ཏནྟྲའམ་རྒྱུད་ཅེས་པ་དེ་ག་རེ་ཡིན་ནམ། །

གསང་སྔགས་ཤེས་པ་དེ་ནུབ་ཕྱོགས་ཀྱི་ཡུལ་དུ་གོ་ནོར་ཡང་ཡང་ཐེབས་བཞིན་པའི་བརྗོད་གཞི་ཞིག་རེད། འོན་ཀྱང་དངོས་པའི་གནས་ལུགས་ལྟར་བྱེད་ན། དེ་ལ་དམིགས་བསལ་གྱི་ཡ་མཚན་བྱ་རྒྱུ་གང་ཡང་མེད། གསང་སྔགས་ཀྱིས་ང་རང་ཚོའི་སྤྱོད་ཐུབ་པའི་ཐབས་ལམ་ནུས་པ་དང་ལྡན་པ་ཞིག་ལག་བསྟར་བྱེད་དུ་བཅུག་པ་ཡིན། དེ་ནི་ང་རང་ཚོའི་བློའི་འཆར་སྣང་དག་ཡིན། སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་གཙོ་བོ་ལ་རྨང་གཞི་བརྟན་པོ་ཞིག་ཡོད་པའི་ཚད་མཐོ་པོར་ཉམས་ལེན་གནང་མཁན་རྣམས་ལ་ནི། གསང་སྔགས་དེ་མྱུར་པོ་དང་དོན་གོ་འཕེར་པོའི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ལ། སེམས་ཅན་ཐམས་ཅད་ཀྱི་དོན་རླབས་པོ་ཆེ་ཞིག་བསྒྲུབ་ཐུབ་པ་ཞིག་ཡོང་བའི་ཐབས་ཚུལ་ཞིག་ཡིན།

གསང་སྔགས་ཉམས་ལེན་གྱི་རྨང་གཞི།།

གསང་སྔགས་ནི། ཐེག་ཆེན་ལུགས་ཀྱི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་ཉམས་ལེན་ཚད་མཐོ་པོ་ཞིག་ཡིན། མདོའི་ཉམས་ལེན་ཐམས་ཅད་རྨང་གཞིར་བརྟན་པོར་བཟུང་སྟེ་གསང་སྔགས་ཉམས་སུ་བླངས་དགོས་པ་ཡིན། དེ་ཡང་ཇི་ལྟར་བྱང་ཆུབ་ལམ་གྱི་རིམ་པའི་ནང་དུ་གསུངས་པ་ལྟར། དམིགས་བསལ་གལ་འགངས་ཆེ་བ་ཁག་ནི།

  • ཉེན་མེད་ཀྱི་ཁ་ཕྱོགས། ༼སྐྱབས་འགྲོ།༽
  • སྡུག་བསྔལ་ཐམས་ཅད་དང་། དེའི་རྒྱུ་དང་བཅས་པ་ལས་འབྲལ་བར་བྱེད་པའི་དམ་བཅའ་དང་འདུན་པ། ༼ངེས་འབྱུང་།༽
  • རང་ཉིད་རང་ལ་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དམ་པོ།
  • དམིགས་པ་བྱང་ཆུབ་ཀྱི་སེམས། ༼དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱ་ཀྱི་གོ་འཕང་འཐོབ་པར་བྱེད་པ།༽
  • ཕ་རོལ་ཏུ་ཕྱིན་པ་དྲུག ༼དེ་ཡང་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས༽། དེ་དག་ལས་དམིགས་བསལ།
  • སེམས་རྩེ་གཅིག་པའི་བསམ་གཏན།
  • ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ། སྟོང་ཉིད་རྟོགས་པའི་ཤེས་རབ།

དུས་ནམ་ཞིག་གི་ཚེ་ན། ཉམས་ལེན་པ་རྣམས་སློབ་གཉེར་དང་སྦྱོང་བརྡར་གྱིས། གོང་སྨྲོས་ཀྱི་དོན་ཚན་དེ་དག་ལ་བརྟན་ཚུགས་པའི་རང་བཞིན་ཞིག་ངེས་པ་རྙེད་པ་དང་། གཟབ་ནན་སྔོན་འགྲོའི་ཉམས་ལེན་རྣམས་བསྒྲུབས་ཟིན་པའི་རྗེས་སུ། རང་ཉིད་གསང་སྔགས་ཀྱི་ཉམས་ལེན་གྱི་རིམ་པའི་ནང་ཞུགས་ཆོག་ཆོག་ཡིན། སྔོན་འགྲོའི་རིམ་པ་ནི། ཉམས་ལེན་འབྲས་བུ་ཐོན་པ་ཞིག་ཡོང་བ་ལ། ནུས་པ་མི་བཟང་བ་ ༼སྡིག་པ་༽ རྣམས་དག་སྦྱོང་དང་དགེ་བའི་ནུས་པ་གོང་ནས་གོང་དུ་བསྐྱེད་པར་བྱེད་པ་ལ་དོ་གལ་ཆེན་པོ་ཡིན། ཆོས་ཉམས་སུ་ལེན་མཁན་རྣམས་གསང་སྔགས་བསྒྲུབ་འདོད་ཡོད་པ་རེད། གང་ཡིན་ཞེ་ན། ཁོ་ཚོའི་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱི་དམིགས་པ་ནི་ཟབ་ཅིང་ནུས་སྟོབས་ལྡན་པ་ཞིག་ཡིན་པས། མདོ་ཕྱོགས་ཀྱི་ཉམས་ལེན་ཁོ་ན་ལ་བརྟེན་ནས་འཚང་རྒྱ་བ་ལ་དུས་ཚོད་ཧ་ཅང་ཡུན་རིང་པོ་ཐོགས་ཀྱི་ཡོད་ཙང་། དེ་ལ་བཟོད་ཐབས་མེད་པ་ཞིག་ཡིན། གསང་སྔགས་ནི། ཆ་ཚང་ཞིང་གནད་ལ་སྨིན་པའི་ལུགས་ཤིག་གི་ནང་དུ། མདོའི་ཉམས་ལེན་ཡོད་དོ་ཅོག་མཉམ་བསྡེབས་ཀྱིས་བཞག་པའི་ཐབས་ལམ་ཞིག་ཡིན།

Top