ཕྱག་ཆེན་གྱི་ཞི་གནས་སྒོམ་པ།

སྐད་ཡིག་གཞན།

ལུས་སེམས་ཀྱི་གནད་འགའ།

དངོས་གཞི་ལ་ཞི་གནས་དང་ལྷག་མཐོང་གནས་ལས།

དང་པོ་ནི། སྤྱིར་ཏིང་ངེ་འཛིན་ལ་སྐྱེ་ཐབས་མང་ཡང་གནད་གཅིག་ཤེས་ན་གེེགས་བར་ཆད་མི་འབྱུང་ཞིང་ཞིང་གནས་དང་ལྷག་མཐོང་སྐྱོན་བྲལ་གཉུག་མ་ཡེ་ཤེས་ཀྱི་ཉམས་རྟོགས་རྩོལ་མེད་དུ་འབྱུང་བ་རྣམ་པར་སྣང་མཛད་ཀྱི་སྐུའི་སྒོ་ནས་ཆོས་བསྟན་པས་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་དང་བདེ་གསལ་མི་རྟོག་པའི་ཉམས་འབད་མེད་དུ་སྐྱེ་བའི་ཐབས་ནི།

ལས་དང་པོ་པ་རྣམས་ལུས་གནད་ལ་རག་ལས་པས།

  • དེའང་ཐུར་སེལ་གྱི་རླུང་དབང་དུ་བྱ་བའི་ཕྱིར་རྐང་པ་གཉིས་རྡོ་རྗེ་སྐྱིལ་ཀྲུང་ངམ་སེམས་དཔའི་སྐྱིལ་ཀྲུང་བཅས།
  • ས་རླུང་དབུ་མར་གནས་ཕྱིར་སྒལ་ཚིགས་དོང་རྩེ་ལྟར་བསྲང་།
  • ཆུ་རླུང་དབུ་མར་འཛུད་ཕྱིར་ལག་པ་མཉམ་གཞག་གི་ཕྱག་རྒྱ་སྟེ་འོག་ཏུ་བཅིངས་ལ་དཔུང་པའི་རྩེ་ཕན་ཚུན་གདེངས་པར་བྱ།
  • མེ་རླུང་དབུ་མར་གནས་འཛུད་པའི་ཕྱིར་མགྲིན་པ་ལྕགས་ཀྱུ་ལྟར་ཡིད་ཙམ་དགུག །
  • རླུང་གི་རླུང་དབུ་མར་འཛུད་པའི་ཕྱིར་མིག་གདངས་ཟུམ་མེད་པར་སྣ་རྩེའི་ཐད་དུ་ལྟ།
  • ལྕེ་ཆུ་རང་བབས་སམ་ལྕེ་ཡ་རྐན་ལ་སྦྱར་བ་སྟེ།

དེ་ལྟར་ལུས་གནད་བཅས་པས་རྣམ་པར་མི་རྟོག་པའི་རྒྱུ་བ་རང་དག་ཏུ་སོང་ནས་མི་རྟོག་པ་སོགས་ཡོན་ཏན་དུ་མ་འཆར་ལ་ལུས་གནད་དེའང་བཅས་པ་ཙམ་གྱིས་ལུས་སེམས་བདེ་འབོལ་འགྲོ་བ།

གྲིམས་མ་དྲགས་པ་བཅུམ་མ་དྲགས་པར་བྱས་ལ། དང་པོར་རླུང་རོ་ཅུང་ཟད་བུས་སླར་དབུགས་དབྱུང་རྔུབ་ཀྱི་རྩོལ་བ་དང་བྲལ་བར་བཞག་ནས། སྔོན་འགྲོ་རྣམས་ལམ་ཙམ་གསལ་བཏབ་ནས་འདས་པའི་བྱ་བ་ཡིད་ལ་མི་བྱེད་མ་འོངས་པ་ན་འདི་བྱ་འདི་བྱེད་མི་བསམ། དེ་ལྟར་གྱི་ཐ་མལ་ཤེས་པ་བཟོ་བཅོས་མ་བྱས་པའི་སོ་མ་ལྷུག་པར་རང་ག་བ་དེ་ཉིད་ཀྱི་ངང་དུ་སྤང་བླང་མེད་པར་བཞག་པས་སེམས་ལས་སུ་རུང་ཞུང་ཏིང་ངེ་འཛིན་སྐྱེ་བས་དེ་ལྟའི་ལུས་གནད་སེམས་སྒོམ་གྱི་རྨང་རྡོ་ཡིན་པས་དེ་ལ་ནན་ཏན་བྱ་བ་དང་གཅིག །

གཟུགས་ཀྱི་དམིགས་རྟེན།

དེ་ལ་སེམས་ཅན་གནས་མ་ནུས་ན་དམིགས་པས་ཕྱི་རོལ་དུ་ཤུང་བུ་རྡེའུ་སྟོན་པའི་སྐུ་མར་མེ་ནམ་མཁའ་སོགས་ཇི་ལྟར་རིགས་པ་ཞིག་ལ་ལྟ་སྟངས་གཏད་ལ་དམིགས་རྟེན་དེའི་ཁ་དོག་དབྱིབས་སོགས་ཀྱང་མི་བསམ་པར་ཧ་ཅང་གི་གྲིམ་དྲགས་པ་དང་རྒྱ་ཡན་ལ་ཤོར་བ་གཉིས་ཀ་སྤངས་ཏེ་དེ་དམིགས་རྟེན་ཙམ་བྱས་ལ་མ་ཡེངས་ཙམ་དུ་བཞག། རྣམ་རྟོག་གཞན་གྱི་རྒྱུ་བ་ཐམས་ཅད་རྦད་བཅད།ཡང་ན་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་ཡི་ཨོྃ་དཀར་པོ་ཨཱ་དམར་པོ་ཧུྃ་སྔོན་པོའམ། ཐིག་ལེ་དཀར་དམར་སྔོན་པོ་རྣམས་གང་འོས་མདུན་གདུ་བྲིས་པའམ་དམིགས་ཏེ་མདོར་ན་གཟུགས་ཀྱི་རིགས་ཇི་ལྟར་འོས་པ་ལ་སེམས་འཛིན་གང་བདེ་བ་དེ་ལ་རྩེ་གཅིག་ཏུ་གཏད་དེ་འཇོག  །འཇོག་ཚུལ་གཤིས་ཅིར་ཡང་མ་ཡིན་ཕར་བློས་གང་དུའང་མི་འཛིན་པར་སེམས་དེ་གནས་ན་ཞོག  །འགྲོ་ན་ཐོང་གཉེར་ཁ་མ་བྱེད་པར་ཡན་དུ་ཆུག །

སྒོམ་སྙམ་པ་དང་མི་སྙམ་པ་དང་སེམས་ཅན་གནས་སུ་རེ་བ་དང་མ་གནས་དོགས་པ་སོགས་རྣམ་རྟོག་གི་མཚན་མ་ཐམས་ཅད་རྦད་བཅད་པ་སྒོམ་རྒྱུ་ཅི་ཡང་མེད་པར་ཡེངས་སུ་སྐད་ཅིག་ཀྱང་མི་འཇུག་པར་དྲན་པའི་རྩིས་ཟིན་པར་སྒོམ་དང་བཟང་གྱེས་ཐུན་ཐུང་ལ་གྲངས་མང་བ་གསལ་དངས་ཕྲོད་པ་དང་བཅས་པས་ཡང་མཉམ་པར་བཞག་ཅིང་ཡང་ཡང་འཕྲོ་བཅད་མ་སུན་པར་བྱ་ལ་བསླབ་པ་གལ་ཆེ།

དམིགས་རྟེན་དེ་དག་གང་རུང་གཅིག་ལ་སེམས་གཟུང་བདེ་ནའང་བྱ། ཐམས་ཅད་ལ་རིན་གྱིས་འཛིན་འདོད་ཀྱང་རུང་། གཅིག་ལ་ཟིན་དེ་ཀས་ཆོག་པས་ཐམས་ཅད་ལ་འཛིན་པ་ཀ་དཔེ་མ་རང་མི་དགོས་ལ།

མདོར་ན་གཟུགས་གང་རུང་གཅིག་ལ་སེམས་གཟུང་བ་དང་གཉིས། 

དབང་ཡུལ་གཞན།

དེ་ཟིན་པ་དང་རྣ་བའི་ཡུལ་གྱི་སྒྲ་སྣའི་ཡུལ་གྱི་དྲི་ལྕེའི་ཡུལ་གྱི་རོ་ལུས་ཀྱི་ཡུལ་གྱི་རེག་བྱ་སོགས་ལའང་རིམ་གྱིས་གཟུང་། དེ་ལ་སྒྲ་དྲི་སོགས་ལ་སྒྲ་ལྷང་ངེ་བ་དྲི་ཆིལ་ལེ་བ། དེ་ཙམ་ལ་སེམས་གཏད་དེ་མ་ཡེངས་པར་དྲན་པའི་ལྕགས་དཀྱུས་བཟུང་ནས་རང་བབས་སུ་གཞག་པ་མ་གཏོགས་བཟང་ངན་ཆེ་ཆུང་སོགས་ཀྱི་དཔྱད་པ་གང་ཡང་མི་བྱེད།

གང་རུང་ལ་སེམས་ཟིན་ཏེ་གསལ་བདོ་བར་མཚམས་བཅད་དེ་ངལ་གསོ་ཉོག་མི་འཇུག །ཐུན་བར་ཐམས་ཅད་དུ་དྲན་ཐག་མ་ཆད་ཙམ་དང་དམིག་ལྟ་སྟངས་སྣ་སྩེར་དབབ་ལུས་འགྲོ་འདུག་ངག་སྨྲ་བརྗོད་རྣམས་དྲག་ཤུལ་ཅན་དང་མང་པོ་མི་བྱ།

ཡིད་ཀྱིས་མཚན་བཅས་ཀྱི་བསམ་བློ་རྣམས་ཀྱང་རྒྱུན་བཅད་དེ་རིམ་གྱིས་མཉམ་གཞག་ལ་གོམས་འཇུག་པ་དང་གསུམ།

ཡིད་ཀྱི་བྱིང་རྒོད་སེལ་བ།

གཞན་ཡང་བྱིང་རྒོད་ཀྱི་སྐྱོན་སོགས་སེལ་བས་སྨིན་མཚམས་སུ་ཐེག་ལེ་སྲན་མ་ཙམ་པ་དཀར་འཚེར་སྣུམ་འདྲིལ་ཤིན་ཏུ་དངས་པ་ཞིག་བསྒོམས་ནས་དེ་ལ་སེམས་གཏད་སྐབས་སུ་གདན་མཚམས་སུ་ཐིག་ལེ་ནག་པོ་སྣུམ་སྲན་མ་ཙམ་ཞིག་ལ་གཏད་ལ།

བྱིང་ན་དཀར་པོ་ལ་རིག་གཏད་དེ་ལྟ་སྟངས་ནམ་མཁར་ལྟ། ལུས་ལ་སེར་བུ་དང་ཆུ་ལྕག་བརྡེག ། གོས་སྲབ་བཅིང་ཟས་བཅུད་ཆུང་བ་བརྟེན། མེ་དང་ཉི་མ་ར་མི་སྡོད།

ཤེས་པ་རྒོད་དེ་སེམས་མང་པོར་འཕྲོ་ན་ལྟ་སྟངས་དང་དམིགས་པ་ཐེག་ལེ་ནག་པོ་ན་གཏད། སྤྱོད་ལམ་དྲོད་ཅན་དང་བསྐུ་མཉེ་བྱ་ཟས་བཅུད་ཆེན་པོ་བརྟེན་ནོ། །

བྱིང་རྒོད་མེད་ན་ཐད་ཀའི་ཉི་གྲིབ་མཚམས་སུ་ཐིག་ལེའམ་རྫས་སྔོན་པོ་ཆུང་ངུ་ཞིག་ལ་མིག་དང་ཤེས་པ་གཏད་དེ་དེ་རྣམས་ལ་དང་པོར་ཐིག་ལེ་སོགས་འདི་ལྟ་བུ་བསྒོམ་པར་བྱ་་སྙམ་དུའང་འཕེན་པ་ཙམ་བཏང་ནས། དེ་རྗེས་གསལ་ན་རབ་མ་གསལ་ན་འདི་ལྟ་བུ་ཡོད་སྙམ་པ་ཙམ་ཡིད་ལ་བྱས་ཏེ་དེ་ནས་བརྟག་གཞིག་མི་བྱེད་པར་དེ་ཉིད་ཀྱི་སྟེང་དུ་རབབ་མ་ཡེངས་ཙམ་རང་ལུགས་སུ་བཞག་གསལ་བ་བདོ་བར་མཚམས་བཅད།

 ཡང་བསྒོམས་ཏེ་ཐུན་ཐུང་གྲངས་མང་བར་བྱས་ཏེ་སེམས་འཛིན་པ་དང་བཞི།  །

རྟེན་མེད་པ་ལ་སེམས་གཏད་པ།

རྟེན་མེད་ལ་གཏད་པ་རང་གི་ཐད་ཀྱི་ནམ་མཁར་མིག་ཧར་རེ་བལྟས་ནས་དམིགས་གཏད་གང་ཡང་མེད་ཅིང་། ཡིད་ལའང་གང་ཡང་མི་བསམ་པར།

མ་ཡེངས་ཙམ་བྱ་ཡོད་མེད་འདས་མ་འོངས་གང་ཡང་ཡིད་ལ་མི་བྱ་བརྩོན་པ་ཆེན་པོས་མ་ཡེངས་པར་དྲན་པའི་རྒྱང་སོ་ཙམ་བཀོད་ནས་ལྷོད་དེ་འབོལ་ལེ་མ་བཅོས་སོ་མའི་ངང་དུ་བཞག་སྟེ། སྐད་ཅིག་ཀྱང་མ་ཡེངས་པ་ཁབ་མིག་ཏུ་སྐུད་པ་འཛུད་པ་ལྟ་བུ་གཡོ་འགུལ་མེད་པ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་རྩོལ་སྒྲུབ་དང་བྲལ་བ་ཁྱུང་ནམ་འཕང་གཅོད་པ་ལྟ་བུར་འཇོག་ཅིང་རེ་དོགས་ཐམས་ཅད་དང་བྲལ་བར་བྱ།

དེ་ལ་མ་ཡེངས་པར་རྣམ་རྟོག་མི་ཡོང་ནམ་ཡེངས་ཅན་རྣམ་རྟོག་གཅིག་ཡེར་གྱིས་ཡོང་བས། དེ་བྱུང་མ་ཐག་ངོས་བཟུང་སྟེ་དེ་ཀ་ལ་ཅེར་གྱིས་བལྟས་ནས་སྔར་བཞིན་འཇོག །

དེ་བཞིན་རྣམ་རྟོག་ཇི་ལྟར་འཕྲོས་ཀྱང་ངོས་བཟུང་སྟེ་དགག་སྒྲུབ་དགའ་མི་དགའ་གང་ཡང་མི་བྱ་བར་དེ་ཉིད་ཀྱི་སྟེང་དུ་བཞག་པ་ཤེས་རབ་ཀྱི་མིག་གིས་བལྟ། རྟོག་པ་དེ་ཉིད་སེམས་འཛིན་གྱི་རྟེན་དུ་བྱས་ཏེ་བཞག །

གྲིམ་དྲགས་པ་ལྷོད་དྲགས་པ་གང་དུའང་མ་ལྷུང་བར་སྐྱོང་བ་དང་ལྔ།

དབུགས་ལ་དམིགས་པ་གཏད་པ་དང་སེམས་ཞི་བར་བྱེད་པའི་སྐས་རིམ་གསུམ།

སེམས་འཛིན་ཐབས་རླུང་ལ་བརྟེན་པ་རླུང་བུམ་པ་ཅན་བཟུང་སྟེ་མ་ཡེངས་པར་བཞག །བུམ་ཅན་མི་ཆུན་ན་གྲངས་སོགས་ལ་འཛིན་དགོས་པས་རླུང་ནང་དུ་རྒྱུ་བ་ཕྱིར་རྒྱུ་བ་ནང་དུ་གནས་པ་རྣམས་གྲངས་གཟུང་། ཐོམ་མར་ཉེར་གཅིག་ཙམ་དེ་ནས་རིམ་གྱིས་བརྒྱ་སོགས་ཀྱི་བར་གྲངས།  སྣ་སྒོ་རང་དུ་སེམས་གཏད་དེ་རླུང་གྲངས་སུ་གཟུང་གཞན་གང་དུའང་མ་ཡེངས་པར་བྱ།

དགང་བ་དང་གཏོང་བ་ལ་འཛིན་ལ་རླུང་ཕྱིར་ལན་གསུམ་འབུད་དེ་ནས་ནང་དུ་བརྔུབས་ཐུབ་ཚད་གཟུང་ཞིང་ལྟེ་འོག་ཏུ་མནན་མི་ཐུབ་པ་དང་སངས་ཀྱིས་བཏང་། དེ་ལྟར་ཡང་ཡང་དེ་ཉིད་ལས་གཞན་དུ་མ་ཡེངས་པར་བྱ། བྱིང་རྒོད་བྱུང་ན་རིམ་གྱིས་སེལ་ཐབས་ལ་འབད།

དམིགས་པའི་རྣམ་གྲངས་དེ་རྣམས་ལ་གནས་པའི་སྣ་མ་ཟིན་ན་གཞན་གང་ཡང་དམིགས་པ་ཇི་ལྟར་འོས་པ་བྱ། གང་ཟག་རིགས་མ་ངེས་པ་ལ་ཁྲིད་ཕགས་པ་རེ་རེ་གཉིས་གསུམ་ལ་གནས་པ་སྐྱེ། འགའ་ཞིག་ལ་མང་པོ་བསྒོམས་ཀྱང་སྐྱེ་བར་དཀའ་ལས་ཡོད་དེ་ལ་སྒྱིད་མ་ལུག་པར་བསྐྱངས་ན་མི་སྐྱེ་བ་མི་སྲིད། བླ་མ་ཉམས་མྱོང་ཅན་གྱིས་སློབ་མའི་བློ་ཚོད་དང་མཐུན་པར་གེགས་སེལ་བོགས་འདོན་སོགས་བྱེད་དགོས་ཤིང་།

དེ་ལྟར་བསྐྱངས་པས་གནས་པ་དང་པོ་རི་གཟར་གྱི་འདབ་ཆུ་ལྟ་བུ་རྣམ་རྟོག་རགས་ཤིང་མང་བ་དང་།

གཉིས་པ་རྣམ་རྟོག་རགས་པ་ནུབ་སྐབས་སུ་རྟོག་པ་རེ་ཏོལ་གྱིས་སྐྱེ་ཡང་ངོས་ཟིན་ཡོང་ཞིང་དེ་མ་ཐག་རང་ཞིར་ཆུ་བོ་ཆེན་པོ་དང་འདྲ་བ་སྒོམ་རྒྱུན་ན་རར་འགྲོ་བ་དང་། མཐར་ཐུག་རྣམ་རྟོག་ཕྲ་རགས་ཐམས་ཅད་ནུབ་མི་རྟོག་པའི་ངང་དུ་ཆམ་འགྲོ།

བདེ་གསལ་མི་རྟོག་པའི་ངང་དུ་ཆམ་མེ་མེ་རེ་ས་ལེ་སིང་ངེ་ཡེ་རེ་གནས་པ་འབྱུང་བས་དེ་ལྟ་བུའི་གནས་པ་མ་སྐྱེས་བར་བརྩོན་འགྲུས་བསྐྱེད། སྐྱེས་ནས་ཀྱང་རྒྱུན་ཆད་མེད་པར་ཉམས་སུ་ལེན་པ་དང་དྲུག །

སེམས་གྲིམས་ལྷོད་སེལ་བ།

དེ་ལྟར་གྱི་གནས་པ་གསུམ་པོ་མ་སྐྱེས་ན་ད་དུང་བརྩོན་འགྲུས་བསྐྱེད་དེ་གྲིམས་ལྷོད་ལྡོག་སྒོམ་གསུམ་གྱི་སྒོ་ནས་བྱ་སྟེ།

དེ་ལ་གྲིམས་པ་ནི་ལུས་གནད་ལྟ་སྟངས་ཤེས་པ་གཅུན་ཏེ་ཁྲིམས་ཀྱིས་སྒྲིམས་པ་སྐད་ཅིག་ཀྱང་ཡེངས་སུ་མི་འཇུག་པ་ཟམ་པ་མདའ་གཅིག་མའི་སྟེང་དུ་འགྲོ་བ་ལྟ་བ་དམིགས་པ་འདི་བསྒོམ་པ་བ་མེད་པར་ཕྲི་ལི་ལི་བསྐལ་ལེགས་པར་འཇུར་ལ་བཏབ་སྐད་ཅིག་ཀྱང་ཡེངས་སུ་མི་འཇུག་པ་ཐུན་ཐུང་ལ་གྲངས་མང་བ་བྱ།

གློད་པ་འཁྲུལ་འཁོར་ལྟ་སྟངས་བཅས། འདི་སྒོམ་གྱི་དམིགས་གཏད་གང་ཡང་མེད་ཅིང་སེམས་ཁོ་རང་རངལགུས་སུ་གློད་བཟོ་མེད་བདག་མེད་གཉེར་མེད་གར་ཐོད་ཐོད་དུ་གཞག །འབོལ་ལེ་ལྷོད་དེ་རང་བབས་སུ་ཆམ་གྱིས་རྩོལ་སྒྲུབ་མེད་པར་བུ་ཆུང་ལྟོས་འགྲངས་པའམ་སོག་མ་ཕན་ཐག་ཆད་པ་བཞིན་ལྷོད་དེ་བཞག་ལ་དེའི་ངང་ནས་མ་ཡེངས་ཙམ་གྱི་དྲན་པ་ཡུད་དེ་བ་བྱ། དེ་མིན་ཅི་ཡང་མི་སྒོམ་པར་རང་ལུགས་བཞག །ཐུན་ཅུང་རིང་ཙམ་བྱ། ལྷན་ནེ་གནས་པ་དང་བཤིག་ནང་ངལ་གསོ། ཐུན་བར་ལའང་དྲན་པའི་རྩེས་ཟིན་ཙམ་བྱ།

ལྡོག་སྒོམ་བྱེད་ནམ་ཡེངས་པའི་དུས་རྣམ་རྟོག་མི་ཡོང་ནམ་ཡེངས་པའམ་རྐྱེན་གློ་བུར་བ་ལ་བརྟེན་རྣམ་རྟོག་མང་པོ་ལྡང་ཚེ་དེ་སྤོང་ངམ་ཞེ་ན་མི་སྤོང་བར་དེ་ཉིད་སྐུ་དྲིན་ཅན་བལྟས་ཏེ། ཁྱོད་རང་འགྱུ་རྒྱུ་ཅི་ཡོད་འགྱུས་ཤིག་ཅེས་འགྱུས་བཅུག །

ཡང་གཅིག་སྐྱེས་གཉིས་སྐྱེས་ངོས་ཟིན་པར་བྱས། སྤང་ཡང་མི་སྤང་རྗེས་སུ་ཡང་མི་འབྲང་། གནས་པ་ལ་དགའ་བ་དང་འགྱུ་བ་ལ་མི་དགའ་བ་དང་སྒོམ་མ་བྱུང་དོགས་ཤིང་བཟང་པོ་ཡོང་དུ་རེ་བ་སོགས་རེ་དོགས་གང་ཡང་མི་བྱེད་པར་རྟོག་པ་དེ་ཀ་སེམས་འཛིན་གྱི་རྟེན་དུ་བྱས། རྟོག་པ་བཀག་ནས་མི་རྟོག་པ་ཆེད་དུ་མི་སྒྲུབ་པར་རྟོག་པ་དེ་ཉིད་ཡུལ་དུ་བྱས་ཏེ་ཐོག་ཏུ་ཞོག་དང་རྟོག་པ་རང་ཞིར་སངས་ནས་མི་རྟོག་པ་ངང་གིས་འཆར་བས་དེ་ལྟར་ཉམས་ལེན་བྱ་བ་དང་བདུན།

ཞི་གནས་མཚན་ཉིད་པ་དང་བདེ་གསལ་མི་རྟོག་པའི་མྱོང་བ།

དེ་ནས་ཞི་གནས་སྐྱེ་ཚུལ་དང་ངོ་སྤྲོད་པ་ནི།

ཞི་གནས་མཚན་ཉིད་པ་སེམས་རྣམ་རྟོག་དང་མཚན་འཛིན་གྱི་གཡེང་བ་ཐམས་ཅད་ཞི་ཞིང་། བྱིང་རྒོད་རྨུགས་གསུམ་དང་བྲལ་བར་མི་རྟོག་པའི་ངོ་བོར་རྩེ་གཅིག་ཏུ་གནས་པ་སྔར་གྱི་རྩོལ་བ་དང་བཅས་པ་དེ་ད་རྩོལ་བ་ལ་མ་ལྟོས་པར་སླ་ལ་བདེ་བ་གུ་ཡངས་པ་སྐྱོང་བ་དེབ། སྒོམ་ལས་ལངས་དུས་ཀྱང་སེམས་གང་དུའང་མི་འགྱུར་བར་དེ་ཀར་སྐོར་རེ་སྡོད།

འགྲོ་འདུག་སོགས་ཀྱི་ཚེའང་ཤེས་པ་ལ་ལྷུན་ཆགས་པ་ལྷོད་དེ་ཤིག་གི་མི་རེ་སྣང་བ་གྲི་བུན་བཀྲག་མད་དུ་ལང་ངེ་ཡུལ་ལ་ཆེད་དུ་ཤེས་པ་མ་བཅུག་ན་ཡུལ་གྱི་སྤུ་རིས་མི་ཟིན་རྣམ་གཡེང་ལ་བློ་མི་འཇུག

བདེ་གསལ་མི་རྟོག་པའི་ཉམས་ཆ་མཉམ་པའི་གསུམ་ག་ཡོད་པ་ལ་གང་རུང་ཞིག་ཤས་ཆེ་བ་མཐོང་ཉམས་ཐོས་ཉམས་མངོན་ཤེས་རྫུ་འཕྲུལ་ཡང་དུ་མ་འབྱུང་ཞིང་རྟགས་བཅུ་སོགས་ཇི་ལྟར་རིག་འཆར་བའི་གཞི་གནས་སྐྱོན་མེད་དེ་བཞིན་ཡང་རྒྱུད་ལ་སྐྱེ།

འདི་ལྷག་མཐོང་སོགས་ཡོན་ཏན་ཐམས་ཅད་སྐྱེ་བའི་གཞི་ཡིན་ཞིང་འདི་སྐབས་སུ་ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་རྨི་ལམ་བཟང་ངན་མངོན་ཤེས་རྫུ་འཕྲུལ་བདེ་གསལ་མི་རྟོག་པ་སོགས་ཉམས་བཟང་ངན་ཅི་བྱུང་ཡང་ཆགས་ཞེན་མི་བྱེད་པར་སྙིང་པོ་མེད་པར་ཐུག་བཅད་དགའ་སྡུག་གི་བསམ་མནོ་གང་ཡང་མི་བྱ། གལ་ཏེ་ཉམས་ལ་ཞེན་ཚེ་ཁམས་གསུམ་པའམ་འཁོར་བར་འཁོར་བའི་རྩ་བྱེད། སྲིད་པ་ལས་མི་གྲོལ། འདི་ཙམ་ཕྱི་རོལ་པ་རྣམས་ལའང་ཡོད་ཀྱང་དེས་ཕན་པ་མེད་པས།

མདོར་ན་ཉམས་རྟོགས་གང་ལའང་ཞེན་ན་ཕུང་། དེ་ལ་མི་ཆགས་ཤིང་ཞེན་འཁྲིས་མེད་པའི་ངང་ནས་ཡུན་བསྲིངས་ཏེ་བརྩོན་འགྲུས་ཀྱིས་སྐྱ་བར་ནས་བཏོན།

སྡུག་བསྔལ་བསྐྱེད་དེ་བསྒོམ་ན་ཡོན་ཏན་བསམ་ལས་འདས་པས། དེ་ལྟར་སློབ་པར་བྱ་ཞིང་ཉམས་གོ་བ་རྟོགས་པ་སྐྱེ་ཚུལ་དངོས་རྣམས་དཔོན་སློབ་གཉིས་ཀས་མ་ནོར་བར་བྱས་ཏེ་ངོ་འཕྲོད་ངེས་བྱ་ཞིང་། གཙོ་བོར་འདོད་ཡོན་ཚེ་འདིའི་ཆེད་དུ་མ་ཞེན་པར་བླ་མར་མོས་གུས་བཅོས་མ་མ་ཡིན་པ།

འགྲོ་དྲུག་ལ་བྱང་སེམས་འབྱོངས་པ། ཡེངས་མེད་དུ་དྲན་པའི་རྩིས་ཟིན་པ་ལོང་མེད་ཀྱི་བློ་སྣ་ཐུང་སྦུད་པ་ཞེ་བཅད་ན་མི་ཆོས་དང་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བར་བྱ་བ་གལ་ཤིན་ཏུ་ཆེ་ཞིང་།

དེ་ལྟར་སྐྱོན་དང་བྲལ་བར་ཉམས་སུ་བླངས་ན་ཉམས་རྟོགས་རྣམས་འབད་མེད་དུ་སྐྱེ་བས་དེ་ལྟར་ནན་ཏན་བྱེད་པ་དང་བརྒྱད་དོ། །

Top