ཕྱག་ཆེན་གྱི་ལྷག་མཐོང་གི་སྒོམ།

སྐད་ཡིག་གཞན།

སེམས་གནས་པའི་ངོ་བོ་ལ་ལྟ་བ།

གཉིས་པ་ལྷག་མཐོང་ནི། ལུས་གནད་སྔར་ལྟར་བཅས་ལྟ་སྟངས་སྐབས་འདིར་གལ་ཤིན་ཏུ་ཆེ་བས་མིག་ཚམ་ཚུམ་ཡ་ཡོ་གྱ་གྱུ་མེད་པར་མདུན་གྱི་བར་སྣང་སྟོང་པའི་དཀྱིལ་འདིར་ཐད་ཀར་འབུར་ཚུགས་སུ་གཏད་དེ་ཧ་རེ་བལྟ། སེམས་གནས་པ་སྐྱོན་མེད་དེའི་ངང་ནས་རང་ལུགས་སུ་བཟོ་མེད་བདག་མེད་གཉེར་ཁ་མེད་པར་རང་བབས་སུ་ཆ་མ་བཞག་དེ་ལ་ཅུང་ཟད་ངར་སྐྱེད་ལ་སལ་ལེ་ཧྲིག་གི་མ་ཡེངས་པའི་དྲན་པ་ཡུད་དེབ་བྱས་ལས།

ཞི་གནས་བཟང་པོ་དོའི་དུས་ཀྱི་སེམས་ཀྱི་ངོ་བོ་ལ་ཆེར་ལྟོས་ལ་དེའི་ངོ་བོ་ཁ་དོག་གཟུགས་དབྱིབས་སྐྱེ་འགག་གནས་གསུམ་ཡོད་མེད་ཕྱི་ནང་གར་གནས་གནས་པ་དེ་ཀ་མ་གཏོགས་གཞན་ལོགས་སུ་ཤེས་རྒྱུ་ཨེ་འདུག་ཅི་ཡང་ངོས་གཟུང་མེད་པའི་སྟོང་པ་ཅང་མེད་གཅིག་འདུག་གམ་གནས་པའི་ངང་ནས་ངོས་གཟུང་མེད་པའི་ཤེས་པ་སལ་ཡེར་རེ་ལྷང་ངེ་བ་ངག་ཏུ་སྨྲ་བ་མི་ཤེས་པ་ཞིག་འདུག །གནས་པའི་ངོ་བོ་དེའང་ཤེས་པ་ནག་ཐོམ་མེ་བ་ཞིག་འདུག་གམ་གསལ་ལེ་ཧྲིག་གེ་རྗེན་ནི་ཞིག་འདུག །

འདིར་གནས་ལུགས་ཀྱི་མཚང་གནད་འགག་ཐམས་ཅད་ཡོད་པས་གོ་ཡུལ་དང་རྣ་ཐོས་ཆོས་སྐད་མཐོ་བ་ཉམས་རྟོགས་བཟང་བཟང་པོའི་འཇིག་རྟེན་ཆོས་བརྒྱད་ཀྱིས་བཅིངས་པའི་རྒྱུད་ལ་མ་སྐྱེས་པར་སྐྱེས་ཁ་བའི་རང་མགོ་རང་གཡོགས་བྱས་ན་རང་བསླུས་ཤིང་རབ་བྱུང་ཡིན་ན་མི་ཆོས་བླ་མའི་བརྫུན་གྱིས་སྡོམ་པ་ཡང་ཉམས་པས་རང་གིས་ཉམས་ལེན་རྡོ་རུས་གཏུགས་ནས་རྣམ་རྟོག་གིས་ཕར་ལྷེན་པ་བཏབ་པ་མ་ཡིན་པར་རང་གི་ནང་ནས་ཚུར་ལ་སྒོམ་སྟོབས་ཀྱིས་སྐྱེས་པའི་མྱོང་རྟོགས་གཤའ་མ་ཞིག་དགོས་པའི་རིག་པ་འཇུར་བཏབ་ནས་ལྟ། ཡང་ངལ་གསོ། ཡང་ལྟ་བ་སྟེ་གནས་པའི་སེམས་ཀྱི་ངོ་བོ་ལ་ལྟ་དགོས་ཤིང་འདི་སྐབས་རྣམས་སུའང་འཇོག་ཚུལ་གསལ་དངས་མདངས་དང་ལྡན་པ་ཉི་མ་སྤྲིན་བྲལ་ལྟ་བུར་གཞག །

སྐབས་སུ་ཤེས་པ་ཧུར་ཕྱུང་ན་ངོ་བོ་ལ་ལྟ་བ་ལ་འབད་པ་ངོ་སྤརོད་བཏབ་ཚུལ་དང་པོ་ཡིན་པས། བླ་མས་ཀྱང་སློབ་མའི་རྒྱུད་ཚོད་དང་མཐུན་པར་གཅུན་ཞིང་དྲི། འགའ་ཞིག་ལ་བསླབ་རུང་བྲིད་ཅིང་ཡང་དྲི་སྟེ་བོ། ཉམས། རྟོགས་པ། མྱོང་། ཆོས་སྐད་རྣམས་ལ་མ་འདྲེས་པར་ངོ་སྤྲད། སློབ་མས་ཀྱང་དེ་ལྟར་འབད་དེ་སེམས་ཀྱི་ངོ་བོ་ལ་ལྟ་བ་དང་གཅིག །

སེམས་འགྱུ་བའི་ངོ་བོ་ལ་ལྟ།

ཡང་གཞི་རྩ་བཅད་དེ་འགྱུ་ཐོག་གམ་རྣམ་རྟོག་གི་རྒྱུ་བཅད་ནས་ངོ་སྤྲོད་བྱ་བ།

ལུས་གནད་ལྟ་སྟངས་སྤྱོད་ལམ་སོགས་སྔར་བཞིན་བྱས་ནས་བདེ་གསལ་མི་རྟོག་པ་གསུམ་དང་ལྡན་པའི་ངང་དུ་སིང་ངེ་ལྷོད་དེ་དེ་ལས་རྣམ་རྟོག་གློ་བུར་བ་ཞིག་ཐོལ་སྐྱེས་པའམ་ཡང་ན་ཇི་ལྟར་འོས་པ་ཞིག་ལ་རྣམ་རྟོག་སྤྲོས་ཏེ།

འཕྲོས་པའི་ཤེས་པ་དེའི་ངོ་བོ་ལ་ལྟ། འཕྲོ་དུས་ལ་ལྟ། འཕྲོས་པའི་གནས་ལ་བལྟས་ཏེ། ཁ་དོག་དབྱིབས་སྐྱེ་ས་གནས་ས་འགག་ས་ཇི་ལྟར་ཡིན། ཕྱིར་གནས་སམ་ལུས་ལ་གནས། ནང་ནའང་སྙིང་དབུས་སོགས་ལུས་ཀྱི་ཕྱི་ནང་གང་དུ་རྣམ་པ་ཇི་ལྟ་བུའི་ཚུལ་གྱིས་གནས་པ་དང་འཕྲོ་ཞེས་བརྟག །སེམས་དེ་དངོས་པོར་འདུག་གམ་དངོས་མེད་དུ་འཇུག །སྐྱེ་འགག་ཁ་དོག་དབྱིབས་སོགས་ཨེ་འདུག །འདུག་ན་ཅི་འདྲ་ཞིག་འདུག །མི་འདུག་སྙམ་པའི་སྐད་དེ་བ་ཞིག་འདུག་གམ་འདི་ཡིན་སྙམ་རྒྱུ་ཡང་མེད་ལ་སྐྱེ་འགག་མེད་པ་སོགས་ཤེས་རྒྱུ་ཡང་ཡོད་པ་ཞིག་འདུག །

རྟོག་པ་ལ་ལྟ་དུས་དེ་རྟོག་པ་ཐམས་ཅད་སྟོང་པ་སྤྲོས་བྲལ་སྐྱེ་འགག་མེད་པ་ཞིག་གམ་རྟོག་པ་དེ་ལ་བལྟས་པས་རྗེས་མེད་དུ་ཤིགས་ཤིགས་འགྲོ་ཡིན་གད་འམ་རྟོག་པ་སྐྱེས་ཚད་ངོས་གཟུང་མེད་པར་ཤར་ཨེ་འདུག་ལྟ། ངོས་གཟུང་མེད་པར་ཤར་འདུག་ན་དེ་དུས་ངོས་གཟུང་ཆ་མི་འདུག་སྙམ་པ་འདུག་གམ་མི་འདུག །

རྣམ་རྟོག་འགྱུས་སམ་འགྱུར་བཅུག་ནས་དེའི་ངོ་བོ་ལ་འགག་མེད་འཛིན་མེད་དུ་ལྟ། དེ་ལ་བདེའམ་མ་བདེ་ན། བདེ་མི་བདེ་སོ་སོའི་ངོ་བོ་ལ་ལྟ། རྣམ་རྟོག་ཅི་མང་གྱིས་ལ་ལྟོས། ཉོན་མོངས་དུག་ལྔ་སོགས་དྲག་པོ་སྐྱེས་སམ་བསྐྱེད་ནས་དེ་ལའང་ལྟ། རྟོག་པ་རང་དང་རྟོག་པའི་ཡུལ་དང་དེ་སྔ་ཕན་གྱི་རྟོག་པའམ་སེམས་ལ་ཁྱད་པར་ཅི་འདུག་སོགས་ཀྱང་ནང་ནས་སྒྲོ་འདོགས་ཆོད་ངེས་ཐག་ཆོད་པར་ལྟ།

རྟོག་པའི་ངོ་བོ་གསལ་རིག་རྗེན་པར་མཐོང་ན་སྔར་གནས་པའི་སྟེང་གི་མཐོང་བའི་གསལ་རིག་རྗེན་པ་དང་ད་རེས་ད་རྟོག་པའི་སྟེང་དུ་མཐོང་བའི་གསལ་རིག་རྗེན་པ་དེ་གཉིས་ལ་ཁྱད་ཨེ་འདུག་ལྟ། མ་ཆོད་ན་རྟོག་པ་དེ་ཉིད་ཚུར་བཀུག་ནས་གསལ་རིག་ལ་བཞག་སྟེ་ལྟ་བ་མ་ཡིན་པར་རྟོག་པ་ཐོལ་སྐྱེས་བར་ཐོག་མའི་ཐ་མའི་ཤེས་པ་གང་གིས་ཀྱང་མ་བསླད་པ་དེ་རང་གི་ངོ་བོ་ལ་ལྟ་བ་ཡིན་པས་ལེགས་པར་ལྟ་བ་སོགས།

མདོར་ན་འཆར་ཚུལ་དང་གོ་བསྟུན་ནས། དབོན་སློབ་གཉིས་ཀས་ཤན་ཕྱེད་པར་བྱས་ཏེ། ཕུ་ཐག་དང་གཞི་རྩ་བཅད་དེ་ལྟ་བ་ངོ་སྤྲོད་དང་བལྟ་ལུགས་དེ་ལ་ནན་ཏན་བྱ་བ་དང་གཉིས།

ཕྱིའི་སྣང་བ་དང་ལུས་ཀྱི་ཐོག་ནས་སེམས་ཀྱི་ངོ་བོ་ལ་ལྟ་བ།

ཡང་སྣང་སེམས་དབྱེར་མེད་དེ་ངོ་སྤྲོད་ཕྱིར་སྣང་ཐོག་ནས་ལྟ་བ་ཡང་ལྟ་སྟངས་ལུས་གནས་སྔར་བཞིན་ཡུལ་ངེས་པ་ཅན་ཀ་བུམ་མམ་སྐུ་བརྙན་ནམ་རི་ར་བ་ལྟ་བུའམ་བར་སྣང་གི་གཟུགས་ཇི་ལྟར་འོས་པ་ཞིག་ལ་མིག་དང་དམིགས་པ་རྩེ་གཅིག་ཏུ་གཏད་ནས་དེ་ལ་ཅེར་ལྟ། དེ་ཐོག་ཤེས་པ་གློད་ལ་ཅུང་ཟད་བཞག །ཡང་ལྟ།

དེ་བཞིན་རྣ་བའི་ཡུལ་གྱི་སྒྲ་སྙན་མི་སྙན་ཆེ་ཆུང་ཐ་དད་ཡོད་མེད་རང་དང་གཞན་གྱིས་སྨྲས་པ་སོགས་ལ་སྒྲའི་ངོ་བོ་ལ་ལྟ། དེ་བཞིན་སྣའི་ཡུལ་དུ་སྣང་བའི་དྲི་བཟང་པོ་ངན་པ་ལྕེ་ལ་འོ་མ་ཞིམ་མི་ཞིམ་ལུས་ལ་རེག་བྱ་བདེ་སྡུག་ཚ་གྲང་ན་ཚ་ཟུག་གཟེར་སོགས་གང་ཤར་བ་དེ་ལ་ལྟ།

དེའི་དུས་ན་སྣང་བ་དེ་འགག་འགྲོ་ཡིན། འདུག་གམ་རང་དང་སྣང་བ་གུད་ན་སྣང་ངམ་སེམས་ལ་སྣང་བ་ཚུར་འཆར་གད་འམ་སེམས་ཀྱིས་སྣང་བས་འདི་སྣང་བའོ་ཞེས་ཕར་བཟུང་མཆིས་སམ། སྣང་བ་དང་སེམས་དབྱེར་མེད་པས་ཡུལ་མེད་སྣང་སྟོང་དུ་ལྷང་ངེ་ཡོད་པ་ལགས། ཞེས་ལྟ་བ་ལྟ་མཁན་གྱི་རྟོག་པ་དང་ཡུལ་ལྔ་པོ་གང་རུང་རེ་ལ་ལྟ་བ་སྤེལ་ལ།

དེ་གཉིས་ཁྱད་ཨེ་འདུག་བལྟས་ཏེ་ཡུལ་སྣང་བ་དང་ཡུལ་ཅན་རྟོག་པའི་ཁྱད་པར་ཅི་འདུག་ལྟ། ཡུལ་ལ་བལྟས་ཚེ་ཡུལ་དེ་ཕ་གིར་ལམ་མེ་འདུག་ན་དེ་སྐད་སྙམ་པའི་ཀད་དེབ་ཞིག་འདུག་གམ་དེ་སྐད་སྙམ་པའང་མེད་པར་ཡུལ་དེའང་མ་འགགས་ཐལ་ལེ་བ་དེ་ལ་ལྟ་བྱེད་ཀྱི་སེམས་དེའང་འཛིན་མེད་གསལ་མེད་དུ་ཤིག་གི་དེ་གཉིས་ཐ་དད་ཀྱང་མེ་པ་འདྲ་བ་ལ། དེ་སྐད་ཐ་དད་མེད་པའོ་སྙམ་རྒྱུ་གང་ཡང་མེད་པ་ཞིག་འདུག །ཡུལ་ཕ་གིར་ལམ་མེ་འདུག་སྙམ་པའི་སྐད་དེ་བ་ཞིག་འདུག་ན་དེ་སྐད་སྙམ་པའི་སྐད་དེབ་དེ་ཀར་ཅི་འདྲ་ཞིག་འདུག་ལྟ།

དེ་བཞིན་ལུས་སེམས་གཉིས་ཀྱང་གཅིག་དང་ཐ་དད་གང་ཡིན་ལྟ། གཅིག་ན་ལུས་སྐྱེ་འཇིག་ཅན་དང་སེམས་ཉིད་སྐྱེ་འཇིག་བྲལ་བ་རྟག་པ་གཉིས་གཅིག་གམ་ཐ་དད་ན་ལུས་སེམས་གཉིས་སོ་སོར་གཟུང་དགོས་པ་ལ།

སེམས་ནི་འདི་ན་གནས་མེད་པར་ལུས་མགོ་མཇུག་མེད་པར་ཁྱབ་ནས་ཚོར་བ་མྱོ་བ་དེ་ཅི་ཡིན། ལུས་སེམས་རྟེན་བརྟེན་པ་ཡིན་ཞིང་ལུས་ཕྱི་སེམས་ནང་ན་མི་དང་གོས་བཞིན་དང་ཚོར་བ་མྱོང་བ་དེའང་ལུས་གཅིག་པུས་ཚོར་སྙམ་དུ་སེམས་ན་རོས་ཀྱང་ཚོར་དགོས་ལ། སེམས་ཀྱིས་ཚོར་ནས་དེ་གཉིས་ཐ་དད་ན།

སེམས་ལ་ནི་གསོད་གཅོད་གང་ཡང་བྱེད་མི་ཐུབ་ལ། ལུས་ལ་ཚེར་མ་ཟུག་པ་སེམས་ཀྱིས་ཚོར་ན་དཔེ་རྟེན་གོས་མེས་ཚིག་ན་བརྟེན་པ་མི་མེས་ཚིག་པ་དང་ཅིས་མི་མཚུངས།

དེས་ན་ལེགས་པར་བལྟས་ཏེ་ཐག་ཆོད་པར་བྱ་དགོས་པས། འདི་སྐབས་སུའང་བྱུང་ཚོར་ཐམས་ཅད་ཆུ་དང་རླབས་ལྟར་སེམས་སུ་ཤེས་ཏེ་བཞག་ལ་དེའི་ངང་ནས་གནས་ལུགས་ཕུ་ཐག་བཅད་ཕྱིར་དེ་ལྟར་ལྟ་བ་དང་གསུམ། །

སེམས་གནས་པ་དང་སེམས་འགྱུ་བ་གཉིས་མཉམ་དུ་ངོ་བོ་ལ་ལྟ།

ཡང་སེམས་གསལ་སྟོང་དུ་ཡེ་རེ་གནས་དུས་ཀྱི་ངོ་བོ་ལ་ལྟ། ཡང་རྣམ་རྟོག་ཞིག་འགྱུར་བཅུག་ནས་དེའི་ངོ་བོ་ལ་བལྟས་ཏེ་གནས་འགྱུ་གཉིས་ཀྱི་ངོ་བོ་གཅིག་གམ་ཐ་དད་ལྟ། དེ་ལྟར་བལྟས་པས་ཐ་དད་པར་མཐོང་ན་ཐ་དད་ལུགས་ཇི་ལྟར་འདུག

གནས་འགྱུ་གཉིས་པོ་དེ་སྐུད་པ་ཐང་ལ་བརྐྱང་བ་ལྟར་ཤེད་མཉམ་དུ་སྒྲིལ་ནས་རེས་མོས་ཀྱིས་འཆར་འདུག་གམ། གནས་པ་ས་གཞི་ལྟ་བུ་ལ་འགྱུ་བ་ཤིང་སྐྱེས་པ་ལྟར་སྐྱེ་བར་འདུག་གམ། སྦྲུལ་ལམ་ཐག་པ་འཁྱོག་པ་ལྟར་གཉིས་པོ་གཅིག་ཡོད་ན་གཅིག་མི་ཡོང་བ་གནས་ཅན་མི་འགྱུ་འགྱུ་ཙ་ན་མི་གནས་པ་ཞིག་འདུག །

དེའང་འགྱུ་བ་ནི་མི་འགྱུ་དགུ་འགྱུ་སྣ་ཚོགས་འཕྲོ་བ་ཡིན། གནས་པ་མི་འགྱུ་བར་གནས་པ་ཡིན་པས་དེ་ཁྱད་པར་ཤིན་ཏུ་ཆེ་ཞིང་། ངོ་བོ་ཐ་དད་སྙམ་ན་དེ་གཉིས་ལ་ཁོ་དོག་དབྱིབས་སོགས་ལ་ཁྱད་པར་འདུག་གམ་སྐྱེ་གནས་འགག་གསུམ་འདས་མ་འོངས་ད་ལྟར་སོགས་དང་། རྟག་མི་རྟག་ལྟ་བུ་གང་འདྲ་ཞིག་གི་ཁྱད་པར་འདུག་ཀྱང་ལྟ།

ཡང་རྣམ་རྟོག་སྒོམ་དུ་ཤེས་ན་གསན་འགྱུ་གཉིས་ངོ་བོ་གཅིག་ལས་མི་འདུག །འཆར་ལུགས་རེ་མོས་སུ་འཆར་ཞིང་གནས་དུས་འགྱུ་མཁན་དང་འགྱུ་དུས་གནས་མཁན་གང་ཡང་མི་གདའ། ཆུ་དང་རླབས་བཞི་དུ་སེམས་གཅིག་པུའི་འགྲོས་སམ་བྱེད། འབའ་ཞིག་ཏུ་འདུག་པ་གནས་འགྱུ་གཉིས་ཀ་གསལ་སྟོང་རྗེན་པ་དེ་ལས་མ་འདས་པར་འདུག་པར་རྟོགས་ན་ཅུང་ཟད་རྟོགས་པ་ཡིན།

འོན་ཀྱང་རྟོག་པ་ཚུར་བཀུག་ནས་སྒོམ་ལ་བཞག་པས་གསལ་སྟོང་དུ་འདུག་གམ་རྟོག་པ་ཡལ་བའི་རྗེས་སུ་གསལ་སྟོང་དུ་འདུག་གམ་རྟོག་ཐོལ་ལེ་བ་དེ་ཀ་གསལ་སྟོང་དུ་འདུག །དང་པོ་གཉིས་ལྟར་སྙམ་ན།  ད་དུང་ཀྱང་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་ལ་སླར་ལྟ་བ་ལ་འབད་པས་ཅི་ཞིག་ན་མཆོང་བར་ངེས་སོ། །

ངོ་ལྟ་འདི་རྣམས་བྱས་པས་ཐོད་རྒལ་བའི་རིགས་ཐོག་མར་ལྷག་མཐོང་དེ་ནས་ཞི་གནས་སྐབས་སུ་གཉིས་ཀ་མེད་སྐབས་སུ་གཉིས་ཀ་འཆར། གཅིག་ཆར་བ་ནི་སྔོན་སྦྱངས་ཀྱི་མཐུ་ལས་ཞི་ལྷག་དུས་མཉམ་དུ་བརྡ་བསྟན་ཙམ་གྱིས་སྐྱེ། རིམ་སྐྱེས་པ་ནི་རིམ་གྱིས་སྐྱེ་བས་འདིར་ཕྱི་མའི་དབང་དུ་བྱས་པ་ཡིན་པས། འཆར་ཚུལ་ལ་དཔགས་ནས་སྟོན་དགོས་ལ།

ལྟ་བའང་གསལ་ཆ་ཡོད་ལ་འཛིན་ཆ་མེད་པ་བུ་ཆུང་ལྷ་ཁང་ལྟ་བ་ལྟར་བཞག་ལ་དེའི་ངང་ནས་ལྟ་བ་ལ་བརྩོན་པ་ཆེན་པོས་འབད་དེ་ལེ་ལོ་སྤངས།  ཞེན་ལོག་དགོས་མེད་ངེས་འབྱུང་མོས་གུས་དད་པ་མེད་ཀྱི་དྲན་བརྟན་པ་མ་བཅོས་པའི་ངང་ནས་རེ་དོགས་གང་གིས་མ་བཅིངས་པར་ཉམས་ལེན་བྱས་རྒྱུ་བའི་ཟབ་ཟོབ་ལ་མ་སོང་བར་ཚེ་ཕྱི་མ་ཁོ་ན་དོན་དུ་གཉེར་ནས་སེམས་ལ་ལྟ་བ་འདི་དག་འབད་ན་ངེས་པར་མྱུར་དུ་ལྷག་མཐོང་གི་ཡེ་ཤེས་འདི་ཙམ་གྱིས་མི་སྐྱེ་ཀ་མེད་ཡིན་པས། དེ་ལྟར་གནས་འགྱུ་གཉིས་གཏན་ལ་ཕབ་པ་དང་བཞི། 

སེམས་གནས་པའི་ངོ་བོ་ངོ་སྤྲོད་པ།

དེ་ལྟར་ངོར་བལྟ་དང་སེམས་ཀྱི་མན་ངག་དེ་ལྟར་བསྐྱངས་པས་ཕལ་ཆེར་ངོ་སྤྲོད་མ་དགོས་པར་ནང་ནས་རང་རྡོལ་ཡོང་ཞིང་། འགའ་ཞིག་སྐྱེས་ཀྱང་ངོ་མ་ཤེས་པ་དང་། འགའ་ཞིག་གོ་བ་དང་རྣ་ཐོས་སྐམ་པོ་དང་མགྱོགས་པོར་ཉམས་རྟོགས་བཟང་པོ་སྐྱེས་རྒྱ་བར་འདོད་ནས་མ་སྐྱེས་ཀྱང་ཆོས་སྐད་མ་འཛོལ་བར་སྨྲ་ཉན་ཡོད་པས། དེ་ལ་བླ་མས་ཀྱང་ཤན་འབྱེད་པར་བྱེད་དགོས། སློབ་མས་ཀྱང་གནད་དུ་བསྣུན་ནས་ཉམས་ལེན་བྱེད་དགོས་པ་ལས།

དང་པོ་ངོ་བོ་ལ་ལྟ་དུས་ཀྱི་ངོ་སྤྲོད་ཚུལ་དང་པོ་ནི། སྔར་གནས་པའི་སེམས་ཀྱི་ངོ་བོ་ལ་བལྟ་ཚུལ་སོགས་སྔར་བཞིན་བྱས་པས་གནས་པའི་ངོ་བོ་དེའང་གསལ་ལེ་ཧྲིག་གེ་བརྗེན་ནེ་བ་སྟོང་རྐྱང་མིན་པའི་གནས་པའི་ངང་ནས་ངོས་གཟུང་མེད་པའི་ཤེས་པ་སལ་ལེ་ཧ་རེ་ལྷང་ངེ་ཡེ་རེ་ལྷོད་དེ་བ་དོག་དབྱིབས་སོགས་འདི་འདྲ་དང་། ངག་ཏུ་སྨྲ་རྒྱུ་འདི་དང་འདི་བཞིན་ཡིན་ཟེར་རྒྱུ་མེད་པར་ངོས་གཟུང་མེད་བཞིན་གསལ་ལ་མ་འགགས་པའི་ཤེས་པ་སིང་ངེ་ཡེར་རེ་རྗེན་ནེ་ལྷང་ངེ་ཧྲིག་གེ་བ་མ་མཐོང་བའི་མཐོང་རྒྱུ་མ་མྱོང་བའི་མྱོང་མི་ཤེས་པའི་ཤེས་རྒྱུ་འདི་འདྲ་རང་སྙམ་རྒྱུ་མེད་པར་རང་ལ་ཤར་རྒྱུ་ཞིག་ཡོད་པར་ཁར་འདོན་རྒྱུ་འདི་བཞིན་ཞེས་པའང་མེད་ལ།

གཏིང་ནས་ཐག་ཆོད་པ་ཞིག་གིས་གསལ་ལ་སྟོང་པ་ངོས་གཟུང་མེད་པ་བསལ་ལྷན་ནེ་གནས་པ་ཞིག་འདུག་ན་གོ་ཡིན་ན་གྲུལ་མི་ཐུབ་པས་ཅུང་མི་ཡོང་། ནང་ནས་ཤར་བ་ཡིན་ན་འོ་དེ་ནི་གནས་པ་ལ་ལྷག་མཐོང་ཤར་བ་ཡིན་པས།

ངོ་བོ་རྗེན་གྱིས་རྡོ་རུས་གཏུས་པས་མཐོང་བ་མ་གཏོགས་ངོ་སྤྲོད་སྔས་ན་གོ་ཡུལ་དུ་ལུས་ཏེ་དྲེད་པོར་འགྲོ་སྟེ། རྟིང་སོར་གཞན་གྱིས་ཁྲིད་འདེབས་པ་སོགས་ལའང་གནོད་པས་ངོ་སྤྲོད་མི་འདེབས། རྣམ་རྟོག་རྒྱུན་མ་ཆད་པར་ངོ་བོ་མི་མཐོང་། ངོ་བོ་མ་མཐོང་བར་ངོ་སྤྲོད་མི་བཏུབ། ངོ་མ་འཕྲོད་ན་སྒོམ་ལམ་དུ་མི་འགྲོ །

ཉམས་བཟང་དུས་ཀྱང་བལྟ། ངན་དུས་ཀྱང་གསལ་འདེབས་ཡང་ཡང་བྱ། ཉམས་ལེན་སྐྱོང་ལུགས་བསླབ་པ་ལ་ཁྲིད་ཟེར་བ་ཡིན། སྒོམ་ཤེས་པ་ལ་ཁྲིད་ཚར་བ་ཟེར་བ་ཡིན་པས་དེའི་ངང་ནས་མ་ཡེངས་པར་བསྐྱངས་ནས་ཉམས་རྟོགས་སྐྱེ་བ་ལ་ཚེགས་མེད་པས་ངོ་བོ་མཐོང་ནས་ངེས་ཤེས་འདྲོངས་ཤིང་ཐེ་ཚོམ་ཆོད་པའི་ཕྱིར་ད་ནི་ངོ་སྤྲད་པར་བྱ་བ་ནི།

སྤྱིར་སྒོམ་ལ་ཞི་ལྷག་གཉིས་ཡིན་པ་ལས། སེམས་རང་ལུགས་ལྷོད་བཞག་པའི་དུས་རྣམ་རྟོག་ཐམས་ཅད་རང་སར་ཞི་ནས་རང་ལུགས་སུ་གསལ་ལྷན་ནེ་གནས་པ་འཇིག་རྟེན་ཚེ་འདིའི་རྣམ་གཡེང་ལ་བློ་མི་འཇུག་པ་བདེ་འབོལ་ལེ་ཉོན་མོངས་ཐམས་ཅད་ཕྲ་ཉལ་གྱིས་ཞི་ཞིང་། དགེ་བའི་ངོ་བོར་རྩེ་གཅིག་ཏུ་གནས་པ་ཇི་ཙམ་སྡོད་ཀྱང་རང་དབང་ཡོད་པ་རླུང་འགྲོ་འོང་ཡང་མི་ཚོར་བ་ཞིག་འདུག་གམ་དེ་ནི་ཞི་གནས་ཁྱད་པར་ཅན་ཡིན།

དེ་ཉམས་ལེན་གཙོ་ཆེ་རྟོགས་པའི་གོ་མི་ཆོད་དེ་མེད་ཀྱང་མི་རུང་། དེ་ལ་མ་ཞེན་པར་བསྐྱངས་པས་དེའི་ངང་ནས་བྱིང་རྒོད་ལུང་མ་བསྟན་བཏང་སྙོམས་སུ་མ་ལུས་པར་སེམས་ཀྱི་ངོ་བོ་ལ་འདི་འདྲ་ཞེས་ཁ་དོག་དབྱིབས་སྨྲ་བསམ་བརྗོད་པ་ཐམས་ཅད་དང་བྲལ་ཞིང་། རང་གི་བློ་ཡུལ་དུ་འདི་ལྟ་བུའོ་ཞེས་ཤེས་རྒྱུ་དང་མྱོང་རྒྱུ་ཡོད་ལ་ངག་ཏུ་སྨྲར་མི་བཏུབ་པ་གཞོན་ནུའི་བདེ་བ་ལྟ་བུ་གསལ་སྟོང་ཟུང་འཇུག་ངོས་གཟུང་དང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་རྣམ་རྟོག་གང་གིས་ཀྱང་མ་བསླད་པ། འཇིག་རྟེན་གྱི་རྣམ་རྟོག་གང་གིས་ཀྱང་མ་རྙོག ཞི་གནས་མི་རྟོག་ལྟེང་པོས་མ་བཏུབ་པའི་ཤེས་པ་རང་སོ་རང་བབས་སུ་རང་གར་འདུག་པ་དེ་ལ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཐ་མལ་གྱི་ཤེས་པའམ་སེམས་ཞེས་བྱ་ཞིང་།

དེ་མ་ཤེས་ན་མ་རིག་པ་ཡེ་ཤེས་སམ་མྱང་འདས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་སམ་གཉུག་མའམ་འོད་གསལ་ལམ་ལྷག་མཐོང་ཞེས་བྱ་བས་ད་འཁོར་འདས་ཀྱི་མགོ་རྟགས་ཕྱེད་པ་ཡིན།

བླ་མས་ངོ་སྤྲད་པ་ལས་སློབ་མས་དེ་ལྟར་འདྲིས་ཀྱི་མི་དང་འཕྲད་པ་བཞིན་ངོ་ཤེས་པ་ཡིན། དེ་ངོ་ཤེས་པ་ལ་སེམས་ངོ་ཤེས་པ་ཞེས་བྱ་སྟེ། སློབ་མ་ཤེས་རབ་ཆེ་བ་བླ་མ་གདམས་ངག་མཁས་པས་བྱས་པ་མ་ཡིན། གདོད་ནས་དེ་ལྟར་གནས་པ་ལ་སྔར་ཉོན་མོངས་པ་དང་རྣམ་རྟོག་གིས་བསྒྲིབས་ནས་ངོ་མ་ཤེས་པ་ད་རྣམ་རྟོག་རྒྱུན་ཆད་དེ་ངོ་སྤྲད་པས་ཤེས་པ་ཡིན་ཞིང་། སེམས་ངོས་གཟུང་མེད་པའི་གསལ་སིང་ངེ་བ་དེ་སེམས་ཀྱི་རང་བཞིན་མེད་བཞིན་སལ་ལེ་སྣང་བ་སེམས་ཀྱི་མཚན་ཉིད་སྟོང་གསལ་རིག་པའི་ངོ་བོ་སིང་ངེ་མེར་རེ་བ་རྒྱུན་ཆད་མེད་པ་དེའི་ངོ་བོ་ཡིན།

དེ་ལ་ངོ་ཤེས་རྗེན་པ་དེ་ལས་དུས་རྟག་ཏུ་མ་གཡོས་པར་སྐྱོད་ན་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ལས་གནས་པ་ལ་ལྷག་མཐོང་བ་དེ་ངོ་འཕྲད་པ་ཡིན་པས། དེ་ངོ་སྤྲོད་དངོས་གཞི་གཅིག་སྟེ་དེ་ལ་གནད་དུ་བསྣུན་ནས་ཉམས་སུ་ལེན་པ་དང་དུས་རྒྱུན་དུ་སྐྱོང་བ་གལ་ཆེ་བ་དེ་བཞིན་ངོ་ཤེས་ཏེ་སྐྱོང་བ་དང་ལྔ།

སེམས་འགྱུ་བའི་ངོ་བོ་ངོ་སྤྲོད་པ།

བལྟ་ཚུལ་གཉིས་པ་གཞི་རྩ་བཅད་དེ་རྟོག་མེད་ཀྱི་སྟེང་ནས་ངོ་སྤྲད་པ་དང་། འགྱུ་ཐོག་གམ་རྣམ་རྟོག་གི་སྟེང་ནས་ངོ་སྤྲོད་པ་རྣམ་རྟོག་འགྱུས་སམ་འགྱུར་བཅུག་པའི་འགྱུ་བའི་སྟེང་ནས་ངོ་སྤྲོད་པ་གཉིས་ལས།

དང་པོ་ནི། རྟོག་མེད་ལྷན་ནེ་གསལ་སིང་ངེ་གནས་པ་བྱིང་རྒོད་དང་བྲལ་བའི་ཤེས་པ་དེ་ལ་བལྟས་པས་དེའི་ཁ་དོག་དབྱིབས་སོགས་དང་སྐྱེ་འགག་མི་འདུག་སྙམ་པའི་ཀད་དེ་བའི་འདི་ཡན་སྙམ་རྒྱུ་ཡང་མེད། སྐྱེ་འགག་མེད་པར་ཤེས་རྒྱུ་ཞིག་ཀྱང་འདུག་ན་རྟོག་མེད་ལ་ལྷག་མཐོང་ཤར་བ་ཡིན།

གཉིས་པ་ནི་རྣམ་རྟོག་འགྱུས་པ་ཐམས་ཅད་སྟོང་པ་སྐྱེ་འགག་དང་བྲལ་བར་འདུག་ཟེར་ན་སྟོང་སྐད་ཡིན། སྐྱེ་འགག་གནས་གསུམ་དབྱིབས་ཁ་དོག་སོགས་ཀྱི་ངོས་གཟུང་དང་བྲལ་བར་རྗེས་མེད་དུ་ཤིགས་སེ་འདུག་ན་ཅུང་ཟད་ཤར་བ་ཡིན།

ངོས་ཟུང་མི་འདུག་སྙམ་པའི་ཀད་དེ་བ་ཡང་མེ་ལ་གལ་མེད་འཛིན་མེད་དུ་ངོས་གཟུང་མེད་པར་ཤར་གྲོལ་དུས་མཉམ་ན་ངོ་འཕྲོད་པ་ཡིན་ཞིང་གཞན་ཡང་རྟོག་པ་རྟོག་པའི་ཡུལ་གནས་དུས་དང་འགྱུ་དུས་ཀྱི་སེམས་སྔར་གྱི་སེམས་སྔར་གྱི་རྟོག་པ་སོགས་ལའང་བཟང་ངན་དང་ཁྱད་པར་ཅུང་ཟད་མེད་པར་གསལ་རིག་རྗེན་པར་རྟོགས་པ་དང་། རྟོག་པ་ཚུར་བཀུག་པའི་རྗེས་སམ་རྟོག་པ་ཡལ་བའི་རྗེས་སུ་གསལ་སྟོང་དུ་སོང་བ་མ་ཡིན་པར་ཐོལ་སྐྱེས་ཀྱི་རྟོག་པ་དེ་ཀ་གསལ་སྟོང་དུ་ཤར་བའམ་རྟོགས་ན་ངོ་འཕྲོད་པ་ཡིན་པས།

ད་རྟོག་པ་འགྱུས་པ་དང་། གནས་པ་དང་། རྟོག་པ་རང་གི་ངོ་བོ་གསུམ་ག་ཡང་གསལ་སྟོང་དུ་རྗེན་ནེ་འདུག་་པ་རྟོགས་པ་དང་མི་རྟོག་པ་གཉིས་ངོ་མ་ཤེ་པར་ཡིད་ཀྱིས་སྒྲོ་བཏགས་ནས་གཟུང་བ་ལས་ཁྱད་པར་ཅུང་ཟད་ཀྱང་མེད་དེ།

སྔོན་རྟོག་པ་ངོ་མ་ཤེས་པས་སྒོམ་དུ་མ་སོང་ཞིང་མ་རིག་པ་ཡིན་པས། ད་ངོ་ཤེས་ན་རྟོག་པ་ཁོ་རང་སྒོམ་པ་དང་རིག་པ་ཡེ་ཤེས་སུ་འདུག །ད་སྒོམ་གྱི་རྩ་བ་རྟོག་པ་ལ་གྱིས།

དེ་སྔ་རྟོག་པ་ཁོ་རང་གི་ཁོ་རང་བསྒྲིབས་ཏེ་མ་མཐོང་བ་ཡིན། མི་རྟོག་པའི་སྟེང་དུ་སྒོམ་ལས་ཁྱད་པར་དུ་འཕགས་པ་དེ་རྟོག་པའི་སྟེང་དུ་སྒོམ་ཤེས་པ་ཡིན་པས་གང་ཤར་བའི་རྟོག་པ་དེ་ངོས་ཟིན་པར་གྱིས་ལ་རྟོག་པ་མ་སྐྱེས་ན་མ་སྐྱེས་པའི་ངང་དུ་ཞོག་སྤྲ་ོ་མི་དགོས། སྐྱེས་ན་སྐྱེས་པའི་ངང་དེ་ཞོག་ལ་བསྡུ་མི་དགོས་པས་རེ་དོགས་ཀྱི་བསམ་པ་གང་ཡང་མ་བྱེད་པར་སྒོམ་གྱི་ངོ་བོ་རྟོག་པར་རང་ལ་གྱིས་དང་།

རྟོག་པ་དེ་སེམས་ལས་མ་འདས། སེམས་དེ་ནི་རང་གྲོལ་ངོ་བོ་གསལ་སྟོང་རྗེན་པ་ཆོས་ཀྱི་སྐུ་གྲོལ་བྱ་གྲོལ་བྱེད་དང་བྲལ་བ་ཡིན་པས་དེ་ལྟར་རྟོགས་པ་ནི་རྟོག་པས་ལ་ལྷག་མཐོང་ཤར་བ་ཡིན་པས་གསལ་སྟོང་ཟུང་འཇུག་ཆོས་ཀྱི་སྐུར་ངོ་འཕྲོད་པའོ།  །

མདོར་ན་གང་ཤར་ལ་ངོ་ཤེས་པར་གྱིས་ལ་དེ་ཉིད་ཀྱི་སྟེང་དུ་མ་བཅོས་ཤིང་མ་ཡེངས་པར་བཞག་ནས་སྐྱོང་བར་བྱ་དགོས། དེ་ལྟར་ངོ་སྤྲོད་དངོས་གཞི་གཉིས་པ་སྟེ་དེ་ངོ་འཕྲོད་པས་མི་ཆོག་རྒྱུན་སྐྱོང་བར་བྱ་དང་དྲུག །

 སྣང་བ་དང་ལུས་ཀྱི་ཐོག་ནས་སེམས་ཀྱི་ངོ་བོ་ངོ་སྤྲད་པ།

ངོ་སྤྲོད་གསུམ་པ་སྣང་སེམས་དབྱེར་མེད་དུ་སྣང་ཐོག་ནས་ངོ་སྤྲད་པ་ནི།

ཕྱི་རོལ་གྱི་ཡུལ་ལྔ་སོགས་གང་རུང་ལ་བལྟས་པས། ཡུལ་དེ་ཕ་གིར་འདུག་སྙམ་པའི་ཀད་དེ་བ་ཡང་མེད་པར་ཡུལ་མ་འགག་ཐལ་ལེ། དེ་ལ་ལྟ་བྱེད་ཀྱི་སེམས་དེའང་འཛིན་མེད་དུ་ཤིགས་སེ། དེ་གཉིས་གཅིག་ཐ་དད་ཀྱང་མེད་སྙམ་རྒྱུ་ཡང་མེད་ལ། ལུས་སེམས་གཉིས་ཀྱང་གཅིག་ཐ་དད་གང་ཡང་མ་ཡིན་པར་དབྱེར་མེད་གསལ་སྟོང་སྣང་སྟོང་ཟུང་དུ་འཇུག་པ་ཆུ་ནང་གི་ཟླ་བ་ལྟ་བུ།

ཚ་གྲང་སོགས་ཚོར་བའང་སྣང་བ་སྣང་སོང་དུ་མ་ཤེས་པས་སེམས་ཀྱིས་བཏགས་ནས་འཛིན་པ་མཐའ་ཡས་པ་མ་གཏོགས་དོན་དུ་གྲུབ་པར་ལུས་སེམས་གང་གིས་ཚོར་གྱི་གདགས་གཞི་དང་བྲལ་བར་འདུག་པར་རྟོགས་པ་དང་།

སྣང་བ་གང་བྱུང་ཞིག་ལ་ལྟ་སྟངས་དང་སེམས་སེམས་ལ་གཏད། དེ་ནས་ཅུང་ཟད་གློད་ནས་བཞག་པས་དང་པོར་ཡུལ་དེའི་སྤུ་རིས་ལམ་ཡོང་དེ་ནས་ཅུང་ཟད་ལྟ་མི་འདོད་པར་སྐྱུག་ལོག་མིག་སྦྲིད་ཆིལ་བ་འོང་པས་དེ་རང་ལོག་བྱ་བ་ཡིན། དེ་ནས་ཅུང་ཟད་བལྟས་པས་སྣང་བ་འཛིན་མེད་དུ་ལྷང་ངེ་བ་ཞིག་འོང་བ་དེ་རང་སར་ལོག་པ་བྱ་བ་ཡིན།

དེའི་དུས་ན་རང་དང་སྣང་བ་དབྱེར་མེད་སྣང་སྟོང་ཡུལ་མེད་དུ་ལྟང་ངེ་འདུག་ན། ད་ེགནས་ལུགས་ཀྱི་རང་སྣང་ངམ་སེམས་ཀྱི་མཚན་ཉིད་ཡིན་པས་ཕྱིའི་སྣང་བ་དང་ནང་གི་སེམས་གཉིས་ཐ་དད་མེད། སེམས་ཀྱི་རང་མདངས་མ་འགག་པར་ཤར་བའོ།  །

སྣང་བ་ལ་ཡུལ་དུ་གཟུང་བས་འཛིན་ཤེས་ཀྱང་འཁྲུལ་པར་ཤར་བ་ཡིན། དེའི་དུས་དེ་གུད་དུ་སོང་བ་མིན་སེམས་རང་འཁྲུལ་པས་སྣང་བའོ། དེས་ན་སེམས་སྣང་མ་གཏོགས་སྣང་བའམ་ཡུལ་གཞན་དུ་གྲུབ་པ་ཅུང་ཟད་ཀྱང་མེད་པ་ལས། སྔར་མ་རིག་པའང་ཡིད་འཛིན་གྱིས་བསྒྲིབས་ནས་མ་མཐོང་བ་ཡིན། ད་འཛིན་རྟོག་རྒྱུན་ཆད་ནས་ཡུལ་མེད་དུ་རང་ངོ་ཤེས་པ་ཡིན། སྣང་བ་ལ་འཛིན་པ་མེད་པར་སྟོང་སང་ངེ་ཡུལ་མེད་དུ་ལྷང་ངེ་སྣང་བ་ལ་སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད་ཟེར་བྱ་བ་ཡིན་པས།

ད་བཟོ་མེད་དུ་སྐྱོང་། ཚོགས་དྲུག་རྒྱ་ཡན་དུ་བཏང་། ཉམས་ལེན་སྣང་ཐོག་ཏུ་སྐྱོང་། དེའི་ངང་ལས་ཤེས་པ་འབོལ་ལེ་ཤེགས་སེ་ཡིན་ལུགས་ཀྱི་སྟེང་དུ་མ་བཅོས་པར་འཇོག །

དེ་ཡང་བདེ་བདེ་པོ་གསལ་གསལ་པོ་སྟོང་སྟོང་པོོ་བཟང་བཟང་པོ་ཆེད་དུ་མི་སྒྲུབ་པར་འདས་པ་མི་སྨོན།  མ་འོངས་པ་མི་བསམ། ད་ལྟར་བ་མི་སེས། བློས་བྱས་མི་སྒོམ། ཡིན་མིན་གྱིས་བརྟག་དཔྱད་མི་གཞུག། སེམས་ཁོ་རང་རང་བབས་ལྷུག་པ་སོ་མ་འབད་རྩོལ་མེད་པ་གཉེར་མེད་པའི་ངང་དུ་སེམས་ཁོང་རང་གི་རང་བཞིན་གྱི་ངང་དུ་ཞོག །སྣང་སྟོང་དབྱེར་མེད་གྲོགས་སྟོང་དབྱེར་མེད་བདེ་སྟོང་དབྱེར་མེད་རིག་སྟོང་དབྱེར་མེད་གསལ་སྟོང་དབྱེར་མེད་ཀྱི་ངང་དུ་གཞག་པར་བྱའོ། །

དེ་ལྟར་སྣང་སྟོང་དབྱེར་མེད་སྣང་ལ་མ་འགག་འཛིན་པ་དང་བྲལ་བར་མངོན་སུམ་རྟོགས་པ་ན་སྣང་བ་ལ་ལྷག་མཐོང་ཤར་བ་ཡིན་པས་དེ་ནི་སྣང་སྟོང་ཟུང་འཇུག་ཆོས་སྐུར་ངོ་འཕྲོད་པ་ལགས་སོ། དེ་ཉིད་རྒྱུན་དུ་སྐྱོང་བ་ལ་བརྟེན་ཉམས་རྟོགས་ཕུལ་ཕྱིན་སྐྱེ་བས།

དེ་ནི་སྣང་ཐོག་ནས་ངོ་སྤྲོད་པ་སྟེ་ངོ་སྤྲོད་གསུམ་པ་ཡིན་པས་དེ་ལྟར་ཉམས་ལེན་སྐྱོང་བ་དང་བདུན།

སེམས་གནས་པ་དང་སེམས་འགྱུ་བ་གཉིས་མཉམ་དུ་ངོ་བོ་ངོ་སྤྲད་པ། 

ཡང་གནས་འགྱུ་གཉིས་གཅིག་ཐ་དད་གང་ཡིན་བལྟས་ནས་ངོ་སྤྲོད་པ་ནི།

གནས་འགྱུ་གཉིས་གཅིག་ཐ་དད་ལ་བརྟགས་པའི་ཚེ་དེ་གཉིས་ལས་རྣམ་རྟོག་སྒོམ་དུ་ཤེས་ནས་གནས་འགྱུར། དེའང་རྟོག་པ་ཚུར་བཀུག་ནས་གསལ་སྟོང་རྗེན་པར་མཐོང་མིན། དྲན་རྟོག་ཡལ་བའི་རྗེས་སུ་གསལ་སྟོང་དུ་སོང་བའང་མིན་པར་ཐོག་མའི་ཐོལ་སྐྱེས་ཀྱི་རྟོག་པ་དེ་ཀ་གསལ་སྟོང་རྗེན་པར་རྟོགས་པའམ་སོང་ན་ད་སེམས་ཀྱི་གནས་ལུགས་ཤེས་ཤིང་། གནས་འགྱུ་བའི་བར་ལག་འགྱེལ་བ་ཟེར་བ་ཡིན་པས་སེམས་མི་རྟོག་པ་ལ་གསལ་ལྷན་ནེ་གནས་སམ་རྟོག་པ་འགྱུས་སམ་ཁོ་རང་གི་ངོ་བོ་རྣམས་གསལ་སྟོང་རྗེན་པ་དེ་ལས་མ་འདས་སོ།

ད་ཡུལ་སྣང་བ་ཐམས་ཅད་ཆུ་དང་རླབས་ལྟར་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས་དོན་དུ་གང་ཡང་མ་གྲུབ་པར་རྟོགས་པ་སྣང་བ་སེམས་སུ་ངོ་འཕྲོད་པ་ཡིན།

སེམས་དེའི་ངོ་བོ་འགྲོ་གནས་འབྱུང་གསུམ་ལ་དཔྱད་པས་གང་དུའང་མ་གྲུབ་པ་རྨི་ལམ་གྱི་རྟ་གླང་ལྟར་དོན་ལ་མ་གྲུབ་པར་རྟོགས་པས་སེམས་སྟོང་པར་ངོ་འཕྲོད་པ་ཡིན།

སྟོང་བཞིན་གསལ་དངས་ཀྱི་ངང་ནས་འགག་མེད་དུ་སྣ་ཚོགས་ལྷུན་གྲུབ་ཏུ་འཆར་བ་ཆུ་ནང་གི་ཟླ་བ་ལྟར་རྟོགས་པས་སྟོང་པ་ལྷུན་གྲུབ་ཏུ་ངོ་འཕྲོད་པ་ཡིན།

དེ་ལྟར་ལྷུན་གྱིས་གྲུབ་ཙམ་ནས་གསལ་རིག་སྟོང་པ་ལྷུན་གྲུབ་སྤྲས་བྲལ་འགྱུར་མེད་བདེ་བ་ཆེན་པོ་ལས་མ་གཡོས་པར། སྦྲུལ་ལ་མདུད་པ་བོར་བ་ལྟར་ཤར་གྲོལ་དུས་མཉམ་པར་ངེས་པས་ལྷུན་གྲུབ་རང་གྲོལ་དུ་ངོ་འཕྲོད་པ་ཡིན།

ངོ་སྤྲོད་རྒྱུའི་སེམས་དེ་ནི་ཐ་མལ་ཤེས་པ་མི་འགྱུ་དགུ་འགྱུ་རིག་རིག་ཏུར་ཏུར་པ་དེ་ཀ་གསལ་སྟོང་ཟུང་འཇུག་བདེ་བ་ཆེན་པོ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་ཅེས་སམ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་དེ་ངོ་ཤེས་ན་ཕྱག་རྒྱ་ཆེན་པོ་རྟོགས་པ་ཟེར་བ་ཡིན་པས་དེ་ལ་སྒོམ་རྒྱུ་ཅི་ཡང་མེད་པར་སྐད་ཅིག་ཀྱང་མ་ཡེངས་པར་རིག་པ་ཧྲིག་གེ་རང་སོར་བཞག །

ལེགས་སུ་རེ་བ་དང་ཉེས་དོགས་པའི་རེ་དོགས་གང་ཡང་མི་བྱ་བར་ལྷོད་གློད་ལ་ཐ་མལ་གྱི་ཤེས་པའི་རང་ངོ་བསྐྱངས་པས་སྐད་ཅིག་དེ་ལ་ཕྱག་རྒྱ་ཆེན་པོ་བདེ་སྟོང་ཟུང་འཇུག་དེ་སྤྲིན་མེད་ཀྱི་ནམ་མཁའ་དག་པའི་དཀྱིལ་ལྟར་མཐོང་བ་ཡིན་ནོ། ད་ཞི་ལྷག་ཟུང་དུ་འབྲེལ་ཞིང་ཉམས་རྟོགས་ཕུལ་དུ་བྱུང་སྟེ་ཐར་པའི་ལམ་དུ་ཚུད་པ་ཡིན་པས་གོ་བཅད།

སྟོང་པ་སེམས་ཀྱི་རང་བཞིན་གསལ་བ་སེམས་ཀྱི་མཚན་ཉིད་ཟུང་འཇུག་སེམས་ཀྱི་ངོ་བོ་བཟང་ངན་སྐྱེ་འགག་གནས་གསུམ་ཡོད་མེད་རྟག་མི་རྟག་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྨྲ་བསམ་ལས་འདས་ཤིང་ངོས་གཟུང་དང་བྲལ་ཡང་ཉམས་སུ་མྱོང་རྒྱུ་ཡོད་པ་གསལ་ཧྲིག་གི་རྗེན་ནེ་བདེ་གསལ་མི་རྟོག་པའི་རང་བཞིན་ཅན་ཡེ་ཤེས་ཆེན་པོའི་བདག་ཉིད་རང་བྱུང་ཆེན་པོའི་ཆོས་ཉིད་ཤེས་བྱའི་གཤིས་ཀྱི་གནས་ལུགས་ཡང་དག་པའི་ཤེས་པ་དེ་བཞིན་ཉིད་མཉམ་ཉིད་བདེ་བ་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཐམས་ཅད་མཁྱེན་པ་དོན་དམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད། ཆོས་ཐམས་ཅད་སེམས་སུ་རྟོགས་པས་སེམས་ཙམ་དང་། མཐའ་དབུས་ཐམས་ཅད་དང་བྲལ་བས། དབུ་མ་ཆེན་པོ་ཀུན་གྱིས་རྟོགས་པར་དཀའ་བས་གསང་སྔགས་འདིས་འཁྲུལ་པ་ཐམས་ཅད་འཇོམས་པས་རྡོ་རྗེ་ཐེག་པ་སངས་རྒྱས་ཀྱི་སྙིང་པོ་མཐོང་བས་ཆོས་སྐུ་ཟེར་བའོ། །

མདོར་ན་གཉིས་འཛིན་གྱི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་། གཉིས་མེད་ཡེ་ཤེས་མཉམ་ཉིད་སྤྲོས་བྲལ་བདེ་བ་ཆེན་པོ་ཕྱག་རྒྱ་ཆེན་པོ་དེ་ད་ངོ་འཕྲོད་པ་ཡིན།

དེའང་མོས་གུས་གནད་དུ་ཚུད་པ་ལ་ལྔིང་བ་ཡིན། གསོལ་འདེབས་ཆོག་ཤེས་མེད་པ་ལ་འཁོར་བ་ཡིན། བྱིན་རླབས་མངོན་སུམ་ཞུགས་པ་ལ་འབབ་པ་ཡིན།

མ་སྦས་མངོན་སུམ་མ་བྲལ་བར་ཆས་མ་སྒྲིབ་པར་རྗེན་པར་འདུག་པ་འདི་ད་ངོ་འཕྲོད་པས། དེ་གཞི་ཕྱག་རྒྱ་ཆེན་པོའི་ཐོག་ཏུ་སླེབས་པ་ཡིན། ལམ་ཕྱག་རྒྱ་ཆེན་པོའི་ངོ་བོ་མཐོང་། འབྲས་བུ་ཕྱག་རྒྱ་ཆེན་པོ་གཏན་ལ་འབེབས་པས་འདི་བཞིན་དགའ་བས་སྐྱོངས།

ད་མི་ལུས་ཐོབ་པ་དོན་ཡོད་དུ་བྱས། ཐར་པའི་ལམ་དུ་ཚུད་འཁོར་བ་མཐའ་ཅན་དུ་བྱས་པས་ལེགས་དགའ་སྒོམས་ལ་ཡུན་དུ་སྐྱོང་བ་གལ་ཆེ། 

དེ་ནི་གནས་འགྱུ་ལ་བལྟས་ཏེ་ངོ་སྤྲོད་པ་སྣང་བ་སེམས་སེམས་སྟོང་པ་སྟོང་པ་ལྷུན་གྲུབ་རང་གྲོལ་ཕྱག་རྒྱ་ཆེན་པོ་དང་། ཆོས་སྐུ་མཛུབ་ཚུགས་སུ་ངོ་སྤྲད་པ་དེ་བཞིན་རྒྱུན་དུ་ཉམས་ལེན་བསྐྱངས་ཏེ། མཐར་འཁྱོལ་བར་གོ་བའི་ལྷན་པ་མ་ཡིན་པར་རྒྱུད་ཐོག་ཁེལ་ངེས་བྱ་བ་དང་བརྒྱད་དོ།  །

བསྡུས་དོན།

འདི་དག་ནི་དངོས་གཞི་ཞི་ལྷག་ངོ་སྤྲོད་དེ། །དང་པོར་ལྟ་བའི་དམིགས་པ་བྱ། དེ་ནས་རིམ་གྱིས་ཐམས་ཅད་སྐྱེས་པ་དང་གོ་བསྟུན་ནས་ངོ་སྤྲོད་རྣམས་ཕྱོགས་གཅིག་བྱས་པ་ཡིན།

གཞན་སྐྱེ་ཚུལ་རེ་རེ་དང་གོ་བསྟུན་ནས་ངོ་སྤྲོད་རེ་རེ་བྱས་ཀྱང་རུང་མོད། འདིར་ཚོགས་ཚོགས་ལ་མ་ལྟོས་པར་ལྟ་ཚུལ་ཕྱོགས་གཅིག་ཏུ་བྱས་ཏེ།

ཕུ་ཐག་ཅོད་པ་དང་རྟགས་བསྟུན་ངོ་སྤྲོད་རྣམས་ཕྱོགས་གཅིག་རིམ་བཞིན་ཀ་ཐོ་དང་རྟགས་བརྒྱབ་པ་བཞིན་སོ་སོར་སྐབས་ཐོབ་སྐྱེས་ཚུལ་དང་བསྟུན་ནས་བྲིས་པ་ཡིན། དང་པོ་ནས་ངོ་སྤྲོད་བྱས་ན་ངོ་སྤྲོད་ཀྱིས་དྲེད་ནས་ཆོས་རྒྱུས་ཅན་དྲེད་པོར་སོང་སྟེ་རྒྱུད་ལ་མ་སྐྱེས་དོགས་པས། དེ་སེལ་ཆེད་ངོ་སྤྲོད་བཏབ་ཚུལ་དེ་ལྟར་བྱས་པ་ལགས། དེ་དག་ནི་དངོས་གཞིའོ།  །

Top