ཕྱག་རྒྱ་ཆེན་པོ་ཉམས་ལེན་གྱི་སྔོན་འགྲོ།

སྐད་ཡིག་གཞན།

གྲངས་མེད་གོང་ནས་མངོན་པར་བྱང་ཆུབ་ཀྱང་། །གདུལ་བྱའི་དོན་དུ་གང་ལ་གང་འདུལ་སྐུ། །མཚན་ཙམ་ཐོས་པས་འཁོར་བའི་འཁོར་འཇིགས་སེལ་བ། །བཀའ་བརྒྱུད་རིན་ཆེན་དེ་ལ་སྙིང་ནས་འདུད། །

བླ་མ་བརྒྱུད་པར་བཅས་ལ་ཕྱག་བཙལ་ཏེ། །སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །རྡོ་རྗེ་ཐེག་པའི་ཡང་སྙིང་ཕྱག་རྒྱ་ཆེ། །ཐར་འདོད་སློབ་བུས་བསྐུལ་ཕྱིར་ཅུང་ཟད་བརྗོད། །དེའང་དུས་གསུམ་གྱི་སངས་རྒྱས་ཀུན་གྱི་ཐུགས་བཅུད་སངས་རྒྱས་ནས་རྩ་བའི་བླ་མའི་བར་དུ་སྙན་ནས་སྙན་དུ་བརྒྱད་པའི་གདམས་པ་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཚེ་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐུན་མོང་མིན་པ་ཐོབ་བྱེད་ཀྱི་ཐབས།

བཀའ་བརྒྱུད་རིན་པོ་ཆེའི་བཞེད་སྲོལ་མ་ཉམས་པའི་ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་པར་སྤྲོ་ན། སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་མོ།

སྐྱབས་འགྲོ་དང་ཕྱག་འཚལ་དེ་བཞིན་བྱང་ཆུབ་ཀྱི་སེམས་དམིགས་པ།

དང་པོ་ལ་སྐྱབས་འགྲོ་སེམས་བསྐྱེད་ནི།

མདུན་གྱི་ནམ་མཁར་དཔག་བསམ་ཤིང་རྩ་བ་གཅིག་ལ་ཡལ་ག་ལྡར་གྱེས་པའི་དབུས་སུ་བླ་མ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་དུ་དགེ་འདུན་དེ་དག་རེ་རེ་ལ་རང་རིགས་ཀྱི་ཚོགས་ཀྱིས་བསྐོར་བར་དམིགས།

རང་ཉིད་མདུན་དུ་གནས་པས་འདྲེན་དཔོན་བྱས་མ་རྒན་སེམས་ཅན་ཐམས་ཅད་ཀྱང་ཁྲོམ་ཚོགས་སུ་གནས་པས་རང་གི་རམ་འདེགས་བྱས་ནས་སྐྱབས་འགྲོ་བྱེད་པར་དམགིས་ལ་སྐྱབས་འགྲོ་གང་འོས་བརྗོད་པ་དང་། སེམས་ཅན་ཐམས་ཅད་ཕ་མར་ཤེས་པས་དེ་དག་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་བླ་མེད་ཀྱི་བྱང་ཆུབ་ཐོབ་པར་བྱའོ། །དེའི་ཆེད་དུ་བདག་གིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པར་བགྱིའོ་སྙམ་པའི་ངང་ནས། སངས་རྒྱས་ཆོས་དང་ཚོགས་ཀྱི་ཆོགས་མཆོག་རྣམས་ལ། ཞེས་སོགས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་སྒོམ། མཐར་སྐྱབས་ཡུལ་འོད་དུ་ཞུར་བ་ལ་ཐིམ་པར་སྒོམ་པ།

རྒྱུད་དག་པར་བྱེད་པ་སྐྱབས་འགྲོ་སེམས་བསྐྱེད་སྒོམ་པ་དང་གཅིག

རྡོར་སེམས་སྒོམ་པ།

རང་གི་སྤྱི་བོར་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་ཐུགས་གར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ་མཚན་དཔེས་སྤྲས་པ་བསྒོམས་ནས། བླ་མ་རྡོ་རྗེས་སེམས་དཔའ་བདག་གི་སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ཞེས་དང་གཞན་ཡང་བཤགས་པ་ཅི་རིགས་བྱས་རྡོ་རྗེ་སེམས་དཔའི་ཞབས་ཀྱི་མཐེ་བོང་ལས་བདུད་རྩི་དཀར་པོ་བབས་རང་གི་སྤྱི་བོ་ནས་ཞུགས་ལུས་ཐམས་ཅད་གང་། རང་གི་སྡིག་སྒྲིབ་ཐམས་ཅད་ཕྱིར་ཐོན་ཤུལ་ཐམས་ཅད་བདུད་རྩིས་གང་བླ་མ་དགྱེས་བཞིན་འོད་ཐུབས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་འདྲེས་པར་སྒོམ་པ།

སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་གཉིས།

མཎྜལ་འབུལ་བ།

མཎྜལ་ལ་ཚོམ་བུ་ལྔ་བཀོད་པའི་དབུས་སུ་བླ་མ་མདུན་དུ། ཡི་དམ་གཡས་སུ། སངས་རྒྱས་རྒྱབ་ཏུ། ཆོས་གཡོན་དུ། དགེ་འདུན་སྒོམ་པ་སྒྲུབ་པའི་མཎྜལ་དང་།

དེ་ལ་མཎྜལ་གཞན་ཞིག་ལ་ཚོམ་བུ་བཀོད་ནས། ས་གཞི་སྤོས་ཀྱིས་བྱུག་ཤིང་མེ་ཏོག་བཀྲམ། སོགས་དང་། གཞན་ཡང་མཎྜལ་གྱི་ཆོ་ག་ཅི་རིགས་གྱིས་ཕུལ་ནས་དངོས་བཤམས་ཡིད་སྤྲུལ་གྱི་མཆོད་པ་འབུལ།

དེ་ལྟར་ཕུལ་བའི་མཐུས་ཚོགས་གཉིས་རྫོགས་ཤིང་ཉམས་རྟོགས་ཕུལ་དུ་བྱུང་བ་སྐྱེ་བར་བྱིན་གྱིས་རློབས། ཞེས་གསོལ་བ་བཏབ་པས་སྒྲུབ་པའི་མཎྜལ་གྱི་ལྷ་ཚོགས་འོད་དུ་ཞུ་བ་རང་ལ་ཐིམ་པར་བསམ་མོ།

དེ་ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ལ་ནན་ཏན་དུ་བྱེད་པ་དང་གསུམ། །

བླ་མའི་རྣལ་འབྱོར།

རང་གི་སྤྱི་བོར་རྩ་བའི་བླ་མ་དེ་སྐུ་དེ་ཀའམ་ཡི་དམ་གྱི་རྣམ་པ་ཅན་གང་མོས་ཞིག་ཏུ་བསྒོམས་ནས་དེའི་སྤྱི་བོ་ནས་རྡོ་རྗེ་འཆང་ལ་ཐུག་གི་བར་གྱི་བླ་མ་རྣམས་མཐོ་བརྩེགས་སུ་སྒོམ་པའམ། ཡང་ན་ཁྲོམ་ཚོགས་སུ་བསྒོམས་ནས་དེ་ལ་ཚད་བཟུང་མེད་པའི་མོས་གུས་ཐུན་མོང་མིན་པའི་དུང་བ་བྱས་ནས་གསོལ་བ་འདེབས་ངར་དྲག་ལ་ཡུན་རིང་བ། སྣང་བ་འགྱུར་ངེས་སུ་བྱས་བརྒྱུད་པའི་བླ་མ་རྣམས་དང་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྩ་བའི་བླ་མ་ལ་ཐིམ་པས་རྩ་བའི་བླ་མ་ཀུན་འདུས་ཀྱི་སྐུར་བསྒོམས་ཏེ།

ཕྱི་ནང་གསང་གསུམ་གྱི་མཆོད་པ་དང་ཡན་ལག་བདན་པ་འབུལ། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།  །བླ་བ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། །ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །སོགས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་གསོལ་འདེབས་དེ་བས་དྲག་ཏུ་བགྱིས་ལ།

བླ་མ་རང་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་སེམས་དབྱེར་མེད་དུ་འདྲེས་པར་བསམས་ཏེ་སྤྲོས་བྲལ་གྱི་ངང་ལ་བཞག །

ཕྱག་རྒྱ་ཆེན་པོ་རྟོགས་པར་བྱེད་པའི་ཐབས་འདི་ལ་རག་ལས་པས་ནན་ཏན་བྱ་བ་ནི་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་སྒོམ་པ་དང་བཞི།

འཆི་བ་དང་མི་རྟག་པ།

མི་རྟག་པ་སྒོམ་པར་མ་བྱས་ན་ཚེ་འདི་ལ་བློ་མི་ལྡོག །དེ་མ་ལོག་ན་འཁོར་བ་ལས་མི་གྲོལ་བས་དེས་ན། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་གཉིད་ཀྱི་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །

ཞེས་པ་ལྟར་སྤྱིར་འདུས་བྱས་ཐམས་ཅད་མི་རྟག །སྒོས་འགྲོ་བའི་ཚེ་སྲོག་ནི་ཆུ་བུར་ལྟར་མི་རྟག་པས་ནམ་འཇིག་ཆ་མི་འཚལ། ད་ལྟ་མི་འཆི་བའི་ངེས་པ་མེད། ཤི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པས། དོན་མེད་པའི་འཇིག་རྟེན་དང་ཚེ་འདིའི་བྱ་བ་རྣམས་བསྒྲུབ་ན་སྡུག་བསྔལ་རྒྱུ་ལས་མ་འདས་པས་ད་ལམ་ཚེ་འདི་འི་ལྟ་གོས་སོགས་ཀྱི་ཆེད་དུ་གཡེང་བ་སྐད་ཅིག་ཙམ་ཡང་བྱེད་རི་ཤི་བསམ་པའི་ཞེ་མནའ་དང་།

སྐབས་སུ་རང་གི་གཉེན་ཉེ་བ་སོགས་སྔར་ཤི་བ་རྣམས་བགྲང་ཞིང་དེ་དག་འཆི་ཚུལ་རོ་དང་དུར་ཁྲོད་དུ་བསྐྱལ་ནས་ལུས་ལྷག་མ་མེད་པར་བྱེད་ཚུལ། སླར་རང་ཡང་དེའི་རང་བཞིན་ལས་མ་འདས་པས་གཤེད་མའི་ལག་ཏུ་ཆུད་པའི་སེམས་ཅན་བཞིན་འདར་ཡེད་ཡེད་ཀྱི་ངང་ནས་གནས་པར་བྱས་ན་རྣམ་གཡེང་ལ་བློ་མི་འཇུག་ཅིང་ཚེ་བློས་ཐོངས་པར་འགྱུར་བས་དེ་ཉིད་ལ་ཆིག་དྲིལ་དུ་སྒོམ་པ་འཆི་བ་མི་རྟག་པ་སྒོམ་པ་དང་ལྔ།

ལས་རྒྱུ་འབྲས།

དེ་ནས་ལས་རྒྱུ་འབྲས་ཀྱི་བླང་དོར་མ་འཆོལ་བར་བྱ་དགོས་པས་ལུས་ཅན་རྣམས་ཀྱི་རང་རང་གི་ལས་གང་བྱས་པའི་འབྲས་བུ་སོ་སོར་རང་ཐོག་ཏུ་སྨིན་ལ། དེའང་མི་དགེ་བ་བཅུ་སྤྱད་པས་ངན་སོང་དུ་སྐྱེ་ཞིང་། དུག་གསུམ་མམ་གྲངས་མང་ཉུང་ངམ་ཡུལ་གཉན་མི་གཉན་མན། ཆེ་འབྲིང་ཆུང་གསུམ་དུ་སྤྱད་པས་དཀའ་བ་དེ་དང་དེ་དག་མྱོང་བར་འགྱུར་ལ། དགེ་བ་ཆེ་འབྲིང་ཆུང་གསུམ་སོགས་སུ་སྤྱད་པས་འདོད་པའི་ལྷ་མི་གཟུགས་ཁམས་གཟུགས་མེད་རྣམས་སུ་སྐྱེ་བས། དེ་ན་དུས་ཐམས་ཅད་དུ་རང་གི་སྒོ་གསུམ་ལ་བརྟག་དཔྱད་བྱས།

དགེ་བ་གང་བྱས་ལ་སྤྲོ་བ་སྐྱེད། མི་དགེ་བ་དང་ལུང་མ་བསྟན་གང་བྱས་ལ་ཚར་བཅད་དེ་སྤང་བླང་འཇུག་ལྡོག་མ་འཆོལ་བར་མི་དགེ་བ་རྒྱུན་བཅད་དེ་སྒོ་གསུམ་དང་དགེ་བའི་འཁོར་ལོར་རྒྱུན་མི་འཆད་པ་དང་ལྡན་པར་བྱས་ན། སངས་རྒྱས་ཀྱི་བསྟན་པའི་དོན་ཡང་དེ་ཡིན་ཞིང་ཉམས་ལེན་བྱས་པའི་དགོས་དོན་ཡང་གྲུབ་པ་ཡིན་ནོ། དེའི་ཕྱིར་ལས་རྒྱུ་འབྲས་ཀྱི་བླང་དོར་ཕྲ་ཞིང་ཞིབ་ནས་ཀྱང་ཤེས་པར་བྱས་ནས་བསླབ་པར་བྱ་བ་ལས་རྒྱུ་འབྲས་བསྟན་པ་དང་དྲུག །

འཁོར་བའི་ཉེས་དམིགས།

དེའི་རྗེས་འཁོར་བའི་ཉེས་དམིགས་མ་བསྒོམས་ན་ཞེན་པ་མི་ལོག་ཅིང་ངེས་འབྱུང་གི་བསམ་པའང་མི་སྐྱེ། དེའི་རྐྱེན་གྱིས་ཉམས་རྟོགས་རྒྱུད་ལ་མི་འཆར་ལ་འཆར་བའི་སྐལ་བ་མེད་པས་དེ་སྤང་བའི་ཕྱིར་འཁོར་བའི་སྡུག་བསྔལ་བསྒོམ་དགོས་པས།

དེ་ཡང་སེམས་ཅན་དམྱལ་བར་སྐྱེས་ན། ཚ་དམྱལ་བརྒྱད་དང་གྲང་དམྱལ་བརྒྱད་ཉེ་ཚེ་ཉེ་འཁོར་བ་སོགས་སྔུག་བསྔལ། ཡི་དགས་ལ་བཀྲེས་སྐོམ། དུད་འགྲོར་གསོད་གཅོད། མི་ལ་སྐྱེ་རྒ་ན་འཆི། ལྷ་ལ་འཕོ་ལྟུང་། ལྷ་མིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ་སོགས།

རིགས་དྲུག་པོ་དེ་ཡང་སྔུག་བསྔལ་མངོན་འགྱུར་བ་དུ་མ་མྱོང་བ་རྣམས་སྡུག་བསྔལ་གྱི་སྡུག་བསྔལ། བདེ་བར་སྣང་བ་རྣམས་འགྱུར་བའི་སྡུག་བསྔལ། ཚོར་བ་བཏང་སྙོམས་སུ་གནས་པའི་ཆ་དང་བཅས་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་བར་ཆད་པ་མེད་པར་མནར་བས་འཁོར་བ་འདིར་འཁོར་ལོས་སྒྱུར་རྒྱལ་དང་ཚངས་པ་བརྒྱ་བྱིན་སོགས་གྱི་གོ་འཕང་ཐོབ་ཀྱང་སྔུག་བསྔལ་ལས་མ་འདས་པས་འདི་ལས་ད་རེས་གཏན་གྱེས་སུ་ཅི་ཐུབ་བྱ་སྙམ་པས་འཁོར་བའི་བཙོན་དོང་ངམ་མེའི་འོབས་ལྟ་བུར་ཐག་ཆོད་དེ་འདི་ལས་ཐར་ཐབས་ལ་འབད།

དེ་ལས་ཀྱང་ལྷག་པའི་ཐེག་དམན་གྱི་བྱང་ཆུབ་ཐོབ་ཀྱང་མཐར་ཐུག་གི་བདེ་བའི་གོ་འཕང་དུ་མ་གྱུར་པས་ད་ནི་བླ་མེད་ཀྱི་བྱང་ཆུབ་འདི་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་མ་ལུས་པའི་འགྲོ་བ་འདི་རྣམས་ཐོག་མེད་ནས་དྲིན་ཅན་གྱི་ཕ་མ་ཤ་སྟག་ཏུ་ངེས་པས་འདི་དག་ངེས་པར་གཏན་བདེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བདག་གིས་བཞག་པར་བྱའོ། ཞེས་བྱང་ཆུབ་ཀྱི་སེམས་བཅོས་མིན་དུ་བསྐྱེད་དེ་དེ་ཉིད་ལ་ནན་དུ་བྱ་བ་དང་བདུན།

མི་ལུས་རིན་པོ་ཆེ།

དེ་ལྟ་བུ་སྒྲུབ་པར་བྱེད་པའི་རྟེན་མི་ལུས་རིན་པོ་ཆེ་འདི་ཤིན་ཏུ་ནས་རྙེད་དཀའ་བས་སྙོམས་ལས་དང་ལེ་ལོའི་དབང་དུ་མ་སོང་བར་ཉམས་ལེན་ལ་ཆིག་དྲིལ་བྱ་དགོས། གལ་ཏེ་འཆི་བ་མི་རྟག་པའི་གདོན་གྱིས་ཟིན་པའི་དལ་འབྱོར་སྟོང་ལོག་ཏུ་སོང་ན་ཇི་ལྟར་བྱེད་དེ་མི་ལུས་རིན་པོ་ཆེ་འདིའང་རྙེད་དཀའ་ཞིང་འཇུག་སླ་བ་ཡིན་པས་དུས་རྣམ་པ་ཐམས་ཅད་དུའང་དལ་འབྱོར་ཐོབ་པ་དོན་ཡོད་པར་བྱ་བ་ལ་ནན་ཏན་རབ་ཏུ་བྱ་བ་དང་བརྒྱད།

རྒྱུའི་རྐྱེན།

སྒྲུབ་རྐྱེན་བཞི་ལས་མི་རྟག་པས་རྒྱུད་དུལ་ཞིང་འཁོར་བའི་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་མཐོང་བས་ཡིད་འབྱུང་ཞིང་ཞེན་པ་ལོག་བྱ་བཏང་ལ་ནན་ཏན་བྱེད་པ་རྒྱུའི་རྐྱེན་དང་དགུ།

བདག་པོའི་རྐྱེན།

གང་ཟག་བརྒྱུད་པའི་བླ་མ་བདེ་གཤེགས་བཀའི་བླ་མ་དོན་དམ་ཆོས་ཉིད་ཀྱི་བླ་མ་སྣང་བ་བརྡའི་བླ་མ་སོགས་ཡང་དག་པའི་དགེ་བའི་བཤེས་གཉེན་བསྟེན་ཏེ།

གདམས་ངག་ཅི་ལྟ་བ་ཉམས་སུ་ལེན་པ་ཡང་དག་པའི་དགེ་བའི་བཤེས་ཀྱིས་ཟིན་པ་བདག་པོའི་རྐྱེན་ཡིན་དེ་ལྟར་བསྟེན་པ་དང་བཅུ།

དམིགས་རྐྱེན།

འདིར་ཐ་སྙད་དང་རྟོག་བཏགས་ཀྱིས་གྲུབ་པ་ལ་ཕྱོགས་ཞེན་གྱི་ཆ་ཐམས་ཅད་རྦད་བཅད་དེ་ཐམས་ཅད་དང་མི་འགལ་ཞིང་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་གདོད་མའི་གནས་ལུགས་ཆོས་ཉིད་ཀྱི་རང་བབས་སོ།

ཞེས་ངེས་པ་བསྐྱེད་པ་དེ་བསྒོམ་བྱ་མ་འཁྲུལ་བ་དམིགས་རྐྱེན་ཡིན་པས་དེ་ལྟར་ངེས་པར་བྱ་བ་དང་བཅུ་གཅིག །

དེ་མ་ཐག་རྐྱེན།

སྒོམ་ལ་ཞེན་པ་བྲལ་བའི་ངང་ནས་ནན་ཏན་སྙིང་རུས་བསྐྱེད་པ་མ་གཏོགས་བདག་གིས་སྒོམ་པར་བྱེད་དོ་བྱའོ་བྱས་སོ་སྐྱེས་ན་ལེགས་མ་སྐྱེས་ན་མ་ལེགས་སོ་སྙམ་པ་སོགས་རེ་དྭོགས་ཀྱི་མཚན་མ་གང་ཡང་མི་བྱེད་པ།

རེ་དྭོགས་དང་བྲལ་བ་དེ་མ་ཐག་རྐྱེན་ཡིན་པས་མ་བཅོས་པའི་ངང་ནས་ཉམས་ལེན་བྱ་བ་དང་བཅུ་གཉིས་ཏེ་སྔོན་འགྲོའོ། །

Top