གནས་བརྟན་སྡེ་པ་དང་། ཐེག་ཆེན། གསང་སྔགས་བཅས་ཀྱི་སངས་རྒྱས་ནི་གཅིག་རེད་དམ།

སངས་རྒྱས་ཀྱི་སྐུ་ཚེའི་མཛད་རྣམ་ཁག་འགྲེལ་ཚུལ་དང་སྟོན་ཚུལ་སྣ་ཚོགས་པ་དེ་དག་ལོ་རྒྱུས་ཀྱི་སྐབས་དོན་དམ་པོའི་ནང་གི་བདེན་དོན་ཁོ་ནར་བལྟ་རྒྱུ་མེད་ལ། དེ་དག་ཕན་ཚུན་འགལ་གྱི་ཡོད་པའང་བསམ་རྒྱུ་མེད། དེའི་ཚབ་ལ་ང་ཚོས་འགྲེལ་ཚུལ་རེ་རེ་བཞིན་སྐབས་དོན་ངེས་ཅན་ཞིག་གི་ནང་བྲིས་ཡོད་པ་དང་དེའི་ནང་ཀློག་དགོས་ཤིང་། དེ་དག་རེ་རེ་ནི་ཡང་དག་པ་དང་ཚད་ལྡན་ཡིན་པ་ཤེས་དགོས། གལ་ཏེ་ང་ཚོས་སྐབས་དོན་མི་འདྲ་བ་དེ་དག་གིས་ཆོས་ཚུལ་ངེས་ཅན་རེ་མཁོ་སྤྲོད་བྱེད་ཀྱི་ཡོད་པར་བལྟས་ན། ང་ཚོར་སྤྱིར་བཏང་སངས་རྒྱས་ཀྱི་ཆོས་ལ་རྗེས་སུ་ཡི་རང་གཏིང་ཟབ་པ་ཞིག་སྐྱེད་པ་མ་ཟད། ཆོས་ཀྱི་འགྲེལ་ཚུལ་སྣ་ཚོགས་པ་དེ་དག་ཐམས་ཅད་སོ་སོའི་མི་ཚེའི་ནང་ལག་བསྟར་ཇི་ལྟར་བྱེད་ཚུལ་དེ་དག་ཀྱང་ཤེས་ཀྱི་རེད། གལ་ཏེ་ང་ཚོས་སངས་རྒྱས་ཀྱི་སྐུ་ཚེའི་མཛད་རྣམ་གྱི་རྗེས་སུ་འབྲངས་ནས་དེ་ལྟར་ཆོས་ཉམས་སུ་བླངས་ན། དེ་ནས་སངས་རྒྱས་ཉིད་ཀྱིས་ཇི་ལྟར་རྟོགས་པའི་བདེན་པ་དང་སྙིང་རྗེའི་སྒོ་ནས་གཞན་དོན་བསྒྲུབ་པའི་དགོས་དམིགས་དེ་ང་ཚོས་རྟོགས་ཐུབ་པ་ཡོང་གི་རེད།

ངོ་སྤྲོད།

ང་ཚོས་ནང་ཆོས་སྲོལ་གཏོད་པ་པོ་སྟོན་པ་ཤཱཀྱ་ཐུབ་པ་སུ་ཡིན་པའི་སྐོར་ཤེས་འདོད་ཡོད་པའི་སྐབས། སངས་རྒྱས་ཀྱི་སྐུ་ཚེའི་མཛད་རྣམ་མི་འདྲ་བ་སྣ་ཚོགས་ཤིག་མཇལ་གྱི་རེད། གནས་སྟངས་དེ་ལ་གཞི་བཞག་ནས་ང་ཚོས། “ཁོང་ཚོས་སངས་རྒྱས་གཅིག་གམ་གང་ཟག་གཅིག་རང་གི་སྐོར་ལ་ཤོད་ཀྱིན་ཡོད་དམ།” ཞེས་འདྲི་སྲིད་པས། འདི་ནི་ལན་འདེབས་བྱེད་ཐུབ་པའི་དྲི་བ་ལས་སླ་མོ་ཞིག་མིན།
 
སངས་རྒྱས་ཀྱི་མཛད་རྣམ་འགྲེལ་ཚུལ་གཅིག་ནི་གནས་བརྟན་སྡེ་པའི་གཞུང་ཡིན། དེ་ནི་པཱ་ལིའི་སྐད་ནས་འབྱུང་གི་ཡོད། དེ་དག་གི་ནང་སངས་རྒྱས་ཀྱི་མཛད་རྣམ་ཆ་ཚང་བ་ཞིག་ཕྱོགས་གཅིག་ཏུ་བསྡུས་པ་མེད། འོན་ཀྱང་ང་ཚོས་དཔེ་ཆ་སྣ་ཚོགས་པ་ནས་ཕྲ་ལ་ཕྲན་བུ་མཉམ་དུ་ལྷུ་སྒྲིག་ཆོག །དུས་ཕྱིས་ཀྱི་ནང་པའི་རྩོམ་རིག་ཁག་གི་ནང་གལ་འགངས་ཆེ་བའི་ཆ་ཤས་འདིའི་སྒང་ལ་ཞིབ་ཕྲའི་འགྲེལ་བརྗོད་ཁ་སྣོན་བྱས་ཡོད།
 
ཐེག་པ་ཆེན་པོས་སངས་རྒྱས་ཀྱི་ངོ་བོ་ལ་འགྲེལ་བརྗོད་རྒྱ་ཆེར་མཛད་ཡོད་པ་ནི། སངས་རྒྱས་ཀྱི་སྐུ་ཚེའི་མཛད་རྣམ་གྱི་འགྲེལ་ཚུལ་གཞན་ཞིག་ཡིན། འདི་ནི་གནས་བརྟན་སྡེ་པའི་འགྲེལ་ཚུལ་དང་མི་འདྲ་བ་ཡིན། གནས་བརྟན་སྡེ་པའི་ལུགས་ཀྱི་འགྲེལ་ཚུལ་ནང་། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ནི་ཡོངས་གྲགས་ཡེ་ཤུའི་སྔོན་གྱི་ལོ་ ༥༦༦ ནས་ ༤༨༥ བར་དུ་བཞུགས་ཡོད་པའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་པ་དང་། ཁོང་གི་སྐུ་ཚེའི་དུས་སུ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཅིང་སྐུ་མྱ་ངན་ལས་འདས་པ་ཞིག་ཡིན། ཐེག་པ་ཆེན་པོས། པཱ་ལིའི་གཞུང་ནང་བསྟན་པའི་སྐུ་ཚེའི་མཛད་རྣམ་ལ་རྒྱས་སྤྲོས་དང་བཅས་ཏེ། སྐུ་ཚེ་དུ་མའི་སྔ་རོལ་ནས་སངས་རྒྱས་ཟིན་པ་དང་། ཤཱཀྱ་ཐུབ་པའི་གཟུགས་སུ་འཇིག་རྟེན་མི་ཡུལ་དུ་འབབ་ཚུལ་བཅས་འགྲེལ་བརྗོད་བྱེད་ཀྱི་ཡོད། འཇིག་རྟེན་ནང་ཕེབས་པའི་རྗེས་སུ་གཞན་རྣམས་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཚུལ་གྱི་མཛད་པ་བཅུ་གཉིས་བསྟན་གནང་བ་དང་། སྐུ་མྱ་ངན་ལས་འདས་པའི་སྐབས། ཁོང་ཞིང་ཁམས་ཀྱི་གནས་གཞན་དང་གཞན་དུ་མའི་ནང་སྤྲུལ་ཏེ་ཕེབས་ནས་ཆོས་གསུངས་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཕྱིར། ཁོང་གི་ཐུགས་རྒྱུན་དེ་མུ་མཐུད་དེ་འགྲོ་གི་ཡོད། 

ཡང་སངས་རྒྱས་ལ་འགྲེལ་ཚུལ་གཞན་ཞིག་ནི་ང་ཚོས་གསང་སྔགས་ཀྱི་གཞུང་ནང་མཇལ་རྒྱུ་ཡོད་པ་དེ་རེད། འགྲེལ་ཚུལ་དེའི་ནང་། སངས་རྒྱས་ནི་དུས་གཅིག་ཏུ་རྣམ་པ་མི་འདྲ་བའི་གཟུགས་སྣ་ཚོགས་པའི་ནང་བྱོན་གྱི་ཡོད། གཟུགས་དེ་དག་ལ་ཡི་དམ་གྱི་ལྷ་ཞེས་ཟེར་གྱི་ཡོད། དེ་དག་ལ་ཁ་དོག་སྣ་ཚོགས་པ་དང་། ཕྱག་དང་ཞལ། ཞབས་ལ་སོགས་པ་དུ་མ་དང་ལྡན་པ་ཡིན། དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་རྟོགས་པའི་རྣམ་པ་སྣ་ཚོགས་པ་མཚོན་གྱི་ཡོད། སངས་རྒྱས་གཟུགས་མི་འདྲ་བ་དེ་དག་གི་ནང་བྱོན་པ་དང་དུས་མཚུངས་མིའི་གཟུགས་སུ་ཆོས་གསུང་གི་ཡོད། དཔེར་ན། རྒྱ་གར་གི་གནས་བྱ་རྒོད་ཕུང་པོའི་རི་ལ་ཁོང་གིས་མདོའི་ཆོས་རྣམས་ཀྱང་གསུངས་ཡོད།

Top