སྔོན་འགྲོའི་རིམ་པ།

ངས་སྔོན་འགྲོའི་རིམ་པ་ཞིག་གི་ཐོག་ནས་འཛིན་གྲྭ་འཁྲིད་རྒྱུ་འགོ་འཛུགས་བྱེད་འདོད་འདུག །སྔོན་འགྲོའི་རིམ་པ་འདི་དག་ནི་ང་ཚོ་ཞི་འཇམ་བཟོ་བ་དང་སྒོམ་རྒྱག་པ་དང་ཆོས་ཉན་པའི་སྐབས་སེམས་ཀྱི་གནས་བབས་རན་འཚམས་ཤིག་གི་ནང་གནས་པར་ཕན་པའི་ཐབས་ལམ་སྣ་ཚོགས་པ་དག་ཡིན། གནད་དོན་ཞིག་ཆ་ཚང་བ་རྟོགས་ཐུབ་པར། ང་ཚོས་དེའི་ནང་དལ་པོའི་ངང་དང་འོས་འཚམས་སུ་འཇུག་དགོས། དེ་ནི་སྔོན་འགྲོ་ཉམས་ལེན་གྱི་དགོས་དོན་དེ་ཡིན།

སྒོམ་རྒྱག་པ་དང་ཆོས་ཉན་པར་མཐུན་པའི་རྐྱེན་དུ་གྱུར་བའི་སེམས་ཀྱི་གནས་བབས་ཤིག་ལ་འཇུག་པར་ལམ་ཁ་མི་འདྲ་བ་མང་པོ་ཡོད། ངས་ནམ་རྒྱུན་འབྱུང་ངེས་ཀྱི་གནས་སྟངས་མང་པོ་ལས་གཅིག་གི་རྗེས་སུ་འབྲང་གི་ཡོད། ཐབས་ལམ་དེ་ནི་དབུགས་ཀྱི་གྲངས་ཀ་བརྩི་བ་ནས་འགོ་བཙུག་གི་ཡོད། སོ་སོའི་ལས་ཀ་དང་འདིར་འགྲིམ་འགྲུལ་བྱས་ནས་སླེབས་པ་སོགས་ལ་བརྟེན་ནས་སེམས་དང་སེམས་ཚོར་གཉིས་ཀའི་ཆ་ནས་རྣམ་པར་གཡེང་བའི་སྐབས། ཐོག་མར་བཏང་སྙོམས་ཀྱི་གནས་བབས་ཤིག་གི་སྟེང་དུ་ཞི་འཇམ་བཟོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེ། དེས་ང་ཚོ་ལྷོད་ཡངས་ཡོང་བར་ཕན་གྱི་ཡོད། དེ་ལྟར་བྱེད་པར་ང་ཚོས་ནམ་རྒྱུན་འཆར་ཅན་ལྟར་སྣ་ཁུང་ནས་དབུགས་གཏོང་དགོས་ཤིང་། དེ་ཡང་ཧ་ཅང་མགྱོགས་པོ་མ་ཡིན་ལ་ཧ་ཅང་དལ་པོའང་མ་ཡིན་པ། དེ་བཞིན་ཧ་ཅང་གཏིང་རིང་པོ་མ་ཡིན་ལ་ཧ་ཅང་ཐུང་ངུ་མ་ཡིན་པའི་ཐོག་དབུགས་གཏོང་ལེན་བྱེད་དགོས། དབུགས་གཏོང་ལེན་གྱི་རིམ་པ་དེ་ཡང་། ཐོག་མར་དབུགས་ཕྱིར་གཏོང་བ་དང་། དེ་ནས་ཏོག་ཙམ་བཀག་དགོས། དེ་གང་ཡིན་ཞེ་ན། ཏོག་ཙམ་བཀག་པ་སོང་ཙང་། ང་ཚོས་རང་བཞིན་གྱིས་དབུགས་ནང་དུ་གཏིང་རིང་བ་རྔུབ་ཀྱི་ཡོད། དེ་ནི་བསམ་བཞིན་དུ་དབུགས་རིང་གཏོང་ལེན་བྱེད་པ་ལས་ཀྱང་ལྷོད་ཡངས་ཆེ་བའི་དབུགས་རིང་གཏོང་ལེན་བྱེད་པ་ཞིག་ཡིན། ང་ཚོས་དབུགས་ནང་དུ་རང་འཇགས་རྔུབ་པ་དང་སེམས་ནང་དེ་ལ་གྲངས་ཀ་གཅིག་བརྩི་དགོས། ནང་དུ་རྔུབ་རྗེས་དབུགས་མ་བཀག་པར་ལམ་སེང་ཕྱིར་གཏོང་དགོས། དེ་ལྟར་དབུགས་གཏོང་ལེན་ཐེངས་བཅུ་གཅིག་བྱས་ཏེ། དེ་ནས་རང་སོ་སོའི་མགྱོགས་ཚད་ལ་ལྟོས་ཏེ་གྲངས་བཅུ་གཅིག་དེ་ཐེངས་གཉིས་གསུམ་ཡང་ནས་ཡང་དུ་བྱེད་དགོས། དབུགས་ཀྱི་གྲངས་ཀར་ཁྱད་པར་མེད། ང་ཚོས་ག་ཚོད་བར་དུ་བརྩིས་ནའང་འགྲིགས། དེའི་ཐད་རྣམ་རྟོག་སྐྱེ་དགོས་ཡག་མེད། འདིའི་དོན་ནི་སེམས་ནང་གི་ངག་གི་ནུས་པ་དེ་གཅིག་ལ་དབང་དུ་བསྒྱུར་བ་དང་དེ་ལ་བརྟེན་ནས་ང་ཚོས་དབུགས་ལ་དམིགས་པ་གཏད་བཞིན་པའི་སྐབས། བསམ་བློ་གཞན་ཞིག་གཏོང་གི་མེད། ང་ཚོས་དེ་ལྟ་བྱ་རྒྱུ་ཡིན།

ང་ཚོ་ཞི་འཇམ་ཆགས་ཚར་བའི་རྗེས་སོ་སོའི་ནུས་པ་དང་། རང་གི་སེམས། སེམས་ཚོར་རྣམས་བཟང་ཕྱོགས་དགེ་བའི་ལམ་དུ་འགྲོ་ཐབས་བྱེད་དགོས། དེ་ཡང་རང་གི་ཀུན་སློང་ལ་ངེས་བརྟན་བཟོ་བའི་སྒོ་ནས་བྱེད་དགོས། ང་ཚོ་འདིར་སླེབས་པའི་རྒྱུ་མཚན་གང་རེད་དམ། ང་ཚོ་འདིར་སླེབས་པ་དང་སྒོམ་རྒྱག་པ་ལ་བརྟེན་ནས་གང་འཐོབ་འདོད་དང་སྒྲུབ་འདོད་ཡོད་དམ། ང་ཚོར་འདིར་སླེབས་པའི་རྒྱུ་མཚན་ནི། རང་གི་མི་ཚེར་ཕན་པའི་ཐབས་ལམ་སྔར་ལས་མང་བ་རང་ཉིད་སྒེར་གྱིས་ལག་བསྟར་བྱ་རྒྱུ་སྦྱོང་ཕྱིར་ཡིན། ང་ཚོ་འདིར་སྤྲོ་སེང་དང་སྐྱོ་སངས་ཡང་ན་ཤེས་བྱ་ཙམ་གྱི་ཆེད་དུ་སླེབས་པ་མིན། ང་ཚོར་འདིར་ཁ་ཡོད་ལག་ཡོད་ཀྱི་གནད་དོན་སྦྱོང་ཕྱིར་སླེབས་པ་རེད། སྒོམ་རྒྱག་པའི་སྐབས་སུའང་གཅིག་པ་གཅིག་རྐྱང་རེད། དེ་ཡང་ལྷོད་ཡངས་དང་། དོ་དབྱིངས། རྩེད་མོའི་རིགས་ཁོན་ནའི་དོན་དུ་མིན། ང་ཚོའི་མི་ཚེའི་ནང་བཀོལ་ཆོག་པའི་ཕན་ཐོགས་ཅན་གྱི་གོམས་གཤིས་རྣམས་གོང་དུ་སྤེལ་བའི་ཆེད་སྒོམ་རྒྱག་གི་ཡོད།

ང་ཚོས་དེ་དགེ་རྒན་ཐུགས་མཉེས་ཕྱིར་བྱེད་ཀྱི་མེད། ང་ཚོས་དེ་ཕན་ཐོགས་ཅན་ཞིག་ཡིན་པར་ངེས་ཤེས་རྙེད་པ་སོང་ཙང་། དེ་ལྟར་བྱེད་ཀྱི་ཡོད། ང་ཚོས་ཁ་ཡོད་ལག་ཡོད་ཀྱི་གནད་དོན་ཞིག་ལ་ཉན་འདོད་ཡོད། གང་ཡིན་ཟེར་ན། མི་ཚེའི་ནང་སྔར་ལས་ཐབས་མཁས་པའི་སྒོ་ནས་དཀའ་ངལ་རྣམས་ལ་གདོང་ལེན་ཐུབ་པ་དང་། ང་ཚོའི་མི་ཚེ་ཏོག་ཙམ་བཟང་དུ་གཏོང་བ་ཙམ་མིན་པར། མཐར་མུ་མཐུད་དེ་ང་ཚོར་ཡོད་པའི་དཀའ་ངལ་ཆ་ཚང་ལས་ཐར་བར་བྱ་རྒྱུའི་འདོད་པ་ཡོད། གཞན་ཐམས་ཅད་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་པའི་ཆེད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཕན་པའི་ཐབས་ལམ་སྣ་ཚོགས་ལ་སྦྱོང་འདོད་ཡོད།

ང་ཚོས་ཀུན་སློང་ལ་སླར་ཡང་ངེས་བརྟན་བཟོ་བའི་སྐབས། གསུང་ཆོས་འདིའི་སྐབས་སུ་གང་བྱེད་བཞིན་ཡོད་པ་གཅིག་པུར་བལྟ་བ་ཙམ་མིན་པར། མཐར་ཐུག་གི་དམིགས་ཡུལ་ཐོག་བལྟ་རྒྱུ་དེའང་གལ་ཆེན་པོ་ཡིན། ང་ཚོས་དམིགས་ཡུལ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་ཡིན་སྲིད་ཀྱང་། དེ་ནི་ཞག་གཅིག་མཚན་གཅིག་ནང་མི་འཐོབ་ལ་ནམ་རྒྱུན་རྫུ་འཕྲུལ་དེ་འདྲ་ཡོང་གི་མེད། ཆོས་ནི་རྫུ་འཕྲུལ་ཞིག་མིན། ང་ཚོས་གློ་བུར་དུ་སྡུག་བསྔལ་ཀུན་ལས་ཐར་བར་བྱེད་པའི་རྫུ་འཕྲུལ་གྱི་ཐབས་ཤིག་སྦྱོང་རྒྱུ་མིན། ང་ཚོས་ཐབས་ལམ་འགའ་ཞིག་སྦྱངས་ནས་ཉིན་རེ་ནས་ཉིན་རེ་བཞིན་བཟང་དུ་བཟང་དུ་འགྲོ་བ་ཞིག་མིན། ང་ཚོ་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་དགོས་ཀྱི་ཡོད། དངོས་དོན་དང་མཐུན་པའི་སྒོ་ནས་སྐད་ཆ་བཤད་ན། སོ་སོ་རང་ཉིད་ཀྱི་མི་ཚེའི་ཉམས་མྱོང་ལས་ཤེས་གསལ་ལྟར། ང་ཚོའི་སེམས་ཀྱི་ཉམས་འགྱུར་དང་བྱུང་བ་རྣམས་འཕེལ་འགྲིབ་འགྲོ་གི་ཡོད་པ་དང་དེ་ལྟར་མུ་མཐུད་འགྲོ་གི་རེད། ང་ཚོས་ཕུགས་རྒྱང་རིང་པོར་གནས་སྟངས་བཟང་དུ་འགྲོ་རྒྱུ་ཡིན་པར་རེ་བ་བྱེད་ཆོག་ཀྱང་། ཉིན་རེ་བཞིན་ང་ཚོར་དཀའ་ངལ་ཅན་གྱི་དུས་ཚོད་དང་འཕྲད་ཀྱིན་ཡོད། ང་ཚོ་གློ་བུར་ཐོག་རྒྱག་ལ་ཡང་བསྐྱར་སེམས་སྡུག་ནམ་ཡང་བྱེད་མི་དགོས་པ་དེ་འདྲ་མ་རེད། གལ་ཏེ་དངོས་པོའི་གནས་ལུགས་དང་མཐུན་ཞིང་ཁ་ཡོད་ལག་ཡོད་ཀྱིས་ཆོས་ཀྱི་ཐབས་ལམ་ཁག་སྦྱོང་བ་དང་དེ་དག་ཉིན་རེའི་མི་ཚེའི་ནང་སྒོམ་ཉམས་ལེན་བྱས་ན། ང་ཚོ་སེམས་ཤུགས་ཆག་གི་མ་རེད། ཐ་ན་ང་ཚོའི་མི་ཚེའི་ནང་གནས་སྟངས་ཧ་ཅང་དཀའ་ལས་ཁག་པོ་དེ་འདྲ་བྱུང་བ་དང་ད་དུང་ཡང་སེམས་སྡུག་བྱུང་ནའང་། ང་ཚོས་གདོང་ལེན་བྱེད་ཐུབ། དེ་ནི་ང་ཚོའི་ཀུན་སློང་རེད། དེ་ནི་ང་ཚོའི་དམིགས་ཡུལ་རེད། དེ་ནི་གསུང་ཆོས་ཞུ་བ་དང་སྒོམ་ཉམས་ལེན་དོན་དུ་འདིར་སླེབས་པ་ལས་གང་འཐོབ་ཐུབ་པའི་གོ་རྟོགས་དེ་ཡིན།

དེའི་སྐོར་ལ་བསྐྱར་ཞིབ་དང་བསམ་ཞིབ་བྱེད་པའི་ཐོག་དྲན་གསོ་གཏོང་དགོས་རྒྱུ་གལ་ཆེན་པོ་ཡིན། གལ་ཏེ་སྒོམ་ཐུན་ཞིག་མ་འགོ་འཛུགས་མ་བྱས་གོང་དུ་ང་ཚོ་ཧ་ཅང་སེམས་སྡུག་ཡོད་པའི་དབང་དུ་བཏང་ན། ང་ཚོས་ཁ་ལག་དང་། གྲོགས་པོ། འཁྲིག་སྤྱོད། གློག་བརྙན། ཡང་ན་སྦི་རག་སོགས་ལ་སྐྱབས་སུ་མི་བསྟེན་པར། ང་ཚོས་ཆོས་ལ་སྐྱབས་སུ་སོང་ནས་སྒོམ་ཉམས་ལེན་བརྒྱུད་སེམས་སྡུག་དེ་མེད་པ་བཟོ་དགོས། གནས་སྟངས་དེའི་ནང་དུའང་བཟི་སྨན་ཧཻ་རོ་ཡིན་ཧུབ་གཅིག་འཐུང་བ་ནང་བཞིན་སྒོམ་རྒྱག་པ་དང་ཚོར་བ་སྐྱིད་པོ་ཞིག་བྱུང་ནས་དཀའ་ངལ་ཚང་མ་སེལ་གྱི་ཡོད་པའི་རེ་བ་བྱ་རྒྱུ་མེད་པའི་ཐོགས་ཧ་ཅང་གཟབ་ནན་བྱེད་དགོས། གལ་ཏེ་དེ་ལྟར་བྱུང་ན། རྟེན་འབྲེལ་བཟང་པོར་བསམ་དགོས། གལ་ཏེ་ང་ཚོས་སྒོམ་མ་ནོར་བ་རྒྱག་ན། ང་ཚོ་སྔར་ལས་ཡག་ག་ཚོར་སྲིད་པ་ངེས། ཡིན་ནའང་དེས་བརྒྱ་ཆ་བརྒྱ་ཐམ་པ་ཚོར་བ་ཡག་ག་ཞིག་སྤྲོད་པའི་ངེས་པ་མེད། ང་ཚོ་ཧ་ཅང་ཚད་མཐོའི་ཉམས་ལེན་ལ་སླེབས་མེད་ན། ཡིད་ལ་མི་འཐད་པའི་སེམས་ཁམས་ཀྱི་ཉམས་འགྱུར་ཕལ་ཆེར་སླར་ཡང་ཡོང་ངེས་པ་ཞིག་ཡིན། ངས་ནམ་རྒྱུན་ཡང་ནས་ཡང་དུ་བཤད་པ་ལྟར། “ཁྱེད་ཀྱིས་འཁོར་བ་ལས་རེ་བ་གང་བྱེད་དམ།” ཞེས་པ་དེ་རེད།

ང་ཚོས་ཀུན་སློང་ཡང་བསྐྱར་ངེས་བརྟན་བཟོ་བའི་སྐབས། ང་ཚོས་ “འགྲིགས་སོང་། ངས་འདི་བྱེད་རྩིས་ཡོད། གང་ཡིན་ཞེ་ན། དེས་ང་ལ་ཕན་གྱི་རེད། ངས་མྱོང་བའི་དཀའ་ངལ་འདི་དག་ལས་ཐར་ནས་མཐར་གཞན་ལ་ཕན་པའི་ཕྱིར། ངས་འདི་དག་ཡང་དག་པའི་སྒོ་ནས་ལག་བསྟར་བྱེད་ཐབས་བྱེད་ཀྱི་ཡིན།” ཞེས་ཟེར་གྱི་ཡོད། ང་ཚོས་ད་ནས་བཟུང་སྟེ་ཆུ་ཚོད་ཕྱེད་ཀའི་རིང་ཚོར་བ་ཡག་པོ་མྱོང་གི་ཡོད་མེད་དེ་གནད་དོན་མ་རེད། དེ་ནི་ང་ཚོའི་དམིགས་ས་གཙོ་བོ་དེ་མ་རེད། ང་ཚོ་མི་ཚེའི་ཁ་ཕྱོགས་ཤིག་གི་ནང་འགྲོ་བཞིན་ཡོད་པ་དང་དེ་ནི་ཁ་ཕྱོགས་དེར་མུ་མཐུད་འགྲོ་རྒྱུ་བའི་ཕྱིར་དུ་ང་ཚོས་འབད་བྱེད་བཞིན་ཡོད། ཁ་ཕྱོགས་དེ་ནི་སྐྱབས་འགྲོ་རེད། ང་ཚོས་ག་དུས་ཡིན་ནའང་ཆོས་ཉན་པ་དང་སྒོམ་རྒྱག་པའི་སྐབས། ང་ཚོས་ཁ་ཕྱོགས་དེར་གོམ་པ་གཞན་ཞིག་སྤོ་གི་ཡོད། དེ་ནས་ང་ཚོས་སྐྱིད་སྡུག་གི་འཕེལ་འགྲིབ་ལ་མ་ལྟོས་པར་མུ་མཐུད་འགྲོ་དགོས། དེ་ནི་དངོས་པོའི་གནས་ལུགས་ཡིན། ང་ཚོས་དུས་ཚོད་ཏོག་ཙམ་གྱི་རིང་ཡང་བསྐྱར་དེ་ལ་ངེས་བརྟན་བཟོ་རྒྱུ་ཡིན།

དེ་ནས་ང་ཚོས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སྒོམ་རྒྱག་རྒྱུའི་ཐད་དྲན་ཤེས་ལྡན་པའི་ཐག་གཅོད་བྱེད་དགོས། དེའི་དོན་ནི་གལ་ཏེ་ང་ཚོའི་དོ་སྣང་བརླག་པའམ་སེམས་གཡེངས་ན། སླར་ཡང་དམིགས་པའི་སྟེང་དུ་ཚུར་འཇོག་པ་དང་། གལ་ཏེ་གཉིད་བྲོ་བ་ཡིན་ན། རང་གིས་རང་ལ་གཉིད་སད་ཐབས་བྱེད་དགོས། ང་ཚོའི་སེམས་གསལ་དུ་གནས་པར་ཕན་ཕྱིར་སྒལ་ཚིག་དྲང་པོར་སྲང་དགོས་པ་དང་། དེ་ཡང་པར་ཆས་ཀྱི་ནང་ཕྱི་རོལ་གྱི་དངོས་གཟུགས་དེ་ཉིད་འབུར་ཤེལ་རྒྱུད་ནས་གསལ་པོར་སྣང་བ་ལྟར་གྱི་དམིགས་རྣམ་དེ་བེད་སྤྱོད་བྱེད་ཆོག

དེ་ལྟར་ང་ཚོས་སྙོམ་སྒྲིག་ཡག་པོ་ཞིག་བཟོ་ཐུབ། དང་པོ། གལ་ཏེ་ང་ཚོ་ཏོག་ཙམ་ལྗིད་ཁོག་ཚ་པོ་དང་ནུས་དམའ་པོ་ཚོར་ན། ང་ཚོས་ལུས་ནང་གི་ནུས་པ་དེ་ཡར་འདེགས་ཐབས་བྱེད་དགོས། དེ་ལྟར་བྱེད་པར་ང་ཚོས་མིག་ཡར་བལྟས་ཏེ་སྨིན་མའི་མཚམས་སུ་དམིགས་པ་གཏད་དགོས། འོན་ཀྱང་ང་ཚོའི་མགོ་བོ་ནི་ཞི་ལྷིང་ངང་ཚད་ཏག་ཏག་གནས་དགོས།

དེ་ནས་ང་ཚོས་རླུང་དེ་གཞི་བརྟན་ཚུགས་པོ་བཟོ་བར། རླུང་དེ་ང་ཚོའི་ལུས་པོའི་ནང་ཏོག་ཙམ་རྒོད་པོ་རྒྱུ་བཞིན་ཡོད་པ་དང་ང་ཚོར་ཏོག་ཙམ་སེམས་ངལ་གནོན་ཤུགས་ཡོད་ན། ང་ཚོའི་མིག་མར་བལྟས་ཏེ་ལྟེ་བའི་མཚམས་སུ་དམིགས་པ་གཏད་དགོས། འོན་ཀྱང་ང་ཚོའི་མགོ་བོ་ནི་ཞི་ལྷིང་ངང་གནས་དགོས། ང་ཚོས་དབུགས་ནི་ནམ་རྒྱུན་འཆར་ཅན་ལྟར་ནང་དུ་བརྔུབས་ནས་ཕྱིར་མ་གཏོང་གི་བར་དུ་བཀག་ནས་བཞག་དགོས།

ངོ་སྤྲོད།

ང་ཚོའི་བློ་ན་ཆོས་སུ་བསྒྱུར་བའི་བསམ་བློ་བཞི་ ༼བློ་ལྡོག་རྣམ་བཞི་༽ ཡོད་དེ།

༡༽ དལ་འབྱོར་གྱི་མི་ལུས་རིན་ཆེན་ལ་རྗེས་སུ་ཡི་རངས་བྱ་རྒྱུར་བསམ་པ།

༢༽ འཆི་བ་དང་མི་རྟག་པར་བསམ་པ། དེ་ཡང་ང་ཚོར་ད་ལྟ་ཡོད་པའི་མི་ལུས་རིན་ཆེན་གྱི་གོ་སྐབས་འདི་ཡུན་དུ་མི་གནས་པར་བསམ་པ།

༣༽ ལས་རྒྱུ་འབྲས་ལ་བསམ་པ། ཕྱོགས་གཞན་ཞིག་ནས་ང་ཚོའི་སྤྱོད་ལམ་ལ་བརྟེན་ནས་གང་ཉམས་སུ་མྱོང་བ་ལ་ཤུགས་རྐྱེན་སྤྲོད་ཚུལ་ལ་བསམ་པ།

༤༽ འཁོར་བའི་ཉེས་དམིགས་བསམ་པ། དེ་ཡང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བར་བསམ་བློ་གཏོང་བ་བཅས་ཡིན།

གལ་ཏེ་ང་ཚོར་མི་ལུས་རིན་ཆེན་དང་མཉམ་དུ་ཐོབ་པའི་གོ་སྐབས་བཟང་པོ་རྣམས་ལ་རྗེས་སུ་ཡི་རངས་བྱེད་པ་དང་། གལ་ཏེ་ང་ཚོས་མི་ཚེ་འདི་ནི་ཡུན་དུ་གནས་རྒྱུ་མིན་པ་དང་ང་ཚོ་ནམ་ཞིག་འཆི་ངེས་ཡིན་པའི་བདེན་དོན་ལ་ངོས་འཛིན་དང་ངོས་ལེན་བྱེད་པ། ང་ཚོའི་སྤྱོད་ལམ་གྱིས་ཚེ་འདི་དང་ཤི་བའི་རྗེས་ཀྱི་སྐྱེ་བ་ཕྱི་མར་གང་ཉམས་སུ་མྱོང་རྒྱུ་ཡིན་པ་ལ་བཟོ་ལྟ་བཟོ་གི་ཡོད་པ་ངོས་འཛིན་བྱེད་པ། དེ་བཞིན་གལ་ཏེ་སྐྱེ་བ་ཕྱི་མའི་ནང་གང་ཉམས་སུ་མྱོང་བར་འགྱུར་ནའང་། དེ་དག་རྨོངས་པ་ལས་འབྱུང་གི་ཡོད་པ་དང་། དཀའ་ངལ་དང་སྡུག་བསྔལ་སྣ་མང་མྱོང་རྒྱུ་ཡིན་པ་སོང་ཙང་། ང་ཚོས་བློ་སྣ་ཆོས་ལ་བསྒྱུར་དགོས།

ཉེན་མེད་ཀྱི་ཁ་ཕྱོགས་སྐྱབས་འགྲོ།

བློ་སྣ་ཆོས་སུ་བསྒྱུར་ཞེས་པའི་དོན་གང་རེད་དམ། གཞི་རྩའི་ཆ་ནས་སྐྱབས་སུ་འགྲོ་བའི་དོན་རེད། སྐྱབས་སུ་འགྲོ་བ་དེ་ཆོས་ཚོགས་དང་དགོན་པའི་ནང་འཛུལ་ཞུགས་རྗེས་སུ་བྱ་རྒྱུ་ཞིག་མིན་པ་གང་ལ་གང་འཚམས་གསལ་པོ་རེད། དེ་ནི་སྤྱི་ཚོགས་ཀྱི་སྐྱིད་སྡུག་ཚོགས་པའམ་ཆོས་ཀྱི་ཚོགས་པ་ཞིག་གི་ནང་མཉམ་ཞུགས་བྱེད་པ་དེ་མ་ཡིན། སྐྱབས་སུ་འགྲོ་བ་ནི་ཚད་མཐོ་བའི་རིམ་པ་ཞིག་ཡིན་པ་དང་དེ་ལ་སེམས་ཀྱི་གནས་བབས་རན་ཞིང་འཚམས་པ་ཞིག་དགོས་ཀྱི་ཡོད། ངའི་བསམ་པར། ཨིན་སྐད་ནང་གི་ Taking Refuge ཞེས་པའི་ཐ་སྙད་དེ་འདང་ངེས་ཤིག་མིན་པ་དང་དེས་མཐོང་སྣང་ལོག་པ་ཞིག་སྦྱིན་གྱི་ཡོད། ཨིན་སྐད་ལྟར་བྱས་ན། དེའི་དོན་ནི། ང་ཚོ་མཐུ་ནུས་ཆེ་བའི་གང་ཟག་གམ་སྐྱེས་བུ་ཞིག་ལ་ང་བསྐྱབ་རོགས་གནང་། བསྲུང་རོགས་གནང་ཞེས་སྐྱབས་སུ་འགྲོ་བ་དང་། དེས་ང་ཚོར་སྐྱབས་ཀྱི་ཡོད་པ་ལྟ་བུ་ཧུར་བརྩོན་དང་མི་ལྡན་ཞིང་སྒྱིད་ལུག་པའི་གོ་བ་ཞིག་སྟེ། ང་ཚོས་གང་ཡང་བྱེད་མི་དགོས་པ་ལྟ་བུ་ཡོད། ནང་ཆོས་ནང་གི་སྐྱབས་འགྲོའི་དོན་འདི་འདྲ་ཤོད་ཀྱི་མེད། དེ་ལས་ལྡོག་སྟེ། ང་ཚོས་གང་ཤོད་ཀྱིན་ཡོད་ཅེ་ན། སོ་སོའི་མི་ཚེའི་ནང་ཧུར་བརྩོན་དང་ལྡན་ཞིང་། ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་འཚོལ་བ་དེ་ཡིན། རྒྱུ་མཚན་དེའི་ཕྱིར་ན་ངས་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོར་འགྲོ་བ་ Taking Safe Direction ཞེས་བརྗོད་ཀྱི་ཡོད། ང་ཚོས་ལྷག་བསམ་རྣམ་དག་གི་ཡིད་ཆེས་ལ་བརྟེན་ནས་ཉེན་མེད་ཀྱི་ཁ་ཕྱོགས་འདི་སོ་སོའི་མི་ཚེའི་ནང་མ་བསྟེན་གོང་བློ་ལྡོག་རྣམ་པ་བཞི་ཡོད་དགོས། དེས་ཁ་ཕྱོགས་དེ་གང་ཡིན་པའི་ཐོག་ང་ཚོར་ཤེས་རྟོགས་མི་ཉུང་བ་ཞིག་དགོས་པར་ཤུགས་ཀྱིས་སྟོན་གྱི་ཡོད།

ཁ་ཕྱོགས་དེ་གང་རེད་དམ། དེ་ནི་སངས་རྒྱས་དང་། ཆོས། དགེ་འདུན་གསུམ་སྟེ། དཀོན་མཆོག་གསུམ་རེད། དེའི་གོ་དོན་གང་ཡིན་ནམ། ང་ཚོས་དེ་གསུམ་ལ་ནམ་རྒྱུན་རྨང་གཞིའི་ཐོག་ནས་བལྟ་གི་ཡོད། དེ་ཡང་ང་ཚོས་ཆོས་ནི་གང་གསུངས་པའི་བཀའ་དང་། སངས་རྒྱས་ནི་ཆོས་དེ་ཞལ་ནས་གསུངས་པ་དང་རང་གི་ཉམས་རྟོགས་ཀྱི་སྒོ་ནས་དངོས་སུ་གསུང་པ་པོ་དེ་ཡིན་པ། དགེ་འདུན་ནི་ནང་པའི་ཆོས་ཀྱི་འདུས་སྡེའམ་ཆོས་ཚོགས་ལྟ་བུར་གོ་བར་བསམ་གྱི་ཡོད། དེ་ནི་དགེ་འདུན་གྱི་དོན་མ་རེད། ང་ཚོས་གནས་ལུགས་མངོན་སུམ་དུ་རྟོགས་ཤིང་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་ཡང་དག་པ་ལམ་དུ་ཞུགས་པའི་ཚད་མཐོའི་ཉམས་ལེན་པ་རྣམས་ཀྱི་སྐོར་ཤོད་ཀྱི་ཡོད། གལ་ཏེ་ང་ཚོས་ “སངས་རྒྱས་ཀྱིས་གསུངས་ཤིང་རླབས་ཆེན་གྱི་ཉམས་ལེན་པ་ཚོས་རྟོགས་པའི་ཆོས་ཀྱི་ཁ་ཕྱོགས་སུ་འགྲོ་གི་ཡིན།” ཞེས་བརྗོད་ནའང་། འདི་ལྟ་བུ་དཀོན་མཆོག་གསུམ་ལ་རྨང་གཞིའི་གོ་རྟོགས་ཡོད་པ་དེ་ནི་ཁ་ཕྱོགས་འདི་རང་གི་མི་ཚེའི་ནང་ལག་བསྟར་བྱེད་པར་གཞི་རྩ་བརྟན་པོ་ཞིག་མ་ཡིན།

འདི་ཁ་ཕྱོགས་བཟང་པོ་ཞིག་ཞིག་ཡིན་པར་ངེས་ཤེས་རྙེད་པའི་གཞི་རྩ་དེ་གང་ཡིན་ནམ། ང་ཚོར་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ཀྱི་ཐད་དེ་ལས་ཏོག་ཙམ་གཏིང་ཟབ་པའི་གོ་རྟོགས་ཤིག་དགོས། གོ་རྟོགས་དེ་ཇི་ཙམ་གྱི་གཏིང་ཟབ་པ་དེ་ཚོད་ཀྱིས་ང་ཚོའི་ཁ་ཕྱོགས་དེ་བརྟན་པ་ཡོད། བྱས་ཙང་། སྐྱབས་འགྲོའི་བརྗོད་གཞི་ཡོངས་སུ་རྫོགས་པ་དེ་གལ་ཆུང་དུ་འཛིན་རྒྱུ་ཞིག་མིན་པའི་དོན་ཡིན། དཔེར་ན། “ཐོག་མར་ང་རང་ཆོས་ཚོགས་སུ་སླེབས་དུས་ངས་བྱས་ཟིན་པ་དང་། ད་ཆ་ང་རང་ལ་སྲུང་མདུད་དམར་པོ་ཞིག་སྐེ་ལ་གོན་རྒྱུ་ཡོད།” ཟེར་བ་ལྟ་བུ་མ་ཡིན་པར། ང་ཚོས་ངེས་པར་དུ་འབད་བརྩོན་བྱེད་དགོས་པ་དང་ལམ་དུ་མུ་མཐུད་འགྲིམ་པའི་སྐབས་གཏིང་ཇེ་ཟབ་ཏུ་གཏོང་དགོས་པའི་བརྗོད་གཞི་ཞིག་ཡིན། ང་ཚོའི་མི་ཚེའི་ནང་དེ་ཇི་ཙམ་གྱི་གཏིང་ཟབ་པ་ཡོད་པ་དེ་ཚོད་ཀྱིས་ང་ཚོ་ཆོས་ཀྱི་ལམ་ལ་བརྟན་ཆ་ཆེ་བ་ཡོང་གི་ཡོད།

ཁ་ཕྱོགས་ངོ་མ་དེ་ནི་ཆོས་དཀོན་མཆོག་གིས་བསྟན་ཡོད། དེ་ཡང་འཕགས་པའི་བདེན་པ་བཞིའི་སྐབས་དོན་ལ་བརྟེན་ནས་རྟོགས་པར་བྱེད་དགོས། དེ་དག་ནི་དངོས་པོའི་གནས་ལུགས་མཐོང་མཁན་གྱི་གང་ཟག་སུ་འདྲ་ཞིག་གི་བདེན་དོན་བཞི་སྟེ། འཕགས་པའི་གང་ཟག་རྣམས་ཀྱིས་བདེན་པར་གཟིགས་ཤིང་། དེ་དག་ལ་ “འཕགས་པ་” ཞེས་ཟེར། རྒྱུ་མཚན་དེ་ལྟ་བས་ན། མི་འགའ་ཞིག་གིས་ལེགས་སྦྱར་སྐད་དུ་ཨཱརྱ་ཞེས་བསྒྱུར་ཡོད། ང་ཚོས་གནས་ལུགས་ཐད་ཀར་མཐོང་དུས་ང་ཚོས་བདེན་དོན་བཞི་པོ་དེ་མཐོང་གི་ཡོད། བདེན་དོན་དང་པོ་དེ་ནི། མི་ཚེའི་ནང་གི་དཀའ་ངལ་རྣམས་རེད། དེ་དག་ངོ་མ་གང་རེད་དམ། དེ་ནས་ང་ཚོས་དཀའ་ངལ་དེ་དག་གི་རྒྱུ་ངོ་མ་མཐོང་གི་ཡོད། དེ་ནས་ང་ཚོས་དཀའ་ངལ་དང་དེ་དག་གི་རྒྱུ་བཅས་པ་འགོག་པའི་འགོག་པ་མཐོང་གི་ཡོད། དེ་ནས་ང་ཚོས་སེམས་ཀྱི་ལམ་ཞིག་ཡོད་པ་མཐོང་གི་ཡོད། ཕྱོགས་གཞན་ཞིག་ནས་དཀའ་ངལ་གྱི་རྒྱུ་གཙོ་བོ་རྨོངས་པའམ་མ་རིག་པ་མེད་པ་བཟོས་ཏེ། དངོས་པོའི་གནས་ལུགས་ལ་གོ་རྟོགས་སྐྱེ་ཚུལ་ཞིག་ཡིན། ང་ཚོས་དཀའ་ངལ་གྱི་རྒྱུ་རྨོངས་པའམ་མ་རིག་པ་མེད་པ་བཟོ་བའི་སྐབས། དཀའ་ངལ་མེད་པ་བཟོ་གི་ཡོད།

འཕགས་པའི་བདེན་པ་གསུམ་པ་དང་བཞི་པས་སྐྱབས་འགྲོའམ་ཁ་ཕྱོགས་ངོ་མ་དེ་བསྟན་ཡོད། དེ་ནི་སྐྱབས་དངོས་ཆོས་དཀོན་མཆོག་དེ་ཡིན། དེ་ནི་གོ་རྒྱུ་མེད་པའི་སྐད་ཆ་ལྟ་བུར་བརྩིས་ནས་ཟུར་དུ་མ་བཞག་པར། ང་ཚོས་དོན་ངོ་མར་གང་ལ་དམིགས་ཀྱི་ཡོད་དམ་ཞེ་ན། སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་མེད་པ་བཟོས་ནས་སླར་མི་འབྱུང་བར་བྱེད་པའི་གནས་བབས་ཤིག་ལ་དམིགས་ཀྱི་ཡོད། དེར་མ་ཟད། དེ་ལྟ་བུའི་སེམས་ཀྱི་གནས་བབས་ལ་སྡུག་བསྔལ་འབྱུང་བར་བྱེད་པ་ཙམ་མིན་པར་དེའི་འབྲས་བུ་ལའང་དམིགས་ཀྱི་ཡོད། དེ་ལྟར་སྡུག་བསྔལ་དང་སྐྱོན་གྱི་ཆ་ཚང་མ་སེལ་བའི་རྗེས་སུ་ང་ཚོར་ཡོད་པའི་ནུས་པ་ཡོངས་སུ་རྫོགས་པ་བཀོལ་སྤྱོད་བྱེད་ཐུབ་པའི་སེམས་ཀྱི་གནས་བབས་ཤིག་འཐོབ་ཀྱི་ཡོད།

ང་ཚོའི་ཆོས་ལ་སྐྱབས་སུ་འགྲོ་བའམ་ཆོས་ཀྱི་ཁ་ཕྱོགས་དེ་གང་རེད་དམ། དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་རེད། ཐར་པའི་གོ་འཕང་ནི་སྡུག་བསྔལ་དང་དེའི་རྒྱུ་རྣམས་ཟད་པའི་གནས་བབས་ཤིག་རེད། ཐམས་ཅད་མཁྱེན་པའི་གོ་འཕང་ནི་ང་ཚོས་གཞན་དོན་གང་ཐུབ་ཅི་ཐུབ་བསྒྲུབ་ཐུབ་པ་དང་། གཞན་དོན་བསྒྲུབ་པར་འགོག་རྐྱེན་བྱེད་མཁན་གྱི་བར་ཆད་རྣམས་སླར་མི་འབྱུང་བའི་ཚུལ་དུ་སྤོང་བ་དེ་ཡིན། སངས་རྒྱས་རྣམས་ནི་དེ་གཉིས་ཀ་ཐོབ་པའི་གང་ཟག་ཡིན་ཞིང་། ང་ཚོར་དེ་ལྟར་འཐོབ་ཚུལ་སྟོན་མཁན་དེ་ཡིན། ཁོང་རྣམ་པས་རང་གི་གང་རྟོགས་པའི་སྒོ་ནས་བསྟན་མཛད་པ་མ་ཟད། གདམས་ངག་རིམ་པ་བཞིན་དུའང་ང་ཚོར་ཆོས་བསྟན་ཡོད། དགེ་འདུན་དཀོན་མཆོག་ནི་མ་མཐར་ཡང་སྡུག་བསྔལ་དང་དེའི་རྒྱུ་འགའ་ཞིག་ལས་ཐར་བ་དང་། ད་དུང་མུ་མཐུད་དེ་ཧང་སངས་པའི་རྟོགས་པ་ཚད་མཐོན་པོར་སླེབ་ཕྱིར་འབད་བརྩོན་བྱེད་བཞིན་པ་རྣམས་རེད། 

ཆོས་ལ་འཇུག་པའི་སྒོ།

ང་ཚོའི་སེམས་དང་ནུས་པ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་ཕྱོགས་སུ་ཁ་བསྒྱུར་བར་གནད་དོན་གཉིས་ངེས་པར་དུ་ཤེས་དགོས། དེ་ཡང་དང་པོ་ནི། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཟེར་བ་དེ་དོན་ངོ་མ་གང་ཡིན་ཤེས་དགོས། དེ་གཉིས་ནི་ཚིག་སྙན་པོ་ཙམ་མ་རེད། གཉིས་པ་ནི། ང་ཚོས་དེ་གཉིས་དངོས་སུ་འཐོབ་རུང་ཡིན་པའི་ཡིད་ཆེས་རྙེད་པ་ཞིག་དགོས། གལ་ཏེ་དེ་གཉིས་འཐོབ་རུང་ཡིན་པའི་ཡིད་ཆེས་མེད་ན། དེ་དག་འཐོབ་ཕྱིར་འབད་བརྩོན་བྱེད་དགོས་དོན་གང་ཡིན་ནམ། བྱས་ཙང་། ང་ཚོར་ཡིད་ཆེས་དེ་ཇི་ལྟར་འཐོབ་བམ། དེ་འཐོབ་པར་བྱེད་པའི་ཐབས་ཚུལ་གང་དག་ཡིན་སྐོར་ཤེས་དགོས།

ས་སྐྱའི་བླ་ཆེན་རྗེ་བཙུན་བསོད་ནམས་རྩེ་མོས་ “ཆོས་ལ་འཇུག་པའི་སྒོ་” ཞེས་བྱ་བའི་བསྟན་བཅོས་ཧ་ཅང་ཕན་ཐོགས་ཆེ་བ་ཞིག་མཛད་གནང་ཡོད། ཁོང་གིས་དྲི་བ་འདི་རང་གསུངས་ཡོད། ཁོང་གིས་ང་ཚོར་གནད་དོན་གསུམ་དགོས་ཤིང་། དང་པོ་ནི། ང་ཚོས་སོ་སོའི་མི་ཚེའི་ནང་གི་དཀའ་ངལ་དང་སྡུག་བསྔལ་རྣམས་ངོས་འཛིན་དང་ངོས་ལེན་བྱེད་དགོས་པར་གསུངས། དེའི་དོན་ནི་ང་ཚོས་དངོས་གནས་རང་གིས་རང་ལ་དྲང་པོ་དྲང་གཞག་ཐོག་བལྟས་ཏེ། སོ་སོའི་མི་ཚེའི་ནང་གང་དང་གང་འབྱུང་བཞིན་པར་དཔྱད་ཞིབ་བྱེད་དགོས། གཉིས་པ་ནི། སྡུག་བསྔལ་ལས་ཐར་འདོད་ཀྱི་ཡིད་སྨོན་རྣམ་དག་ཅིག་ཡོད་པ་དང་། དེ་ཡང་གང་ཐུབ་ཐུབ་བྱ་རྒྱུ་ཙམ་མིན་པར། དེ་ལས་དངོས་གནས་དྲང་གནས་ཐར་འདོད་ཅིག་དགོས། གསུམ་པ་ནི། ཆོས་ཀྱི་སྐོར་ལ་ཤེས་རྟོགས་མི་ཉུང་བ་དགོས། དེ་ལ་བརྟེན་ནས་ཆོས་ཀྱིས་ང་ཚོ་སྡུག་བསྔལ་ལས་ཐར་བའི་ལམ་ཞིག་སྟོན་པའི་ཡིད་ཆེས་རྙེད་ཀྱི་ཡོད། ཡིད་ཆེས་དེ་ཡང་མི་ཡིད་དབང་འགུགས་ནུས་ཀྱི་ཁྱད་ཆོས་དང་ལྡན་པའི་མི་ཁ་ཤས་ཀྱི་ཚིག་སྙན་པོ་ཙམ་ལ་གཞི་བཅོལ་བ་མ་ཡིན་པར། ང་ཚོར་ཆོས་དང་དེས་སྡུག་བསྔལ་ལས་ཐར་བ་ཇི་ལྟར་བྱེད་ཀྱི་ཡོད་པའི་ཐད་ལ་ཤེས་བྱ་དང་གོ་རྟོགས་ངོ་མ་ཞིག་དགོས།

དེ་ལས་ཐར་ཐབས་དེ་གང་རེད་དམ། དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་དེ་རེད། འཕགས་པའི་བདེན་པ་དང་པོ་སྡུག་བསྔལ་བདེན་པར་གཞི་བཅོལ་ཏེ། ཆོས་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཚུལ་དེ་སྟོན་གྱི་ཡོད། རྒྱུ་མཚན་དེའི་ཕྱིར་ན། རྗེ་བཙུན་བསོད་ནམས་རྩེ་མོས་ཐོག་མར་ང་ཚོས་སྡུག་བསྔལ་ངོས་འཛིན་པ་ནས་འགོ་བཙུག་དགོས་ཞེས་གསུངས། དེ་ནས་སྡུག་བསྔལ་དེ་དག་ལ་རྒྱུ་ཡོད་པ་རེད། རྒྱུ་དེ་དག་རྒྱུ་རྐྱེན་གཞན་ལ་བརྟེན་ནས་ཡོང་གི་ཡོད། སྡུག་བསྔལ་གྱི་རྒྱུ་མེད་པ་བཟོ་བའི་འཕགས་པའི་བདེན་པ་གསུམ་པ་འགོག་པའི་བདེན་པ་འཐོབ་པ་བྱེད་པར། ང་ཚོར་རྟོགས་པའི་ལམ་ཞིག་དགོས་ཀྱི་ཡོད། དེ་ནི་རྨོངས་པའམ་མ་རིག་པ་སྤོང་བར་བྱེད་པའི་འཕགས་པའི་བདེན་པ་བཞི་པ་དེ་ཡིན།

ང་ཚོའི་དཀའ་ངལ་དང་སྡུག་བསྔལ་གྱི་རྒྱུ་རྣམས་མེད་པ་བཟོ་ཐུབ་པའི་ཡིད་ཆེས་རྙེད་རྒྱུ་དེ་ལས་སླ་མོ་ཞིག་རྩ་ནས་མེད། ང་ཚོས་དེའི་ཐོག་སྙིང་རུས་ཆེན་པོས་འབད་བརྩོན་བྱེད་དགོས་ལ་གང་གི་སྐོར་ཤོད་ཀྱིན་ཡོད་མེད་ཤེས་ཐབས་ངེས་པར་དུ་བྱེད་དགོས། དེ་ལ་ང་ཚོས་རྒྱུ་མཚན་དང་མཐུན་པའི་སྒོ་ནས་འབད་བརྩོན་བྱ་རྒྱུ་འགོ་འཛུགས་བྱེད་ཆོག །ང་ཚོས་ད་ལྟའི་མི་ཚེ་འདི་རྨོངས་པ་དང་བཅས་ཏེ་ཉམས་སུ་མྱོང་གི་ཡོད། དཔེ་ཆ་བཞག་ན། ང་ཚོས་སོ་སོ་རང་ཉིད་འཛམ་གླིང་ནང་གི་མི་གཙོ་བོ་དང་གལ་ཆེ་ཤོས་དེ་ཡིན་པར་བསམ་གྱི་ཡོད། དེ་ལ་གཞི་བཞག་སྟེ། སོ་སོར་ལམ་ཞིག་ཡོད་དགོས་པ་དང་སོ་སོའི་འདོད་པ་ནང་བཞིན་བསྒྲུབ་དགོས་པ་རྟག་ཏུ་ཚོར་ནས་འདོད་རྔམ་ཆེན་པོ་དང་མངོན་འདོད་ཆེན་པོ་ཆགས་ཀྱི་ཡོད། སོ་སོ་རང་ཉིད་གལ་ཆེ་ཤོས་ཡིན་པར་ཚོར་དུས་གཞན་གྱིས་རང་ཉིད་ལ་དོ་སྣང་བྱེད་དགོས་པ་དང་བརྩེ་བ་སྤྲོད་དགོས་པ་ཚོར་གྱི་ཡོད། མི་རྣམས་ཀྱིས་དེ་ལྟར་དོ་སྣང་དང་བརྩེ་བ་མ་སྤྲད་ན། ང་ཚོ་ཧ་ཅང་ཁོང་ཁྲོ་ཚ་པོ་ཆགས་ཀྱི་ཡོད།

ང་ཚོ་བརྩེ་བ་སྤྲོད་རུང་གི་གང་ཟག་ཡིན་སྲིད་ཀྱང་། འཛམ་གླིང་ཡོངས་སུ་རྫོགས་པས་དེ་ངོ་ཤེས་དགོས་པའི་དོན་མ་ཡིན། རྨོངས་པའམ་མ་རིག་པ་ལ་བརྟེན་ནས་མི་ཚང་མས་དེ་ངོ་ཤེས་དགོས་རེད་བསམ་གྱི་ཡོད། ཡང་མིན་ན་ཕྱོགས་གཞན་ཞིག་ནས་ང་ཚོས་གལ་ཏེ་མི་རྣམས་ཀྱིས་ང་ལ་དོ་སྣང་དང་བརྩེ་བ་མི་སྤྲོད་པ་ཡིན་ན། ང་རང་ལ་སྐྱོན་དང་ནོར་འཁྲུལ་ཞིག་ཡོད་ཀྱི་རེད། ང་རང་ཡག་པོ་མ་རེད་ཅེས་བསམས་ནས་རང་མཐོང་དམའ་པོ་ཆགས་ཀྱི་ཡོད། གནད་དོན་དེ་གཉིས་གང་ཡིན་རུང་ང་ཚོས་སྡུག་བསྔལ་མྱོང་གི་ཡོད། ང་ཚོར་སེམས་ཀྱི་གདུང་བ་དྲག་པོ་ཡོང་གི་ཡོད་པ་དང་། དེ་དག་ཐམས་ཅད་ནི་སོ་སོ་རང་ཉིད་འཛམ་གླིང་ནང་གི་གལ་ཆེ་ཤོས་དང་གཙོ་ཆེ་ཤོས་ཡིན་པ་དང་། ཚང་མ་རང་གི་གང་འདོད་པ་ཇི་བཞིན་དུ་ཡོང་དགོས་པའི་རྨོངས་པའམ་མ་རིག་པ་དེ་ལས་འབྱུང་གི་ཡོད།

སངས་རྒྱས་ཀྱིས་། སྡུག་བསྔལ་གྱི་རྒྱུ་སྟེ། རྨོངས་པའམ་མ་རིག་པའི་བསམ་ཕྱོགས་དེ་སྤངས་ནས་ང་ཚོས་མྱོང་བའི་སྡུག་བསྔལ་ཐམས་ཅད་སྤོང་ཐུབ་ཅེས་གསུངས་ཡོད། རྨོངས་པ་དེ་གང་གིས་སྤོང་གི་ཡོད་དམ་ཞེ་ན། ཡང་དག་པའི་རྟོགས་པ་སྟེ། གལ་ཏེ་ང་ཚོས་སོ་སོ་རང་ཉིད་དང་གཞན་ཐམས་ཅད་འཛམ་གླིང་འདིའི་ནང་ཇི་ལྟར་གནས་པའི་ཚུལ་རྟོགས་ན། དེའི་ཐད་མི་རྨོངས་པ་ཡིན། ང་ཚོའི་སེམས་ནང་རྨོངས་པ་དང་ཡང་དག་པའི་རྟོགས་པ་གཉིས་དུས་མཉམ་དུ་ཡོང་མི་ཐུབ། ཡང་དག་པའི་རྟོགས་པ་ནི་རྨོངས་པའི་ལྡོག་ཕྱོགས་ཏག་ཏག་དེ་ཡིན། ང་ཚོར་དེ་གཉིས་ཀ་དུས་གཅིག་ཏུ་ཡོང་མི་ཐུབ་པ་སོང་ཙང་། དེ་གཉིས་ལས་སུས་རྒྱལ་ཁ་འཐོབ་བམ། གལ་ཏེ་ང་ཚོས་གཟབ་ནན་ཐོག་རྨོངས་པ་ལ་བརྟག་དཔྱད་ཇི་ཙམ་གྱིས་མང་བ་བྱས་ན། དེ་ནི་རིགས་པས་དཔྱད་བཟོད་དུ་མེད་པ་མཐོང་གི་རེད། ང་རང་དངོས་གནས་འཛམ་གླིང་ནང་གི་གལ་ཆེ་ཤོས་དེ་ཡིན་ནམ། མ་ཡིན། གང་ཡིན་ཟེར་ན། མི་ཚང་མས་སོ་སོ་གལ་ཆེ་ཤོས་དེ་ཡིན་པར་བསམ་གྱི་ཡོད། ཕྱོགས་གཞན་ཞིག་ནས་གལ་ཏེ་ང་ཚོས་ཡང་དག་པའི་རྟོགས་པ་ལ་བརྟག་དཔྱད་བྱས་ན།  དེ་རིགས་པའི་དཔྱད་བཟོད་དུ་ཤུགས་ཆེན་པོ་གནས་ཀྱི་ཡོད། ང་ཚོ་སུ་གཅིག་ཀྱང་འཛམ་གླིང་ནང་གི་མི་གལ་ཆེ་ཤོས་དེ་མིན། དེའི་དོན་ནི་ང་ཚོ་སུ་གཅིག་ཀྱང་གཞན་དག་ལས་ཀྱང་གལ་ཆེ་བ་མ་ཡིན། མི་སུ་གཅིག་ཀྱང་གཞན་གྱི་དོ་སྣང་བྱེད་ས་གཙོ་བོ་དེ་དང་ཚང་མས་བརྩེ་བ་བྱེད་ས་དེ་མིན། ང་ཚོས་དེ་ལ་ཇི་ཙམ་གྱིས་བརྟག་དཔྱད་བྱེད་པ་དེ་ཚོད་ཀྱིས་དོན་ལ་གནས་ཀྱི་ཡོད་པ་ང་ཚོས་མཐོང་གི་རེད། དེ་ནི་རྒྱུ་མཚན་རིགས་པར་གཞི་བཅོལ་ནས་བདེན་པ་ཡིན་པ་ཙམ་དུ་མ་ཟད། རང་གི་མྱོང་བ་དང་མི་ཚེའི་འགྲོ་སྟངས་མཐོང་བའི་ཆ་ནས་བཤད་ནའང་བདེན་པ་ཡིན།

གང་ཡིན་ཞེ་ན། ཡང་དག་པའི་རྟོགས་པར་བརྟག་དཔྱད་བྱས་ནས་བདེན་པ་ཁུངས་སྐྱེལ་བྱེད་ཐུབ་པ་དང་རྨོངས་པ་ལ་བརྟག་དཔྱད་བྱེད་པའི་སྐབས། རྨོངས་པ་མེད་པ་ཆགས་འགྲོ་གི་ཡོད། ཡང་དག་པའི་རྟོགས་པ་དེས་རྨོངས་པའི་གནས་སྐབས་ཀྱི་ཚབ་བྱེད་ཐུབ་པ་ཙམ་དུ་མ་ཟད། དེས་རྨོངས་པ་རྩད་ནས་སྤོང་ཐུབ། ང་ཚོས་འཛམ་གླིང་ནང་གི་གལ་ཆེ་ཤོས་ཟེར་བ་ཞིག་མེད་པ་རྟོགས་དུས་མི་ཚང་མས་རང་ལ་དོ་སྣང་དང་བརྩེ་བ་མི་སྤྲོད་པ་དེའང་ཤེས་ཀྱི་ཡོད། མི་ཚང་མས་ཐ་ན་སངས་རྒྱས་ལའང་དོ་སྣང་དང་དགའ་པོ་བྱས་མེད་པས། ང་ཚོར་ཅིའི་ཕྱིར་བྱེད་དམ། བརྟག་དཔྱད་འདིའི་འབྲས་བུ་ནི། ང་ཚོ་བློ་ཕམ་ཡོང་གི་མེད། མི་ཚོས་ང་ཚོར་དོ་སྣང་བྱེད་དང་མི་བྱེད་ལ་ཁྱད་པར་མེད། འཁོར་བ་ལས་ང་ཚོས་གང་རེ་བ་བྱེད་དམ། ང་ཚོ་བློ་ཕམ་གྱི་མེད་པ་སོང་ཙང་། མི་རེ་ངོ་རེར་བརྩེ་བ་དང་། བྱམས་པ། བསམ་ཤེས་ལྡན་པའི་སྒོ་ནས། ཁོང་ཚོས་ང་ཚོར་ཉན་གྱི་ཡོད་མེད་དང་དགའ་གི་ཡོད་མེད་ཐོག་སེམས་འཁྲལ་མེད་པར་གདོང་ལེན་བྱེད་ཐུབ། སོ་སོས་གང་ཐུབ་བྱེད་དགོས། དེ་ལྟར་ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དངོས་གནས་འཐོབ་རུང་ཡིན་པའི་ཡིད་ཆེས་སྔར་ལས་མང་བ་འཐོབ་ཕྱིར་ཐོག་མའི་རིམ་པར་འབད་བརྩོན་བྱས་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཁ་ཕྱོགས་སུ་འགྲོ་བར་འབད་བརྩོན་བྱེད་པ་དེ་སྨྱོན་པ་མ་རེད།

བློ་ལྡོག་རྣམ་བཞིའི་གོ་རིམ་ལྡོག་པ།

བློ་ལྡོག་རྣམ་པ་བཞིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རུང་ཡིན་པ་དེ་ཏོག་ཙམ་གཏིང་ཟབ་པའི་རིམ་པའི་ཐོག་ནས་སྟོན་གྱི་ཡོད། ཆོས་ལ་འཇུག་པར་དགོས་གལ་ཅན་གྱི་གཞི་རྩའི་བསམ་བློ་གསུམ་སྟེ། སྡུག་བསྔལ་དང་། དེ་ལས་ཐར་འདོད། དེ་ལས་ཐར་རུང་ཡིན་པའི་ཡིད་ཆེས་བཅས་གསུམ་ལ་བརྟེན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རུང་ཡིན་པར་ངེས་ཤེས་རྙེད་ཚུལ་སྐོར་ང་ཚོས་གོ་བསྡུར་བྱས་ཟིན་པ་རེད། བློ་ལྡོག་རྣམ་བཞིས་དོན་ངོ་མར་ང་ཚོ་བསམ་བློ་དེ་གསུམ་གྱི་ཕྱོགས་སུ་བློ་ཁ་བསྒྱུར་གྱི་ཡོད། དམིགས་བསལ་དེ་དག་ལས་རིམ་པ་དང་པོ་སྟེ། མི་ཚེའི་ནང་གི་དཀའ་སྡུག་ངོས་འཛིན་དང་དང་ལེན་བྱེད་པ་དེ་ཡིན། བློ་ལྡོག་རྣམ་པ་བཞིའི་མཐའ་མ་དེ་ནི་འཁོར་བའི་སྡུག་བསྔལ་ཏེ། མི་ཚེའི་ནང་གི་དཀའ་ངལ་དང་སྡུག་བསྔལ་རྣམས་ལ་དངོས་སུ་དང་ལེན་བྱེད་པ་དེ་ཡིན། གོ་རིམ་དང་དེ་དག་རེ་རེའི་དགོས་གལ་ལ་རྗེས་སུ་ཡི་རངས་བྱེད་ཆེད་ང་ཚོས་གོ་རིམ་ལྡོག་པའམ་ལུགས་ལྡོག་གི་སྒོ་ནས་ཉམས་ལེན་བྱེད་དགོས།

ང་ཚོར་འཕྲད་པའི་དཀའ་ངལ་དང་སྡུག་བསྔལ་དེ་དག་གང་དག་ཡིན་ནམ། སངས་རྒྱས་ཀྱིས་སྡུག་བསྔལ་མང་པོ་གསུངས་ཡོད་ཀྱང་། མདོར་བསྡུས་ནས་བཤད་ན་གསུམ་གྱི་ནང་དུ་བསྡུ་ཐུབ། དེ་ལ་ང་ཚོས་སྡུག་བསྔལ་གྱི་རིགས་གསུམ་ཞེས་བརྗོད་ཆོག །དང་པོ་དེ་སྡུག་བསྔལ་རགས་པ་རེད། གདུང་བ་དང་མི་བདེ་བའམ་སྡུག་བསྔལ་གྱི་སྡུག་བསྔལ་རེད། དེའི་ནང་ལུས་སེམས་གཉིས་ཀའི་སྡུག་བསྔལ་ཚུད་ཡོད། མི་མང་ཆེ་བས་སྡུག་བསྔལ་འདི་ནི་དཀའ་ཚེགས་དེ་ཙམ་མེད་པའི་སྒོ་ནས་ངོས་འཛིན་ཐུབ། མི་སུ་གཅིག་ཀྱང་སྡུག་བསྔལ་ལ་མི་དགའ་བ་སོང་ཙང་། མི་ཕལ་མོ་ཆེ་ནི་དེ་ལས་ཐར་འདོད་ཡོད།

གཉིས་པ་ནི། འགྱུར་བ་འགྲོ་བའི་དཀའ་ངལ་གྱི་རིགས་རྣམས་རེད། དེ་ལ་འགྱུར་བའི་སྡུག་བསྔལ་ཟེར། དེ་ནི་ང་ཚོས་ནམ་རྒྱུན་འཆར་ཅན་མྱོང་བའི་བདེ་བ་ཉི་ཚེ་བ་དེ་རེད། དེ་ནི་རྨོངས་པས་བསྒྲིབས་ནས་ཡོད་པའམ་ཟག་བཅས་ཀྱི་བདེ་བ་རེད། དེ་འགྱུར་བ་འགྲོ་གི་ཡོད་པ་ལས་ཡུན་གནས་མི་ཐུབ། དཔེར་ན། ང་ཚོས་བཟའ་མ་བཟས་ཏེ་གྲོད་ཁོག་རྒྱགས་པའི་བདེ་བ་ཚོར་གྱི་ཡོད། འོན་ཀྱང་དེ་ཡུན་དུ་མི་གནས་པར་ཡང་བསྐྱར་ང་ཚོ་གྲོད་ཁོག་ལྟོགས་ཀྱི་ཡོད། དཀའ་ངལ་གང་རེད་དམ། བདེ་བ་དེ་ཡུན་དུ་མི་གནས་པ་དེ་དཀའ་ངལ་མ་རེད། དེ་ནི་བདེ་བ་དེའི་རིགས་ཀྱི་རང་བཞིན་རེད། སྟོང་ཉིད་ཀྱི་དོན་ལ་གཏིང་ཟབ་ཤོས་ཀྱི་མངོན་སུམ་དུ་རྟོགས་པ་དེས་དོན་ངོར་མར་བདེ་བ་དེ་མི་རྟག་པ་ཡིན་པར་འགྱུར་བ་གཏོང་གི་མེད། གང་གིས་ཀྱང་འགྱུར་བ་གཏོང་གི་མ་རེད། དེ་འགྱུར་བ་འགྲོ་བའི་དོན་དངོས་ལ་བརྟེན་ནས་ང་ཚོ་བློ་ཕམ་ཉུང་བ་ཡོང་སྲིད་ཀྱང་། སྐབས་འདིར་གནད་དོན་དེ་མ་རེད། བདེ་བའི་རིགས་འདི་ལྟ་བུའི་དཀའ་ངལ་ངོ་མ་ནི་ངེས་མེད་ཀྱི་རྐྱེན་དེ་རེད། དཔེར་ན། དེ་རྫོགས་པ་དང་དེའི་རྗེས་ཀྱི་འབྲས་བུ་ཅི་ཡོང་ང་ཚོས་ཤེས་ཀྱི་མེད། ང་ཚོ་སོ་སོའི་གྲོགས་པོ་དང་མཉམ་དུ་དུས་ཚོད་སྐྱིད་པོ་གཏོང་བཞིན་ཡོད། དུས་ཚོད་སྐྱིད་པོ་དེ་རྫོགས་པ་དང་དེའི་རྗེས་སུ་ང་ཚོ་སྐྱིད་པོ་འབྱུང་ངམ། ཐང་ཆད་དམ། མི་སྐྱིད་པ་ཆགས་སམ། དེ་ནི་ང་ཚོས་ཤེས་ཀྱི་མེད། དེ་ནི་འདིར་དཀའ་ངལ་ངོ་མ་དེ་ཆགས་ཀྱི་ཡོད། དུས་ཚོད་ཁྱུག་ཙམ་གྱི་རིང་ང་ཚོ་བདེ་པོ་འདྲ་ཚོར་ནའང་། གནས་སྐབས་ཀྱི་བདེ་བ་དེའི་རྗེས་སུ་འགྲོ་བ་ཙམ་གྱིས་ང་ཚོར་མི་ཕན། དེས་ང་ཚོའི་སྡུག་བསྔལ་ཐམས་ཅད་མི་སྤོང་བ་མ་ཟད། ང་ཚོ་དངོས་གནས་ཉེན་སྲུང་མེད་པའི་གནས་བབས་ཤིག་གི་ནང་དེའི་རྗེས་སུ་གང་འབྱུང་གི་ཡོད་མེད་མི་ཤེས་པར་ལྷག་གི་རེད།

སྡུག་བསྔལ་གྱི་བདེན་པ་གསུམ་པ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དེ་རེད། ང་ཚོར་ཡོད་པའི་ལུས་དང་སེམས། དེ་བཞིན་སེམས་ཚོར་ལ་བརྟེན་ནས་སྡུག་བསྔལ་གཞན་དག་ཚང་མ་རྒྱུན་སྲིང་བར་བྱེད་ཀྱི་ཡོད། དེ་དག་ནི་རང་གིས་རང་རྒྱུན་སྲིང་བར་བྱེད་ཀྱི་ཡོད། ང་ཚོར་ལུས་པོ་འདི་ཡོད་པ་རེད། འདི་ལ་ཟས་སྦྱིན་པ་སོགས་གཅེས་སྐྱོང་བསྟུད་མར་བྱེད་དགོས། ང་ཚོས་ཟས་བཟའ་བའི་སྐབས་ཀྱི་བདེ་བ་དེ་ཡུན་དུ་མི་གནས་པར་ང་ཚོས་ཡང་ནས་ཡང་དུ་བཟའ་དགོས་ཀྱི་ཡོད། དེ་ནི་ཅི་འདྲའི་ཉོབ་པ་ལ། ང་ཚོས་མི་ཞིག་དང་མཉམ་དུ་འབྲེལ་བ་དཀའ་ངལ་ཅན་གྱི་ནང་ཚུད་པ་དང་། དེ་ལས་ལེགས་སྐྱེས་བླང་རྒྱུ་མེད་ལ་གནོད་སྐྱོན་མ་ཕོག་པར། འབྲེལ་བ་གཞན་དང་གཞན་གྱི་ནང་འགྲོ་གི་ཡོད། རྨོངས་པ་དེ་མུ་མཐུད་དེ་འགྲོ་གི་ཡོད། མི་དེ་ཡིད་དུ་འོང་བའི་ཟླ་གྲོགས་ཤིག་ཏུ་བསྒྱུར་གྱི་མེད་ཙང་། ང་ཚོས་འབྲེལ་བ་གཞན་དང་གཞན་འཚོལ་གྱི་ཡོད། ཉེན་སྲུང་མེད་པའི་ཚོར་བ་དེ་ཡང་ནས་ཡང་དུ་སླེབས་ཀྱི་ཡོད། དེ་ནི་དཀའ་ངལ་ངོ་མ་དེ་རེད། དེ་ནི་ཡང་ནས་ཡང་དུ་འབྱུང་གི་ཡོད། སྡུག་བསྔལ་གྱི་རིགས་འདི་གསུམ་རྟོགས་པ་ནི་བློ་ལྡོག་བཞི་པ་སྡུག་བསྔལ་གྱི་ཉེས་དམིགས་ཡིན། དེ་ནི་འཕགས་པའི་བདེན་པ་དང་པོ་སྟེ། སྡུག་བསྔལ་གྱི་བདེན་པའང་ཡིན།

འཁོར་བའི་ཉེས་དམིགས་རྟོགས་པའི་གཞི་རྩ་དེ་གང་ཡིན་ནམ་ཞེ་ན། དེ་ནི་བློ་ལྡོག་གསུམ་པ་སྟེ། ལས་རྒྱུ་འབྲས་ཀྱི་རྣམ་གཞག་རྟོགས་པ་དེ་ཡིན། དེ་ནི་འཁོར་བའི་སྡུག་བསྔལ་གྱི་རྒྱུ་ཡིན། དེ་ནི་འཕགས་པའི་བདེན་པ་ཨང་གཉིས་པ་དེ་རེད། ང་ཚོས་སྡུག་བསྔལ་བདེན་པའི་རིགས་དང་པོ་སྟེ། སྡུག་བསྔལ་རགས་པ་དེ་ཅིའི་ཕྱིར་མྱོང་གི་ཡོད་དམ་ཞེ་ན། ང་ཚོས་མི་དགེ་བའི་བྱ་སྤྱོད་སྤེལ་བ་ལ་བརྟེན་ནས་མྱོང་གི་ཡོད། རྨོངས་པའི་རྒྱུ་མཚན་གྱིས་མི་དགེ་བའི་བྱ་སྤྱོད་སྤེལ་གྱི་ཡོད། ང་ཚོས་ལས་ཀྱི་འབྲས་བུ་ཤེས་ཀྱི་མེད་པའམ་ལས་ལ་འབྲས་བུ་མེད་ཅེས་བསམ་གྱི་ཡོད།

སྡུག་བསྔལ་གྱི་རིགས་གཉིས་པ་ནི་ངེས་པ་མེད་པ་དང་འགྱུར་བའི་སྡུག་བསྔལ་དེ་རེད། ང་ཚོས་དེ་མྱོང་བའི་རྒྱུ་མཚན་གང་ཡིན་པར་རྟོགས་པར། ལས་འབྲས་ཀྱི་རྣམ་གཞག་རྟོགས་དགོས། གལ་ཏེ་ང་ཚོས་ལས་འབྲས་རྟོགས་ན། དེ་ནས་ང་ཚོས་གང་མྱོང་བ་དེ་ཧ་ཅང་མགོ་རྙོག་ཅན་ཞིག་ཡིན་པ་རྟོགས་ཀྱི་རེད། ཐོག་མ་མེད་པ་ནས་རྨོངས་པ་དང་འདྲེས་ཏེ་ང་ཚོས་དགེ་བ་དང་མི་དགེ་བའི་ལས་ཧ་ཅང་མང་པོ་བྱས་དང་བྱེད་མུས་རེད། ང་ཚོས་འཛམ་གླིང་ནང་གི་གཙོ་བོའམ་གལ་ཆེ་ཤོས་དེ་ཡིན་པར་བསམ་ཆོག་པ་དང་། ཚང་མར་ཡག་པོ་བྱེད་ཆོག་ལ་གནག་པོ་ཡང་བྱེད་ཆོག །ང་ཚོས་དགེ་མི་དགེ་བའི་ནུས་པ་དཔག་ཏུ་མེད་པ་བསགས་ཡོད། བྱས་ཙང་། དུས་ཚོད་ཐུང་ངུའི་ནང་བདེ་བ་མྱོང་བ་དེ་དགེ་བའི་ནུས་པ་ཤིག་ལས་བྱུང་བ་ཡིན། དེ་ནས་བདེ་བ་འཛད་འགྲོ་གི་ཡོད། ད་ག་རེ་ཆགས་ཀྱི་རེད་དམ། ལས་ཀྱི་འབྲས་བུ་གྲངས་མེད་པ་སྨིན་རྒྱུ་སྒུག་བསྡད་ཡོད། དེའི་རྗེས་སུ་འབྲས་བུ་གང་སྨིན་ནམ། དེ་ནི་རྟོགས་དཀའ་བ་ཞིག་ཡིན། དེ་ནི་ང་ཚོའི་བསམ་བློའི་ཁྱེར་སོ་དང་། གནས་སྟངས། མི་གཞན་གྱིས་གང་བྱེད་པ། སོ་སོའི་འཕྲོད་བསྟེན་སོགས་རྒྱུ་རྐྱེན་མི་འདྲ་བ་སྣ་ཚོགས་པར་རག་ལུས་ཡོད། དེར་ངེས་བརྟན་མེད་པ་དང་འཁོར་བའི་ཉམས་མྱོང་འཕེལ་འགྲིབ་འགྲོ་གི་ཡོད་པར་ཡ་མཚན་སྐྱེ་རྒྱུ་གང་ཡང་མེད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས། ལས་དང་རྨོངས་པའམ་མ་རིག་པས་འཁོར་བ་ཇི་ལྟར་རྒྱུན་སྲིང་བའི་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད། ང་ཚོས་ལས་དེ་གཏིང་ཟབ་པོའི་སྒོ་ནས་རྟོགས་དུས་ལས་ཀྱི་ཆ་ལག་གྲུབ་ཚུལ་དེ་འཕེལ་འགྲིབ་ཇི་ལྟར་འགྲོ་གི་ཡོད་པ་དང་དེ་རྒྱུན་སྲིང་ཚུལ་ཆ་ཚང་རྟོགས་ཀྱི་ཡོད། དེ་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དེ་རེད།

བློ་ལྡོག་གསུམ་པ་དེས་ངེས་པ་མེད་པ་ནི་ཡོད་པའི་རྒྱུ་མཚན་གང་ཡིན་པ་རྟོགས་པའི་སེམས་ཀྱི་གནས་བབས་ཤིག་འཐོབ་པར་བྱེད། དེ་འདྲའི་ལམ་ནས་བསམ་བློ་གཏོང་བ་དེས་ང་ཚོའི་བློ་སྣ་གང་གི་ཕྱོགས་སུ་བརྒྱུར་རམ་ཞེ་ན། འཆི་བ་དང་མི་རྟག་པ་དྲན་པར་བྱེད་ཀྱི་ཡོད། ང་ཚོའི་མི་ཚེའི་ཡུན་ནི་ངེས་པ་མེད་པ་རེད། འདི་ནི་བློ་ལྡོག་རྣམ་བཞི་ལས་གཉིས་པ་དེ་རེད། གལ་ཏེ་ང་ཚོས་གནས་སྟངས་གང་ཡིན་རུང་རགས་པའི་ཚུལ་དུ་ཡུན་གནས་མི་ཐུབ་པར་རྟོགས་པའི་འཆི་བ་དང་མི་རྟག་པར་དོ་གལ་ཆེན་པོའི་སྒོ་ནས་བསམ་བློ་བཏང་ན། དེ་ནས་ང་ཚོས་ལས་འབྲས་ཀྱི་རྣམ་གཞག་ལ་ཡི་རངས་བྱེད་འགོ་བཙུག་ཆོག །དེས་སྐད་ཅིག་སྐད་ཅིག་ནང་གང་འབྱུང་གི་ཡོད་ངེས་མེད་ཡིན་པ་སྟོན་གྱི་ཡོད།

འཆི་བའི་སྐོར་བསམ་བློ་གཏོང་བ་དེས་ང་ཚོར་ཕན་ཐོགས་གང་ཞིག་ཡོད་དམ་ཞེ་ན། ང་ཚོར་ཐོབ་པའི་མི་ཚེ་དང་གོ་སྐབས་ལ་རྗེས་སུ་ཡི་རངས་བྱ་རྒྱུ་སྟེ། དེ་ནི་མི་ལུས་རིན་ཆེན་འདི་ཡིན། བྱས་ཙང་། ང་ཚོར་ད་ལྟ་ཐོབ་ཡོད་པའི་མི་ལུས་རིན་ཆེན་ལ་བསམ་བློ་གཏོང་བ་ནི་བློ་ལྡོག་རྣམ་བཞིའི་ནང་གི་དང་པོ་དེ་ཡིན།

ཕྱོགས་བསྡོམས།

དེ་ལྟར་ལུགས་ལྡོག་གི་དབང་དུའམ་གོ་རིམ་ལྡོག་ནས་ཉམས་སུ་ལེན་པ་ལ་བརྟེན་ནས་ང་ཚོས་བློའི་ཁྱེར་སོ་རེ་རེ་བཞིན་ཕྱི་མ་དེ་སྔ་མ་ལས་ཇི་ལྟར་འབྱུང་གི་ཡོད་པ་མཐོང་ཐུབ། རྒྱུ་མཚན་ལྡན་པའི་གོ་རིམ་ཐོག་ནས་བློ་ལྡོག་དང་པོ་ནས་བཞི་པའི་བར་དུ་འགྲེལ་བརྗོད་བྱེད་ཆོག་ནའང་། ཁྱེད་རང་ཚོ་མང་ཆེ་བས་དེའི་སྐོར་སློབ་སྦྱོང་བྱས་ཚར་བ་སོང་ཙང་། ངས་དེ་དག་གོ་ལྡོག་སྟེ་བློའི་ཁྱེར་སོ་རེ་རེ་བཞིན་ཕྱི་མ་དེ་སྔ་མར་ཇི་ལྟར་རག་ལུས་ཡོད་མེད་སྟོན་ཕྱིར་འགྲེལ་བརྗོད་བྱེད་འདོད་བྱུང་། གོ་རིམ་ལྡོག་པའི་སྐབས་སུ། ང་ཚོས་མི་ལུས་རིན་ཆེན་སྐོར་བསམ་བློ་བཏང་ནས་དེ་ཡུན་དུ་གནས་ཀྱི་མེད་པ་དང་། འཆི་བའི་རྗེས་ཀྱི་སྐྱེ་བ་ཕྱི་མར་གང་འབྱུང་རྒྱུ་ནི་ལས་ལ་རག་ལུས་ཡོད། ང་ཚོ་བདེ་འགྲོའི་སྐྱེ་གནས་ཤིག་ཏུ་སྐྱེ་བའི་དབང་དུ་བཏང་ནའང་། དཀའ་ངལ་དང་སྡུག་བསྔལ་ཧ་ཅང་མང་པོ་ཡོད་པ་རེད། དེ་རྟོགས་ནས་སྡུག་བསྔལ་ལས་ཐར་འདོད་ཡོད་པས། དེའི་ཆེད་དུ་ང་ཚོར་ཆོས་ཀྱིས་ཐར་བའི་ལམ་དེ་སྟོན་གྱི་ཡོད་པ་དང་། སྡུག་བསྔལ་ཀུན་ལས་ཐར་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རུང་ཡིན་པར་ཡིད་ཆེས་དགོས། དེ་ལ་བརྟེན་ནས་སྐྱབས་སུ་འགྲོ་བའམ་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་འཚོལ་བ་དང་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་ཀྱི་ཡོད། དེ་ལྟར་ང་ཚོས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་སྒྲུབ་ཐུབ་པའི་ཆེད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཡོངས་སུ་དམིགས་ནས་འབད་བརྩོན་བྱེད་དགོས།

བློ་ལྡོག་རྣམ་བཞི་གོ་རིམ་ལྡོག་པའི་ནང་། ང་ཚོས་མཐོང་ཡོད་པ་བཞིན། སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་འཚོལ་བ་དང་བྱང་ཆུབ་ཀྱི་སེམས་སྐྱེད་པར། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མེད་པ་བཟོ་ཐུབ་པའི་ཡིད་ཆེས་དེ་དགོས། དེའི་ཆེད་དུ་ང་ཚོས་རྨོངས་པའམ་མ་རིག་པའི་རང་བཞིན་དང་ཡང་དག་པའི་རྟོགས་པས་རྨོངས་པ་ཇི་ལྟར་སེལ་བའི་སྐོར་ཤེས་དགོས། དེ་ལྟར་རྟོགས་པར། ང་ཚོའི་མི་ཚེའི་ནང་གི་དཀའ་ངལ་རྣམས་ངོས་འཛིན་དགོས་ཤིང་། འཁོར་བའི་སྡུག་བསྔལ་དེ་ཡང་ནས་ཡང་དུ་འབྱུང་བ་དང་དེ་ལ་ངེས་པ་མེད་པ་བཅས་ངོས་འཛིན་དགོས། ངེས་པ་མེད་པ་ནི་ལས་ལ་བརྟེན་ནས་རེད། ངེས་པ་མེད་པའི་ཐོག་ནས་བསམ་བློ་གཏོང་རྒྱུ་འགོ་བཙུག་པར། ང་ཚོས་ཐོག་མར་འཆི་བའི་རིམ་པ་རགས་པའི་སྐོར་ལ་བསམ་བློ་གཏོང་དགོས། གལ་ཏེ་ང་ཚོས་ད་ལྟ་ཡོད་པའི་མི་ཚེ་དང་དེའི་གོ་སྐབས་རྣམས་ལ་བསམ་བློ་བཏང་མེད་པ་དང་དེ་དག་བརླག་འདོད་མེད་ན། ང་ཚོས་འཆི་བའི་སྐོར་སེམས་འཁྲལ་བྱུ་རྒྱུ་མེད།

ང་ཚོས་བློ་ལྡོག་རྣམ་བཞི་གོ་རིམ་ངེས་ཅན་དང་གོ་རིམ་ལྡོག་པ་གང་ནས་བསམ་བློ་གཏོང་མིན་ལ་མ་ལྟོས་པར། དེ་དག་ནི་ལམ་བགྲོད་པའི་སྐབས་བརྟན་པོ་ཡོང་བར་མེད་ངུ་མི་རུང་བ་ཡིན། དེ་ལ་བརྟེན་ནས་ང་ཚོས་རང་གཞན་གཉིས་ཀར་ཕན་ཐོགས་མང་བ་བསྒྲུབ་ཐུབ།

དྲི་བ།

གལ་ཏེ་ང་ལ་དངོས་པོ་འདི་དང་དེ་ཡོད་ན། ང་རང་སྐྱིད་པོ་ཡོང་ངེས་རེད། ཅེས་བསམ་པའི་འཇིག་རྟེན་པའི་ཆོས་ཀྱི་ནང་ངེས་པ་མེད་པ་དེ་ཇི་ལྟར་རན་འཚམས་ཡོད་དམ།

དེ་ནི་ང་ཚོས་བསམ་བློ་གང་ཞིག་གཏོང་བ་དེས་བདེ་སྐྱིད་སྐྲུན་གྱི་རེད་ཅེས་པ་དེར་རག་ལུས་ཡོད། གལ་ཏེ་ང་ཚོས་ “ངས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་གཅིག་པུས་ང་རང་སྐྱིད་པོ་ཡོང་ངེས་རེད།” ཅེས་བསམ་པ་དེ་ནི་ “ང་ལ་རོགས་ཟླ་ཡང་དག་པ་རག་ཐུབ་པ་ཁོ་ནས་ང་རང་རྟག་ཏུ་སྐྱིད་པོ་ཡོང་ཞིང་། སྡུག་བསྔལ་ནམ་ཡང་མི་འབྱུང་།” ཞེས་བསམ་པ་དང་མི་འདྲ་བ་རེད། གལ་ཏེ་ང་ཚོས་ཅོག་ལེཊ་དང་། འཁྲིག་སྦྱོར། རོགས་ཟླ་སོགས་གང་རུང་ལས་བྱུང་བའི་སྡུག་བསྔལ་ཀུན་སླར་མི་འབྱུང་བའི་ཚུལ་དུ་མེད་པ་བཟོ་བར་འདོད་ན། ང་ཚོ་རྟག་ཏུ་བློ་ཕམ་ཆགས་རྒྱུ་རེད། ཡིན་ནའང་གལ་ཏེ་ང་ཚོས་བདེ་བ་ཉི་ཚེ་བ་གང་ཡིན་པ་དེ་ངོས་ལེན་བྱས་ན། ང་ཚོས་དེ་གནས་སྐབས་ཀྱི་དམིགས་ཡུལ་ཞིག་ལ་དམིགས་ཆོག །གལ་ཏེ་ང་ཚོར་བདེ་བ་གང་འཚམས་ཤིག་ཡོད་ན། དེ་ང་ཚོས་ལམ་དུ་མུ་མཐུད་འགྲིམ་པའི་ཆ་རྐྱེན་དུ་བེད་སྤྱོད་བྱེད་ཆོག །རྒྱུ་མཚན་དེ་ལ་བརྟེན་ནས་ལམ་རིམ་གྱི་ཐོག་མའི་ཀུན་སློང་ངམ་སྐྱེས་བུ་ཆུང་ངུའི་དམིགས་ཡུལ་ནི་སྐྱེ་བ་བཟང་པོ་དེ་ཡིན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འབད་བརྩོན་བྱེད་སྐབས་ང་ཚོར་ཆ་རྐྱེན་ཀྱི་ཚུལ་དུ་སྤྱིར་བཏང་འཇིག་རྟེན་པའི་བདེ་བ་ཉི་ཚེ་བ་དེ་དགོས་ཀྱི་ཡོད། དེ་དག་ཐམས་ང་ཚོའི་ནམ་རྒྱུན་བདེ་བ་གང་ཡིན་དེ་ངོས་འཛིན་དང་དེ་རྒྱ་ཆེ་རུ་བཏང་ནས་འུད་ཤོབ་མི་བྱེད་པ་ལ་རག་ལུས་ཡོད། ང་ཚོ་ཁ་ཡོད་ལག་ཡོད་ཀྱི་དངོས་ཡོད་དང་མཐུན་པ་དགོས།

མཇུག་སྡོམ།

བློ་ལྡོག་རྣམ་པ་བཞི་ཉམས་ལེན་བྱེད་པ་དེ་ཕན་ཐོགས་ཆེན་པོ་ཡོད། དེ་དག་ལ་སྔོན་འགྲོ་ཟེར་ཞིང་། དེའི་དོན་ནི་ལམ་ལ་བརྟན་པོ་བགྲོད་པའི་སེམས་ཀྱི་གནས་བབས་རན་ཞིང་འཚམས་པ་སྐྲུན་གྱི་ཡོད། དེ་ཡང་འཛིན་གྲྭ་ཞིག་མ་ཚུགས་གོང་གི་སྔོན་འགྲོའི་རིམ་པ་ཁག་ལྟར་ཆོས་ལ་ཉན་པར་སེམས་ཀྱི་གནས་བབས་རན་འཚམས་ཤིག་སྐྲུན་གྱི་ཡོད་པ་ནང་བཞིན་རེད། ཆོས་ཀྱི་ལམ་ལ་བགྲོད་པ་ཞེས་པའི་དོན་གང་ཡིན་ནམ། ང་ཚོས་དེའི་ཐད་ཐུན་མིན་བརྡ་ཆད་ཀྱི་ནང་སྐད་ཆ་ཤོད་ཆོག་ཀྱང་། དེའི་རིམ་པའི་སྐོར་ཤོད་ཀྱི་མིན། ལམ་ལ་བགྲོད་པ་ཞེས་པའི་དོན་ནི། ང་ཚོས་གང་བྱེད་བཞིན་པ་ལ་དངོས་གནས་ཡིད་ཆེས་རྙེད་པ་དང་དེའི་ནང་རྩེ་གཅིག་ཏུ་འབད་བརྩོན་བྱ་རྒྱུ་དེ་ཡིན། དེ་མིན་ང་ཚོ་ཧ་ཅང་བརྟན་པོ་ཆགས་ཀྱི་མེད། ང་ཚོས་དེ་ཏོག་ཙམ་གྱི་རིང་དབྱིངས་ལས་ལྟར་བྱེད་སྲིད། གང་ཡིན་ཞེ་ན། མི་གཞན་དག་གིས་བྱེད་ཀྱིན་ཡོད། འོན་ཀྱང་ང་ཚོ་དེ་ལ་ཧ་ཅང་དོ་སྣང་ཆེན་པོ་མེད།

དེ་ལ་དངོས་གནས་དོ་སྣང་བྱེད་པར། བློའི་ཁྱེར་སོ་འགྱུར་བ་གཏོང་དགོས། དེར་མི་ཚེ་ལ་ལྟ་སྟངས་ཁ་ཤས་ཤིག་དགོས། མི་ཚེའི་ནང་གི་གནས་སྟངས་མཐོང་དགོས་ཤིང་དཀའ་ངལ་དང་སྡུག་བསྔལ་ཡོད་པར་ངོས་ལེན་བྱེད་དགོས། ང་ཚོའི་མི་ལུས་རིན་ཆེན་ལ་རྗེས་སུ་ཡི་རངས་བྱ་གལ་དང་མི་ལུས་འདི་ཡུན་དུ་མི་གནས་པ་ཤེས་དགོས། ང་ཚོའི་མི་ཚེའི་ནང་དཀའ་ངལ་ཡོད་པ་དང་དཀའ་ངལ་དེ་དག་གཞི་རྩའི་ཆ་ནས་ལས་དང་རྨོངས་པ་ཡོད་པའི་རྒྱུ་མཚན་གྱིས་འབྱུང་གི་ཡོད། ང་ཚོའི་མི་ཚེའི་ནང་བདེ་བ་མྱོང་གི་ཡོད་ནའང་། དེ་འདོད་བློ་ཁེངས་པ་ཞིག་མེད། གང་ཡིན་ཟེར་ན། དེ་ཡུན་དུ་མི་གནས་ཤིང་ང་ཚོ་སེམས་ཁམས་ཀྱི་ཉམས་འགྱུར་ཡག་པོ་ཞིག་གི་ནང་གནས་ཀྱི་ཡོད་པའི་ཁག་ཐེག་བྱེད་མི་ཐུབ། སྐབས་སྐབས་སུ་བདེ་བ་དང་ལྡན་པ་ཙམ་གྱིས་འདང་ངེས་ཤིག་མིན།

ང་ཚོར་རྩོད་རྙོག་ཅན་གྱི་འབྲེལ་བའི་ནང་ཚུད་པ་ཤེས་ཀྱི་ཡོད་སྲིད་ཀྱང་། དེ་དག་འགོ་འཛུགས་བྱེད་སྐབས་སྤྲོ་སྣང་འཕེལ་པོ་དང་སྐྱིད་པོ་ཞིག་ཡོད་པ་སོང་ཙང་། སོ་སོ་རང་ཉིད་དམ་ཡང་ན་མི་གཞན་གྱིས་འབྲེལ་བ་རྩོད་རྙོག་ཅན་བཟོ་གི་ཡོད་པ་ཤེས་བཞིན་དུ་འབྲེལ་བ་གཞན་ཞིག་བྱེད་ཀྱི་ཡོད། དེ་ནས་ང་ཚོས་འབྲེལ་བ་གཞན་ནས་གཞན་དུ་བྱེད་སྐབས། མཐར་ང་ཚོ་དེ་ལ་ཐང་ཆད་ནས་ “ངས་འདི་དངོས་གནས་མཚམས་འཇོག་བྱེད་འདོད་འདུག” །ཅེས་ཟེར་གྱི་ཡོད། དེ་མཚམས་འཇོག་བྱེད་ཐུབ་པར་ཡིད་ཆེས་ཡོད། ཡིད་ཆེས་དེ་ལ་གཞི་བཞག་ནས་ང་ཚོས་དངོས་ཡོད་དང་མཐུན་པའི་སྒོ་ནས་དེ་འགོག་པར་འབད་བརྩོན་བྱེད་ཐུབ།

ལམ་དུ་འགྲིམ་བཞིན་པའི་སྐབས། ང་ཚོས་གནས་སྐབས་ཀྱི་བདེ་བ་འཐོབ་ཐབས་བྱེད་དགོས། གང་ཡིན་ཞེ་ན། དེས་ལམ་དུ་འགྲིམ་སྟབས་བདེ་རུ་བཟོ་གི་ཡོད། འོན་ཀྱང་ང་ཚོའི་ཉམས་མྱོང་ནི་འཕེལ་འགྲིབ་འགྲོ་གི་རེད། ང་ཚོ་རྟག་ཏུ་ཕྱི་རུ་ཕྱིན་ཏེ། ཡིད་དུ་འོང་བའི་ཟླ་གྲོགས་འཚོལ་རྒྱུའི་ཚབ་ལ་ང་ཚོ་སྐྱོན་བྲལ་ཡང་དག་མིན་པའི་འབྲེལ་བ་དེ་འདྲའི་ནང་ཚུད་སྲིད་པ་དང་། དེ་འདྲའི་སྒང་ནས་འབྲེལ་བ་དེ་ཡང་དག་པ་ཞིག་ནམ་ཡང་ཆགས་ཀྱི་མ་རེད། ང་ཚོས་འབྲེལ་བ་དེ་མུ་མཐུད་བྱ་བའི་གཞི་རྩ་ལྟ་བུར་ལག་བསྟར་བྱེད་ཆོག །དངུལ་དང་འབྲེལ་བའི་ཐོག་ནས་བཤད་ནའང་གཅིག་པ་རེད། གལ་ཏེ་ང་ཚོའི་མི་ཚེ་ཧྲིལ་པོ་དངུལ་རང་གི་དོན་དུ་བཏང་ན། དེ་ནི་འཛད་མཐའ་མེད་པ་ཞིག་རེད།

ང་ཚོ་འཚོ་ཐུབ་པའི་ཆེད་ཕྱིའི་དངོས་པོའི་མཐུན་རྐྱེན་འདང་ངེས་ཤིག་དགོས་པ་ནང་བཞིན་རང་ཉིད་ཡར་རྒྱས་གཏོང་བར་མཐུན་པའི་རྐྱེན་དང་ལྡན་པར། རང་རྒྱུད་ལ་བརྩེ་བ་དང་། བྱམས་པ། མཉམ་རུབ་ཀྱི་བསམ་བློ་ཞིག་ཀྱང་དགོས། རང་གི་རོགས་ཟླ་དང་མཉམ་དུ་ཡོད་པའི་འབྲེལ་བ་དེ་ནམ་ཡང་ཡང་དག་པའམ་སྐྱོན་དང་བྲལ་བ་ཞིག་མི་ཡོང་། དངུལ་ཁང་དུ་ཡོད་པའི་དངུལ་དེ་ནམ་ཡང་འདང་ངེས་ཡང་དག་པ་ཞིག་མི་ཡོང་། ང་ཚོའི་ནང་དུ་ཡོད་པའི་བདེ་ཐང་ནམ་ཡང་སྐྱོན་བྲལ་ཡང་དག་པ་ཞིག་མི་ཡོང་། དེ་ནི་འགྱུར་བའི་སྡུག་བསྔལ་ཞིག་ཡིན། སྐྱོན་བྲལ་ཡང་དག་པ་ཡོང་བར་འབད་བརྩོན་བྱེད་པ་ནི་རང་གི་མགོ་བོ་རྩིག་ངོས་སུ་གཞུ་བ་འདྲ་པོ་ཡིན། ཆོས་ཕྱོགས་ཀྱི་མི་ཚེ་དང་མཉམ་སྐྱོད་ཐུབ་པའི་ང་ཚོར་མཐུན་རྐྱེན་དེ་དག་འདང་ངེས་ཤིག་ཡོད་སྐབས། ཆོས་ཕྱོགས་ཀྱི་མི་ཚེ་དང་མཉམ་སྐྱོད་བྱེད་དགོས། དོན་དག་དེ་གང་རེད་ཅེ་ན། ང་ཚོས་ཡང་དག་མིན་པའམ་སྐྱོན་ལྡན་གྱི་རིམ་པ་དེ་བཀོལ་སྤྱོད་བྱས་ཏེ་དངོས་ཡོད་དང་མཐུན་པའི་སྒོ་ནས་འཐོབ་རུང་ཡིན་པ་ཞིག་གི་ཐོག་འབད་བརྩོན་བྱེད་དགོས། དེ་ནི་མཐར་ཐུག་གི་གོ་འཕང་དེ་རེད། ང་ཚོའི་སེམས་ནས་རྨོངས་པའམ་མ་རིག་པ་དེ་མེད་པ་བཟོ་ཐུབ། དེའི་དོན་ནི་ང་ཚོས་སྡུག་བསྔལ་སྤོང་ཐུབ། དེ་ནི་ད་ག་རང་རེད། དེ་འདྲའི་ལམ་ནས་ང་ཚོ་སྐྱིད་པ་ཡོང་བ་དང་ང་ཚོས་གཞན་རྣམས་ཀྱང་སྐྱིད་པོ་ཡོང་བར་བྱེད་ཐུབ། ང་ཚོས་རྟག་ཏུ་རོགས་ཟླ་སྐྱོན་བྲལ་ཡང་དག་པ་འཚོལ་ཐབས་ཀྱིས་གཞན་ལ་རོགས་ཕན་མང་བ་བསྒྲུབ་ཐུབ་བམ། ཡང་ན་ང་ཚོས་ཁོང་ཁྲོ་མེད་པ་བཟོས་ཏེ་གཞན་ལ་རོགས་ཕན་མང་བ་བསྒྲུབ་ཐུབ་བམ།

བརྙན་པར། མི་འགྱུར་རིན་པོ་ཆེ། “ལམ་ལྷོང་དང་ལྡན་པའི་མི་ཚེ།”

བསྔོ་བ།

ང་ཚོས་དགེ་བ་བསྔོ་བའི་སྒོ་ནས་མཇུག་སྒྲིལ་རྒྱུ་ཡིན། ང་ཚོར་གོ་རྟོགས་ཅི་འདྲ་ཞིག་རྙེད་པ་དེ་དག་གཏིང་ཟབ་ཏུ་ཟབ་ཏུ་ཕྱིན་ཏེ། དེས་རིམ་པས་ང་ཚོའི་རྒྱུད་ལ་བག་ཆགས་ཤིག་འཇོག་འགོ་བཙུག་པ་དང་། དེ་དག་ཀྱང་དགེ་བའི་ནུས་པའི་ཐོག་ཁ་སྣོན་དང་བཅས་རིམ་བཞིན་དུ་ང་ཚོས་ཆོས་རྣམས་ལ་བློ་ལྡོག་རྣམ་བཞིའི་ཐོག་ནས་བལྟ་རྒྱུ་འགོ་བཙུག་པར་ཤོག །ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བརྟན་དུ་ཕྱིན་ཏེ། མཐར་ང་ཚོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ་པར་གྱུར་ཅིག །།

Top