོད། འོན་ཏེ་དེ་དག་བརྗོད་བྱ་གཙོ་བོ་མ་ཡིན། གཙོ་བོ་ལས་རྒྱུ་འབྲས་དང་མིའི་སེམས། སེམས་རྒྱུད་དེའི་ནང་གཏན་གྱི་བདེ་བ་ཞིག་བསྐྲུན་ཐབས་སྐོར་འགྲེལ་བཤད་གནང་གི་ཡོད། སངས་རྒྱས་ཤིག་གིས་དུས་རྟག་ཏུ་མིའི་ཁམས་དང་མོས་པའི་དབང་དུ་བྱས་ཏེ་ཆོས་གསུང་གི་ཡོད། སྐབས་འགར་གདུལ་བྱའི་བསམ་བློ་དང་མཐུན་པར། ཆོས་རྣམས་རྟག་ཏུ་གནས་པ་དང་བདེན་པར་གྲུབ་པ་ཡོད་ཚུལ་བསྟན་པ་དང་། གཞན་དུ་དེ་ལྟར་མེད་ཚུལ་བསྟན་གྱི་ཡོད།
སྔོན་མ་ནུབ་ཕྱོགས་སུ་མི་རྣམས་ཀྱིས་རང་རང་སོ་སོའི་འཛམ་གླིང་ལ་བལྟ་བའི་ལྟ་ཚུལ་ཡང་དག་ཡིན་མིན་ཐོག་རྩོད་པ་བྱུང་སྟེ་ཕན་ཚུན་གསོད་རེས་ཀྱི་བྱས་ཡོད། མི་སུ་གཅིག་གིས་ཀྱང་འཛམ་གླིང་འདི་སྒོར་སྒོར་ཞིག་ཏུ་ཆ་འཇོག་བྱེད་ཀྱི་མེད། ཁོང་ཚོས་འཛམ་གླིང་འདི་ལེབ་ལེབ་ཏུ་ཡིད་ཆེས་ཏེ་དེའི་ཐོག་ནས་གསོད་རེས་བཏང་ཡོད། སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་ནི་འཛམ་གླིང་འདི་ལེབ་ལེབ་བམ་སྒོར་སྒོར་ཡིན་པར་ཡིད་ཆེས་པའི་བློ་ཞིག་བསྐྲུན་ཆེད་མ་ཡིན། དེ་ལ་སྙིང་པོ་དེ་ཙམ་མེད། སངས་རྒྱས་ཀྱི་ཆོས་ཀྱི་སྙིང་པོ་ནི་དུས་ལ་ཐོག་མ་མེད་པ་དང་སེམས་ལ་ཐོག་མ་མེད་པའི་སྐོར་ཡིན། གལ་སྲིད་ཁོང་གིས་སེམས་ལ་ཐོག་མ་མེད་ལུགས་མ་གསུངས་ན། སྤྱིར་ཐོག་མ་མེད་ཚུལ་གོ་སྡུར་བྱེད་པར་དགོས་པ་རྒྱུ་མཚན་ཅི་ཡང་མེད། སེམས་ལ་ཐོག་མ་མེད་པ་གཞིར་བཞག་སྟེ། ལས་རྒྱུ་འབྲས་ཀྱི་ཐོག་ནས་སེམས་དང་ལུས་ཀྱི་འབྲེལ་བའི་ཐད་གོ་སྡུར་བྱེད་ཀྱི་ཡོད། སྤྱིར་ཐོག་མ་མེད་པའི་སེམས་བརྒྱུད་དེ་གང་ཟག་བྱེ་བྲག་པ་དང་འཛམ་གླིང་གཉིས་ཀའི་རིམ་པའི་ཐོག་ནས་ལུས་སྣ་ཚོགས་ཤིག་ཡོང་བ་དང་འགྲོ་གི་ཡོད། ཐོག་མ་མེད་པའི་མི་ཚེ་དང་སེམས་ཀྱི་གོ་སྡུར་དེ་ངེས་པར་དུ་གཏན་ཚིགས་དང་རྒྱུ་མཚན་ཐོག་ལ་གཞི་འཇོག་དགོས་པ་དང་། དེའི་ཐོག་ནས་ཆོས་རྣམས་གཏན་ལ་འབེབས་ཐུབ། དེར་བརྟེན་གནད་དོན་དང་རྒྱུ་མཚན་དེ་དག་ལ་བརྟག་དཔྱད་བྱ་རྒྱུར་འབད་བརྩོན་ཧུར་ཐག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན།
སེམས་བཟང་ཕྱོགས་སུ་དམིགས་པ་གཏད་པ།
ང་ཚོ་མི་རེ་ངོ་རེར་ཐོག་མ་མེད་པའི་སེམས་རྒྱུད་ཅིག་ཡོད་སྟབས། དེ་ཕྱོགས་གང་དུ་འགྲོ་གི་ཡོད་དམ། སེམས་ཀྱི་མྱོང་བའི་ནང་དོན་ལ་ཤུགས་རྐྱེན་སྦྱིན་མཁན་གྱི་རྐྱེན་གང་དག་ཡིན་ནམ། ཐོག་མ་མེད་པའི་དུས་ནས་ང་ཚོའི་སེམས་རྒྱུད་ལ་འདོད་ཆགས་དང་། ཞེ་སྡང་། མི་ཤེས་པ་སོགས་ཀྱིས་སྐྱོན་ཞུགས་ཡོད་པ་མཐོང་ཐུབ། དེ་ནི་གཞན་དབང་དུ་འགྱུར་བ་ཞེས་བརྗོད་པའི་དོན་ཡིན། ཕྱོགས་གཞན་ཞིག་ནས། སེམས་ནི་ང་ཚོའི་ཚོད་འཛིན་འོག་མེད་པར་ཉོན་མོངས་དང་། འདོད་ཆགས། མ་རིག་པ་སོགས་རྐྱེན་གཞན་གྱི་དབང་དུ་འགྲོ་གི་ཡོད། གང་ཡིན་ཟེར་ན། ང་ཚོའི་སེམས་དུལ་མེད། ང་ཚོས་མི་དགེ་བའི་བྱ་བ་སྣ་ཚོགས་ཤིག་བྱེད་ཅིང་། དེ་དག་གིས་ལས་སྣ་ཚོགས་ཤིག་གསོག་པ་དང་། དེ་ལས་འབྲས་བུ་སྡུག་བསྔལ་སྣ་ཚོགས་དང་ང་ཚོའི་སྤྱོད་པར་ཤུགས་རྐྱེན་སྦྱིན་གྱི་ཡོད། མཐར་ང་ཚོའི་མི་དགེ་བའི་ལས་ཀྱི་འབྲས་བུར་མི་བདེ་བ་དང་སྡུག་བསྔལ་སྣ་ཚོགས་ཤིག་མྱོང་དགོས་ཀྱི་ཡོད། ང་ཚོས་བྱ་བ་དེ་ལྟར་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། མི་དགེ་བའི་ལས་ཀྱིས་ང་ཚོའི་སེམས་ལ་བྱ་བ་དེ་རིགས་བྱེད་འཇུག་གི་ཡོད། དེ་དག་གང་ལས་བྱུང་ངམ་ཞེ་ན། ང་ཚོའི་ཚོད་འཛིན་འོག་མེད་པའི་སེམས་ལས་བྱུང་། དེར་བརྟེན་ང་ཚོའི་སེམས་ལ་ཁ་ལོ་སྒྱུར་ཐུབ་པ་བྱ་རྒྱུ་དང་། ཉོན་མོངས་པའི་གཞན་དབང་དུ་མི་འགྲོ་བ་བྱ་རྒྱུ་གལ་ཤིན་ཏུ་ཆེ། ང་ཚོས་མི་དགེ་བའི་སེམས་ཀྱི་གནས་སྟངས་དེ་དག་དགེ་བའི་སེམས་དང་། ཕན་ཐོགས་ཡོད་པའི་སེམས། སྤྱོད་ཚུལ་བཅས་ཀྱི་བརྗེ་པོ་རྒྱག་རྒྱུ་གལ་གནད་ཆེ།
ང་ཚོས་སོ་སོའི་སེམས་དེ་དམིགས་ཡུལ་བཟང་པོ་ཞིག་གི་ཆེད་དུ་བེད་སྤྱོད་ཐུབ་པར། དེ་སྟབས་བསྟུན་བདེ་པོ་དང་བཀོལ་དུ་རུང་བ་ཞིག་བཟོ་དགོས། དེར་བརྟེན་ཇི་ལྟར་འདོད་པ་ལྟར་བཀོལ་སྤྱོད་ཐུབ། སེམས་དེ་བཀོལ་དུ་རུང་བ་ཞིག་ཡོང་བར། སྒོམ་ལ་བརྟེན་ནས་བློ་སྦྱོང་གི་བརྒྱུད་རིམ་སྣ་ཚོགས་ཤིག་ལག་བསྟར་བྱེད་དགོས་ཀྱི་ཡོད། བསྐྱར་ཟློས་དང་གོམས་འདྲིས་སུ་བསྟེན་ནས། སྒོམ་ལ་བརྟེན་ནས་སེམས་ནང་གནས་སྟངས་བཟང་པོ་ཞིག་གོམས་གཤིས་སུ་སྒྱུར་ཐུབ། གནས་སྟངས་དེ་དག་གིས་ང་ཚོའི་སེམས་སྟབས་བསྟུན་བདེ་པོ་བཟོ་གི་ཡོད། བྱས་ཙང་། ང་ཚོས་དེ་དག་བསྐྱར་དུ་དགེ་བའི་སེམས་འཕར་མ་འགའ་རྒྱུད་ལ་སྐྱེད་ཆེད་ལག་བསྟར་བྱེད་ཐུབ། འོན་ཏེ་ང་ཚོས་དེ་ལྟར་བྱེད་འདོད་ཡོད་ན། སེམས་དེ་ཧ་ཅང་རྒྱུན་བརྟན་པོ་ཞིག་དགོས། སེམས་ཀྱི་དམིགས་གཏད་དེ་གང་ཡིན་ཀྱང་ཁྱད་པར་མེད། གལ་ཏེ་སེམས་ཡུལ་ལ་སྒྲིམ་མ་ཐུབ་ན། གནས་སྟངས་བཟང་པོ་དེ་དག་ལ་གོམས་འདྲིས་སུ་སྟེན་མི་ཐུབ་པ་དང་སེམས་ཀྱི་ཆ་ཤས་སུ་སྒྱུར་མི་ཐུབ།
དཔེར་ན། གལ་ཏེ་ང་ཚོས་སྙིང་རྗེའི་སྤྱོད་ཚུལ་རང་རྒྱུད་དུ་གོམས་འདྲིས་ཡོང་ཐབས་བྱེད་ཀྱི་ཡོད་ན། དོན་དངོས་སུ་སེམས་དམིགས་པར་བརྟན་པོའི་སྒོ་ནས་འཇོག་དགོས། ཅི་སྟེ་སེམས་དེ་ཉིད་སེམས་ཚོར་ཞིག་དང་། བསམ་བློ། ཡང་ན་སྤྱིར་བཏང་སེམས་ཀྱི་གནས་བབས་ཤིག་ནང་འཐིམས་ཕྱིན་པ་ཡིན་ན། དམིགས་པ་དེར་གཏོད་པར་ཤུགས་རྐྱེན་ཆེན་པོ་སྦྱིན་གྱི་ཡོད། སྒོམ་ལ་བརྟེན་ནས་ང་ཚོས་སྙིང་རྗེ་སོ་སོའི་གོམས་གཤིས་ལ་འཇགས་ཐབས་བྱེད་སྐབས། གལ་ཏེ་མི་རྟག་པའམ་སྡུག་བསྔལ་ཡང་ན་དཀའ་ངལ་སོགས་ཀྱི་བསམ་བློ་བྱུང་ན། མ་གཞི་བསམ་བློ་དེ་དག་གིས་རྣམ་གཞག་གི་ཐོག་ནས་ཕན་འདོགས་ཀྱང་། སྙིང་རྗེའི་སེམས་རྩེ་གཅིག་ཏུ་གཏོད་པར་འབད་བརྩོན་བསྟེན་པའི་སྐབས། དེ་དག་བར་ཆད་དུ་འགྱུར་གྱི་ཡོད། ང་ཚོས་སྒོམ་རྒྱག་པའི་སྐབས་སོ་སོའི་སེམས་ཡུལ་ལ་རྩེ་གཅིག་ཏུ་འཇོག་དགོས་པ་དང་མཐའ་གཅིག་ཏུ་གཡོ་བ་མེད་པར་གནས་ཐབས་བྱེད་དགོས།
ང་ཚོས་གོམས་གཤིས་བཟང་པོ་ཞིག་ཏུ་སོ་སོའི་སེམས་ཀྱི་གནས་སྟངས་བཟང་པོ་དང་ཞི་འཇམ་ཞིག་རང་རྒྱུད་དུ་གོང་སྤེལ་མ་བཏང་སྔོན། དང་པོ་ང་ཚོས་སེམས་ཀྱི་དངོས་ཡོད་གནས་བབས་ཇི་མ་ཇི་བཞིན་ཤེས་དགོས། སེམས་ཀྱི་གནས་ལུགས་གང་ཡིན་པ་དང་། ཚུལ་བཞིན་དུ་དེས་བྱ་བ་བྱེད་ཚུལ་ཐད་རྒྱུས་མངའ་ལོན་དགོས། ངེས་ཤེས་དང་གོ་རྟོགས་དེའི་ཐོག་གཞི་བཞག་སྟེ་ང་ཚོས་སོ་སོའི་སེམས་དེའི་ནང་ཟུག་པ་ལྟ་བུ་ཚོར་ཐུབ། དེ་ག་ནང་བཞིན་སེམས་ཀྱི་གནས་བབས་དེ་ཡར་རྒྱས་གཏོང་སླད་དགོས་ངེས་ཀྱི་གདེང་ཚོད་དང་ཡིད་ཆེས་སོགས་དགོས་ཀྱི་ཡོད། དཔེར་ན། སྙིང་རྗེ་ལ་བསམ་བློ་བཏང་ན། དཔྱད་སྒོམ་གྱི་ཐོག་ནས་ང་ཚོས་སྔོན་ལ་དེའི་ཕྱིར་སྙིང་རྗེ་རང་གིས་ངེས་པར་དུ་གོང་སྤེལ་གཏོང་དགོས་པ་ཞིག་ཏུ་མཐོང་དགོས། ཡར་རྒྱས་གཏོང་དགོས་པའི་རྒྱུ་མཚན་དེ་དག་ཚང་མ་ཤེས་པ་བརྒྱུད་སྙིང་རྗེར་ཡིད་ཆེས་དང་ངེས་ཤེས་སྟོབས་ཆེན་ཞིག་གོང་སྤེལ་གཏོང་དགོས། དེ་འབའ་ཞིག་གི་ཐོག་ནས་ང་ཚོས་འཇོག་སྒོམ་སྐབས་རང་སེམས་སྙིང་རྗེས་ཟིན་པ་ཞིག་བྱེད་ཐུབ་ལ་དེ་ཕན་ཐོགས་ཆེན་པོ་ཞིག་ཡིན་པ་ཤེས་ཐུབ།
གཞུང་འདིས་ཉིན་མོར་སྒོམ་ཐུན་གསུམ་དང་མཚན་མོར་ཐུན་གསུམ་བྱེད་པའི་ཕན་ཡོན་འགྲེལ་བརྗོད་བྱེད་ཀྱི་ཡོད། སྒོམ་རྒྱག་པའི་སྐབས་དང་ཐུན་མཚམས་སུ་ཁེར་རྐྱང་དང་ཁུ་སིམ་པའི་གནས་ཤིག་དགོས་རྒྱུ་གལ་ཆེན་པོ་ཡིན། གལ་སྲིད་ང་ཚོས་སྐད་ཅོར་ཐོས་པ་དང་མ་དུལ་བའི་སེམས་སོགས་ཀྱི་བར་ཆད་འཕྲད་ན། ང་ཚོའི་སེམས་ལ་མི་བཟོད་པའི་ཚོར་བ་སླེབས་པ་དང་རིག་པ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ། དེ་བཞིན་གྲྭ་བཙུན་རྣམས་ལ་ངས་ཞུས་པ་བཞིན། སྤྱིར་བཏང་ནས་ང་ཚོའི་སེམས་ཀྱི་གནས་བབས་སམ་བྱ་བ་བྱེད་སྟངས་ལ་དོ་ནན་བྱེད་དགོས། དེའི་ཐད་གཞུང་འདིས་སྒོམ་ལ་ཕན་ཐོགས་ཡོད་པའི་གནས་སྟངས་གཞན་ཞིག་ནི་མཚན་མོ་ཁ་ཟས་མི་བཟའ་བ་དེ་ཡིན་པར་གསུངས། གལ་ཏེ་ཉིན་དགུང་ཁ་ལག་མ་བཟས་ན། ང་ཚོས་སོ་སོའི་ལུས་པོར་ཟས་བཅུད་མི་འདང་བ་དང་སྟོབས་ཤུགས་ཞན་པོ་ཚོར་ན། དེ་གནས་ཚུལ་ཐ་དད་རེད། ང་ཚོས་སོ་སོའི་ལུས་ཀྱི་དངོས་ཡོད་གནས་སྟངས་ལ་བསམ་བློ་གཏོང་དགོས། འོན་ཏེ་གལ་ཏེ་ཐུབ་ན། མཚན་མོ་ཁ་ལག་མ་བཟས་ན་སྒོམ་སྒྲུབ་གནད་ལ་ཁེལ་བ་ཡོང་ཐུབ། དེའི་ཐད་ཞིབ་ཕྲའི་འགྲེལ་བཤད་ནི་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་གྱི་གཞུང་གཉིས་ནང་གསལ་ཡོད།
སྔོན་འགྲོ། དལ་འབྱོར་མི་ལུས།
བློ་སྦྱོང་དོན་བདུན་མའི་ཆོས་བཤད་སྐབས་ཀྱི་གནད་དོན་དང་པོ་ནི་སྔོན་འགྲོ་ཡིན་ཅིང་། དེ་དག་ནི་རྒྱབ་རྟེན་ཆགས་ཡོད། དེ་ཡང་བསམ་བློ་འདི་དག་ཐོག་གཏོང་དགོས་ཏེ།
- དལ་འབྱོར་མི་ལུས།
- འཆི་བ་དང་མི་རྟག་པ།
- ལས་རྒྱུ་འབྲས་ཀྱི་རྣམ་གཞག
- འཁོར་བའི་སྡུག་བསྔལ་ལམ་དཀའ་ངལ།
གཞུང་གིས་འདིར་སྔོན་འགྲོའི་ཆོས་བཤད་ནང་ནས་དང་པོ་དལ་འབྱོར་མི་ལུས་སྐོར་ཡིན། ཐོག་མར་ང་ཚོས་དལ་བ་བརྒྱད་དང་འབྱོར་བ་བཅུ་ངོས་འཛིན་དགོས། དལ་བ་བརྒྱད་ནི་མི་ཁོམ་པ་བརྒྱད་ལས་ཐར་བའི་གནས་སྐབས་ཀྱི་བདེ་བ་ཞིག་ཡིན།
(མཆན། ཆོས་ཉམས་སུ་ལེན་པར་འགོག་རྐྱེན་བྱེད་པའི་མི་ཁོམ་པ་བརྒྱད་ལས། མི་མ་ཡིན་གྱི་མི་ཁོམ་པ་བཞི་ནི།
- བདེ་བ་མེད་པའི་ཁམས་ཀྱི་ནང་ཚུད་པའི་སེམས་ཅན། ༼དམྱལ་བ་པ།༽
- ཟས་སྐོམ་ཡིད་ལ་དམ་པོར་འཛིན་པ། ༼ཡི་དྭགས།༽
- མགོ་བོ་དུད་ནས་དལ་བུར་ས་ལ་འགྲོ་བའི་སེམས་ཅན། ༼དུད་འགྲོ།༽
- ལྷ་ཚེ་རིང་པོ།
མིའི་གནས་སྐབས་ཀྱི་མི་ཁོམ་པ་བཞི་ནི།
- ཡུལ་མཐའ་འཁོབ་ཏུ་སྐྱེས་པ།
- དབང་པོ་མ་ཚང་བ།
- ལོག་པར་ལྟ་བ།
- དེ་བཞིན་གཤེགས་པ་མ་བྱོན་པ་སྟེ་བརྒྱད།
སངས་རྒྱས་ཀྱི་ཆོས་ཉམས་སུ་ལེན་ཐུབ་པའི་འབྱོར་བ་བཅུ་ལས། དང་པོ་རང་འབྱོར་ལྔ་ནི།
- མི་ཡིན་པ་དང༌།
- ཡུལ་དབུས་སུ་སྐྱེས་པ།
- དབང་པོ་ཚང་བ།
- ལས་མཐའ་མ་ལོག་པ། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་དང་།
གཉིས་པ་གཞན་འབྱོར་ལྔ་ནི།
- སངས་རྒྱས་བྱོན་པ་དང༌།
- དེས་ཆོས་གསུངས་པ།
- བསྟན་པ་གནས་པ།
- བསྟན་པའི་རྗེས་སུ་འཇུག་པ། མཐུན་རྐྱེན་དགེ་བའི་བཤེས་གཉེན་ཡོད་པ་བཅས་བཅུའོ།།)
མི་ཁོམ་པའི་གནས་དེ་དག་ལས་དང་པོ་ལ་འགལ་ཟླའི་བསམ་བློ་ལོག་པ་ཞིག་ཡོད། ལྡོག་ཕྱོགས་ནས་མངོན་ཤེས་ནི་མི་སྲིད་པ་ཞིག་རེད་ཅེས་ཟེར་བའམ་ཡང་ན་སངས་རྒྱས་ཀྱི་ཆོས་ཐོབ་སླ་པོ་ཡོད་པའི་གནས་ཤིག་ཏུ་བསྐྱར་དུ་སྐྱེ་བ་ལེན་རྒྱུ་མི་སྲིད་པར་མཐོང་མཁན་རྣམས་ནང་པའི་ཆོས་ཉམས་ལེན་བྱེད་པའི་ནུས་པ་མེད་པར་འགྱུར་ཞིང་། སྐབས་རེ་འ་ཆད་འུ་ཐུག་སྟེ་རང་སྲོག་རང་གིས་ལྕེབ་དགོས་པའི་གནས་སུ་གྱུར།
སྟབས་ལེགས་པ་ཞིག་ང་ཚོ་དེ་འདྲ་མིན། ང་ཚོར་ལུས་བཟང་པོ་འདི་དང་གོ་རྟོགས་ཐུབ་པའི་བློ་གྲོས་བཟང་པོ་འདི་འདྲ་ཞིག་ཡོད། དཔེར་ན། འདིར་ང་ཚོ་དང་མཉམ་དུ་ནུབ་ཕྱོགས་པ་འགའ་ཞིག་ཡོད། བོད་སྐད་ནང་ང་ཚོས་མགོ་སེར་ཟེར་གྱི་ཡོད། འོན་ཀྱང་ཁ་ཤས་ཀྱི་སྐྲ་ནག་པོ་དང་། ཁ་ཤས་ཀྱི་སྐྲ་དམར་པོ། ཁ་ཤས་སྐྲ་མེད་ཀླད་དམར་རེད་འདུག །རྒྱ་ནག་ནང་སྐྱེས་པའི་མི་ཚོར་ཧ་ལམ་ནང་ཆོས་ཉམས་ལེན་བྱ་རྒྱུའི་གོ་སྐབས་མེད། དེ་ལྟར་ནའང་འདིར་ཡོད་པའི་ཕྱི་རྒྱལ་བ་རྣམས། མ་གཞི་ནང་ཆོས་དར་ཁྱབ་མེད་པའི་ལུང་པ་ཁག་ནང་སྐྱེས་ཀྱང་། འདིར་ཡོང་ནས་ནང་ཆོས་ཐོས་བསམ་བྱ་རྒྱུ་བྱུང་བ་དེ་ཁེ་བཟང་རེད།
ཨ་རི་ནས་ཡོང་མཁན་བྱང་སྒྲ་མི་སྙན་ནས་ཡོང་བ་ཡིན་མིན་ཐད་རྩོད་པ་ཡོད། གལ་སྲིད་བྱང་སྒྲ་མི་སྙན་ནས་ཡིན་ན། ལས་ཀྱི་བར་ཆད་ཧ་ཅང་ཤུགས་ཆེན་པོ་ཡོད། འོན་ཀྱང་དེ་དྲི་བ་ཞིག་ཡིན། མདོ་གཞིར་བཟུང་བྱས་ན། བྱང་སྒྲ་མི་སྙན་ནས་ཡོང་བའི་མི་རྣམས་ལ་བདག་དབང་དང་རྒྱུ་ནོར་དེ་ཙམ་མེད། ཨ་རི་ནས་ཡོང་མཁན་རྣམས་རང་གི་རྒྱུ་ནོར་དང་དངོས་པོར་གཅེས་འཛིན་ཆེན་པོ་ཡོད་པ་དང་། ཨ་རིའི་ནང་ནང་ཆོས་ལའང་དོ་སྣང་ཧ་ཅང་ཤུགས་ཆེན་པོ་ཡོད་པར་སྣང་། གང་ཡིན་ཞེ་ན། ཨ་རིའི་ནང་ཕ་མེས་རྣམས་ནང་པ་ཡིན་པའི་རྒྱ་ནག་དང་། ཉི་ཧོང་། ཝེ་ཊི་ནམ་སོགས་ནས་གནས་སྤོས་བྱས་པའི་མི་མང་པོ་ཡོད། དེ་ག་ནང་བཞིན་ཨ་རི་བ་མང་པོ་ཞིག་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་བྱུང་ནས་དོ་སྣང་ཆེན་པོ་སླེབས་ཡོད།
འདི་ནི་དལ་འབྱོར་མི་ལུས་ལ་མེད་པའི་མི་ཁོམ་པའི་གནས་ཀྱི་སྐོར་བགྲོ་གླེང་བྱེད་པའི་ཆ་ཤས་ཤིག་ཡིན། དལ་འབྱོར་མི་ལུས་དེ་འདྲ་ཡང་བསྐྱར་ལེན་རྒྱུ་ནི་ཧ་ཅང་ཁག་པོ་རེད། ཅི་སྟེ་མིའི་ལུས་རྟེན་ཐོབ་ཀྱང་། སངས་རྒྱས་ཀྱི་ཆོས་དང་མཇལ་བ་ནི་ཧ་ཅང་དཀའ། དམ་པའི་ཆོས་དང་མཇལ་ཀྱང་དབང་པོ་མ་ཚང་བ་དང་ཐོས་བསམ་བྱེད་མི་ཐུབ་པ་སོགས་ཀྱི་འགལ་རྐྱེན་སྣ་ཚོགས་འཕྲད་ཀྱི་ཡོད། དེས་ན་གོ་སྐབས་བརླག་འགྲོ་གི་ཡོད། གལ་ཏེ་དབང་པོ་མ་ཚང་བ་མིན་ཀྱང་། ལྟ་བ་ལོག་པ་ཅན་དང་སྤྱོད་ཚུལ་ཡ་མ་ཟུང་དེ་འདྲར་སྐྱེ་སྲིད་པ་ཡིན། དེས་ཀྱང་རང་རྒྱུད་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ཆུད་ཟོས་སུ་གཏོང་གི་ཡོད།
གལ་སྲིད་ང་ཚོས་མི་ཁོམ་པའི་གནས་བརྒྱད་པོ་རེ་རེར་བལྟས་ནས། རང་ཉིད་བརྒྱད་པོ་གང་རུང་དུ་སྐྱེ་བ་ལེན་སླ་ཚུལ་དང་། ད་ཐེངས་རང་ཉིད་དེ་དག་ལས་ཐར་བ་བསོད་ནམས་ཆེ་ཚུལ་སོགས་ལ་བསམ་བློ་ཞིབ་མོ་བཏང་ན་ཕན་ཐོགས་ཤིན་ཏུ་ཆེ། ང་ཚོས་སོ་སོ་གནས་དེ་དག་ལས་ཐར་ཚུལ་བསམ་བློ་གཏིང་ཟབ་བཏང་བ་ན། བདེ་བ་དང་ངལ་སེལ་གྱི་ཚོར་སྣང་ཐོབ་ཅིང་། དེ་ནི་སྒོམ་འདིའི་ཆ་ཤས་ཡིན།
འབྱོར་བ་བཅུའི་ནང་ནས། ཡུལ་དབུས་སོགས་སུ་མིར་སྐྱེ་བ་ནི། རང་འབྱོར་ཡིན། དེ་བཞིན་སྤྱི་ཚོགས་ཀྱི་ཕྱོགས་ནས་སམ་གཞན་འབྱོར་ཡོད་དེ། སངས་རྒྱས་བྱོན་པ་དང་། དམ་པའི་ཆོས་དར་བ། དམ་པའི་ཆོས་ཉམས་སུ་ལེན་པར་མཐུན་རྐྱེན་སྦྱིན་པའི་བདག་པོ་ཡོད་པ་སོགས་ཀྱི་སྐབས་སུ་སྐྱེ་བ་ལྟ་བུ་ཡིན།
ད་ལྟ་ང་ཚོ་ཚང་མར་དལ་བ་བརྒྱད་པོ་ཐོབ་ཡོད། འབྱོར་བ་བཅུ་ཆ་ཚང་འཐོབ་རྒྱུ་ཁག་པོ་ཡིན་པས། གལ་ཆེ་ཤོས་ནི་ང་ཚོར་ཐོབ་པའི་དལ་བ་བརྒྱད་པོ་དེ་ཡིན། དེ་འདྲ་སོང་ཙང་། གཞུང་མང་པོའི་ནང་། དལ་བའི་རྟེན་ལུས་འདིའི་སྐོར་རྒྱུན་དུ་གསུང་གི་ཡོད། གང་ཡིན་ཞེ་ན། དེ་དག་ང་ཚོར་ཚང་མར་ཡོད་པ་དེ་ཡིན། དེ་དག་གི་དགོས་དོན་ནི། དལ་འབྱོར་མི་ལུས་ཀྱི་རྩ་ཆེའི་གོ་སྐབས་འདི་ཐོབ་པའི་སྐབས། ཆུད་ཟོས་སུ་ནམ་ཡང་གཏོང་རྒྱུ་མེད། ང་ཚོས་བེད་སྤྱོད་ཚུལ་བཞིན་དུ་གཏོང་ཐབས་བྱེད་དགོས།
ང་ཚོས་དལ་འབྱོར་མི་ལུས་འདི་ལས་དངོས་སུ་ཁེ་ཕན་ཇི་ལྟར་ལེན་ནམ་ཞེ་ན། གླིང་གཞན་གསུམ་གྱི་མི་མ་གཏོགས་བྱང་སྒྲ་མི་སྙན་གྱི་མི་རྣམས་ལ་དལ་བ་བརྒྱད་དང་འབྱོར་བ་བཅུ་པོ་དེ་དག་ཚང་གི་མེད། ང་ཚོར་ཐོབ་པའི་བྱ་བའི་རྟེན་གཞིའམ་དལ་འབྱོར་གྱི་ལུས་རྟེན་འདིའི་གལ་གནད་ལ་བསམས་ན། ང་ཚོས་ཡང་དག་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་དུ་སྦྱོང་ཐུབ་པ་དང་། དེ་བཞིན་དགྲ་བཅོམ་པའི་གོ་འཕང་ངམ་ཉན་རང་གི་ཐར་པའི་གོ་འཕང་། ཡང་ན་སངས་རྒྱས་ཀྱི་གོ་འཕང་བཅས་སྒྲུབ་ནུས། དལ་འབྱོར་མི་ལུས་ནི་སེམས་དོན་གྱི་དམིགས་ཡུལ་དེ་དག་བསྒྲུབ་ཐུབ་པའི་གཞི་རྟེན་ལེགས་ཤོས་དེ་ཡིན། དལ་འབྱོར་མི་ལུས་ལས་གཞན་པའི་བྱང་ཆུབ་སེམས་སོགས་ཀྱི་དམིགས་ཡུལ་དེ་དག་སྒྲུབ་ཐུབ་པའི་གཞི་རྟེན་གཞན་གང་ཡང་མེད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་སློབ་དཔོན་ཀླུའི་བྱང་ཆུབ་བམ་ནཱ་ག་བོ་དྷིས་ལམ་གྱི་རིམ་པ་ཁག་འགྲེལ་བརྗོད་མཛད་པ་བཞིན། སྔགས་ཕྱོགས་ཀྱི་ས་ལམ་ཉམས་ལེན་བྱེད་པའི་སླད་དུ་དལ་འབྱོར་མི་ལུས་འདི་མཐའ་གཅིག་ཏུ་དགོས་ངེས་ཅན་ཞིག་ཡིན།
གླིང་འདིའི་སྟེང་དུ་ང་ཚོར་ཐོབ་པའི་དལ་འབྱོར་མི་ལུས་ནི་ལས་ལ་བརྟེན་པའི་ལུས་རྟེན་ཞིག་ཡིན། ང་ཚོ་ལས་ལ་བརྟེན་པའི་གླིང་འདིར་སྡོད་ཀྱི་ཡོད། དེའི་དོན་ནི། ལས་སམ་བྱ་བ་སྣ་ཚོགས་ཐོག་གཞི་བྱས་ཏེ། ང་ཚོར་ཚེ་ཐུང་བའམ་རིང་བའི་ཁྱད་པར་ཡོང་གི་ཡོད་པ་དང་། ཚེ་འདིའི་ནང་ང་ཚོས་བྱ་བ་མང་པོ་ཞིག་སྒྲུབ་ཐུབ་ཀྱི་ཡོད། ལས་ལ་བརྟེན་པའི་གླིང་ངམ་ལྷོ་འཛམ་བུ་གླིང་འདིར་ང་ཚོ་སྐྱེས་སྟབས། ཚེ་འདིའི་ནང་ང་ཚོའི་ལས་ལ་བརྟེན་ནས་གང་ཡང་རུང་བ་ཞིག་སྒྲུབ་ཐུབ་པ་སྲིད་པ་ཡིན། དེར་བརྟེན་དལ་འབྱོར་མི་ལུས་ནི་དངོས་གནས་སྟོབས་ཤུགས་ཧ་ཅང་ཆེ་བ་ཞིག་ཡིན། དེའི་སྟེང་ཅི་སྟེ་དལ་འབྱོར་མི་ལུས་འདི་ལ་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ཚང་ཡོད་ན། བརྒྱད་པོ་དེ་སོ་སོའི་རྒྱུ་དང་རང་བཞིན་ལ་བསམ་བློ་གཏོང་བའི་སྐབས། ང་ཚོས་སོ་སོའི་དམིགས་ཡུལ་སྒྲུབ་པའི་ནུས་པ་གོང་སྤེལ་གཏོང་ཐུབ། ནུས་པ་དེ་འདྲ་ཡོད་པ་དེ་ཕར་གཡུགས་ནས་འཇོག་པ་ནི་དོན་དངོས་སུ་འཕྲོ་བརླག་རང་མ་རེད་དམ། དེ་ནི་ང་ཚོར་གསེར་ལས་གྲུབ་པའི་རྩ་ཆེའི་ཕ་མེས་ནས་བརྒྱུད་པའི་ནོར་བུ་ཞིག་སོ་སོའི་མི་ཚེའི་འཚོ་ཐབས་ཀྱི་རྟེན་གཞིར་བེད་སྤྱོད་གཏོང་རྒྱུའི་ཚབ་ཏུ་ཆུད་ཟོས་སུ་བཏང་ན། བློ་ཕམ་དགོས་པ་ཞིག་ཡིན་པ་དང་གཅིག་པ་རེད།
(མཆན། དལ་འབྱོར་མི་ལུས་ཀྱི་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ནི།
- ཚེ་རིང་པོར་སྐྱེ་བ།
- གཟུགས་མཛེས་པར་སྐྱེ་བ།
- ཁྱིམ་ཚང་ལེགས་པ་དང་རིགས་རུས་བཟང་བར་སྐྱེ་བ།
- རྒྱུ་ནོར་དང་ལྡན་པ།
- ངག་སྙན་པ།
- སྟོབས་དང་ཤུགས་ལྡན་པ།
- ལུས་སེམས་གཉིས་སྟོབས་དང་ལྡན་པ།
- ཕོ་རུ་སྐྱེ་བ། དེ་ཡང་སྲོལ་རྒྱུན་གྱི་སྤྱི་ཚོགས་ཁྲོད་ཕོ་ལ་གོ་སྐབས་མང་བ་འཐོབ་པར་བརྩི།)
དལ་འབྱོར་མི་ལུས་འདི་ཆུད་ཟོས་སུ་གཏོང་བ་ང་ཚོས་ཤེས་པའི་སྐབས། ཐ་ན་སྐད་ཅིག་གཅིག་ཆུད་ཟོས་སུ་བཏང་ཀྱང་གྱོང་གུད་ཧ་ཅང་ཆེན་པོ་ཡིན། དེ་ནི་ང་ཚོའི་དལ་འབྱོར་མི་ལུས་ངོས་འཛིན་བྱེད་པ་ཡིན། གསུང་རབ་ནང་དལ་འབྱོར་མི་ལུས་ཀྱི་ཕན་ཡོན་ནི་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པའི་ས་བོན་དང་། མཆོག་གི་དངོས་གྲུབ་རྙེད་པའི་ནོར་བུ་ཞིག་དང་འདྲ་བར་གསུང་གི་ཡོད། སྤྱོད་འཇུག་ནང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། ཞེས་གསུངས། འོན་ཏེ་རྙེད་དཀའ་བའི་དལ་འབྱོར་འདི་རྙེད་ཅིང་། རྣམ་འབྱེད་ཀྱི་ཤེས་རབ་ཡོད་པའི་སྐབས་འདིར། ཅི་སྟེ་རང་གིས་རང་ལན་གཅིག་བསྐྱར་དུ་དམྱལ་བར་ལྷུང་བཅུག་ན། ངན་སྔགས་ཀྱིས་གླེན་པ་བཟོས་པ་དང་འདྲ་བར། རྣམ་འབྱེད་ཀྱི་བློ་གྲོས་མེད་པ་དང་གཉིས་སུ་མེད། གལ་ཏེ་རང་ཉིད་གླེན་པ་བཟོ་མཁན་གྱི་རྐྱེན་གང་ཡིན་མི་ཤེས་ན། རང་གི་ཀླད་པའི་ནང་ག་རེ་ཡོད་དམ།
ཞི་བ་ལྷའི་གསུང་འདི་དང་འདྲ་བར་འཕགས་པ་དཔའ་བོས། ང་ཚོར་རྩ་ཆེའི་གོ་སྐབས་འདི་འདྲ་ཡོད་པའི་སྐབས། ངེས་པར་དུ་མི་ཤོར་བ་བྱེད་དགོས། གང་ཡིན་ཟེར་ན། གལ་ཏེ་བཟོད་པར་དཀའ་བའི་གནས་ཤིག་ཏུ་ལྟུང་ན། དམྱལ་བའི་ནང་སེམས་ཅན་རྣམས་སྡུག་བསྔལ་གྱིས་མནར་བ་ལྟར། ང་ཚོར་སོ་སོའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་མེད། ཅེས་གསུངས། དེར་བརྟེན་ང་ཚོར་གང་འབྱུང་བ་དེ་དག་ལ་ཁ་གཏད་དུ་བྱ་བ་ཞིག་བྱེད་པའི་ནུས་པ་ཡོད་པའི་སྐབས་འདིར། ང་ཚོས་རང་ཉིད་སྐལ་བ་བཟང་པོ་ཡིན་ཚུལ་ལ་བསམ་བློ་གཏོང་དགོས།
དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ལུས་འདི་ཡང་ནས་ཡང་དུ་འཐོབ་སླ་བ་ཞིག་ཡིན་ན། སེམས་སྡུག་བྱེད་དགོས་མེད། ཕྲུ་གུ་ཞིག་དང་འདྲ་བར། གལ་ཏེ་ང་ལ་དེ་རིང་ངམ་སང་ཉིན་མ་ཐོབ་ཀྱང་། མྱུར་དུ་འཐོབ་ངེས་རེད་ཅེས་ང་ཚོས་བསམ་བློ་གཏོང་སྲིད། དེ་ལྟར་ཡིན་ན། གནས་ཚུལ་ཐ་དད་རེད། འོན་ཀྱང་དོན་དངོས་ཐོག་མིའི་ལུས་རྟེན་འདི་ཧ་ཅང་དཀོན་པོ་དང་རྙེད་དཀའ་ཞིག་ཡིན། དེ་ཤེས་པར་ཐོག་མར་ང་ཚོས་ལས་རྒྱུ་འབྲས་ཀྱི་ཐོག་བསམ་བློ་གཏོང་དགོས། ཅི་སྟེ་རྒྱུ་དེ་དཀོན་པོ་མིན་ན། འབྲས་བུའང་དཀོན་པོ་མེད། འོན་ཀྱང་རྒྱུད་དེ་དག་ཧ་ཅང་དཀོན་པོ་ཡོད།
གཞི་རྩའི་ནང་པའི་ལྟ་གྲུབ་དང་ལྟ་ཚུལ་ནི་ཆོས་ཐམས་ཅད་ཆོས་གཞན་ཞིག་ལ་བརྟེན་ནས་བྱུང་ཞིང་། ཐམས་ཅད་རྒྱུ་ལས་བྱུང་། རྩ་ཆེའི་མིའི་ལུས་རྟེན་འདི་ནི་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་མིན་པར་རྒྱུ་རྣམས་ལས་བྱུང་། འཚོ་བཞིན་པའི་འགྲོ་བ་མི་རྣམས་རང་གི་ཕ་མའི་ཁུ་ཁྲག་ལས་བྱུང་བ་དང་། ཕ་མ་རྣམས་ཀྱི་རང་གི་རྒྱུར་གྱུར་པའི་ཕ་མའི་ཁུ་ཁྲག་ལས་བྱུང་། དེ་ལྟར་སེམས་ཅན་གྱི་འཕེལ་རིམ་གྱི་ཡ་མཐར་གཏུགས་དགོས། སེམས་ཅན་རྣམས་འཇིག་རྟེན་གྱི་ཁམས་འདི་འགོ་འཛུགས་བཞིན་པའི་ཁོར་ཡུག་ཅིག་གི་ནང་འཚར་ལོངས་བྱུང་། འཇིག་རྟེན་དེ་གྲུབ་པའང་སྐབས་དེ་དུས་མ་གྲུབ་པའི་འཇིག་རྟེན་གཞན་ཞིག་ལས་བྱུང་། དེ་ལྟར་སྔོན་གྱི་རྒྱུན་འཁོར་ཞིག་ལས་རིམ་གྱིས་ཡར་རྒྱས་ཕྱིན་ནས། མཇུག་འབྲས་ཚང་མ་མཐུན་པའི་རྒྱུ་དང་ལས་སྣ་ཚོགས་ཤིག་ལས་བྱུང་། འཇིག་རྟེན་ཁམས་ཀྱི་ནང་སེམས་ཅན་འདྲ་མིན་རྣམས་རྒྱུ་སྣ་ཚོགས་ལས་བྱུང་བ་ལྟར། ང་ཚོའི་སེམས་རྒྱུད་དང་ཚེ་སྲོག་གི་རྣམ་པ་ལའང་འགྲོ་སྟངས་དེ་དང་གཅིག་མཚུངས་ཡིན། སྔོན་མ་ང་ཚོས་བྱས་པའི་ལས་ཀྱི་འབྲས་བུར་ད་ལྟའི་སྐྱེ་བ་འདི་བྱུང་། ད་ལྟ་གང་བྱས་པ་དང་བྱེད་བཞིན་པས་མ་འོངས་པའི་སྐྱེ་བ་ཐག་གཅོད་བྱེད་ཀྱི་ཡོད།
ང་ཚོའི་སེམས་རྒྱུད་ནི་དུས་རྟག་དུ་འགྱུར་བ་མེད་པར་གནས་ཀྱི་མེད། དེ་ནི་མི་སྐྱ་དང་། གྲྭ་པ། བཙུན་མ་བཅས་ལ་ཐ་དད་ཡིན། གྲྭ་བཙུན་རྣམས་ཀྱིས་རང་གི་མི་ཚེ་གང་པོ་འདི་མཐའ་གཅིག་ཏུ་ཆོས་ལ་དམིགས་བསལ་དོ་དབྱིངས་བྱེད་ཀྱི་ཡོད། གྲྭ་བཙུན་ཆགས་པར་ག་རེ་དགོས་སམ། ཐོག་མར་སངས་རྒྱས་ལས་བྱུང་བའི་གྲྭ་བཙུན་གྱི་སྡོམ་པ་དང་། སྦྱོང་བརྡར་སྣ་ཚོགས། སྡོམ་སེམས་སོགས་ཀྱིས་ཁོང་ཚོའི་སེམས་རྒྱུད་ལ་ཤུགས་རྐྱེན་སྦྱིན་གྱི་ཡོད། དེ་ཡང་རྒྱུའི་རིམ་པ་ལས་བྱུང་། དཔེར་ན། གྲྭ་པ་ཞིག་གིས། མ་གཞི་ང་རང་གྲྭ་པ་ཞིག་བྱས་ངས་བསླབ་ཁྲིམས་ཚང་མ་སྲུང་ཀྱང་། ཅི་སྟེ་ངའི་སེམས་རྒྱུད་ལ་ཉོན་མོངས་ཀྱི་སྐྱོན་གོས་ན། ང་ལ་ཡོད་པའི་གོ་སྐབས་དེ་ཆུད་ཟོས་སུ་འགྲོ་ངེས་རེད་ཅེས་བསམ་བློ་གཏོང་སྲིད། དེར་བརྟེན་ང་ཚོས་སོ་སོར་ཡོད་པའི་གོ་སྐབས་དང་དུས་ཚོད་རྣམས་ཚུལ་བཞིན་དུ་བེད་སྤྱོད་གཏོང་རྒྱུ་གལ་ཆེ། ཞོགས་པ་གཉིད་ལས་སད་པ་དང་། ང་ཚོས་ཁ་འདོན་དང་སྨོན་ལམ་སྣ་ཚོགས་འདོན་གྱི་ཡོད། གལ་ཏེ་ང་ཚོའི་སེམས་གཡེངས་ཕྱིན་པ་ན། ཚུར་འགུགས་ཐབས་བྱེད་ཀྱི་ཡོད། སོ་སོའི་སེམས་སྒོམ་གྱི་ཐོག་རིག་པ་སྒྲིམ་རྒྱུར་ཐ་ན་རང་གིས་རང་ལ་འགྲམ་ལྕག་གཞུས་དགོས་ནའང་། ང་ཚོས་གོ་སྐབས་འཕྲོ་བརླག་མི་འགྲོ་བ་བྱེད་དགོས།
ང་ཚོས་དམིགས་བསལ་དོ་ནན་བྱེད་དགོས་ས་གཅིག་ནི་ཁོང་ཁྲོ་ཡིན། གལ་སྲིད་གཞན་ལ་ཁོང་ཁྲོ་བཟའ་ན། སྤྱོད་འཇུག་ནང་ཞི་བ་ལྷས། ཁོང་ཁྲོས་ང་ཚོའི་སེམས་རྒྱུད་དུ་བསགས་པའི་དགེ་བའི་ལས་མཐའ་དག་སྐད་ཅིག་ཉིད་དུ་འཇོམས་པ་ཡིན་ཞེས་གསུངས་ཡོད། ཞི་བ་ལྷས་ད་དུང་ཁོང་ཁྲོའི་རྒྱུ་མང་པོ་ཡོད་པ་གསུངས། གང་ཡིན་ཞེ་ན། སོ་སོར་ཁོང་ཁྲོ་སློང་མཁན་ལ་ང་ཚོས་ཕར་ཁོང་ཁྲོ་བྱེད་པ་ཙམ་མིན་པར། ད་དུང་ང་ཚོས་བྱེའུ་སོགས་ཀྱིས་སྐད་ཅོར་བརྒྱབ་པ་ན་དེ་ལ་ཡང་བཟོད་མི་ཐུབ་པར་ཁོང་ཁྲོ་བཟའ་གི་ཡོད། ང་ཚོས་དགོས་མེད་དུ་གཞན་ལ་ཁོང་ཁྲོ་བྱེད་ཀྱི་ཡོད། དེ་ལ་ང་ཚོས་གཟབ་ནན་ངང་ཤེས་རྟོགས་བྱས་ནས་གཉེན་པོ་སྟེན་ཐབས་བྱེད་དགོས། དེ་བཞིན་ཡིད་དུ་མི་འཐད་པའི་དངོས་པོ་ཞིག་མཐོང་སྐབས་སེམས་འཁྲུགས་འགྲོ་གི་ཡོད། མཚན་མོ་ཁྱིས་སྐད་བརྒྱབ་སྟེ་གཉིད་དཀྲོག་ནའང་ཁོང་ཁྲོ་བཟའ་གི་ཡོད། འོན་ཏེ་མི་གསོད་ཁྲག་སྦྱོར་དང་། མནར་གཅོད། མི་ལ་སྡུག་བསྔལ་བཟོས་པར་དག་སྐྱེལ་བྱེད་མཁན་རྒྱ་ནག་དམར་ཤོག་དང་བསྡུར་ན། ང་ཚོས་དེ་ཙམ་སྡུག་ཅག་གལ་མིན། མ་མཐར་ང་ཚོས་ཆོས་དང་མཐུན་པའི་བྱ་བ་བཟང་པོ་བྱ་ཐབས་བྱེད་དགོས་པ་དང་། ལམ་མ་ནོར་བ་ཞིག་ཏུ་འགྲོ་ཐབས་བྱེད་དགོས།
ང་ཚོས་སློབ་སྦྱོང་ཞིག་བྱས། དེ་རྗེས་སྤོབས་པ་ཆེན་པོས། “ངས་གཞུང་འདི་དཔྱིས་ཕྱིན་པ་ཤེས་ཀྱི་ཡོད། ང་དགེ་རྒན་ཡག་པོ་ཞིག་ཡིན། ལས་འགན་ཚང་མ་ངའི་ཕྲག་པར་ལྷུང་ཡོད། ངས་ཚང་མར་སློབ་ཁྲིད་བྱེད་ཀྱི་ཡིན།” ཞེས་སོགས་བསམ་བློ་འཁོར་གྱི་ཡོད། གལ་ཏེ་ང་ཚོར་དེ་ལྟའི་སྤོབས་པ་དང་། ལྷག་པར་དུ་ང་ཚོའི་ཀུན་སློང་དེ་དངུལ་གང་མང་བཟོ་རྒྱུ་དང་སྐད་གྲགས་ཡོང་རྒྱུའི་ཆེད་དུ་ཡིན་ན། རང་གིས་སློབ་སྦྱོང་གང་ཤེས་པ་རྣམས་ཆུད་ཟོས་སུ་འགྲོ་བ་དང་། དོན་མེད་དུ་འགྱུར་རྒྱུ་རེད། སེམས་དོན་གྱི་ལམ་མ་ནོར་བ་ཞིག་ཏུ་མི་འགྲོ་མཁན་གྱི་མི་རྣམས་ཐང་ཆད་པའི་བོང་བུ་ཞིག་ལམ་སྟེང་དུ་བསྡད་དེ་མདུན་སྐྱོད་རྩ་བ་ནས་མི་བྱེད་པ་ཞིག་དང་མཚུངས།
ཆོས་ལུགས་གང་ཡང་བདེན་པར་མི་བཟུང་བ་དང་སྐྱོན་འཛུགས་ཀྱང་མི་བྱེད་མཁན་གྱི་རྒྱ་རིགས་རྣམས་འདིར་ཆོས་ལུགས་ཀྱི་ཉམས་ལེན་འདྲ་མིན་བྱེད་ཀྱི་ཡོད་མདོག་མདོག་བྱས་ཏེ་གྲྭ་ཆས་གྱོན་ནས་སྡོད་མཁན་ང་ཚོ་ལས་སྡུག་པ་གང་ཡང་མེད། ང་ཚོས་ཉམས་ལེན་བྱ་རྒྱུའི་ཚབ་ཏུ་དུས་ཚོད་མང་ཆེ་བ་གཡོན་ཕྱོགས་ཀྱི་གྲྭ་པ་འདིས་འདི་འདྲ་བྱས་བཞག །ཡང་གཡས་ཕྱོགས་ཀྱི་གྲྭ་པ་དེས་འདི་འདྲ་བྱས་འདུག་ཅེས་གཞན་ལ་སྐྱོན་འཛུགས་རྐྱང་རྐྱང་བྱས་ནས་སྡོད་ཀྱི་ཡོད། དེ་ལྟར་བྱས་ན། ཆོས་ལུགས་གང་ལའང་སྐྱོན་འདོགས་མི་བྱེད་མཁན་རྒྱ་མི་ལས་སྡུག་པའི་མི་དགེ་བའི་ལས་གསོག་གི་ཡོད།
གལ་སྲིད་ང་ཚོས་སྐྱེ་བ་འདིའི་ནང་སྐྱེ་བ་ཕྱི་མར་དལ་འབྱོར་མི་ལུས་འཐོབ་པའི་རྒྱུ་རྣམས་མ་བསགས་ན། དེ་ལྟའི་སྐྱེ་བ་ལེན་རྒྱུ་ཧ་ཅང་ཁག་པོ་ཡིན། ང་ཚོས་མིའི་ལུས་རྟེན་འདིའི་རང་བཞིན་དང་གྲངས་ཀྱི་ཐོག་ནས་དེ་དཀོན་པོ་ཡིན་ཚུལ་བརྟག་དཔྱད་བྱེད་ཐུབ། དཔེར་ན། དོན་དངོས་ཐོག་མི་ལས་མང་བའི་འབུ་སྲིན་སོགས་ཧ་ཅང་མང་པོ་ཡོད། ཐ་ན་ང་ཚོས་དམྱལ་བ་དང་ཡི་དགས་སོགས་ངན་སོང་གི་སྡུག་བསྔལ་ལ་བསམ་བློ་མ་བཏང་ནའང་། ང་ཚོས་དེ་དག་དངོས་སུ་མཐོང་ཐུབ་ཀྱི་མེད་སྟབས། ད་དུང་ང་ཚོས་འཛམ་གླིང་ནང་གི་དུད་འགྲོ་དང་འབུ་སྲིན་གྱི་གྲངས་ཏག་ཏག་ཅིག་གྲངས་ཀ་བརྩི་མི་ཐུབ། དེར་བརྟེན་ཚེ་སྲོག་རེ་རེའི་དངོས་ཀྱི་གྲངས་ཀྱི་ཐོག་ནས་བལྟས་ན། མིའི་ལུས་རྟེན་ཐོབ་པ་ནི་གྲངས་ཧ་ཅང་ཉུང་ཉུང་ཡིན་པ་མཐོང་ཐུབ།
གོ་ལ་ཡོངས་ཀྱི་མི་འབོར་རོབ་བརྩིས་བྱས་ན་ཐེར་འབུམ་བཞི་དང་གྲངས་ཆུང་བརྒྱད་ལྷག་ཡོད། གྲངས་རྩིས་རིག་པ་དང་རྒྱུ་གང་གི་ཐོག་ནས་བལྟས་ཀྱང་། གྲངས་ཚད་དེའི་ནང་མིའི་ལུས་རྟེན་ཚད་དང་ལྡན་པ་ཐོབ་མཁན་ཇི་ཙམ་ཡོད་དམ། དོན་དངོས་སུ་ང་ཚོར་མིའི་ལུས་རྟེན་ཐོབ་པའི་རྒྱུ་དང་རྐྱེན་ཆ་ཚང་བ་ཡོད་མེད་ང་ཚོས་རང་གིས་རང་ལ་དྲི་བ་སྐུལ་དགོས། ང་ཚོས་དེ་ལྟར་བསམ་བློ་བཏང་ན། དལ་འབྱོར་མི་ལུས་ཐོབ་པའི་ཁ་གཏད་དང་དེའི་ཐོབ་བྱེད་ཀྱི་རྒྱུ་དང་རྐྱེན་གསོག་རྒྱུ་ཁག་པོ་ཡིན་ཚུལ་ཐད་ཡི་རང་བྱེད་ཐུབ།
ནང་ཆོས་ཐོག་མར་སྲོལ་གཏོད་མཛད་པར་གཞིགས་ན། དེ་ནི་སངས་རྒྱས་རྣམས་ཀྱི་ཁེ་ཕན་སླད་སྲོལ་གཏད་པ་ཞིག་མིན། འོན་ཏེ་ང་ཚོ་དང་འདྲ་བར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་གཞན་སེམས་ཅན་རྣམས་ཀྱི་ཆེད་དུ་ཡིན། དེ་ཡང་ང་ཚོའི་སེམས་ཚོད་འཛིན་དང་འདུལ་བའི་ཆེད་དུ་གསུངས། དེའི་ཕྱིར་སྒྲུབ་ཕྱོགས་ཀྱི་གནས་སྟངས་གང་ཡོད་དམ། ཅི་སྟེ་ང་ཚོར་ཕྱིའི་མཐུན་རྐྱེན་དགེ་བའི་བཤེས་གཉེན་ཚད་ལྡན་དང་། ནང་གི་མཐུན་རྐྱེན་དལ་འབྱོར་མི་ལུས་ཐོབ་ན། ཡར་རྒྱས་འགྲོ་རྒྱུའི་ནུས་པ་དང་དམིགས་ཡུལ་སྒྲུབ་པའི་ནུས་པ་ཡོད། ད་དུང་ང་ཚོས་སངས་རྒྱས་ཀྱི་རིགས་ཀྱི་ཆ་ནས་གཏིང་ཟབ་པ་དང་ཞིབ་ཚགས་པོ་བསམ་བློ་བཏང་ན། ང་ཚོར་ཡང་མཐར་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡོད་དོ་ཅོག་ཚང་ཡོད། རྒྱུ་དང་གནས་སོགས་གང་གི་ཆ་ནས་བལྟས་ཀྱང་ང་ཚོས་དམིགས་ཡུལ་དེ་སྒྲུབ་མི་ཐུབ་པའི་རྒྱུ་མཚན་ཅི་ཡང་མེད། ད་ལྟའི་དུས་ཚོད་འདི་ཆུད་ཟོས་སུ་གཏོང་མི་ཉན་ཞེས་པའི་བསླབ་བྱ་ནི་ལོ་རྗེས་མར་མ་ཡིན་པར་ད་ལྟ་རང་ངམ་མི་རིང་བར་ང་ཚོས་ངེས་པར་དུ་དོ་ནན་དགོས་པ་ཞིག་ཡིན། ང་ཚོས་ད་ལྟའི་གོ་སྐབས་དེ་འཕྲོ་བརླག་གཏོང་མི་རུང་། གང་ཡིན་ཞེ་ན། མི་ཚེ་ནི་ཐུང་ཐུང་ཞིག་ཏུ་འགྱུར་ཡང་སྲིད། དལ་འབྱོར་མི་ལུས་ལ་བརྟེན་ནས་འཐོབ་ཐུབ་པའི་ཁེ་ཕན་ལེགས་ཤོས་དེ་ནི་བྱང་ཆུབ་སེམས་གོང་སྤེལ་གཏོང་ཐུབ་པའི་གོ་སྐབས་ཡོད་པ་དེ་ཡིན།
དེར་བརྟེན་ང་ཚོས་དལ་འབྱོར་མི་ལུས་འདི་ཇི་ལྟར་དཀོན་པོ་དང་ཐུང་ཐུང་ཡིན་ལུགས་ཐད་བསམ་ཞིབ་གཏིང་ཟབ་བྱེད་དགོས། དེ་བཞིན་བློ་ཐག་ཆོད་པོས་མིའི་ལུས་རྟེན་འདི་གང་ཐུབ་ཅི་ཐུབ་ཀྱིས་བེད་སྤྱོད་ཡག་པོ་ཞིག་གཏོང་རྒྱུར་ཆོད་སེམས་ཤིག་འཇོག་དགོས། དེ་ཡང་བྱང་ཆུབ་སེམས་རྒྱུད་དུ་སྦྱོང་རྒྱུའི་དམིགས་ཡུལ་དང་བཅས་སྨོན་ལམ་འདེབས་པ་དང་གསོལ་འདེབས་ཞུ་དགོས། དེ་ལྟ་བས་ན་སྔོན་འགྲོའི་ཆ་ཤས་དང་པོ་དེ་རྫོགས་པ་ཡིན།།