གསང་སྔགས་ནི་ཚད་མཐོ་བའི་ཉམས་ལེན་ཞིག་རེད།
ཆོས་ཐུན་མཐའ་མ་འདི་དང་མཉམ་དུ་གསང་སྔགས་ཀྱི་སྐོར་ཏོག་ཙམ་འཆད་པར་བྱ་བ་ལ། ང་ཚོས་གསང་སྔགས་ཀྱི་ཆོས་དེའང་རང་གི་ཉིན་རེའི་མི་ཚེའི་ནང་ཉམས་ལེན་བྱེད་དགོས།
ནུབ་ཕྱོགས་ཀྱི་མི་ཚོས་བོད་བརྒྱུད་ནང་བསྟན་གྱི་གསང་སྔགས་ཀྱི་ཆོས་ལ་འཇུག་པའི་སྐབས། ནམ་རྒྱུན་ཡང་སེ་མཐའ་གཉིས་ལས་གང་རུང་གཅིག་གི་ནང་ལྷུང་གི་ཡོད། མཐའ་གཅིག་ནི་དེ་ལ་ཞེད་སྣང་སྐྱེས་ནས་གསང་སྔགས་ཀྱི་ཆོས་ལ་ནམ་ཡང་འཇུག་འདོད་མེད་པ་དང་། མཐའ་གཞན་དེ་ནི་ལམ་སེང་གསང་སྔགས་ཀྱི་ཆོས་ཉམས་ལེན་ལ་ཧོལ་རྒྱུག་བྱེད་འདོད་ཡོད་པ་དེ་རེད། མཐའ་དེ་གཉིས་ཀར་སྐྱོན་གྱི་ཆ་ཡོད།
གསང་སྔགས་ནི་ཧ་ཅང་ཚད་མཐོ་བའི་ཉམས་ལེན་ཞིག་རེད། དེ་ནི་ཞེད་སྣང་སྐྱེ་དགོས་པ་ཞིག་གམ་ཡང་ན་དུས་ལ་མ་བབས་གོང་ནས་དེ་ལ་འཇུག་དགོས་པ་ཞིག་ཀྱང་མིན། ནང་ཆོས་ཀྱི་མདོའི་རིམ་པའི་ཉམས་ལེན་ཏེ། ཐོག་མའི་རིམ་པའི་ནང་། ང་ཚོས་གང་ཉམས་ལེན་བྱེད་བཞིན་ཡོད་ཅེ་ན། གཞི་རྐང་ནས་ང་ཚོས་ཁྱད་ཆོས་མི་འདྲ་བ་སྣ་ཚོགས་པ་མང་པོ་སྦྱོང་གི་ཡོད། ཁྱད་ཆོས་དེ་དག་གིས་ང་ཚོར་འཁོར་བ་འདིའི་ནང་ཡར་རྒྱས་གཏོང་བའི་ཕྱིར་དང་། ཐར་པའི་གོ་འཕང་འཐོབ་པའི་ཕྱིར། ཡང་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར་ཕན་ཐོགས་ཀྱི་རེད། དེ་ལ་བརྟེན་ནས་ང་ཚོས་གཞན་དོན་གང་ཐུབ་ཅི་ཐུབ་བསྒྲུབ་ཐུབ། དམིགས་ཡུལ་འདི་དག་འགྲུབ་པར། ང་ཚོར་ཏིང་ངེ་འཛིན་དང་། བྱམས་པ། སྙིང་རྗེ། མི་རྟག་པ་དང་སྟོང་པ་ཉིད། དེ་བཞིན་ངེས་འབྱུང་སོགས་ལ་ཡང་དག་པ་དང་གཏིང་ཟབ་པའི་གོ་རྟོགས་དགོས། དམིགས་ཡུལ་འདི་དག་འགྲུབ་པའི་རྒྱུ་རུ་དེ་དག་ཐམས་ཅད་མཐའ་གཅིག་ཏུ་དགོས་ངེས་པ་རེད། ང་ཚོས་གསང་སྔགས་དེ་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་འགྲེལ་བརྗོད་བྱེད་ཆོག་ནའང་། གསང་སྔགས་ཉམས་ལེན་གྱི་རྣམ་པ་གཅིག་ནི། དེ་དག་ཐམས་ཅད་མཉམ་དུ་བསྒྲིལ་ནས་དེ་དག་ཐམས་ཅད་དེ་མ་ཐག་ཏུ་ཉམས་ལེན་བྱེད་ཚུལ་ཞིག་རེད།
གལ་ཏེ་ང་ཚོས་དེ་དག་གཅིག་ནས་གཅིག་རིམ་པས་གོང་འཕེལ་བཏང་མེད་ན། ཐམས་ཅད་དུས་གཅིག་ལ་ཉམས་ལེན་བྱེད་མི་ཐུབ་པ་གསལ་པོ་རེད། ཐོག་མར་ཁྱད་ཆོས་དེ་དག་གོང་འཕེལ་མ་བཏང་བར། གསང་སྔགས་ཉམས་ལེན་གྱི་ནང་ཧོལ་རྒྱུག་བྱས་ན། དེ་ནི་བརྗོད་དོན་ནམ་སྙིང་དོན་མེད་པའི་ཆོ་གའི་ཉམས་ལེན་བྱེད་པ་ཙམ་ཞིག་ལས་མ་འདས། ཆོ་གའི་ཉམས་ལེན་ཞིག་ནས་དངོས་གནས་གཏིང་ཟབ་པའི་ཕན་ཡོན་ཞིག་འཐོབ་པར། དེ་ནི་གོང་ནས་གོང་དུ་སྤེལ་དང་སྤེལ་མུས་ཀྱི་ཁྱད་ཆོས་ཚང་མ་མཉམ་དུ་བསྒྲིལ་བའི་སྒྲོམ་གཞི་ཞིག་ཏུ་མཐོང་དགོས་ཀྱི་ཡོད།
དཔེར་ན། ང་ཚོས་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་བསྟེན་པའམ་སྐྱབས་འགྲོ་ཉམས་ལེན་བྱེད་དགོས། ང་ཚོས་གསང་སྔགས་ཀྱི་ཆོ་གའི་ཉམས་ལེན་བྱེད་པ་ལ་བརྟེན་ནས་ག་རེ་བྱེད་ཀྱིན་ཡོད་དམ། ང་ཚོས་ཆོ་ག་དེའི་བརྒྱུད་ནས་རང་གིས་རང་གོང་འཕེལ་གཏོང་ཐབས་བྱེད་པའི་སྒོ་ནས་ཉེན་མེད་ཀྱི་ཁ་ཕྱོགས་འདིའི་ནང་འགྲོ་གི་ཡོད་པ་དེ་ཙམ་རེད། ང་ཚོས་ཆོ་གའི་ཉམས་ལེན་དེ་བག་ཡངས་སྐྱོ་བསང་ལྟ་བུར་བྱེད་ཀྱིན་མེད་ལ། ཁ་སྒྱུར་བ་ལྟ་བུ་ཕྱི་རུ་ཌིས྄་ནཱིའི་ཞིང་ཁམས་སུ་འགྲོ་བ་དང་ང་ཚོའི་མི་ཚེ་དཀྱུས་མ་ལས་གཡོལ་ཐབས་བྱེད་པ་དེ་འདྲ་མ་རེད། དེ་ལས་ལྡོག་སྟེ། ང་ཚོས་ཆོ་གའི་ཉམས་ལེན་ནི་ནང་པའི་དམིགས་ཡུལ་སྣ་ཚོགས་པ་འཐོབ་པའི་ཕྱིར། རང་གིས་རང་ཡར་རྒྱས་གཏོང་བར་ཕན་པའི་ཐབས་སུ་ལག་བསྟར་བྱེད་ཀྱིན་ཡོད། དམིགས་ཡུལ་དེ་དག་ནི་སྐྱབས་གནས་དཀོན་མཆོག་གསུམ་རེད། སངས་རྒྱས་ཀྱིས་གང་གསུངས་པ་དང་། ཁོང་གིས་གང་ཡོངས་སུ་རྫོགས་པར་ཐོབ་པ། འཕགས་པའི་དགེ་འདུན་རྣམས་ཀྱིས་དེའི་ཕྱེད་དམ་ཆ་ཙམ་གང་ཐོབ་པ་བཅས་རེད།
ངེས་འབྱུང་གི་དགོས་མཁོ།
ངེས་འབྱུང་ནི་ང་ཚོའི་གསང་སྔགས་ཉམས་ལེན་གྱི་ནང་ཧ་ཅང་དགོས་ངེས་ཅན་གྱི་ཆ་ཤས་གཞན་ཞིག་ཡིན་པས། ང་ཚོས་དེ་གང་ལ་གོ་བའི་ཐད་ནན་བརྗོད་བྱེད་དགོས། ངེས་འབྱུང་ལ་རྣམ་པ་གཉིས་ཡོད་དེ། གཅིག་ནི་དཀའ་ངལ་དང་སྡུག་བསྔལ་ལས་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་དེ་རེད། རྣམ་པ་དེ་ལ་བརྟེན་ནས་ང་ཚོས་གསང་སྔགས་ཀྱི་ཉམས་ལེན་དེ་ཐབས་སུ་ལག་བསྟར་བྱས་ཏེ། སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་སྒོ་ནས་སོ་སོ་རང་ཉིད་ཀྱི་སྡུག་བསྔལ་དང་དཀའ་ངལ་ལས་ཐར་ཐུབ་ཀྱི་ཡོད། གལ་ཏེ་ང་ཚོར་ངེས་འབྱུང་གི་རྣམ་པ་དེ་དང་ཐར་འདོད་ཀྱི་ཆོད་སེམས་དེ་མེད་ན། ང་ཚོས་ཉམས་ལེན་དེ་རང་ངོས་ནས་སོ་སོའི་ཆོས་ཕྱོགས་ཀྱི་ལམ་གྱི་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་ལག་བསྟར་བྱེད་མི་ཐུབ།
ངེས་འབྱུང་གི་རྣམ་པ་གཞན་ཞིག་ནི། ང་ཚོས་སོ་སོ་རང་ཉིད་ཀྱི་སྡུག་བསྔལ་ཙམ་མིན་པར། སྡུག་བསྔལ་དེའི་རྒྱུ་དང་བཅས་པ་སྤོང་འདོད་ཀྱི་འདུན་སེམས་དེ་རེད། དེ་ནི་ཧ་ཅང་གལ་ཆེན་པོ་རེད། གལ་ཏེ་ང་ཚོས་སྡུག་བསྔལ་གྱི་རྒྱུ་རྣམས་སྤོང་འདོད་མེད་ན། ང་ཚོ་སྡུག་བསྔལ་དེ་ལས་ག་ཚོད་ཀྱིས་ཐར་འདོད་ཡོད་ནའང་། དེ་ལས་ཐར་བའི་ཐབས་གཞན་མེད་པ་རེད། སྟབས་ཉེས་པ་ཞིག་ལ་སྡུག་བསྔལ་གྱི་རྒྱུ་ནི་གློག་བརྙན་ལྟ་རུ་འགྲོ་བ་དང་། ཅོཀ་ལེཊ་བཟའ་བ། ཐ་ན་ཕན་ཚུན་འཁྲིག་སྤྱོད་བྱེད་པ་ལྟ་བུ་གལ་གནད་ཆུང་ངུ་དེ་ཙམ་ཞིག་མིན། དེ་ནི་ང་ཚོའི་མི་ཚེའི་ནང་ཚང་མ་ཚུད་ཡོད་པ་དེ་རེད། ཕྱོགས་གཅིག་ནས་དེ་ནི་ང་ཚོའི་སྒེར་གྱི་གཤིས་ཀ་ངན་པ་དག་ཡིན་པ་སྟེ། ང་ཚོའི་ཁོང་ཁྲོ་དང་། འདོད་ཆགས། ཁེངས་དྲེགས། ཕྲག་དོག་སོགས་ཡིན་པ་རེད། ང་ཚོས་དེ་ལས་ཅུང་ཟབ་པར་ཕྱིན་ན། དེའི་ནང་ང་ཚོའི་ཉེན་སྲུང་མེད་པ་དང་། སེམས་འཚབ། སེམས་འཁྲལ་བཅས་ཚུད་ཡོད། ད་དུང་ཡང་དེ་ལས་ཟབ་ཏུ་ཕྱིན་ན། དེ་ནི་ང་ཚོའི་རྨོངས་པ་དེ་རེད། དེ་ནི་སོ་སོ་རང་ཉིད་ཀྱི་སྐོར་དང་སོ་སོའི་མི་ཚེའི་ནང་ཡོད་པའི་གོ་བ་ལོག་སྒྲུབ་དེ་ཡིན་པ་རེད།
དེ་ལས་ཀྱང་གཏིང་ཟབ་པར་ང་ཚོས་གང་སྤོང་དགོས་ཞེ་ན། སྣང་གནས་མི་མཐུན་པའི་ང་ཚོའི་སེམས་དཀྱུས་མ་སྟེ། དངོས་པོའི་གནས་ལུགས་དང་མི་མཐུན་པའི་ཆོས་ཤིག་སྣང་བར་བྱེད་མཁན་གྱི་སེམས་ཕལ་པ་དེ་རེད། དེ་སྤོང་དགོས། མ་དག་པའི་སྣང་བ་དེ་དག་ལ་གཞི་བྱས་ཏེ། དེ་དག་ནི་འཁྲུལ་བ་དང་ནོར་བ་ཡིན་པའི་ང་ཚོའི་མ་རིག་པ་དེས་དེ་དག་བདེན་པ་ཡིན་པར་ཡིད་ཆེས་སུ་འཇུག་གི་ཡོད། ང་ཚོའི་དཀའ་ངལ་ཡོད་དོ་ཅོག་དེ་ལས་འབྱུང་གི་ཡོད།
དཀའ་ངལ་དེ་སེམས་ཁོ་རང་མིན་པར། དེ་ནི་འཁྲུལ་སྣང་གི་སེམས་འདི་དང་། སྣང་བ་དེ་དག་བདེན་པར་ཡིན་པར་འཛིན་པའི་ང་ཚོའི་ཡིད་ཆེས་ནོར་བ་དེ་རེད། ང་ཚོའི་དཀའ་ངལ་གྱི་རྒྱུ་དེའང་སེམས་ཀྱིས་བསྐྲུན་པའི་སྣང་བ་ཁོ་རང་མིན། དཀའ་ངལ་རྣམས་སྣང་བ་དེ་རང་གི་ཐོག་ལ་ཡོད་ཅེས་བསམ་པ་དེའང་ནོར་འཁྲུལ་ཆེན་པོ་ཞིག་རེད། དེ་ལྟར་བསམ་བློ་གཏོང་བ་ནི་བོད་སྐད་ནང་གི་ཚིག་ “སྣང་བ་” ཟེར་བ་དེ་ལ་གོ་བ་ལོག་སྒྲུབ་བྱས་ནས་བྱུང་བའི་ནོར་འཁྲུལ་ཞིག་རེད། བོད་སྐད་ནང་གི་སྣང་བ་ནི་སྣང་བ་དང་སྣང་བྱེད་གང་རུང་ལ་གོ་ཆོག
ང་ཚོས་སྣང་བ་དཀྱུས་མའམ་གཉིས་སྣང་སྤོང་དགོས་པའི་སྐོར་ཤོད་སྐབས། ང་ཚོས་མིང་ཚིག་ཅིག་གི་སྐོར་ཤོད་ཀྱིན་མེད། ང་ཚོས་ཕ་གིར་ཡོད་པའི་སྣང་བའི་སྐོར་ཤོད་ཀྱིན་མེད། ང་ཚོས་ཆོས་སམ་དངོས་པོ་ཞིག་ཤེས་ཚུལ་གྱི་སྐོར་ཤོད་ཀྱིན་ཡོད། ང་ཚོས་བྱ་ཚིག་ཅིག་གི་སྐོར་ཤོད་ཀྱིན་ཡོད། བྱེ་བྲག་ཏུ་ང་ཚོས་དངོས་པོ་རྣམས་གནས་ལུགས་དང་མི་མཐུན་པ་ཞིག་ཏུ་སྣང་བར་བྱེད་པའི་སེམས་ཀྱི་བྱེད་ལས་ཀྱི་སྐོར་ཤོད་ཀྱིན་ཡོད། དེ་ནི་ང་ཚོས་གང་སྤོང་ཐབས་བྱེད་བཞིན་པ་དེ་རེད། དེ་ནི་ང་ཚོས་འགོག་པ་དངོས་ཤིག་འཐོབ་ཐབས་བྱེད་བཞིན་པ་དེ་རེད། སྟབས་མ་ལེགས་པ་ཞིག་ལ། མི་ཚེ་ནི་དཀའ་ལས་ཁག་པོ་རེད། ང་ཚོའི་སེམས་ཀྱིས་ཐོག་མ་མེད་པ་དང་རྒྱུན་ཆད་མེད་པར་དངོས་པོ་རྣམས་ཆོ་མེད་པའི་ཚུལ་དུ་སྣང་བར་བྱེད་ཀྱི་ཡོད།
དཔེ་ཆ་བཞག་ན། ང་ཚོར་ཐ་ན་མི་རྟག་པ་དང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་མེད་པའི་སྐོར་ལ་གོ་རྟོགས་གང་འཚམ་ཞིག་ཡོད་ནའང་། ད་དུང་ང་ཚོ་ཞོགས་པ་ཡར་ལངས་ནས་མེ་ལོང་ནང་སོ་སོ་རང་ཉིད་ལ་བལྟ་བའི་སྐབས། ང་ཚོ་མདང་དགོང་གང་ཡིན་པའི་གང་ཟག་དེ་གཅིག་པ་ཡིན་པར་སེམས་ཀྱིས་དེ་ལྟར་སྣང་བར་བྱེད་ཀྱི་ཡོད། ང་ཚོ་ནི་རྟག་པ་ཡིན་པ་ལྟ་བུ་སྣང་གི་ཡོད། ཡང་ན་ང་ཚོས་སོ་སོའི་རྐང་པར་རྨ་བཟོས་ནས་སེམས་ཀྱིས་རྐང་པ་ལས་ལོགས་སུ་ “ང་” ཟེར་བ་ཞིག་ཡོད་པ་ལྟར་སྣང་བར་བྱེད་ཀྱི་ཡོད་དེ། “ངས་ངའི་རྐང་པར་རྨས་སྐྱོན་བྱས་ཡིན་” ཟེར་བ་ལྟ་བུ་རེད། ང་ཚོའི་རྟོག་པའི་སེམས་འདི་སྐད་ཡིག་ལ་གཞི་བྱས་ཏེ། དངོས་པོ་རྣམས་དེ་ལྟར་སྣང་བར་བྱེད་ཀྱི་ཡོད།
ང་ཚོར་གང་ཞིག་སྤོང་རྒྱུ་འདུན་སེམས་དགོས་ཟེར་ན། སེམས་ཀྱིས་དངོས་པོ་རྣམས་དེ་ལྟར་སྣང་བར་བྱེད་པའི་རྒྱུད་རིམ་ཡོངས་སུ་རྫོགས་པ་སྤོང་དགོས་པ་སྟེ། དེ་ལ་སྟབས་ཉེས་པ་ཞིག་ལ། ང་ཚོ་ཧ་ཅང་གོམས་འདྲིས་ཡོད་པ་རེད། དེ་བཞིན་རྨོངས་པ་དང་། དཀའ་ངལ། སེམས་འཁྲལ་སོགས་ཚང་མ་འདི་ལས་འབྱུང་གི་ཡོད། གལ་ཏེ་ང་ཚོས་དེ་སྤོང་འདོད་མེད་ན། ང་ཚོས་སོ་སོ་རང་ཉིད་དང་། རང་ལ་ཡོད་པའི་སྣང་འཆར། དེ་བཞིན་གསང་སྔགས་ལ་བརྟེན་པའི་གནད་དོན་ཚང་མར་འགྱུར་བ་ཞིག་ཇི་ལྟར་གཏོང་ཐུབ་བམ།
སོ་སོ་རང་ཉིད་ལ་ཡོད་པའི་སྣང་འཆར་ཕལ་པ་དེ་སྤོང་འདོད་མེད་པ་སྟེ། དེ་ནི་ “ང་” ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ངོ་བོ་རང་གི་སྣང་འཆར་དེ་ཡིན་པ་རེད། དེ་སྤོང་འདོད་མེད་པའི་སྒོ་ནས་རང་གིས་ཡི་དམ་གྱི་ལྷ་ལྟ་བུ་ཞིག་བསྐྱེད་པ་ནི། ཐར་པའི་ལམ་མིན་པར། དེ་ལས་ལྡོག་སྟེ། དེ་ནི་སེམས་ཁམས་འཆོལ་བའི་ལམ་ཡིན་པ་རེད། ང་ཚོར་ད་དུང་ཡང་རང་གིས་རང་ལ་ཆོ་མེད་པ་དང་། ཡོངས་སུ་ཁྲོ་བ། ཆགས་པའི་བསམ་བློ་འདི་ཡོད་ངེས་རེད། དེའི་སྟེང་ལ་ང་ཚོས། “ང་ནི་ཡི་དམ་གྱི་ལྷ་ཞིག་ཡིན་” ཞེས་པའི་སྤྲོས་བཤད་དེ་ཁ་སྣོན་བྱེད་ངེས་རེད། དེ་ནས་ང་ཚོས་ལས་སླ་པོའི་སྒོ་ནས་དཔེར་ན། “ང་རང་ཁོང་ཁྲོ་བཟའ་གི་འདུག །དེ་ནི་ངའི་ཡི་དམ་གྱི་ལྷ་དྲག་པོའི་རྣམ་པ་དེ་རེད་” ཅེས་བརྗོད་པའི་སྨྱོན་པའི་རང་བཞིན་ཆགས་ཀྱི་ཡོད། ཡང་ན་ང་ཚོས་མི་སུ་དང་གང་ཡིན་ནའང་དེ་དང་མཉམ་དུ་འཁྲིག་པ་སྤྱོད་ཀྱི་ཡོད། གང་ཡིན་ཞེ་ན། “ང་ནི་ཡུམ་ཡོད་པའི་ཡི་དམ་གྱི་ལྷ་འདི་ཡིན་པ་དང་། ཚང་མ་དང་མཉམ་དུ་འཁྲིག་པ་སྤྱོད་རྒྱུ་འདི་ནི་ཚད་མཐོ་བའི་གསང་སྔགས་ཀྱི་ཉམས་ལེན་རེད་” ཅེས་ཤོད་ཀྱི་ཡོད། གལ་ཏེ་ང་ཚོར་ཐར་འདོད་ཀྱི་ཆོད་སེམས་འདི་དང་རང་གི་སྣང་འཆར་ཕལ་པ་འདིའི་རྨང་གཞི་ཞིག་མེད་པར་གསང་སྔགས་ཉམས་ལེན་གྱི་ནང་ཧོལ་རྒྱུག་བྱས་ན། དེ་དག་ཐམས་ཅད་ནི་འབྱུང་སྲིད་པའི་ཉེན་ཁ་ཆེན་པོ་ཞིག་རེད།
སོ་སོ་རང་ཉིད་ལ་ཡོད་པའི་སྣང་འཆར་དེ་སྤོང་བར། སྟོང་པ་ཉིད་པ་ཡང་དག་པའི་གོ་རྟོགས་ཤིག་དགོས་ངེས་ཅན་ཡིན། གང་ཡིན་ཞེ་ན། དེ་མིན་ང་ཚོས་རང་གིས་རང་ལ་ཡོད་པའི་བསམ་བློའི་འཆར་སྒོ་དེ་ལ་འགྱུར་བ་ཇི་ལྟར་གཏོང་ཐུབ་བམ། ཡང་དག་པའི་གོ་རྟོགས་མ་ནོར་བ་ཞིག་མེད་ན། ང་ཚོ་རྦད་དེ་སྨྱོན་པ་ནང་བཞིན་ཆགས་ནས། ཧ་ཅང་ཁྱད་མཚར་པོའི་སྒོ་ནས་ “ཚང་མ་དཀྱིལ་འཁོར་ཞིག་ཡིན་པ་དང་། ངའི་མཐའ་སྐོར་དུ་ཡང་དག་པར་ཡོད་པ། མི་ཚང་མ་ནི་སངས་རྒྱས་ཡིན་པར་” བསམ་གྱི་ཡོད། ང་ཚོས་སྲང་ལམ་བརྒལ་ནས་འགྲོ་སྐབས། ཐ་ན་དོ་སྣང་དང་གཟབ་ནན་རྩ་ནས་མི་བྱེད་པར་སྣུམ་འཁོར་ལ་བརྡབ་སྐྱོན་ཐེབས་ཀྱི་ཡོད།
དེར་མ་ཟད། བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་བཅས་རང་རྒྱུད་ལ་མཐའ་གཅིག་ཏུ་དགོས་ངེས་ཅན་ཞིག་རེད། ང་ཚོས་གཞན་དོན་དང་གཞན་ལ་སེམས་འཁུར་ཡོད་པ་ཁོ་ནའི་ཆེད་དུ་ཉམས་ལེན་འདི་དག་ཐམས་ཅད་བྱེད་ཀྱིན་ཡོད། བྱང་ཆུབ་སེམས་ཀྱིས་ང་ཚོས་འདི་དག་ཐམས་ཅད་འཛམ་གླིང་འདི་དང་གཞན་རྣམས་ལ་གདོང་ལེན་བྱེད་པའི་ཐབས་ལམ་ལྟ་བུར་ལག་བསྟར་བྱེད་དགོས་པར་སེམས་སྐུལ་སྦྱིན་གྱི་ཡོད། དེ་མེད་པར་ནང་པའི་ཌིས྄་ནིའི་ཞིང་ཁམས་སུ་བསྐྱོད་རྒྱུ་ཧ་ཅང་ལས་སླ་པོ་རེད། རྟོག་འཆར་གྱི་ཞིང་ཁམས་ཁྱད་མཚར་འགའ་ཞིག་གི་ནང་བསྐྱོད་རྒྱུ་ཧ་ཅང་ལས་སླ་པོ་རེད།
ང་ཚོས་གསང་སྔགས་ཉམས་ལེན་བྱེད་བཞིན་པའི་སྐབས། སོ་སོ་རང་ཉིད་ལ་ཕྱག་དང་ཞབས་དེ་དག་ཐམས་ཅད་ཡོད་པ་དང་ཚོན་སྣ་ལྔས་བསྐོར་ནས་ཡོད་པ་སོགས་དམིགས་རྣམ་དུ་བྱེད་ཀྱི་ཡོད། དེ་དག་རེ་རེ་ནི་གོ་རྟོགས་སྣ་ཚོགས་པ་དང་ཁྱད་ཆོས་སྣ་ཚོགས་པའི་མཚོན་དོན་ཡིན་པ་རེད། དཔེར་ན། བྱམས་པ་དང་། སྙིང་རྗེ། ཡེ་ཤེས་ལྔ་ལ་སོགས་པ་ལྟ་བུ་རེད། ང་ཚོས་གནད་དོན་འདི་དག་གསལ་བྲིས་གཟགས་རིས་ཀྱི་རྣམ་པར་དམིགས་རྣམ་དུ་བྱེད་པའི་སྒོ་ནས་ཕྱག་ཞབས་དུ་མ་དང་ལྡན་པ་ལྟ་བུ་དེ་དག་ཐམས་ཅད་དུས་གཅིག་ལ་བསྐྱེད་པར་ང་ཚོར་ཕན་གྱི་ཡོད། དེ་ཡང་གསང་སྔགས་ནི་ཧ་ཅང་ཚད་མཐོ་བའི་ཉམས་ལེན་ཞིག་ཡིན་པ་དང་། དེ་ཡང་དག་པར་མ་ནོར་བར་ཉམས་སུ་བླང་ཐུབ་པར་གྲ་སྒྲིག་ཧ་ཅང་མང་པོ་དགོས་ཀྱི་ཡོད།
སྔོན་འགྲོའི་ཉམས་ལེན་དགོས་གལ།
ང་ཚོས་ཕྱག་འཚལ་བ་དང་། རྡོར་སེམས་ཡིག་བརྒྱ་བཟླས་བརྗོད་བྱེད་པ་ལྟ་བུ་སྟ་གོན་དང་སྔོན་འགྲོའི་ཉམས་ལེན་གཞན་གྱི་སྐོར་ཤོད་སྐབས། དེ་ནི་ང་ཚོས་ད་ལྟ་གོ་བསྡུར་བྱས་ཟིན་པ་དེའི་ཁ་སྣོན་དེ་རེད། དེ་དག་གིས་ང་ཚོས་བསོད་ནམས་གསོག་པ་དང་གསང་སྔགས་ཉམས་ལེན་ལམ་ལྷོང་ཡོང་བ། དེ་བཞིན་འདི་མི་འབྱུང་བར་སྔོན་འགོག་བྱེད་ངེས་པའི་སྡིག་པ་མི་དགེ་བ་དག་སྦྱོང་བྱེད་ཕྱིར་ཕན་གྱི་ཡོད། འོན་ཀྱང་དེ་དག་ཁོ་ནས་སྔོན་འགྲོའི་ཉམས་ལེན་འདི་དག་བྱེད་པ་དང་། དེ་དག་དང་མཉམ་དུ་བྱམས་པ་དང་། སྙིང་རྗེ། ཏིང་ངེ་འཛིན། སྟོང་པ་ཉིད་སོགས་མེད་པར་ལམ་ལྷོང་ལེགས་གྲུབ་ཡོང་བར་འདང་ངེས་ཤིག་མིན། དཔེར་ན། ང་ཚོས་ཀུན་སློང་ལྟ་བུ་དེ་དབང་རྩ་འཁྲུགས་པའི་རྒྱུ་མཚན་གྱི་ཆེད་དུ་ཕྱག་འབུམ་འཚལ་གྱིན་ཡོད་སྲིད། དེ་ནི་ང་ཚོའི་དགེ་བའི་བཤེས་གཉེན་ཐུགས་མཉེས་པའི་ཕྱིར་ཡིན་སྲིད་པ་དང་། དེ་ནི་དམིགས་བསལ་ཅན་གྱི་མི་རྣམས་ཀྱི་སྐྱིད་སྡུག་ལ་འཛུལ་བཞུགས་བྱེད་པ་ལྟ་བུ་ཡིན་སྲིད། དེ་བཞིན་མི་སྡུག་ཅག་ཅིག་ཡིན་པའི་ཆ་ནས་དེ་ལ་དཀའ་ཐུབ་ཅིག་ཀྱང་ཡིན་སྲིད་པ་རེད།
སྔོན་འགྲོའི་ཉམས་ལེན་འདི་དག་ཐམས་ཅད་བྱམས་སྙིང་རྗེ་ལྟ་བུ་ཆོས་ཀྱི་རྣམ་པ་སྣ་ཚོགས་པ་དེ་དག་ཁོ་ན་ལ་གཞི་བྱས་ཏེ་ཉམས་སུ་ལེན་དགོས་པ་ཙམ་དུ་མ་ཟད། ཁྱད་རྣམ་དེ་དག་མུ་མཐུད་དེ་གོང་ནས་གོང་དུ་སྤེལ་བར་དམིགས་དགོས་ཀྱི་ཡོད། འདི་ནི་ང་ཚོས་གང་གྲོས་བསྡུར་བྱས་ཟིན་པའི་སྟོང་ཉིད་རྟོགས་པ་དེ་ཡར་རྒྱས་ཇི་ལྟར་གཏོང་དགོས་པ་དང་། དེའི་ཆེད་དུ་བསོད་ནམས་རླབས་པོ་ཆེ་ཇི་ལྟར་གསོག་དགོས་པ། དེ་བཞིན་སེམས་ཀྱི་འགོག་རྐྱེན་འགའ་ཞིག་གཙང་མ་ཇི་ལྟར་བཟོ་བ་དང་འདྲ་པོ་ཡོད། ཕྱག་འཚལ་བ་ལྟ་བུ་ཉམས་ལེན་དེ་དག་གིས་ཆོས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ་མཉམ་དུ་བསྒྲིལ་ཐུབ་པའི་ཆེད་དགེ་བའི་ནུས་པ་སྐྱེད་པར་ཕན་གྱི་ཡོད། ང་ཚོས་མཉམ་དུ་བསྒྲིལ་དགོས་པའི་རྣམ་པ་དེ་དག་དང་བྲལ་ན། སྔོན་འགྲོའི་ཉམས་ལེན་གྱི་བཟང་ཕྱོགས་ཀྱི་ནུས་པ་དེ་ཁོ་ནས་འདང་ངེས་ཤིག་མིན།
བསོད་ནམས་གསོག་པ་དང་བར་ཆད་ཟློག་པའི་རྣམ་པ་ནི་སྲོལ་རྒྱུན་གྱི་སྒོ་ནས་སྒྲོམ་གཞིར་བསྐྲུན་པ་ཞིག་ཡིན་ཆོག་ནའང་། དེ་ཡིན་མི་དགོས། དེ་ནི་ང་ཚོའི་ཕྲུ་གུ་གཅེས་སྐྱོང་བྱེད་པ་ཡིན་སྲིད་པ་དང་། སྨན་ཁང་ཞིག་གི་ནང་ལས་ཀ་བྱེད་བཞིན་པ་ཡིན་སྲིད་ལ། ང་ཚོས་ཡང་ནས་ཡང་དུ་བྱེད་པའི་དགེ་བའི་ལས་གང་རུང་ཡིན་སྲིད། འདིར་སྲོལ་རྒྱུན་གྱི་དཔེ་ཞིག་ཡོད་དེ། སངས་རྒྱས་ལ་སློབ་མ་ཧ་ཅང་འདུལ་དཀའ་བ་ཞིག་ཡོད། སློབ་མ་དེ་ལ་རྣམ་དཔྱོད་དེ་ཙམ་མེད། སློབ་མ་དེའི་ཆེད་དུ་སྔོན་འགྲོའི་ཉམས་ལེན་ལ་སངས་རྒྱས་ཀྱིས། “མི་གཙང་བ་དག་སོང་ཞེས་སམ་རྡུལ་སྤོང་དྲི་མ་སྤོང་” ཞེས་འདོན་བཞིན་དུ་ལོ་འགའི་རིང་ལ་ལྷ་ཁང་ནང་ཕྱག་པ་རྒྱག་དགོས་ཞེས་གསུངས་པ་རེད། དེ་ནི་སློབ་མ་དེའི་སྔོན་འགྲོའི་ཉམས་ལེན་རེད། སངས་རྒྱས་ཀྱིས་སློབ་མ་དེ་ལ་ཕྱག་འཚལ་དགོས་ཞེས་གསུངས་མེད། བྱས་ཙང་། ང་ཚོས་ཏོག་ཙམ་སྟབས་བསྟུན་བདེ་པོ་དང་ཚོགས་གསོག་སྒྲིབ་སྦྱོང་གི་རྒྱུད་རིམ་རང་དེ་གལ་ཆེན་པོ་ཡིན་པ་ཤེས་དགོས། རྒྱུད་རིམ་དེའི་སྒྲོམ་གཞི་ནི་མི་སྒེར་སོ་སོ་ལ་དམིགས་སུ་བཀར་ནས་བཟོས་པ་ཞིག་ཡིན་ཆོག
དགེ་བའི་བཤེས་གཉེན་དང་སྡོམ་པ་བླང་བ།
ཕྱོགས་གཞན་ཞིག་ནས་གསང་སྔགས་ལ་ཞེད་སྣང་སྐྱེས་ཏེ། “ང་རང་འདིའི་ནང་དངོས་གནས་འཇུག་འདོད་མི་འདུག་” ཅེས་ཚོར་དགོས་དོན་མེད། འོན་ཀྱང་ང་ཚོས་དེའི་ཐད་ལ་གཟབ་ནན་བྱེད་དགོས་པ་དང་དེ་མ་ནོར་བར་ཉམས་ལེན་བྱེད་དགོས། དེའི་ཆེད་དུ་དགེ་བའི་བཤེས་གཉེན་དང་མཉམ་དུ་འབྲེལ་བ་ཡག་པོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཞེ་ན། སླར་ཡང་ང་ཚོས་གོང་དུ་ཞུས་པ་ལྟར། ང་ཚོས་སོ་སོའི་དགེ་བའི་བཤེས་གཉེན་དེ་ཡི་དམ་གྱི་ལྷ་དེ་དག་གང་རུང་གི་ངོ་བོར་མཇལ་བའི་སྐབས། དེའི་ལྡོག་ཕྱོགས་སུའང་བྱ་བ་བྱེད་ཀྱི་ཡོད་དེ། དེས་ང་ཚོས་ཡི་དམ་གྱི་ལྷ་དེ་དག་འགྲོ་བ་མི་ལྟར་མཐོང་ནུས་པར་བྱེད་ཀྱི་ཡོད། དེ་ཡང་གསང་སྔགས་ཀྱི་ཉམས་ལེན་འདི་དག་ཐམས་ཅད་དངོས་གནས་འགྲོ་བ་མིའི་མི་ཚེའི་ནང་བསྒྱུར་བའི་དོན་གང་ཡིན་པ་དེ་སྦྱོང་གི་ཡོད། དེ་མིན་ང་ཚོས་ཡི་དམ་གྱི་ལྷ་དེ་དག་ལ་ཉིན་གང་པོར་དམིགས་རྣམ་དུ་བྱེད་པའི་དོན་གང་ཡིན་པ་དེའི་ཐད་ལ་བསམ་བློ་ཁྱད་མཚར་པོ་དེ་འདྲ་འཁོར་སྲིད་པ་རེད།
གསང་སྔགས་ཀྱི་ནང་ཧ་ཅང་གལ་ཆེ་བའི་གནད་དོན་གཞན་ཞིག་ནི། སྡོམ་པ་བྱེ་བྲག་འགའ་ཞིག་བླང་རྒྱུ་དེ་རེད། དཔེར་ན། ཁྱིམ་པའི་སྡོམ་པ་དང་། བྱང་སེམས་སྡོམ་པ། དེ་བཞིན་རྒྱུད་སྡེ་གོང་མ་གཉིས་ཀྱི་ནང་གསང་སྔགས་ཀྱི་སྡོམ་པ་བཅས་རེད། འོན་ཀྱང་ང་ཚོས་སོ་སོ་རང་ཉིད་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” ལྟ་བུ་ཡོད་པ་དང་། “ངས་འདི་བྱེད་དགོས་པ་དང་དེ་བྱེད་མི་དགོས་” ཞེས་བསམ་པའི་ལྟ་ཚུལ་གྱི་སྒོ་ནས་སྡོམ་པ་བླང་རྒྱུ་སྤོང་དགོས་པའི་ཐད་གཟབ་ནན་བྱེད་དགོས། དེར་བརྟེན་དབང་རྩ་མི་འཁྲུགས་པའི་སྒོ་ནས་སྡོམ་པ་བླང་ཐུབ་པར། སྟོང་པ་ཉིད་ཀྱི་དོན་དེ་རྟོགས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ལ་བརྟེན་ནས་ང་ཚོས་འདས་པའི་དུས་སུ་གང་བྱས་ཡོད་པ་དང་མ་འོངས་པར་གང་བྱེད་སྲིད་པའི་ཐད་ལ་ནག་ཉེས་ཀྱི་ཚོར་བ་མི་སྐྲུན་པའམ། ཡང་ན་སྡོམ་པ་བླངས་པའི་རྒྱུ་མཚན་གྱིས་ང་ཚོ་ཚོད་འཛིན་མི་ཐུབ་པའི་ཚོར་བ་སྐྲུན་པ། ཡང་མིན་ན་ “ད་ངས་སྟངས་འཛིན་ནི་མི་གཞན་ཞིག་ལ་སྤྲད་པ་ཡིན། ད་ལྟ་ང་རང་དགེ་བའི་བཤེས་གཉེན་འདིའི་བྲན་གཡོག་ཏུ་གྱུར་ཡོད་” ཅེས་ཚོར་བ་ལྟ་བུ་རེད། ཚོད་འཛིན་གྱི་གནད་དོན་ལ་གཞིགས་ནས་གལ་ཏེ་ང་ཚོས་དེ་ལྟར་བསམ་བློ་བཏང་ན། ང་ཚོ་སྡོམ་པ་བླང་རྒྱུར་ཧ་ཅང་ཞེད་སྣང་སྐྱེ་སྲིད་པ་དང་གསང་སྔགས་ལ་ནམ་ཡང་མི་འཇུག་པ་ཡིན།
དེ་དག་ཐམས་ཅད་ལས་ཐར་བ་དང་སྡོམ་པ་རྣམས་དབང་རྩ་མི་འཁྲུགས་པའི་སྒོ་ནས་བསྲུང་བར། སླར་ཡང་ང་ཚོར་སྟོང་པ་ཉིད་ཀྱི་གོ་རྟོགས་དེ་དགོས། གསང་སྔགས་ཉམས་ལེན་བྱེད་པར། ང་ཚོར་ཡང་ནས་ཡང་དུ་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས། སྟོང་ཉིད་ཀྱི་གོ་རྟོགས་བཅས་དགོས་ཀྱི་ཡོད། གལ་ཏེ་ང་ཚོ་ཡང་དག་པའི་སྒོ་ནས་གྲ་སྒྲིག་ཨང་བསར་ཡོད་ན། དེ་ནས་གསང་སྔགས་ནི་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཞེ་ན། དེས་ང་ཚོར་ཉམས་ལེན་ཚང་མ་མཉམ་དུ་བསྒྲིལ་ནུས་པར་བྱེད་ཀྱི་ཡོད། དེ་ནི་ཧ་ཅང་གཟབ་པོ་དང་ནན་པོ་བྱ་རུང་བ་ཞིག་ཡིན་པ་དང་ང་ཚོ་གྲ་སྒྲིག་མེད་པར་དེ་ལ་འཇུག་རྒྱུ་མེད། ཡིན་ནའང་ང་ཚོས་ “ང་རང་ནམ་ཡང་གྲ་སྒྲིག་ལྡན་པ་ཡོང་གི་མ་རེད། བྱས་ཙང་། ང་རང་འདིའི་ནང་འཇུག་འདོད་རྩ་ནས་མི་འདུག་” ཅེས་བསམ་རྒྱུ་དེའང་སྤོང་དགོས། གསང་སྔགས་ཀྱི་ཆོས་ལ་འཇུག་པའི་སྐབས། ང་ཚོར་ལམ་དབུ་མ་ལྟ་བུ་ཞིག་དགོས་ཀྱི་ཡོད།
ང་ཚོའི་གོ་རྟོགས་དེ་ག་དུས་འགྲིག་ངེས་ཤིག་རེད་དམ།
“ད་ང་རང་གསང་སྔགས་ལ་དངོས་སུ་འཇུག་པར། སྟོང་ཉིད་ཀྱི་གོ་རྟོགས་འགྲིག་ངེས་ཤིག་ཡོད། བྱང་ཆུབ་སེམས་ཀྱི་གོ་རྟོགས་འགྲིག་ངེས་ཤིག་ཡོད། དེ་བཞིན་ངེས་འབྱུང་གི་གོ་རྟོགས་དེའང་འགྲིག་ངེས་ཤིག་ཡོད་” ཅེས་ང་ཚོས་ག་དུས་ཤེས་ཀྱི་ཡོད་དམ། དེ་ནི་ཧ་ཅང་ལས་སླ་པོ་ཞིག་མིན། ཐོག་མར་ང་ཚོས་གཞན་སུ་འདྲ་ཞིག་ལས་ལྷག་པ་དང་ཡག་ག་ང་ཚོས་རང་གིས་རང་ཤེས་ཀྱི་ཡོད། “ཨོ། དགེ་བའི་བཤེས་གཉེན་གྱིས་མཁྱེན་གྱི་ཡོད་” ཅེས་སོགས་བརྗོད་པ་ནི་གནས་སྟངས་ཡོངས་སུ་རྫོགས་པ་དེ་གནས་ལུགས་དང་མི་མཐུན་པའི་ཡིད་དུ་འོང་བ་བཟོ་གི་ཡོད། དེ་ནི་སོ་སོའི་མི་ཚེའི་ཆེད་དུ་འགན་འཁྲི་བླང་པ་ལས་ཁ་བསྒྱུར་བའི་ཐབས་ལམ་ཞིག་ཏུ་འགྱུར་གྱི་ཡོད་པ་དང་། དེ་ནི་ཧ་ཅང་དུས་ལ་མ་བབས་པ་ཞིག་ཡོད། གལ་ཏེ་ང་ཚོ་དགེ་བའི་བཤེས་གཉེན་དང་འབྲེལ་ཐག་ཉེ་པོ་ཞིག་ཡོད་ན། དགེ་བའི་བཤེས་གཉེན་དེ་དང་མཉམ་དུ་གྲོས་བསྡུར་སོགས་བྱ་རྒྱུ་ནི་ཕན་ཐོགས་ཅན་ཞིག་ཡོད་སྲིད། ང་ཚོས་ཁེངས་དྲེགས་དང་བཅས་ཏེ། “ངས་ངའི་དགེ་བའི་བཤེས་གཉེན་ལ་སློབ་སྟོན་ཞུ་དགོས་དོན་མེད་” ཅེས་བསམ་རྒྱུ་དེ་སྤོང་དགོས། འོན་ཀྱང་ང་ཚོ་ཚང་མ་དགེ་བའི་བཤེས་གཉེན་དང་མཉམ་དུ་འབྲེལ་ཐག་ཧ་ཅང་ཉེ་པོ་མེད་པས། དེ་ནི་ཧ་ཅང་ལས་སླ་པོ་མེད། ང་ཚོས་སོ་སོ་རང་གི་སེམས་ལ་ལྟ་ཞིབ་བྱེད་དགོས་པ་དང་རང་གིས་རང་ལ་དྲང་པོ་དྲང་གཞག་བྱེད་དགོས་ཤིང་། “ང་རང་ཧ་ཅང་མཐོ་པོ་ཡིན་” སོགས་རང་གིས་རང་མགོ་བསྐོར་སླུ་བྲིད་ཀྱི་ཐོག་ནས་དོ་ཁུར་མེད་པ་དེ་ལྟ་བུ་བྱ་མི་ཉན།
ངའི་བསམ་པར། གནད་དོན་གཙོ་བོ་ནི་སོ་སོ་རང་གི་ཐོག་ལ་དམིགས་པ་གཏད་རྒྱུ་དང་། ང་ཚོས་ཁོ་ནས་རང་གིས་རང་ལ་ཚོད་དཔག་བྱེད་ཐུབ་སྙམ། དེ་ཡང་ང་ཚོའི་སྙིང་རྗེ་དེ་ཤུགས་ཆེ་ལོད་ཇི་ཙམ་ཡོད་པ་དང་། དེ་ལ་བརྟེན་ནས་ང་ཚོའི་བྱང་ཆུབ་ཀྱི་སེམས་འདི་ཇི་ཙམ་གྱི་ཤུགས་ཆེན་པོ་ཡོད་པར་ཐག་གཅོད་བྱེད་ཀྱི་རེད། ཡང་ན་ང་རང་མི་གཞན་དག་ལ་ཇི་ཙམ་གྱིས་སེམས་འཁུར་བྱེད་ཀྱི་ཡོད་པ་དང་དེ་དག་ལ་ཕན་འདོགས་ཐུབ་ཀྱི་ཡོད་དམ། གལ་ཏེ་དེ་གང་འཚམ་གྱི་ཤུགས་ཆེན་པོ་ཡོད་ན། དེས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཤུགས་ཆེན་སྐྱེད་པར་བྱེད་ཐུབ། “གཞན་དོན་བསྒྲུབ་པར་འགོག་རྐྱེན་བྱེད་མཁན་གྱི་རྒྱུ་ཚང་མ་གློད་གཏོང་དགོས་པ་དང་། ཡོན་ཏན་ཡོངས་སུ་རྫོགས་པ་རང་རྒྱུད་ལ་སྐྱེད་པར་བྱེད་དགོས་ཀྱི་འདུག །དེ་ལ་བརྟེན་ནས་ངས་གཞན་དོན་གང་ཐུབ་ཅི་ཐུབ་བསྒྲུབ་ཐུབ་” ཅེས་པ་ལྟ་བུ་རེད།
ང་ཚོས་སོ་སོའི་ཉེས་སྐྱོན་གྱི་རྒྱུ་རྣམས་གློད་གཏོང་ཐུབ་པ་དང་ཡོན་ཏན་ཚང་མ་གོང་འཕེལ་གཏོང་ཐུབ་པའི་ཐབས་ལམ་གཅིག་རང་ཡོད་པ་ནི། སྟོང་པ་ཉིད་ཀྱི་དོན་ཡང་དག་པ་དང་ཆ་ཚང་བ་ཞིག་རྟོགས་རྒྱུ་དང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” ལ་འཛིན་པ་མེད་པ་ཞིག་དགོས་རྒྱུ་དེ་རེད། རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་ལ་འཛིན་པ་ནི། “ང་རང་འཇིགས་སུ་རུང་བ་ཞིག་རེད། ངས་གང་ཡང་བྱེད་ཐུབ་ཀྱི་མི་འདུག་” ཅེས་པའམ། ཡང་ན་ “ང་རང་ཧ་ཅང་ཁྱད་དུ་འཕགས་པ་རེད། ང་ནི་འཛམ་གླིང་འདིའི་ནང་ལྷས་གསོལ་རས་གནང་བའི་ཕུལ་དུ་བྱུང་བའི་མི་ཞིག་རེད། ངས་གང་ཡང་སྦྱོང་མི་དགོས་” ཞེས་བསམ་གྱི་ཡོད། དེ་ལས་ལྡོག་སྟེ། ང་ཚོས་རྒྱུ་དང་འབྲས་བུ་ཤེས་ཀྱི་ཡོད།
ང་ཚོས་སྟོང་པ་ཉིད་རྟོགས་པའི་སྐབས། ང་ཚོས་རང་བཞིན་གྱིས་རྒྱུ་དང་འབྲས་བུ་ལ་གུས་ཞབས་བྱེད་ཀྱི་རེད། དེ་ཡང་གཞན་ལ་ཕན་འདོགས་པའི་ཁྱད་ཆོས་རྣམས་ཇི་ལྟར་ཡར་རྒྱས་གཏོང་རྒྱུ་དེ་རེད། གཞན་ལ་ཕན་འདོགས་པའི་ཆོད་སེམས་བརྟན་པོ་འདི་ལ་བརྟེན་ནས། “ངས་ངའི་སྡུག་བསྔལ་གྱི་རྒྱུ་རྣམས་སྤོང་དགོས་ཀྱི་འདུག་ལ་སྤོང་འདོད་ཀྱང་ཡོད། ངས་དེ་དག་སྤོང་དགོས་པ་མིན་ནའང་། ངས་དངོས་གནས་སྤོང་འདོད་དང་སྤོང་དགོས་ཀྱི་འདུག་” ཅེས་ང་ཚོས་དེ་ལྟར་བྱེད་པར་གཞན་ཕན་གྱི་ལྟ་བའི་སྒོ་ནས་སེམས་ཤུགས་སྤར་བའམ་སེམས་འགུལ་ཐེབས་ཀྱི་ཡོད། ང་ཚོས་ཀྱང་གཞན་ལ་དངོས་གནས་ཕན་འདོགས་ཐུབ་པར། རྒྱུ་དང་འབྲས་བུའི་རྗེས་སུ་འབྲང་དགོས་པ་དེ་རྟོགས་ཀྱི་ཡོད། ང་ཚོས་གཞན་ལ་ཕན་གང་ཐུབ་འདོགས་པའི་ཁྱད་ཆོས་ཚང་མ་རང་རྒྱུད་ལ་ལྡན་པར་བྱེད་དགོས་པ་དང་། དེ་ནི་རྒྱུ་འབྲས་ཀྱི་རྒྱུད་རིམ་ཞིག་ཁོ་ནར་བརྟེན་ནས་ཡོང་ཐུབ་པ་ཞིག་ཡིན། དེ་ཡང་སྟོང་པ་ཉིད་ལ་གཞི་བྱས་ཏེ་ལག་བསྟར་བྱེད་ཐུབ་པ་ཁོ་ན་ཡིན།
ཀུན་སློང་དང་གོ་རྟོགས་དེ་ལ་གཞི་བྱས་ཏེ། ང་ཚོས་གསང་སྔགས་ཉམས་ལེན་གྱི་ནང་གང་འབྱུང་བཞིན་ཡོད་པའི་ཐད་ལ་བརྟག་དཔྱད་བྱེད་དགོས་ཤིང་། གསང་སྔགས་ཉམས་ལེན་དེ་གང་རེད་དམ། གཞན་དོན་བསྒྲུབ་པ་དང་གཞན་དོན་གང་ཐུབ་བསྒྲུབ་ཐུབ་པའི་ཁྱད་ཆོས་རྣམས་གོང་འཕེལ་གཏོང་བར་གང་གིས་འགོག་རྐྱེན་བྱེད་ཀྱི་ཡོད་པ་དེ་དག་སྤོང་བའི་ཐབས་ལམ་ནུས་སྟོབས་ཆེ་ཤོས་དེ་གསང་སྔགས་ལས་འབྱུང་གི་ཡོད་པའི་ཡིད་ཆེས་དང་གདེང་ཚོད་དེ་ང་ཚོར་དགོས་ཀྱི་ཡོད། ཤོད་སྟངས་གཞན་ཞིག་གི་ཐོག་ནས་བཤད་ན། གསང་སྔགས་ཉམས་ལེན་བྱེད་པ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དང་གཞན་ལ་གང་ཐུབ་ཅི་ཐུབ་ཀྱིས་ཕན་འདོགས་ཐུབ་པའི་དམིགས་ཡུལ་རྣམས་བསྒྲུབ་པར་ལམ་ཕན་ནུས་ཆེ་ཤོས་དེ་ཡིན་པའི་ཡིད་ཆེས་དེ་ང་ཚོར་དགོས་ཀྱི་ཡོད།
ང་ཚོར་ཀུན་སློང་ཡང་དག་པ་དང་སྟོང་པ་ཉིད་ཀྱི་དོན་ལ་གོ་རྟོགས་གང་འཚམ་ཞིག་ཡོད་པ་དང་། དེ་ག་ནང་བཞིན་གསང་སྔགས་ཉམས་ལེན་གྱི་རྒྱུད་རིམ་ལ་ཡི་རང་དང་བསམ་ཤེས་ཤིག་ཡོད་པའི་སྐབས། དེ་ལྟར་ང་ཚོར་ཡིད་ཆེས་ཤིག་ཡོད་པ་དང་ང་ཚོས་གང་བྱེད་བཞིན་ཡོད་པའི་ཐད་ལ་བསམ་བློ་ཞིག་ཡོད་པའི་སྐབས། གཞི་ནས་གསང་སྔགས་ཀྱི་ཉམས་ལེན་ལ་འཇུག་པའི་གྲ་སྒྲིག་དེ་ང་ཚོར་ཡོད་པ་རེད། དེ་ལྟར་ང་ཚོ་གསང་སྔགས་ཉམས་ལེན་གྱི་ནང་ཧ་ཅང་བཟང་ཕྱོགས་ཀྱི་ལམ་ནས་འཐེན་པ་དང་། བཟང་ཕྱོགས་དང་ཕན་བྱེད་དགེ་བའི་ལམ་ནས་ང་ཚོས་བཀོལ་སྤྱོད་བྱེད་ཀྱི་རེད།
གསང་སྔགས་ཀྱི་ཉམས་ལེན་ལ་མ་ཞུགས་གོང་སེམས་ནང་བཅང་དགོས་པའི་གནད་དོན་ཁག
མདོར་ན་ང་ཚོ་ནི་གཞན་ལ་ཕན་འདོགས་པའི་འདུན་པ་དེ་ཇི་ཙམ་གྱི་བསམ་པ་རྣམ་དག་ཡིན་པའམ། ཡང་ན་དེ་ནི་ཚིག་སྐམ་པོ་ཙམ་རེད་དམ་ཞེས་པའི་ཐད་རང་གིས་རང་ལ་དཔྱད་ཁྲ་གཏོང་མཁན་ཡག་ཤོས་དེ་རེད་བསམ་གྱི་འདུག །གལ་ཏེ་ང་ཚོ་གྲ་སྒྲིག་མེད་པར་གསང་སྔགས་ཉམས་ལེན་བྱས་ན། དེ་ལ་འཇིགས་སུ་རུང་བའི་ཉེན་ཚབས་དུ་མ་ཡོད། གལ་ཏེ་ང་ཚོས་དབང་རྩ་འཁྲུགས་པའི་རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་ཚིག་སྐམ་པོ་ཙམ་གྱི་ཆོ་ག་འགའ་ཞིག་ཉམས་ལེན་བྱེད་བཞིན་ཡོད་ན། ང་ཚོ་དངོས་གནས་སེམས་ཁམས་ཀྱི་ཆ་ནས་མགོ་རྙོག་པོ་ཆགས་སྲིད། དེ་ལྟ་བུའི་ཉམས་ལེན་ནོར་བ་ལ་བརྟེན་ནས་ཕྱོགས་གཅིག་ནས་རྟོག་འཆར་ཡ་མཚན་ཅན་དང་ཁེངས་དྲེགས་སོགས་རང་ཉིད་ལ་ལས་སླ་པོའི་སྒོ་ནས་ཧ་ཅང་སྤྲོས་བཤད་ཀྱི་གཞི་བྱེད་སྲིད་པ་དང་། ཕྱོགས་གཞན་ཞིག་ནས་ཆོ་གའི་ཉམས་ལེན་གྱིས་དགོས་དོན་གང་ཡང་བསྒྲུབ་ཀྱི་མེད་པ་སོང་ཙང་། བློ་ཕམ་ཡོང་གི་ཡོད། ང་ཚོས་ཉིན་ལྟར་ཆོ་གའི་ཉམས་ལེན་འགའ་ཞིག་བྱ་རྒྱུའི་དམ་བཅའ་ཙམ་ཞིག་བསྲུང་བཞིན་པ་དང་། ང་ཚོས་དེ་སོ་སོའི་མི་ཚེ་ལ་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་མིན་མི་ཤེས་པ་སོང་ཙང་། ང་ཚོ་བློ་ཕམ་ཡོང་བའི་སྐབས། ཉིན་རེའི་ཉམས་ལེན་དེ་མཐའ་གཅིག་ཏུ་ང་ཚོས་བྱེད་དགོས་པའི་འགན་ལྟ་བུའི་མནར་གཅོད་ཆགས་ཀྱི་ཡོད། དེ་ཡང་ལས་འགན་ལྟ་བུ་སྟེ། དཔེར་ན། “ངས་དེ་བྱེད་དགོས་ཀྱི་འདུག་” ཅེས་པ་ལྟ་བུ་རེད། ང་ཚོས་མྱུར་དུ་དེ་ལ་འཁོན་འཛིན་བྱེད་པ་དང་དེ་ནི་ཧ་ཅང་མི་སྡུག་པ་ཆགས་ཀྱི་ཡོད། གལ་ཏེ་ང་ཚོ་གྲ་སྒྲིག་མ་ནོར་བ་ཡོད་པ་དང་གསང་སྔགས་ཉམས་ལེན་ལ་ཡང་དག་པའི་བློའི་ཁྱེར་སོ་ཞིག་ཡོད་ན། དེ་ནས་གསང་སྔགས་ཉམས་ལེན་ནི་ཧ་ཅང་གི་ཕན་ཐོགས་ཅན་ཞིག་རེད། འོན་ཀྱང་འདི་ལ་ཚང་མ་ཆོས་ཀྱི་ནང་མཉམ་དུ་སྒྲིག་དགོས་ཀྱི་ཡོད།
ང་ཚོས་གསང་སྔགས་ཉམས་ལེན་ལ་འཇུག་པའི་སྐབས། ང་ཚོའི་ཉམས་ལེན་དེ་གོང་འཕེལ་འགྲོ་རྒྱུ་ཡིན་པ་དེ་སེམས་ནང་བཅང་དགོས། ང་ཚོས་དེའི་མཐའ་རུ་རྡོག་རྡོག་ཚུགས་ཐུབ་ཀྱི་ཐིག་མཚམས་ཤིག་ཡོད་པ་དང་། “ངས་ཆོ་ག་འདི་འདོན་བཞིན་ཡོད་པ་དང་། ངས་འདི་རྒྱབ་སློག་སྟེ་འདོན་ཆོག་” ཅེས་ཉིན་མཚན་མེད་པར་ང་ཚོའི་ཉམས་ལེན་ནི་གླེན་པའི་ངང་ཚུལ་དེ་ག་རང་ཡིན་དགོས་བསམ་པ་དེ་སྤོང་དགོས། ཉམས་ལེན་ནི་རིམ་པས་ཡར་རྒྱས་གོང་འཕེལ་འགྲོ་གི་ཡོད། དེ་ནི་རྒྱུད་རིམ་ཞིག་ཡིན་པ་ལས། མཐའ་མེད་པའི་དུས་ལྷག་མའི་ནང་བཟླས་བརྗོད་གཅིག་རང་བྱ་རྒྱུའི་བྱ་བ་ཉོབ་སྣང་ཅན་ཞིག་མིན། བཟང་སྤྱོད་དང་། ངེས་འབྱུང་། བྱང་ཆུབ་ཀྱི་སེམས། ཏིང་ངེ་འཛིན། སྟོང་ཉིད་ཀྱི་གོ་རྟོགས་དང་བཅས་པ་ནི་ང་ཚོར་དུས་ནམ་ཡང་དགོས་འདོད་ཡོད་པ་ཞིག་རེད། ཡིན་ནའང་ང་ཚོའི་རྒྱུད་ལ་ཡོད་པའི་དེ་དག་གི་རྟོགས་པའི་རིམ་པ་ནི་ཆོ་གའི་ཉམས་ལེན་རྣམས་མཉམ་དུ་བསྒྲིལ་བའི་ཕྱིར་ལག་བསྟར་བྱེད་པ་ལ་བརྟེན་ནས་ཡར་རྒྱས་གོང་འཕེལ་འགྲོ་གི་རེད།
འོན་ཀྱང་འཁོར་བའི་ཁྱད་ཆོས་གཅིག་ཙམ་ཞིག་ནི་ལེགས་ཉེས་འཕེལ་འགྲིབ་འགྲོ་གི་ཡོད་པ་ནང་བཞིན་ང་ཚོའི་གསང་སྔགས་ཉམས་ལེན་དེའང་ལེགས་ཉེས་གང་རུང་དུ་འཕེལ་འགྲིབ་འགྲོ་རྒྱུ་ཡིན་པ་དེ་རྟག་ཏུ་སེམས་ནང་བཅང་དགོས། དེ་ནི་རྟག་ཏུ་ཉིན་རེ་བཞིན་ཡག་ཏུ་འགྲོ་བའི་གོ་རིམ་ངེས་ཅན་ཞིག་གི་ཐོག་ནས་ནམ་ཡང་འཕེལ་རྒྱས་འགྲོ་གི་མེད། དེའི་ཐད་ལ་ང་ཚོར་བཟོད་སྒོམ་དང་བརྩོན་འགྲུས་དགོས་ཀྱི་ཡོད།
ཁྱེད་རྣམས་ལ་དྲི་བ་གང་དང་གང་ཡོད་དམ།
དབང་།
ནུབ་ཕྱོགས་སུ་ཁྱེད་ཀྱིས་དབང་ཞུས་ནས་གོ་རྟོགས་དེ་འདྲ་གང་ཡང་མེད་པའི་སྒོ་ནས་ཆོ་ག་རྣམས་བསྒྲུབ་དགོས་ཀྱི་ཡོད་པ་དེ་ཡང་སེ་འབྱུང་གི་ཡོད་པ་དང་། དོན་ངོ་མར་ཁྱེད་རང་ལ་གོ་རྟོགས་དེ་དག་དགོས་པ་དེ་དབང་མ་ཞུས་གོང་ནས་ཁྱེད་ལ་འགྲེལ་བརྗོད་བྱས་མེད།
རེད། ཡིད་སྐྱོ་བ་ཞིག་ལ་དེ་ནི་རྟག་ཏུ་འབྱུང་གི་ཡོད། དཀའ་ངལ་ནང་གི་གཅིག་ནི་དབང་དེ་དག་ཐམས་ཅད་གནང་ཡོད་པ་དང་། ང་ཚོ་ནུབ་ཕྱོགས་པ་ཡིན་པའི་ཆ་ནས་དེ་དག་ལ་ “ད་ངས་འདི་བྱེད་དགོས་པ་དང་། ཕ་གི་བྱ་མི་ཉན་” ཞེས་པར་གཞི་བཞག་ཐོག་དང་ལེན་བྱེད་ཀྱི་ཡོད། བོད་མི་ཚོས་དེ་འདྲའི་ཐོག་ནས་འཇུག་གི་མེད། དབང་དེ་དག་གནང་བའི་སྐབས། བོད་མི་དཀྱུས་མ་མང་ཆེ་བའི་བསམ་བློའི་ཁྱེར་སོ་ནི། “སྐྱེ་བ་ཕྱི་མའི་ནང་ངའི་སེམས་རྒྱུད་ལ་ས་བོན་དང་བག་ཆགས་ཤིག་འཇོག་པའི་ཕྱིར། ང་རང་དབང་ཞུ་རུ་བཅར་གྱི་ཡོད་” ཅེས་པ་དེ་རེད། མི་མང་ཆེ་བར་ཚེ་འདིའི་ནང་གསང་སྔགས་ཉམས་ལེན་བྱ་རྒྱུའི་འདུན་སེམས་དེ་མེད།
ངས་བོད་མི་དཀྱུས་མ་རྣམས་ཀྱི་སྐོར་ལ་ཤོད་ཀྱིན་པ་ཤེས་དགོས། ཁོང་ཚོས་སོ་སོའི་ཕྲུ་གུ་མ་འབྱར་དང་ཐ་ན་རང་གི་ཁྱི་རྣམས་ཀྱང་དབང་ཞུ་སར་འཁྲིད་ཡོང་གི་ཡོད། ཁོང་ཚོས་ཕྲུ་གུ་མ་འབྱར་ཚུད་པའི་སེམས་ཅན་སུ་དང་གང་ཞིག་ཡིན་ནའང་། དེ་དག་དབང་ཞུ་སར་བཅར་བའི་སྒོ་ནས་སྐྱེ་བ་ཕྱི་མའི་དོན་དུ་བག་ཆགས་འཇོག་པའི་ནུས་པ་ཡོད་པར་ཚོར་གྱི་ཡོད། དེ་ནི་ཁོང་ཚོས་དབང་ལ་ལྟ་ཚུལ་དེ་རེད། ཡིན་ནའང་ང་ཚོ་ནུབ་ཕྱོགས་པ་ཡིན་པའི་ཆ་ནས་དེ་ལྟར་བསམ་བློ་གཏོང་གི་མེད། ང་ཚོས་དབང་ཞུ་སར་འགྲོ་བ་དང་དབང་ཆོག་སྐབས་སུ་ག་རེ་འབྱུང་བཞིན་ཡོད་པ་མ་ཤེས་པ་དང་། དབང་གི་སྐབས་ཀྱི་རྒྱུད་རིམ་རྣམས་ལ་མཐའ་གཅིག་ཏུ་དྲན་ཤེས་དང་མི་ལྡན་པ་ཡིན་ནའང་། རྗེས་སུ་ང་ཚོས། “དཀོན་མཆོག་མཁྱེན། ངས་དམ་བཅའ་འདི་བླངས་ཡིན། ད་ངས་འདི་བྱེད་དགོས་ཤིང་། གལ་ཏེ་མ་བྱས་ན། ང་རང་རྡོ་རྗེ་དམྱལ་བར་འགྲོ་གི་རེད་” ཅེས་བརྗོད་ཀྱི་ཡོད།
དེ་ནི་སྟོང་པ་ཉིད་དང་རྟེན་འབྲེལ་ལ་གང་འཚམ་གྱི་གོ་བ་ལོག་སྒྲུབ་ཆགས་པ་རེད། གནས་སྟངས་གང་ཡིན་རུང་ཕྱོགས་གཅིག་ཁོ་ན་ལས་འབྱུང་གི་མེད། དབང་ཞིག་འཐོབ་པ་ནི་དབང་གནང་མཁན་དང་དབང་ཞུ་མཁན་དེ་གཉིས་ཀས་གང་བྱེད་ཀྱིན་ཡོད་པར་རག་ལུས་ཡོད། དཔེར་ན། དབང་ཞིག་དངོས་གནས་འཐོབ་པར། ང་ཚོས་ཧ་ཅང་དྲན་ཤེས་ལྡན་པ་དང་སོ་སོས་གང་བྱེད་བཞིན་པ་ལ་ཆ་ཚང་བའི་དྲན་ཤེས་ཡོད་པ་ལ་བརྟེན་ནས་སྡོམ་པ་རྣམས་བླང་དགོས། གལ་ཏེ་ང་ཚོས་དེ་ལྟར་མ་བྱས་ན། དེ་ནས་ང་ཚོ་དབང་ཞུ་སར་སླེབས་པའི་ཁྱི་དེ་དང་ཁྱད་པར་མེད་པ་རེད།
དོ་སྣང་བྱ་འོས་པའི་དྲི་བ་ནི། ཁྱི་དེ་དབང་ཞུ་སར་སླེབས་པར་བརྟེན་བག་ཆགས་ཤིག་འཇོག་གི་ཡོད་དམ་མེད་ཅེས་པ་དེ་རེད། སྔ་རབས་ཀྱི་བསྟན་བཅོས་ཁག་ལ་གཞིགས་ན། ཁྱིས་བག་ཆགས་ཀྱི་ས་བོན་ཞིག་འདེབས་ཀྱི་ཡོད་པ་ལྟར་སྣང་གི་ཡོད། གང་ཡིན་ཞེ་ན། ཁྱི་དེས་དབང་ཞུ་ས་དེར་ཡོད་པ་ཉམས་སུ་མྱོང་གི་ཡོད། བྱས་ཙང་། བག་ཆགས་དེ་གང་ལ་གང་འཚམ་གྱི་ཞན་པོ་ཡིན་ནའང་། ཁྱི་དེའི་སེམས་རྒྱུད་ལ་བག་ཆགས་ཤིག་འཇོག་གི་ཡོད། ང་ཚོའང་དབང་ཞུ་སར་བཅར་ནས་བག་ཆགས་འཇོག་ཐུབ། ནུབ་ཕྱོགས་སུ་ང་ཚོས་དེ་ལ་དབང་དེ་བྱིན་རླབས་ལྟར་ཞུ་བ་ཞེས་བརྗོད་ཀྱི་ཡོད། འོན་ཀྱང་དེ་ལྟར་བྱེད་པ་ནི་ང་ཚོར་དབང་དངོས་གནས་ཐོབ་པ་དང་། ད་གཟོད་ང་ཚོར་དེ་ལས་དམ་བཅའ་དང་སྡོམ་པ་ཚང་མ་ཡོད་པའི་དོན་མིན། ང་ཚོས་དམ་བཅའ་དང་སྡོམ་པ་རྣམས་དྲན་ཤེས་ལྡན་པའི་སྒོ་ནས་ཁས་ལེན་མ་བྱས་ན། ང་ཚོར་དེ་དག་འཐོབ་ཀྱི་མེད།
བོད་མི་དཀྱུས་མ་ཚོར་འཐོབ་པ་ནང་བཞིན་ང་ཚོར་དབང་ཞིག་ཐོབ་པ་དེ་ལ་ནོར་འཁྲུལ་གང་ཡང་མེད། དེ་ཡང་དུས་ཁྱད་པར་ཅན་དང་སེམས་འགུལ་ཐེབས་པའི་དུས་ཤིག་ཏུ་ངོས་འཛིན་བྱེད་པ་དང་། མ་འོངས་པའི་དུས་ཤིག་གི་ནང་ང་ཚོས་དེ་རང་གཞན་གཉིས་ཀར་ཕན་པའི་ཕྱིར་བཀོལ་སྤྱོད་བྱེད་ཆོག །ང་ཚོས་དབང་ཞུ་རུ་བཅར་བ་དེ་ཕྱིའི་སྣང་ཚུལ་གྱི་རིམ་པ་ཙམ་ཞིག་ཡིན་པ་དང་། ང་ཚོས་དྲན་ཤེས་ལྡན་པའི་སྒོ་ནས་གང་ལའང་ཁས་ལེན་དམ་བཅའ་བྱས་མེད་པའི་སྐབས། ང་ཚོས་ཟོག་རྫུ་བྱས་ཏེ། “ད་ང་རང་མི་གནས་ཚད་མཐོ་པོ་ཞིག་ཡིན། ང་རང་གསང་སྔགས་ཉམས་ལེན་པ་དངོས་གནས་ཡིན་” ཞེས་བསམ་རྒྱུ་དེ་སྤོང་དགོས། “ང་རང་ཁྱི་ཞིག་གི་གནས་རིམ་ལ་ཕྱིན་པ་ཡིན། དེ་ནི་འགྲིག་གི་འདུག་” ཅེས་ང་ཚོས་ཁས་ལེན་བྱེད་འདུན་དེ་དགོས་ཀྱི་ཡོད།
འོན་ཀྱང་ཁྱི་ཞིག་གི་གནས་རིམ་ཐོག་ནས་དབང་ཞིག་ཞུ་རུ་ཕྱིན་པ་དེ་ད་དུང་ཡང་ཧ་ཅང་སེམས་འགུལ་ཐེབས་པོ་དང་ཕན་ཐོགས་ཅན་ཞིག་ཡོད། དཀའ་ངལ་གང་ཡང་མེད། ཡིན་ནའང་དེ་ནི་འདི་ལས་འབྱུང་རུང་བའི་ཕན་ཐོགས་ཅན་གྱི་རིམ་པ་འདི་ཙམ་འདུག་ཅེས་པ་དེ་ཁས་ལེན་བྱ་འདུན་མེད་པ་བཟོ་བའི་ཟོག་རྫུ་དེ་ཡིན་པ་རེད། ང་ཚོ་མགོ་འཐོམས་ནས། “གལ་ཏེ་ངས་གང་སར་ཕྱིན་ཏེ་དབང་ག་ཚོད་ཐུབ་ཐུབ་ཞུས་ན། ང་རང་མི་གནས་ཚད་མཐོན་པོ་ཞིག་ཆགས་ཀྱི་རེད་” ཅེས་བསམ་སྲིད་ངེས་རེད། དེའང་ཏོག་ཙམ་གླེན་རྟགས་ཤིག་རེད། མ་རེད་དམ། གལ་ཏེ་ང་ཚོས་དབང་དེ་དག་སེམས་འགུལ་ཐེབས་པོ་དང་ཕན་ཐོགས་ཅན་དུ་མཐོང་ནས་ཐ་ན་ངང་ངམ་ཤུགས་ཀྱིས་དབང་སྣ་ཚོགས་ཞུས་པ་ཡིན་ནའང་། ང་ཚོས་སོ་སོ་རང་ཉིད་གསང་སྔགས་ཉམས་ལེན་པ་རླབས་ཆེན་ཞིག་ཡིན་ཞེས་བསམ་རྒྱུ་མེད་པ་དེ་གལ་ཆེན་པོ་རེད། ཆོས་ཀྱི་ཉམས་ལེན་གྱི་རིགས་གང་འདྲ་ཞིག་གི་ནང་སྙེམ་ཆུང་བྱ་རྒྱུ་དེ་རྟག་ཏུ་མེད་དུ་མི་རུང་བ་རེད།
ཕྱོགས་བསྡོམས།
སངས་རྒྱས་ཀྱིས་གསུངས་པའི་ཆོས་ཡོད་དོ་ཅོག་ནི་འགྲོ་བ་མི་རྣམས་ལ་རང་གི་མི་ཚེའི་ནང་ཡོད་པའི་དཀའ་ངལ་ལས་ཐར་བར་ཕན་པའི་ཆེད་དུ་ཡིན། དེ་ལྟར་སེམས་ལ་བཅང་པའི་སྒོ་ནས་ང་ཚོས་ཆོས་ཀྱི་ནང་ཆོས་ཕྱོགས་ཀྱི་ལམ་དུ་བགྲོད་དཀའ་བའམ་འབྲེལ་བ་མེད་པའི་གནད་དོན་དང་འཕྲད་སྐབས། ང་ཚོས་དེ་དག་བློས་གཏོང་མི་བྱེད་པའི་ཐད་གཟབ་ནན་བྱེད་དགོས། གནད་དོན་དེ་དག་གི་སྔ་རབས་ཀྱི་ཐབས་ཚུལ་དེ་ང་ཚོའི་ད་ཡོད་ཀྱི་གནས་ཚད་ལས་རྦད་དེ་ཚད་མཐོ་བ་ཡོད་སྲིད་པའམ། ཡང་ན་དེ་དག་གི་ཐད་ལ་ཡོད་པའི་ང་ཚོའི་བསམ་བློ་དེའི་དམིགས་འདུན་འགྲུབ་མེད་སྲིད།
ཆོས་དེ་འདྲ་བར་ཡོད་པའི་དཀའ་ངལ་དང་རྨོངས་པ་ང་ཚོས་ངོས་འཛིན་པའི་སྐབས། ང་ཚོས་དེ་དག་ལ་འཇུག་པའི་ཆེད་ཁ་ཡོད་ལག་ཡོད་ཀྱི་ཐབས་ལམ་ཁག་ལག་བསྟར་བྱེད་ཆོག །ང་ཚོས་དངོས་གནས་མི་ཤེས་པའི་དམིགས་ཡུལ་བསྒྲུབ་ཐབས་བྱེད་པར་དངོས་ཡོད་དང་མི་མཐུན་པའི་ཐབས་ལམ་ཁག་ལག་བསྟར་བྱེད་སྐབས། ང་ཚོ་རྨོངས་པའི་ནང་བརླགས་ནས་མཐར་བློས་གཏོང་བྱེད་སྲིད། འོན་ཀྱང་ད་ཡོད་ཀྱི་ང་ཚོའི་གནས་ཚད་ལ་རན་འཚམ་ཡོད་པའི་ཁ་ཡོད་ལག་ཡོད་དང་དངོས་ཡོད་དང་མཐུན་པའི་ཐབས་ལམ་ཁག་ལ་བརྟེན་ནས་ང་ཚོས་དངོས་ཡོད་དང་མཐུན་པའི་འབྲས་བུ་འཐོབ་ཐུབ། དེའི་ཆེད་དུ་ང་ཚོས་ནང་པའི་ཆོས་ལ་ཡོད་པའི་རྟོག་པའི་འཆར་སྣང་གི་སྒང་བུ་དེ་བརྟོལ་དགོས་པ་དང་། དེ་དག་ང་ཚོའི་ཉིན་རེའི་མི་ཚེའི་ནང་ལག་བསྟར་བྱེད་དགོས་ཀྱི་ཡོད།།