སྨོན་སེམས་དམ་བཅའ་ཅན་བསྐྱེད་པ་ལས་བསླབ་བྱ་ལྔ།
དེའི་ཐད་གཞུང་ནང་།
༨༽ སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ།། གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར།། ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ།། བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་རློབས།། ཞེས་གསུངས་ཡོད།
ང་ཚོས་གཞན་སེམས་ཅན་རྣམས་ལ་ཕན་འདོགས་པའི་ཆེད་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་ཅེས་པའི་བློ་བཅོས་མིན་ཞིག་བསྐྱེད་ན་དེ་ལ་སྨོན་པ་སེམས་བསྐྱེད་ཅེས་བྱ། དེ་ལྟ་བུའི་བློ་་བྱང་ཆུབ་ཀྱི་གོ་འཕང་མ་འཐོབ་བར་དུ་བློས་གཏོང་གི་མིན་ཞེས་པ་ནི་སྨོན་སེམས་དམ་བཅའ་ཅན་ཞེས་བྱ། སྨོན་སེམས་དམ་བཅའ་ཅན་དེ་བསྐྱེད་པའི་སྐབས་ང་ཚོས་སྦྱོང་དགོས་པའི་བསླབ་པ་ལྔ་ཡོད།
དང་པོ། གཞན་སེམས་ཅན་ལ་ཕན་འདོགས་པའི་བློ་བསྐྱེད་པ་དང་དེའི་ཕྱིར་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་ཕན་ཡོན་ཡང་ནས་ཡང་དུ་བསམ་བློ་གཏོང་དགོས། དེ་ལྟ་བུའི་གཞན་དོན་ལ་དམིགས་པའི་བློ་དེ་ཐ་ན་སྐད་ཅིག་ཙམ་བསྐྱེད་པའི་ཕན་ཡོན་ནི། ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ནོར་བུ་འཛམ་གླིང་གང་བ་ཕུལ་བའི་བསོད་ནམས་ལས་ལྷག་པ་ཡོད། གཞན་དོན་ལ་དམིགས་པ་དང་དེའི་ཕྱིར་བྱང་ཆུབ་དོན་དུ་གཉེར་བའི་ཕན་ཡོན་ཚང་མ་མདོའི་ནང་གསལ་བར་འགྲེལ་བརྗོད་མཛད་ཡོད།
གཉིས་པ། ཉིན་ལན་གསུམ་དང་མཚན་ལན་གསུམ་གཞན་དོན་དང་བྱང་ཆུབ་འཐོབ་ཆེད་དེ་ལྟའི་བློ་བསྐྱེད་དགོས་པའམ་བསྔོ་སྨོན་བྱེད་དགོས། གལ་སྲིད་ང་ཚོས་བསྔོ་བ་ཚིག་རྐང་བཞི་པོ་འདི་ཁ་ནས་འདོན་བཞིན་ཉམས་སུ་བླངས་ན། ཧ་ཅང་ཡག་པོ་ཡོད། ཚིག་རྐང་བཞི་པོ་ནི། “སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་ཚོགས་རྣམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག” །ཅེས་པ་འདི་ཡིན།
གསུམ་པ། དེ་ག་ནང་བཞིན་ང་ཚོས་ཡར་དཀོན་མཆོག་གསུམ་སོགས་ལ་མཆོད་པ་ཕུལ། མར་ངན་སོང་དང་ཉམས་ཐག་པའི་སེམས་ཅན་ལ་སྦྱིན་པ་བཏང་ནས་བསོད་ནམས་ཀྱི་ཚོགས་གསོག་དགོས་པ་དང་། གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་ཐོག་ནས་བསམ་བློ་ཡག་པོ་བཏང་སྟེ་ཡེ་ཤེས་ཀྱི་ཚོགས་གསོག་དགོས།
བཞི་པ། བློས་མི་གཏོང་བ་ཡིན། གཞན་སེམས་ཅན་ཧ་ཅང་མང་པོའམ་ངས་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་མི་ཐུབ་ཅེས་སྙམ་ཏེ་དཔའ་ཞུམ་ནས་བློས་གཏོང་ནམ་ཡང་བྱ་རྒྱུ་མེད།
ལྔ་པ། ནག་པོ་མི་དགེ་བའི་ལས་བཞི་སྤངས་ནས་དཀར་པོ་དགེ་བའི་ལས་བཞི་ལ་བརྟེན་དགོས། ནག་པོ་མི་དགེ་བའི་ལས་དང་པོ་ནི། རང་གི་དགེ་རྒན་དང་ཕ་མ་སོགས་ལ་མགོ་སྐོར་བསླུ་བྲིད་གཏོང་ཐབས་བྱེད་པ། ཐ་ན་རྩེད་མོའི་ཚུལ་དུའང་དེ་ལྟར་བྱ་རྒྱུ་མེད། དེའི་ཚབ་ཏུ་རྟག་ཏུ་དྲང་པོ་བྱས་ཏེ་དགེ་བའི་ལས་སུ་འཇུག་དགོས། ལྷག་པར་དུ་ཀུན་སློང་ཡག་པོ་བཅོས་ནས་གཞན་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཕན་འདོགས་དགོས།
ནག་པོ་མི་དགེ་བའི་ལས་གཉིས་པ་ནི། བྱང་ཆུབ་སེམས་དཔའ་སོགས་སྐྱེ་བོ་དམ་པ་རྣམས་ལ་ངག་ནས་ཚིག་ངན་སྨྲ་བ་དང་ཁོང་ཁྲོ་སོགས་བྱ་མི་ཉན། གང་ཟག་སུ་དང་སུ་བྱང་ཆུབ་སེམས་དཔའ་ཡིན་མིན་ང་ཚོར་ལྐོག་ཏུ་གྱུར་བས། སུ་གཅིག་ལའང་ཚིག་རྩུབ་སོགས་སྨྲ་མི་རུང་། དེའི་ལྡོག་ཕྱོགས་སུ་གྱུར་བའི་དཀར་པོ་དགེ་བའི་ལས་ནི་གཞན་སེམས་ཅན་ཐམས་ཅད་ཡིད་དུ་འོང་བར་ལྟ་རྒྱུ་དང་ཚང་མ་སོ་སོའི་དགེ་རྒན་ལྟ་བུ་འདུ་ཤེས་འཛིན་དགོས།
ནག་པོ་མི་དགེ་བའི་ལས་གསུམ་པ་ནི་། དགེ་བའི་ལས་གང་ཡང་རུང་བ་ཞིག་བྱས་པ་ལ་འགྱོད་པ་སྐྱེ་རུ་འཇུག་པ་དེ་ཡིན། དེའི་ལྡོག་ཕྱོགས་ཀྱི་དཀར་པོ་དགེ་བའི་ལས་ནི་གལ་ཏེ་ང་ཚོར་གཞན་ལ་ཕན་འདོགས་ཐུབ་པའི་ནུས་པ་ལྡན་པའང་ང་ཚོས་གདུལ་ཐུབ་པའི་མི་ཞིག་ཕྲད་ན། དེ་ལ་བློ་སྟོབས་སྤེལ་རྒྱུ་དང་ཐེག་པ་ཆེན་པོའི་ཆོས་སྟོན་རྒྱུ་དེ་ཡིན།
ནག་པོ་མི་དགེ་བའི་ལས་བཞི་པ། གཞན་ཕྱོགས་སུ་ཞེ་གཏིང་ན་ལྐོག་འགྱུར་གྱི་ཀུན་སློང་བཟུང་བ་དེ་ཡིན། ཡང་མིན་ན་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་མིན་པར་ཚུལ་འཆོས་དང་མ་ཡིན་ཡིན་ཁུལ་གྱི་གཡོ་སྒྱུའི་སྒོ་ནས་རང་ལ་ནུས་པ་མེད་ནའང་ངོམ་སོ་དང་རློམ་ཤེད་ཆེན་པོས་ནུས་པ་ཡོད་མདོག་མདོག་བྱེད་པ། དེའི་ལྡོག་ཕྱོགས་ཀྱི་དཀར་པོ་དགེ་བའི་ལས་ནི་གཞན་ལ་རྟག་ཏུ་དྲང་པོ་བྱེད་པ་དང་ཚོད་འཛིན་བྱེད་པ་དེ་ཡིན།
དེའི་ཐད་སྨོན་སེམས་ཆོ་གས་བཟུང་བ་སྦྱོང་སྟངས་ཐད་གཟིགས།
འཇུག་པ་སེམས་བསྐྱེད།
ནམ་ཞིག་ང་ཚོས་སྨོན་པ་དམ་བཅའ་ཅན་གྱི་བྱང་ཆུབ་ཀྱི་སེམས་དངོས་སུ་སྦྱངས་ཟིན་པའི་རྗེས་སུ་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ཆེད་གོམ་པ་མདུན་སྐྱོད་བྱེད་དགོས། དེ་ནི་གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་ན་ཅི་མ་རུང་སྙམ་པའི་བློ་ཙམ་ཞིག་མ་ཡིན་པར། གཞན་ལ་དངོས་སུ་ཕན་འདོགས་པར་རང་གིས་དངོས་སུ་འབད་བརྩོན་བསྟེན་གྱི་ཡོད། དེའི་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་ཕར་ཕྱིན་དྲུག་ཉམས་སུ་ལེན་པ་གཏོགས་ཡོད། དེ་བཞིན་སྦྱིན་པ་དང་། སྙན་པར་སྨྲ་བ། ཆོས་ཀྱི་གནད་དོན་ཐད་བློ་སྟོབས་སྤེལ་བའམ་དོན་སྤྱོད་པ། གནད་དོན་དེ་དག་དང་མཐུན་པའི་བྱ་སྤྱོད་སྤེལ་ནས་རང་ཉིད་མིག་དཔེ་བཟང་པོ་ཞིག་སྟོན་པ་སྟེ་དོན་མཐུན་པ་བཅས་བསྡུ་བའི་དངོས་པོ་བཞི་ལ་སློབ་པ་སོགས་ཡོད།
དེ་ཙམ་མ་ཟད། ད་དུང་ཚུལ་ཁྲིམས་རྣམ་པ་གསུམ་ལ་སློབ་རྒྱུ་གནད་ཤིན་ཏུ་ཆེ། དང་པོ་ནི་གཞན་སེམས་ཅན་རྣམས་ལ་རང་ངོས་གང་ཐུབ་ཐུབ་ཀྱིས་རོགས་རམ་བྱེད་པའི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན། གཉིས་པ་མི་དགེ་བའི་ལས་སྣ་ཚོགས་ལས་སྡོམ་པར་བྱེད་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཡིན། གསུམ་པ་དཔེར་ན། སློབ་སྦྱོང་བྱེད་པའམ་སྒོམ་རྒྱག་པ་སོགས་དགེ་བའི་བྱ་བ་ག་ཚོད་ཐུབ་ཐུབ་ཀྱིས་བྱེད་པའི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཡིན། དེ་དག་ལ་ཚུལ་ཁྲིམས་རྣམ་པ་གསུམ་ཞེས་བྱ་བ་ཡིན།
བོད་པའི་ཐ་སྙད་ “བྱང་ཆུབ་སེམས་དཔའ་” ཞེས་པའི་ཚིག་གི་ཐུན་མིན་གོ་དོན་ལ་བལྟས་ནས། སྒྲ་བཤད་ལྟར་བྱས་ན། ཨིནསྐད་ནང་། (purification growth minded being) “སེམས་ཡོངས་སུ་བྱང་བའི་གང་ཟག་” ཅེས་པར་གོ་བ་ཡིན། སེམས་ཡོངས་སུ་བྱང་ཞེས་པའི་ཚིག་འབྲུ་གསུམ་པོས་ཚུལ་ཁྲིམས་གསུམ་སྟོན་གྱི་ཡོད། དང་པོ་ “བྱང་” ཞེས་པས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སྟོན་པ་དང་། གཉིས་པ་ “ཡོངས་” ཞེས་པས་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སྟོན་པ། གསུམ་པ་ “སེམས་” ཞེས་པས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཅས་སྟོན་པ་ཡིན། དེ་ལྟར་དེ་གསུམ་ཀ་བོད་སྐད་ནང་གི་ཡིག་འབྲུ་དེ་དག་ལས་ཤེས་ཐུབ།
ང་ཚོས་འཇུག་པ་སེམས་བསྐྱེད་དངོས་སུ་སྦྱོང་བའི་སྐབས། དེའི་ནང་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་ཚུད་ཡོད། དེ་ཡང་རྩ་ལྟུང་གཅིག་ཐེ་བའི་ལས་བཅོ་བརྒྱད་མི་འབྱུང་བའི་ཕྱིར་རྩ་བའི་སྡོམ་པ་བཅོ་བརྒྱད་ཡོད་པ་དང་། ཉེས་བྱས་ཞེ་དྲུག་མི་འབྱུང་བའི་ཕྱིར་ཡན་ལག་གི་སྡོམ་པ་ཞེ་དྲུག་ཡོད། ཞེ་དྲུག་པོ་དེ་དག་ཀྱང་ཕར་ཕྱིན་དྲུག་ལ་བསླབ་པའི་རྩ་འཛིན་དང་མཐུན་པར་དབྱེ་བ་ཕྱེས་ཡོད། བསླབ་སྡོམ་དེ་དག་སྐོར་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་སའི་ནང་གི་ཚུལ་ཁྲིམས་ཀྱི་ལེའིུ་སྐབས་རྒྱས་པར་གསུངས་ཡོད། དེའི་ཐད་ཁྱེད་རང་ཚོས་འདིར་བཞུགས་པའི་དགེ་བཤེས་རྣམས་ཀྱི་དྲུང་ནས་ཐོས་བསམ་བྱེད་དགོས་པ་ཞིག་ཡིན། གཞུང་དེ་དག་ཧ་ཅང་རྒྱ་ཆེ་བས་ངས་འདིར་ཞིབ་ཚགས་པོ་བྱས་ནས་འགྲོ་ཐུབ་པ་མི་འདུག
མདོར་བསྡུས་ན། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཕྱིར་རོགས་བྱེད་འདོད་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་ཙམ་བསྐྱེད་པ་ཙམ་གྱིས་འདང་གི་མེད། ད་དུང་ང་ཚོས་དམིགས་ཡུལ་དེ་སྒྲུབ་ཆེད་སོ་སོ་རང་ངོས་ནས་ཉམས་ལེན་ནང་དངོས་སུ་འཇུག་དགོས། ཇི་ལྟར་སྒྲུབ་དགོས་པ་ནི་ང་ཚོས་ཚུལ་ཁྲིམས་རྣམ་པ་གསུམ་དང་། ལྷག་པར་དུ་ཕར་ཕྱིན་དྲུག་ལ་ལེགས་པར་སྦྱངས་ནས་རྒྱུད་ལ་འཇགས་པ་བྱེད་དགོས། དེ་ཧ་ཅང་གལ་ཆེན་པོ་རེད།
ཕར་ཕྱིར་དྲུག་ལ་སློབ་རྒྱུ་ཤིན་ཏུ་གལ་ཆེ། དེ་དག་ནི་སྦྱིན་པ་དང་། ཚུལ་ཁྲིམས། བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་བཅས་ཡིན། དེ་དག་ལ་དམིགས་བསལ་མཐའ་མ་བསམ་གཏན་དང་ཤེས་རབ་ལ་སློབ་རྒྱུ་གནད་ཤིན་ཏུ་ཆེ། དེ་ཡང་སེམས་ཀྱི་གནས་བབས་ཞི་ཞིང་བརྟན་ཚུགས་པའི་ཞི་གནས་དང་གནས་ལུགས་རྟོགས་པའི་ལྷག་མཐོང་སྟེ། ངོ་བོ་ཉིད་དམ་རང་ངོས་ནས་གྲུབ་པའི་ཆོས་གཅིག་ཀྱང་མེད་པ་གསལ་པོར་རྟོགས་པའི་ཐོག་ནས་སློབ་ཐུབ། བྱེ་བྲག་ཏུ་ང་ཚོས་སྟོང་པ་ཉིད་ལ་དམིགས་པའི་ཞི་ལྷག་ཟུང་འབྲེལ་རྒྱུད་ལ་སྐྱེད་ཐབས་བྱ་དགོས། གཤམ་གྱི་ཤོ་ལོ་ཀའི་ནང་ཞི་ལྷག་ཟུང་འབྲེལ་སྐོར་གོ་སྡུར་བྱེད་ཀྱི་ཡོད།
༩༽ ལོག་པའི་ཡུལ་ལ་གཡེངས་པ་ཞི་བྱེད་ཅིང༌།། ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡིས།། ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ།། མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།། ཞེས་གསུངས་ཡོད།
སེམས་ཀྱི་གནས་བབས་ཞི་ཞིང་བརྟན་ཚུགས་པའི་ཞི་གནས།
ཞི་གནས་སྒོམ་ལ་ང་ཚོས་སེམས་གནས་ཐབས་ཀྱི་ཏིང་ངེ་འཛིན་དགུའམ་སེམས་གནས་དགུའི་ཐོག་ནས་སྒོམ་དགོས། དེའི་ཕྱིར་ང་ཚོས་སྟོབས་དྲུག་དང་ཡིད་བྱེད་བཞི་སོགས་ལ་བརྟེན་དགོས།
དེ་དག་ནི་ང་ཚོས་སྦྱོང་དགོས་པའི་གནད་དོན་གལ་ཆེན་ཁག་རེད།
རང་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་གཞན་ལ་ཕན་འདོགས་ཐུབ་པར། དབང་པོའི་སྤྱོད་ཡུལ་ལས་འདས་པའི་མངོན་ཤེས་དགོས་ངེས་རེད། ནམ་ཞིག་མངོན་ཤེས་ཐོབ་པ་ན། ང་ཚོས་གཞན་ལ་ཕན་ཐོགས་ཧ་ཅང་ཆེན་པོ་བྱེད་ཐུབ། མངོན་ཤེས་འཐོབ་པར་ཞི་གནས་ཐོབ་དགོས་ཀྱི་ཡོད། ཞི་གནས་སྦྱོང་བར། དེའི་མཐུན་རྐྱེན་རྣམས་བསྡུ་རུབ་བྱ་དགོས། ནམ་ཞིག་མཐུན་རྐྱེན་ཚང་མ་འཛོམས་པ་ན། ཞི་ཞིང་བརྟན་ཚུགས་པའི་སེམས་ཀྱི་གནས་བབས་དེ་ཟླ་བ་དྲུག་གི་ནང་འཐོབ་ཐུབ་པ་ཡོང་གི་ཡོད།
ཞི་གནས་དང་ལྷག་མཐོང་ཐོབ་པ་ཙམ་གྱིས་འགྲིག་གི་མེད། གང་ཡིན་ཟེར་ན། ཞི་ལྷག་ཟུང་འབྲེལ་གྱི་བློ་དེ་ང་ཚོས་ཡུལ་གང་གི་ཕྱོགས་སུའང་ཁ་ལོ་བསྒྱུར་ཐུབ། དེའི་སྟེང་ང་ཚོས་སྦྱོང་དགོས་པ་ནི་དངོས་པོའི་གནས་ལུགས་ལ་ཡང་དག་པའི་གོ་རྟོགས་ཤིག་གོང་འཕེལ་གཏོང་དགོས། ཆོས་རྣམས་རང་ངོས་གྲུབ་པ་མེད་པའམ་བདེན་པར་མ་གྲུབ་པ་རྟོགས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བམ་སྟོང་ཉིད་རྟོགས་པའི་ཤེབ་རབ་བྱུང་ན། གཞི་ནས་འདོད་དོན་སྒྲུབ་ཐུབ་ཀྱི་ཡོད།
བདེན་པར་མེད་པ།
ཆོས་ཐམས་ཅད་བདེན་པར་གྲུབ་མེད། དེའི་ནང་གང་ཟག་དང་ཆོས་ཐམས་ཅད་གཏོགས་ཡོད། དེས་ན་གང་ཟག་བདེན་པར་མ་གྲུབ་པ་དང་ཆོས་རྣམས་བདེན་པར་མ་གྲུབ་པ་བསྟན་ཡོད།
སྤྱིར་བཏང་ནས་ཆོས་རྣམས་བདེན་པར་གྲུབ་པ་འཛིན་པའི་བློ་ལྷན་སྐྱེས་ཤིག་ཡོད། དེ་ནི་དངོས་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན། ད་དུང་གསལ་དུ་བཏང་ན། དེས་དངོས་པོ་གང་ཞིག་རྩ་བ་ནས་གྲུབ་མེད་པར་གྲུབ་ཡོད་ཅེས་ཕྱིན་ཅི་ལོག་ཏུ་འཛིན་གྱི་ཡོད། རྒྱུ་མཚན་དེའི་ཕྱིར་ཕྱིན་ཅི་ལོག་ཏུ་འཛིན་པའི་ཡུལ་ལམ་བདེན་འཛིན་གྱི་ཡུལ་ངོས་འཛིན་བྱ་རྒྱུ་ཤིན་ཏུ་གལ་ཆེ། བདེན་འཛིན་དེའི་ཡུལ་གང་རེད། འཛིན་སྟངས་གང་ཡིན་ཞེས་པའི་སྒོ་ནས་དགག་བྱ་ངོས་འཛིན་དགོས། དེ་ལྟ་བུའི་འཛིན་པའི་ཡུལ་དེ་གཞི་གྲུབ་མེད།
ངའམ་གང་ཟག་བདེན་པར་གྲུབ་པར་འཛིན་པའི་བློའི་ཡུལ་གཉིས་ཡོད་པས། དེ་གཉིས་གསལ་པོ་བྱས་ཏེ་དབྱེ་བ་འབྱེད་དགོས། བློ་དེས་དམིགས་སའི་ཡུལ་ཞིག་དང་བློ་དེའི་ངོར་སྣང་བའི་ཡུལ་ཞིག་ཡོད། དམིགས་སའི་ཡུལ་དེ་ནི་ཀུན་རྫོབ་ཏུ་ཡོད་པའི་ང་ཞེས་ཕུང་པོ་ལྔ་ལ་བཏགས་པའི་གང་ཟག་དེ་ཡིན། དེ་ལ་སྣང་བའི་ཡུལ་དེ་ནི་ང་དེ་བདེན་པར་གྲུབ་པ་དེ་ཡིན། དེ་ལྟར་སྣང་བ་ལྟར་གྲུབ་མེད། དེ་ལྟ་བུའི་བདེན་པར་གྲུབ་པའི་ངའམ་གང་ཟག་དེ་དགག་བྱ་ཡིན།
མ་གཞི་རང་ངོས་ནས་གྲུབ་པའི་ཆོས་གཅིག་ཀྱང་མེད་ནའང་། ང་ཚོས་རང་ངོས་ནས་གྲུབ་པའམ་བདེན་པར་གྲུབ་པ་འཛིན་གྱི་ཡོད། དཔེར་ན། མཚན་མོ་ནག་ཁུང་ནང་ང་ཚོ་ལམ་ཞིག་གི་སྟེང་འགྲོ་བའི་སྐབས། ལམ་སྟེང་དུ་ཐག་ཁྲ་ཞིག་ཡོད་པར་མཐོང་ན། ཐག་པ་དེ་སྦྲུལ་ལྟ་བུར་འཛིན་གྱི་ཡོད། དོན་དངོས་སུ་ཐག་པ་དེ་སྦྲུལ་མ་ཡིན། འོན་ཀྱང་ང་ཚོར་སྦྲུལ་ལྟ་བུར་སྣང་གི་ཡོད། སྣང་བ་དེའི་ཐོག་གཞི་བཞག་སྟེ། ང་ཚོས་ཞེད་སྣང་བྱེད་ཀྱི་ཡོད། འོན་ཀྱང་ཐག་པ་རང་གི་ངོས་ནས་སྦྲུལ་མ་ཡིན། དེར་སྦྲུལ་མེད། དེར་བརྟེན་ཐག་པ་སྦྲུལ་དུ་འཛིན་པའི་འཛིན་པ་ལོག་པ་དེ་འགོག་དགོས་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོས་ངའམ་གང་ཟག་ལ་བསམ་བློ་གཏོང་སྐབས། ང་དེ་བདེན་པར་གྲུབ་པ་དང་རང་ངོས་ནས་གྲུབ་པ་སྣང་གི་ཡོད། དེ་ལྟའི་ངའམ་གང་ཟག་དེ་དགག་བྱ་ཡིན།
ང་ཚོས་ཕུང་པོ་ལྔ་པོ་བསྡུས་པ་ཡིན་ན། ལུས་དང་སེམས་གཉིས་ཀྱི་ནང་བསྡུ་ཐུབ། དཔེར་ན། སོ་སོའི་ལུས་འདི་ང་རེད་དམ། གལ་སྲིད་ལུས་འདི་ང་ཡིན་ན། ལུས་འདི་མེད་པ་ཆགས་ན། ང་ཡང་མེད་པ་ཆགས་དགོས། དེས་ན་ང་སྐྱེ་བ་ཕྱི་མར་མི་འགྲོ་བར་ཐལ། དེར་བརྟེན་ང་སྐྱེ་བ་ཕྱི་མར་ལྷ་ཡུལ་དུ་སྐྱེ་བ་སོགས་མི་འབྱུང་བ་དང་། རྒྱུ་འབྲས་ཀྱི་གོ་རིམ་ཚང་མ་འཆོལ་འགྲོ་གི་ཡོད།
དེ་ག་ནང་བཞིན་གལ་སྲིད་ང་སེམས་འདི་ཡིན་ན། ང་སྡོད་པ་དང་། འགྲོ་བ། བྱ་བ་བྱེད་པ་སོགས་བརྗོད་མི་ཐུབ། སེམས་ཀྱི་བཟའ་བ་དང་གོམ་པ་སྤོ་བར་ཐལ། དེར་བརྟེན་ང་སེམས་ཡིན་ན་སྐྱོན་མང་པོ་ཡོད། དེར་མ་ཟད། ང་ཚོས་ངའི་སེམས་ཞེས་བརྗོད་ཀྱི་ཡོད། དེས་ག་རེ་སྟོན་གྱི་ཡོད་ཟེར་ན། ང་དང་སེམས་གཉིས་ཐ་དད་ཡིན་པ་སྟོན་གྱི་ཡོད། དེ་གཉིས་གཅིག་ཆགས་མི་ཐུབ། དཔེར་ན། ངའི་གྱོན་ཆས་ཟེར་སྐབས། དེས་ང་དང་གྱོན་ཆས་གཉིས་གཅིག་མིན་པ་སྟོན་གྱི་ཡོད།
གལ་ཏེ་ང་འདི་ལུས་དང་སེམས་གཉིས་ཀ་ཡིན་ན། ང་གཉིས་སུ་ཐལ་བར་འགྱུར། གལ་ཏེ་ང་འདི་ལུས་དང་སེམས་གཉིས་ཚོགས་པའི་ཚོགས་པ་ཡིན་ན། སྐྱོན་གཞན་ཞིག་འབྱུང་གི་ཡོད། ལུས་དང་སེམས་གཉིས་ཀྱི་ཚོགས་པ་དེ་ང་ཡི་གདག་གཞི་ཆགས་ཀྱི་ཡོད། གདག་གཞིའི་སྟེང་ང་དེ་བཏགས་པའམ་ང་ཞེས་པའི་ཐ་སྙད་དེ་ཉིད་ཀྱི་དོན་ལ་བསམས་ན། ཀུན་རྫོབ་ཏུ་གྲུབ་ཡོད། དེ་ག་ནང་བཞིན་གདག་གཞིའང་གྲུབ་ཡོད། འོན་ཏེ་ང་ཞེས་པ་དེ་ཇི་ལྟར་སྣང་བའམ་འཛིན་པ་ལྟར་གྲུབ་པའམ་མེད།
དེ་ལྟར་བརྟག་པ་བྱས་ན། ང་ཚོའི་སེམས་ནང་། “ང་རྩ་བ་ནས་མི་འདུག་” ཅེས་དངངས་སྐྲག་སྐྱེ་སྲིད་པ་ཡིན། འོན་ཏེ་བརྗོད་དགོས་པ་ཞིག་ལ། “ང་དེ་ཇི་ལྟར་སྣང་བ་ལྟར་གྲུབ་མེད་” ལ་མ་འོངས་པར་དེ་ལྟར་འགྲུབ་མི་ཐུབ། གང་ཡིན་ཟེར་ན། ང་ཞེས་པར་ང་ཚོས་བསམ་བློ་གཏོང་སྐབས་ང་ཚོས་དམིགས་སའི་ཡུལ་དངོས་ང་འགྲོ་གི་ཡོད། ང་ཁ་ལག་བཟའ་གི་ཡོད་ཅེས་པའི་ང་དེ་ཡོད་པ་བདེན་པ་རེད། དེ་ལ་དོགས་པ་རྩ་བ་ནས་མེད། འོན་ཀྱང་ང་གྲུབ་ལུགས་གྲུབ་སྟངས་ལ་བལྟས་ན། ང་དེ་རང་གི་གདག་གཞི་ཕུང་པོའི་སྟེང་དུ་བཏགས་པ་ཙམ་གྱི་སྒོ་ནས་གྲུབ་ཡོད། དེས་ན་ཕུང་པོའི་སྟེང་བཏགས་པའི་ཐོག་ནས་ང་དེ་བློ་ལ་འཆར་ཐུབ་པ་བྱེད་དགོས། དེ་ལ་ལུས་སེམས་གཉིས་ལས་ཀ་མཉམ་དུ་བྱེད་པ་ཞེས་བྱ་བ་ཡིན།
དེར་བརྟེན་ཉིན་ལྟར་སྒོམ་བརྒྱབ་སྟེ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་ཀ་ངོས་འཛིན་ཐུབ་ཐབས་སུ་སེམས་ནང་གོམས་གཤིས་ཤིག་འཇགས་པ་བྱེད་དགོས། ང་ཚོས་ཀུན་རྫོབ་དང་དོན་དམ་བདེན་པ་གཉིས་གཞི་གང་ལ་བསྟུན་ཀྱང་འགལ་བའམ་ཕན་ཚུན་གནོད་བྱ་གནོད་བྱེད་མིན་པ་ཤེས་དགོས། དེ་བཞིན་རྟག་མཐའ་དང་ཆད་མཐའ་བྲལ་བའི་དབུ་མའི་ལམ་དེ་རྟོགས་ཐབས་བྱེད་དགོས། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་ཡང་དག་པའི་སྟོང་ཉིད་ཀྱི་ལྟ་བ་དེ་རྟོགས་དགོས། དེ་ནི་ཤོ་ལོ་ཀ་འདིའི་ཚིག་རྐང་མཐའ་མ་སྟེ། “ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡིས།” ཞེས་པའི་བརྗོད་དོན་ཡིན།
དེ་དག་ནི་ཕར་ཕྱིན་དྲུག་གི་ནང་གི་མཐའ་མ་གཉིས་ཏེ་བསམ་གཏན་་དང་ཤེས་རབ་ཀྱི་ཕར་ཕྱིན་གྱི་སྦྱོང་བརྡར་སྐོར་ཡིན། དེ་དག་ཐམས་ཅད་གོང་འཕེལ་གཏོང་རྒྱུ་གལ་ཆེན་པོ་ཡིན། བརྗོད་བྱ་འདི་དང་ལྷག་དོན་དུ་ཡང་དག་པའི་ལྟ་བའི་སྐོར་རྗེ་ཙོང་ཁ་པ་ཆེན་པོས་ལམ་རིམ་ཆེན་མོའི་ནང་གི་ལྷག་མཐོང་སྐབས་འགྲེལ་བཤད་ཟབ་ཅིང་རྒྱ་ཆེ་བ་གནང་ཡོད། དེའི་ཕྱིར་གཞུང་དེའི་ནང་དམིགས་བསལ་ལེ་ཚན་ལྷག་མཐོང་ཆེན་མོ་ཞེས་འགྲེལ་བཤད་རྒྱ་ཆེན་པོ་དང་གཏིང་ཟབ་པོ་མཛད་ཡོད། ང་ཚོས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་གཞུང་འདི་ནང་གི་གཤམ་གྱི་གཞུང་ཚན་བཞི་པོར་སློབ་སྦྱོང་ཡག་པོ་བྱས་ན། ང་ཚོས་ཡང་དག་པའི་ལྟ་བར་ངེས་ཤེས་རྙེད་ཐུབ་པ་ཡོང་ངེས་ཡིན།
- ལྷག་མཐོང་ཆེན་མོ།
- དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་ཊིཀ་ཆེན།
- དབུ་མ་འཇུག་པའི་འགྲེལ་བ་དགོངས་པ་རབ་གསལ།
- དྲང་ངེས་ལེགས་བཤད་སྙིང་པོ་བཅས་སོ།།
གཞུང་ཚན་བཞི་པོ་འདི་དག་ལ་སློབ་སྦྱོང་བྱས་པ་བརྒྱུད་ཡང་དག་པའི་ལྟ་བའམ་སྟོང་པ་ཉིད་ཀྱི་དོན་རང་་རྒྱུད་ལ་སྐྱེ་ཐུབ།
སྔགས་ལ་འཇུག་པ།
ཐོག་མར་སྐྱེས་བུ་ཆུང་ངུ་དང་འབྲིང་གི་བློ་སྦྱངས་ནས་དེ་ནས་དངོས་གཞིའི་དོན་ལ་འཇུག་དགོས། དངོས་གཞིའི་དོན་ནི་སྐྱེས་བུ་ཆེན་པོའི་བློ་སྦྱོང་རྒྱུ་དེ་ཡིན། དེའི་ནང་སྟོང་ཉིད་རྟོགས་པའི་བློ་དང་བྱང་ཆུབ་སེམས་སྦྱོང་དགོས་པ་དང་། དེ་རྗེས་དེ་གཉིས་ཟུང་འབྲེལ་བྱེད་དགོས། སྤྱིར་ཐབས་ལམ་ཡག་ཤོས་ནི་ང་ཚོའི་སེམས་རྒྱུད་དུ་ཐབས་ཤེས་གོང་འཕེལ་གཏོང་དགོས་པའམ་རྒྱུད་ལ་སྐྱེད་ཐབས་བྱེད་དགོས། མ་མཐར་དེ་དག་གི་དོན་རགས་པ་ཙམ་བློ་ལ་ངེས་ཐུབ་པ་དགོས།
དེ་དག་ཐམས་ཅད་གྲུབ་པའི་རྗེས་སུ། གཞི་ནས་སེམས་བསྲུང་བའི་གསང་བའི་ཐབས་ཏེ། སྔགས་ཀྱི་ཉམས་ལེན་ནང་འཇུག་པའི་གྲ་སྒྲིག་ཨང་བསར་དགོས། སྔགས་ཀྱི་འཇུག་སྒོ་ནི་དབང་ཡིན་ཞིང་། བླ་མ་ཚད་ལྡན་ཞིག་གི་དྲུང་ནས་དབང་ལེན་དགོས། དབང་མ་ཞུས་པར་སྔགས་ཀྱི་ལམ་དུ་འཇུག་མི་རུང་། དེ་ཡང་གཤམ་གྱི་ཤོ་ལོ་ཀའི་ནང་།
༡༠༽ ཐུན་མོང་ལམ་སྦྱང་སྣོད་དུ་གྱུར་བ་ན།། ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག ། སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར།། བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས།། ཞེས་གསུངས་ཡོད།
སྔགས་ཀྱི་སྡོམ་པ་སྲུང་བ།
ནམ་ཞིག་ང་ཚོས་བླ་མ་ཚད་ལྡན་ཞིག་གི་དྲུང་ནས་དབང་ཞུས་ཏེ་སྔོན་འགྲོའི་ཉམས་ལེན་ཁག་གྲུབ་པ་དང་སྔགས་ནང་ཞུགས་རྗེས། སྔགས་ཀྱི་སྡོམ་པ་རྣམས་ལེགས་པར་སྲུང་རྒྱུ་གལ་ཆེན་པོ་ཡིན། དེའི་ནང་རྩ་ལྟུང་བཅུ་བཞི་མི་འབྱུང་བའི་ཕྱིར་བསྲུང་བྱའི་རྩ་བའི་སྡོམ་པ་བཅུ་བཞི་དང་སྦོམ་པོ་བརྒྱད་མི་འབྱུང་བའི་ཕྱིར་བསྲུང་བྱ་ཡན་ལག་གི་སྡོམ་པ་བརྒྱད་ཡོད།
ང་ཚོས་སྡོམ་པ་དེ་དག་ཚུལ་བཞིན་མ་སྲུང་བ་དང་དམ་ཚིག་ཚུལ་བཞིན་དུ་མ་སྲུང་ན། སྔགས་ཀྱི་ལམ་ལ་བརྟེན་ནས་འབྲས་བུ་མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་འཐོབ་ཐབས་ནམ་ཡང་མེད། སྤྱིར་ཐུན་མོང་གི་དངོས་གྲུབ་བརྒྱད་དང་མཐར་ཐུག་མཆོག་གི་དངོས་གྲུབ་ནི་སངས་རྒྱས་ཀྱི་གོ་འཕང་ཡིན། དེར་བརྟེན་མཆོག་ཐུན་གྱི་དངོས་གྲུབ་འཐོབ་པར། སྔགས་སྡོམ་དང་དམ་ཚིག་ཡང་དག་པར་སྲུང་རྒྱུ་གནད་འགག་ཧ་ཅང་ཆེན་པོ་ཡིན།
དེ་ཡང་གཤམ་གྱི་ཤོ་ལོ་ཀའི་ནང་འགྲེལ་བཤད་མཛད་པ་ནི།
༡༡༽ དེ་ཚེ་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་གཞི།། རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ།། བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས།། སྲོག་དང་བསྡོས་ཏེ་སྲུང་བར་བྱིན་གྱིས་རློབས།། ཞེས་གསུངས་ཡོད།
སྔགས་ཉམས་ལེན་གྱི་རིམ་པ་གཉིས།
རྒྱུད་སྡེ་བཞི་པོ་རེ་རེའི་ཡི་དམ་གྱི་ལྷ་སྒོམ་པའི་ཉམས་ལེན་ནང་རིམ་པ་གཉིས་རེ་ཡོད། རྒྱུད་སྡེ་འོག་མ་གསུམ་ལ་མཚན་བཅས་དང་མཚན་མེད་ཀྱི་རིམ་པ་གཉིས་ཡོད་པ་དང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ནང་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཡོད། རྒྱུད་སྡེ་རེ་རེའི་ནང་རིམ་པ་གཉིས་པོ་དེ་གོ་རིམ་མ་འཁྲུགས་པའི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཡིན། དེ་ཡང་གཤམ་གྱི་ཤོ་ལོ་ཀའི་ནང་གསུངས་པ་ནི།
༡༢༽ དེ་ནས་རྒྱུད་སྡེ་སྙིང་བོ་རིམ་གཉིས་ཀྱི།། གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས།། ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར།། དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས།། ཞེས་གསུངས་ཡོད།
མཇུག་ཏུ་གསོལ་བ་འདེབས་པ་དང་བསྔོ་བ་བྱེད་པ།
དེ་རྗེས་རང་ལ་ལམ་བཟང་སྟོན་ཏེ་བཀའ་དྲིན་ཤིན་ཏུ་ཆེ་བའི་ང་ཚོའི་དངོས་རྒྱུད་ཀྱི་བླ་མ་རྣམས་དང་ཆོས་གྲོགས་རྣམས་སྐུ་ཚེ་ཡུན་རིང་དུ་བཞུགས་སུ་གསོལ་ཞེས་སྨོན་ལམ་འདེབས་དགོས། དེ་བཞིན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བར་ཤོག་ཅེས་སྨོན་ལམ་འདེབས་དགོས། ཕྱིའི་བར་ཆད་རྣམས་ནད་དང་གྲོགས་པོ་ངན་པ་ལས་འབྱུང་བ་དང་། ནང་གི་བར་ཆད་རྣམས་ཉོན་མོངས་དང་མི་དགེ་བའི་ལས་ལ་བརྟེན་ནས་འབྱུང་གི་ཡོད། དེ་ཡང་གཤམ་གྱི་ཤོ་ལོ་ཀའི་ནང་།
༡༣༽ དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང༌།། ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང༌།། ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས།། ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།། ཞེས་གསུངས་ཡོད།
གཞུང་འདིའི་མཐའ་མར་བསྔོ་བའི་ལེའུ་མཛད་དེ་མཇུག་བསྡུས་པ་ཡིན། དེའི་ཕྱིར་ང་ཚོས་རང་གིས་བསགས་པའི་དགེ་བའི་ལས་ཐམས་ཅད་བསྔོས་ཏེ། ཚེ་རབས་ཐམས་ཅད་དུ་ཚད་ལྡན་གྱི་དགེ་བའི་བཤེས་གཉེན་དང་མ་བྲལ་བར་དེ་དག་གིས་རྗེས་སུ་བཟུང་བར་ཤོག་ཅེས་བསྔོ་བ་བྱེད་དགོས། ང་ཚོས་ད་དུང་ཆོས་ཕྱོགས་ཐབས་ལམ་རྣམས་ཉམས་ལེན་ཁག་ཚུལ་བཞིན་དུ་ལག་བསྟར་ཐུབ་པ་ཤོག་ཅེས་དང་། སེམས་རྒྱུད་དུ་ཡོན་ཏན་ཐམས་ཅད་འབྱུང་བར་ཤོག །མྱུར་དུ་བླ་མ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་ཤོག་ཅེས་སྨོན་ལམ་འདེབས་དགོས། དེ་རྗེས་གཤམ་གྱི་ཚིག་བཅད་ནང་།
༡༤༽ སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། བྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག། ཅེས་གསུངས་ཡོད།།