ཕྱག་རྒྱ་ཆེན་པོ་ཟེར་བ་དེ་གང་རེད་དམ།

00:52
ཕྱག་རྒྱ་ཆེན་པོ་ནི། བོད་ཀྱི་ཆོས་བརྒྱུད་མང་པོའི་ནང་གསལ་བའི་ཆོས་སྐོར་གལ་ཆེན་ཞིག་དང་། དེའི་ནང་ང་རང་ཚོ་སོ་སོའི་སེམས་ཀྱི་རང་བཞིན་གང་ཡིན་པ་དེ་བདེན་པར་རྟོགས་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་ཐབས་དུ་མ་དང་ལྡན་ཡོད། ཆོས་བརྒྱུད་མི་འདྲ་བས་ཕྱག་རྒྱ་ཆེན་པོའི་གོ་འཕང་འཐོབ་པར་ཐབས་ཚུལ་ཏོག་ཙམ་མི་འདྲ་བ་འགྲེལ་བརྗོད་བྱེད་སྲིད། འོན་ཀྱང་ཐབས་ཚུལ་གང་གི་རྗེས་སུ་འབྲང་མིན་ལ་མ་ལྟོས་པར། སེམས་ཀྱི་རང་བཞིན་ངོ་མ་དེ་རྟོགས་ཐབས་སུ་འབད་བརྩོན་བྱ་རྒྱུ་དེ་ནི་ང་ཚོའི་མི་ཚེ་ཧ་ཅང་དོན་དང་ལྡན་པ་སྐྲུན་པའི་ཐབས་ཤིག་ཡིན།

ལེགས་སྦྱར་སྐད་དུ་མ་ཧཱ་མུདྲཱ་ཞེས་པ་ནི་བོད་སྐད་དུ་ཕྱག་རྒྱ་ཆེན་པོ་ཞེས་པའི་དོན་ཡིན། དེ་ནི་སེམས་ཀྱི་རང་བཞིན་ཐོག་ཧ་ཅང་ཚད་མཐོ་ལ་གཏིང་ཟབ་པའི་སྒོམ་གྱི་ལམ་ལུགས་ཤིག་དང་། དེ་ལ་བརྟེན་ནས་ཐོབ་པའི་ནང་གི་རྟོགས་པ་ལ་གོ་བ་ཡིན། དཔེར་ན། ཁྲིམས་མཐུན་གྱི་ཡིག་ཆ་ཁག་ལ་ཚད་ལྡན་དང་ཁུངས་དག་ཡིན་པར་སྟོན་ཕྱིར་པྲ་ཚིལ་གྱི་ཐམ་ཀ་འབེབས་པ་ནང་བཞིན་ཕྱག་རྒྱ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པར་ཚད་ལྡན་ཁུངས་དག་གི་ཉམས་ལེན་ལ་ཐམ་ཀ་འབེབས་པ་ལྟ་ཡིན།

ཕྱག་རྒྱ་ཆེན་པོའི་སྒོམ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི།  དེས་སེམས་རང་གི་ཐོག་ལ་དམིགས་པ་གཏད་པ་དང་། སེམས་དེས་ཀྱང་འཇིག་རྟེན་ཀུན་རྫོབ་ཀྱི་སྣང་ཚུལ་དང་དོན་དམ་སྟོང་ཉིད་ཀྱི་གནས་ལུགས་དང་ཉེ་བའི་འབྲེལ་བ་གང་ཡོད་པའི་ཐོག་དམིགས་པ་གཏད་ཀྱི་ཡོད། འབྲེལ་བ་འདིའི་རྨོངས་པ་དང་མ་རིག་པ་ལ་བརྟེན་ནས་ཉོན་མོངས་སྐྱེ་རུ་འཇུག་པ་དང་ངང་ངམ་ཤུགས་ཀྱི་སྤྱོད་ལམ་སྤེལ་དུ་འཇུག་གི་ཡོད། དེའི་མཇུག་འབྲས་སུ་ཡ་ང་སྙིང་རྗེ་མེད་པའི་སྡུག་བསྔལ་དང་དཀའ་ངལ་རྣམས་འབྱུང་བར་བྱེད་ཀྱི་ཡོད། ཕྱག་རྒྱ་ཆེན་པོའི་སྒོམ་འདི་ནི་སྡུག་བསྔལ་འདི་ལས་ཐར་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཐབས་ལམ་ཆེས་ནུས་པ་དང་ལྡན་པ་ཞིག་ཡིན། འོན་ཀྱང་དེ་རྨང་གཞི་བརྟན་པོ་ཞིག་ཡོད་པའི་སྒོ་ནས་ཉམས་སུ་ལེན་པ་ཁོ་ནས་ནུས་ལྡན་དུ་འགྱུར་ཐུབ་པ་ཡིན། དེའི་དོན་དུ་བྱང་ཆུབ་ལམ་གྱི་རིམ་པ་ཡོངས་སུ་རྫོགས་པར་ཞིབ་ཚགས་པོའི་ཐོག་སྦྱོང་བརྡར་དགོས་པ་དང་དེ་ལ་བརྟེན་ནས་ཡར་རྒྱས་གཏོང་ཐུབ་པའི་དོན་ཡིན།

ཕྱག་རྒྱ་ཆེན་པོའི་ལུགས་ཀྱི་ཉམས་ལེན་རྣམས་བཀའ་བརྒྱུད་དང་། ས་སྐྱ། དགེ་ལུགས་བཅས་བོད་ཀྱི་ཆོས་བརྒྱུད་སོ་སོའི་ནང་གསལ་ཡོད།  བཀའ་བརྒྱུད་དང་དགེ་ལུགས་ཀྱི་ནང་། ཕྱག་རྒྱ་ཆེན་པོ་དེ་མདོ་དང་གསང་སྔགས་བླ་མེད་རྒྱུད་ཀྱི་ཉམས་ལེན་གཉིས་ཀ་ཡོད། དེས་ནམ་རྒྱུན་ལྡན་གྱི་སེམས་དང་སེམས་ཀྱི་འོད་གསལ་གྱི་ཐོག་རེ་རེ་བཞིན་དུ་དམིགས་པ་གཏད་ཀྱི་ཡོད། ས་སྐྱའི་པའི་ཆོས་བརྒྱུད་ནང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཁོ་ན་བརྒྱུད་སྤེལ་གནང་གི་ཡོད། སྐབས་འདིར་ང་ཚོས་དགེ་ལུགས་དང་ཀརྨ་བཀའ་བརྒྱུད་ལུགས་ཀྱི་མདོ་ཕྱོགས་ཀྱི་རིམ་པ་གཞི་ལ་བཞག་ནས་འཆད་རྒྱུ་ཡིན། དགེ་ལུགས་པས་སྟོང་ཉིད་ཀྱི་སེམས་སྒོམ་རྒྱུ་ཐོག་ནན་བརྗོད་གནང་བ་དང་། ཀརྨ་བཀའ་བརྒྱུད་པས་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་སེམས་ཀྱི་ཐོག་ལ་ནན་བརྗོད་གནང་གི་ཡོད།

བཞེད་ཚུལ་དང་ཐབས་ཚུལ་དེ་གཉིས་ཀ་ལ་སེམས་ཞེས་བྱ་བ་དེའི་དོན་ཇི་བཞིན་དུ་གསལ་པོར་ངོས་འཛིན་བྱ་རྒྱུ་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད།

སེམས་ནི་ཡུལ་ཞིག་མྱོང་བར་བྱེད་པའི་ཡུལ་ཅན་སེམས་ཀྱི་བྱེད་ལས་བྱེ་བྲག་པ་དེ་ཡིན།

སེམས་ཀྱི་བྱེད་ལས་དེ་བཞིན་ཐོག་མ་དང་མཐའ་མ་མེད་པར་ང་ཚོའི་ཚེ་རབས་ཐམས་ཅད་དུ་མུ་མཐུད་དེ་རྒྱུན་མ་ཆད་པར་འགྲོ་གི་ཡོད། སེམས་ཁོ་རང་ངོས་འཛིན་ཐུབ་ཡག་ཧ་ཅང་དཀའ་ལས་ཁག་པོ་ཡིན་པས། ཉམས་ལེན་འགྲུབ་འབྲས་ཐོན་པ་ཞིག་ནི་སྔོན་འགྲོའི་ཉམས་ལེན་ཡང་ནས་ཡང་དུ་བྱེད་པ་བརྒྱུད་རྒྱ་ཆེ་བའི་དགེ་བའི་ནུས་པའམ་བསོད་ནམས་དང་མི་དགེ་བའི་ནུས་པའམ་སྡིག་པ་སྦྱོང་བ་ཁོ་ནར་གཞི་བཅོལ་ཏེ་ཡོང་གི་ཡོད།

རི་བོ་དགེ་ལྡན་པའི་ལུགས།

སེམས་ཀྱི་བྱེད་ལས་ལ་ངོ་བོ་གཉིས་ཡོད་དེ། ཀུན་རྫོབ་ཀྱི་ངོ་བོ་དང་དོན་དམ་གྱི་ངོ་བོ་གཉིས་ཡིན། དགེ་ལུགས་ནང་ཀུན་རྫོབ་ཀྱི་ངོ་བོ་ནི་ “གསལ་ཞིང་རིག་པ་ཙམ་” དུ་འགྲེལ་གྱི་ཡོད།

  • གསལ་བ་ནི། སྣང་བ་ཤར་བར་བྱེད་པའི་སེམས་ཀྱི་བྱེད་ལས་ཏེ། དེ་ལ་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་ཞེས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་དང་བཅས་པ་བདེ་བ་དང་། སེམས་ཚོར་འདྲ་མིན་གྱིས་གྲོགས་བྱས་ཡོད། དེ་ཡང་རིག་པ་རྩེ་སྒྲིམ་དང་དམིགས་པ་གཅིག་གཏད་ལྟ་བུ་གཞི་རྩའི་སེམས་བྱུང་རྣམས་ཡིན།
  • རིག་པ་ནི། ཡིད་ལ་བྱེད་པའི་རིགས་འགའ་ཞིག་སྟེ། སྣང་བ་དང་ལོགས་སུ་མིན་ལ་རྗེས་མཐུན་ཀྱང་མིན་པ། ཐོག་མར་རྣམ་རྟོག་ཅིག་ཤར་བ་དང་དེ་ནས་ང་ཚོས་དེ་ལ་བསམ་བློ་གཏོང་བ་དེ་འདྲ་མིན་པ། རིག་པ་ནི་སྣང་བ་ནང་བཞིན་སེམས་ཀྱི་བྱེད་ལས་གཅིག་པ་ཞིག་ཡུལ་ཅན་གྱི་འགྲེལ་བརྗོད་བྱེད་ཚུལ་ཙམ་ཞིག་ཡིན།
  • ཙམ་སྒྲ་ནི། འདི་ནི་སེམས་ཀྱི་བྱེད་ལས་གང་ཡིན་པ་དེ་ཡིན་ཞེས་རྙེད་དུ་ཡོད་པའི་ “བདག་” ཅེས་བྱ་བ་བྱེད་པ་པོ་དང་དཔྱད་པ་པོ་ལྟ་བུ་ཞིག་གམ། ཡང་ན་རྙེད་དུ་ཡོད་པའི་ “སེམས་” ཞེས་བྱ་དངོས་མེད་ཀྱི་འཕྲུལ་ཆས་བྱ་བ་བྱེད་ཀྱི་ཡོད་པ་ཞིག་ལོགས་སུ་ཡོད་པར་དགག་གི་ཡོད། སེམས་ཀྱི་བྱེད་ལས་ནི་ཀླད་པ་དང་དབང་རྩའི་མ་ལག་གི་གཟུགས་ཅན་ལ་གཞིར་བྱས་ནས་འབྱུང་གི་ཡོད། འོན་ཀྱང་སེམས་ནི་གཟུགས་ཅན་ཞིག་དང་གཅིག་པ་ཡིན་པའམ་གཟུགས་ཅན་ཞིག་ཏུ་འཕྲི་གཅོག་བྱེད་རུང་བ་ཡིན་པའི་དོན་མིན།

སེམས་ཀྱི་བྱེད་ལས་ཀྱི་དོན་དམ་གྱི་ངོ་བོ་ནི། “རང་ངོས་ནས་གྲུབ་པས་སྟོང་པ་” དེ་ཡིན།

  • སྟོང་པ་ཉིད་ནི། གསལ་རིག་ཙམ་གྱི་ཕྱོགས་ནས་རྙེད་དུ་ཡོད་པའི་རྡུལ་ཙམ་ཡང་མེད་པ་དང་། སེམས་ཀྱི་བྱེད་ལས་ཟེར་བའི་ཆོས་ཞེས་ཐ་ན་དེ་དག་གི་མཚན་ཉིད་ཀྱང་རང་དབང་གིས་གྲུབ་པ་ཞིག་མེད་པ་དེ་ཡིན། ང་ཚོས་ཤོད་ཐུབ་པའི་བདེན་དོན་གཅིག་རང་ཡོད་པ་ནི་ཀུན་རྫོབ་ཀྱི་དབང་དུ་ནི་ང་ཚོས་ཆོས་རྣམས་ཡུལ་ཅན་གྱི་སྒོ་ནས་དང་སྒེར་སོ་སོའི་ངོས་ནས་ཉམས་སུ་མྱོང་གི་ཡོད་པ་མོས་མཐུན་བྱེད་པ་དེ་ནི་བློའི་འདོགས་ཚུལ་དེ་ཡིན།
  • བློའི་འདོགས་ཚུལ་ནི། དོན་ངོ་མར་ང་ཚོ་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་སེམས་ཞེས་པའི་དོན་དང་ཚིག་ཡོད་པ་རེད། དེ་ལ་ང་ཚོས་སྐད་ཅིག་སྐད་ཅིག་གི་རྒྱུན་སྣང་བ་ཙམ་དང་ང་ཚོ་ཚང་མས་མྱོང་བའི་ཡིད་བྱེད་ཀྱི་ཆེད་དུ་བློས་འདོགས་པ་ཞེས་མིང་ཚིག་གསར་བཟོ་བྱས་ཡོད། འོན་ཀྱང་བློའི་འདོགས་ཚུལ་དེས་གང་ཡང་སྐྲུན་པའི་ཉམས་ལེན་ཧུར་བརྩོན་དང་ལྡན་པ་ཞིག་མིན་པར། དེ་ནི་ཀུན་རྫོབ་ཀྱི་ཆོས་རྣམས་ཚད་མར་གྲུབ་པའི་ཆེད་དུ་རྒྱུ་མཚན་འགོད་ཚུལ་ཙམ་ཞིག་ཡིན། སེམས་ཀྱི་བྱེད་ལས་ཀྱི་ཆ་ནས་རང་ངོས་ནས་གྲུབ་པའི་རང་བཞིན་མེད་པའམ་ཡང་ན་གཞན་གང་ཡང་གྲུབ་པའི་རྒྱུ་མཚན་འགོད་ཀྱི་མེད། དེ་ནི་མི་སྲིད་པ་ཡིན། སྟོང་པ་ཉིད་ནི་ཀུན་རྫོབ་ཀྱི་ཆོས་གང་ཞིག་ཡིན་རུང་ཡིན་པ་མི་སྲིད་པའི་གྲུབ་ཚུལ་མེད་པ་དེ་ཡིན།

དགེ་ལུགས་པའི་ལུགས་སུ་ཕྱག་རྒྱ་ཆེན་པོའི་སྒོམ་རྒྱག་སྐབས། དམིགས་པ་མི་བརླག་པའི་ཕྱིར་དྲན་པ་དང་བརླག་པ་ལ་བྱ་ར་བྱེད་པའི་ཕྱིར་ཤེས་བཞིན་ལ་བརྟེན་ནས་ཐོག་མར་ཀུན་རྫོབ་རང་བཞིན་གྱི་སེམས་ཀྱི་བྱེད་ལས་ལ་དམིགས་ཀྱི་ཡོད། གློག་བཞུ་ལྟ་བུ་ཞིག་ལ་བསམ་བློ་གཏོང་བའི་སྐབས། ང་ཚོས་དེ་ལས་འོད་འཕྲོ་བ་ ༼དབང་པོའི་ཡུལ་གྱི་སྣང་བའམ་རྟོག་པ་དང་། དེའི་སྟེང་དེ་ལ་གྲོགས་བྱེད་པའི་སེམས་ཚོར་གྱི་བརྗོད་དོན་༽ ལ་དོ་སྣང་བྱེད་ཀྱི་མེད། དེའི་ཚབ་ལ་ང་ཚོས་གློག་བཞུ་དེའི་སྐད་ཅིག་རེ་རེའི་ནང་འབྱུང་བཞིན་པའི་བྱེད་ལས་ལ་དམིགས་ནས་སྣང་བ་མངོན་པར་བྱེད་ཀྱི་ཡོད། སེམས་ཀྱི་བྱེད་ལས་དེ་ཡུལ་ཞིག་ཡིན་པ་ལྟར་དེ་ལ་དམིགས་པ་མི་གཏད་པར། དེ་ལས་ལྡོག་སྟེ། སེམས་ཀྱི་བྱེད་ལས་འབྱུང་བཞིན་པའི་སྐབས་དོ་སྣང་ཆེན་པོའི་སྒོ་ནས་དམིགས་དགོས། ང་ཚོས་བདག་དེ་གློག་བཞུ་ལ་ངོས་འཛིན་རྒྱུ་མེད་པའི་ཐོག་ངེས་བརྟན་བཟོ་དགོས། དེ་ཡང་གང་ཟག་དེས་གློག་བཞུ་འཛིན་ཡོད་པའམ་གང་སྣང་བར་དཔྱད་ཞིབ་བྱེད་པ་ལྟ་བུ་མ་ཡིན། རྣམ་རྟོག་འབྱུང་བའི་སྐབས་ང་ཚོས་དེ་ཧ་གོ་བ་ཙམ་བྱེད་དགོས་པ་ལས་དེ་དག་གི་གཏམ་བརྗོད་ལ་བློ་མ་ཁུགས་པ་བྱེད་དགོས། དེ་དག་རང་ཤུགས་ཀྱིས་མེད་པ་ཆགས་ནས་ང་ཚོས་སེམས་རང་གི་ཐོག་སྒོམ་རྒྱུའི་ཐོག་མའི་ཀུན་སློང་དེས་དོ་སྣང་དེ་སེམས་ཀྱི་བྱེད་ལས་སྟེང་ལ་འཁྱེར་གྱི་ཡོད། དེ་ལྟར་རེས་མོས་བཞིན་དུ་ང་ཚོའི་ངོས་ནས་ཀྱང་རྣམ་རྟོག་མེད་པ་བཟོས་ཏེ་དྲན་ཤེས་དང་བཅས་དོ་སྣང་རང་འཇགས་འཁྱེར་གྱི་ཡོད།

ནམ་ཞིག་ང་ཚོས་ཀུན་རྫོབ་རང་བཞིན་གྱི་སེམས་ཀྱི་བྱེད་ལས་ལ་དམིགས་པའི་ཞི་ཞིང་བརྟན་ཚུགས་པའི་སེམས་ཀྱི་གནས་བབས་སམ་ཡང་ན་ཞི་གནས་ཐོབ་པ་དང་གཞི་ནས་ང་ཚོས་དོན་དམ་གྱི་ངོ་བོ་སྟེ། རང་ངོས་ནས་གྲུབ་པས་སྟོང་པ་དེ་ལ་དམིགས་ཀྱི་ཡོད། མཐར་ང་ཚོས་ཁྱད་པར་དུ་འཕགས་པའི་ནང་གི་རྟོགས་པའམ་ལྷག་མཐོང་ཐོབ་པ་དང་། ཞི་ལྷག་གཉིས་ཟུང་དུ་འབྲེལ་ནས་སེམས་ཀྱི་སྟོང་པ་ཉིད་ལ་དམིགས་ཀྱི་ཡོད། ཞི་ལྷག་ཟུང་འབྲེལ་དེ་རྟོག་མེད་དུ་མ་འགྱུར་བར་དུ་ང་ཚོས་མུ་མཐུད་ནས་ཉམས་ལེན་བྱེད་དགོས་ཤིང་། དེ་ལྟར་རིམ་པ་བཞིན་དུ་འབད་པ་ལ་བརྟེན་ནས་ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཀྱི་ཡོད།

ཀརྨ་བཀའ་བརྒྱུད་པའི་ལུགས།

ཀརྨ་པ་སྐུ་ཕྲེང་གསུམ་པའི་འགྲེལ་ཚུལ་ལྟར་ན།

ཀུན་རྫོབ་རང་བཞིན་གྱི་སེམས་ཀྱི་བྱེད་ལས་ནི་སྣང་བྱེད་ ༼གསལ་བ་༽ དང་སྣང་བ་གཉིས་དབྱེ་བ་མེད་པ་དེ་ཡིན། དོན་དམ་རང་བཞིན་གྱི་སེམས་ཀྱི་བྱེད་ལས་ནི་རིག་སྟོང་དབྱེར་མེད་དང་། སྣང་བྱེད་དམ་སྣང་བ་དང་རིག་པའམ་སྟོང་པ་དབྱེར་མེད་དེ་ཡིན།

  • སྟོང་པ་ཉིད། གཞན་སྟོང་གི་ལྟ་ཚུལ་ལ། སྟོང་ཉིད་ནི་ཚིག་དང་དོན་ལས་འདས་པའི་སེམས་ཀྱི་གནས་བབས་ཤིག་ཡིན། འདས་པ་ཞེས་པ་ནི་གཉིས་ཀ་སྟེ། རིག་པ་ནི་ཚིག་དང་དོན་འབྱུང་སའི་སེམས་ཀྱི་རིམ་པ་རགས་པ་ཚང་མས་སྟོང་པ་དང་། དེ་ག་ནང་བཞིན་ཚིག་དང་དོན་ལ་གང་མཐུན་པ་ལས་འདས་པའི་ཚུལ་དུ་གྲུབ་པ་དེ་ཡིན།
  • དབྱེར་མེད། གཉིས་མེད་ཀྱི་སྐད་དོད་ཡིན། དེ་ཡང་དབྱེར་མེད་ཀྱི་ཆ་ཞིག་མ་གྲུབ་པའམ། ཡང་ན་གཞན་ལ་ལྟོས་མེད་ཀྱིས་རང་ངོས་ནས་མ་གྲུབ་པ་ཡིན།

ཀརྨ་པ་སྐུ་ཕྲེང་དགུ་པའི་འགྲེལ་ཚུལ་ལྟར་ན།

ཀུན་རྫོབ་ཀྱི་ངོ་བོའི་སེམས་ཀྱི་བྱེད་ལས་ནི་གསལ་བྱེད་དང་། རིག་པ། རྗེན་པ་བཅས་ཡིན།

  • གསལ་བྱེད་ཡང་ན་གོ་སླ་བར་བྱས་ན། གསལ་བ་ ༼སྣང་བྱེད་༽ ཅེས་འོད་འོད་མདངས་འཚེར་བར་འགྲེལ་བརྗོད་བྱས་ཡོད།
  • རིག་པ་ནི་ཤེས་པ་དང་དོན་གཅིག །དེ་ཡང་རྒྱ་ཆེར་སད་པ།
  • རྗེན་པ་ནི་རྟོག་པ་མེད་པ་སྟེ། རྟོག་པ་དང་བྲལ་བའི་སེམས་ཀྱི་གནས་བབས། རྣམ་རྟོག་ནི་བདེན་པར་གྲུབ་པའི་སྣང་བར་གང་རྟོག་འཆར་དུ་སྐྲུན་པ་དང་ཆོས་རྣམས་འདི་དང་དེ་ཞེས་དབྱེ་བ་ཕྱེ་གི་ཡོད།

དོན་དམ་སེམས་ཀྱི་རང་བཞིན་ནི་སྣང་སྟོང་དབྱེར་མེད་པའམ་གཉིས་སུ་མེད་པ་དང་། གསལ་སྟོང་དབྱེར་མེད། རིག་སྟོང་དབྱེར་མེད་ཡིན།

  • སྟོང་པ་ཉིད། རང་སྟོང་གི་ལྟ་བ་ལྟར་ན། ཚིག་དོན་གཉིས་ཀ་ལས་འདས་པའི་གནས་བབས་ཤིག་དེ་སྟོང་ཉིད་ཡིན་པ་དང་། དེ་ཡང་ཚིག་དང་དོན་ལ་གང་མཐུན་ངེས་ཡིན་པ་ ༼དཔེར་ན། བདེན་པར་གྲུབ་པ་དང་། བདེན་མེད་དུ་གྲུབ་པ། གཉིས་ཀ་ཡིན་པ། གཉིས་ཀ་མ་ཡིན་པ་༽ ལས་འདས་པའི་གྲུབ་ཚུལ་ཙམ་ཞིག་ཡིན།

ཀརྨ་བཀའ་བརྒྱུད་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་སྒོམ་གྱི་ནང་། དྲན་པ་དང་ཤེས་བཞིན་ལ་བརྟེན་ནས་གསལ་བ་དང་། རིག་པ། རྗེན་པ་བཅས་ཀྱི་ནང་རྣམ་རྟོག་དང་བྲལ་བའི་སྒོ་ནས་རང་སེམས་ཞི་དུལ་བརྟན་ཚུགས་པ་ཞིག་གི་ཐོག་ནས་ཞི་གནས་འཐོབ་ཀྱི་ཡོད། དེ་ནི་རེ་བ་དང་སེམས་འཁྲལ་མེད་པ། རྣམ་རྟོག་གི་སྒོ་ནས་ “འདི་” དང་ “དེ་” ཞེས་ཡུལ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་ངོས་འཛིན་མེད་པའི་སྒོ་ནས་སྒོམ་པའི་དོན་ཡིན།

  • ཁྱེད་ཀྱིས་གང་ཞིག་རྟོགས་ཀྱི་ཡོད་དམ། དབང་ཤེས་ཀྱི་གནས་ཚུལ་འགའ་ཞིག་རྟོགས་པ་ཡིན་ནམ། ཡང་ན་རྣམ་རྟོག་ངེས་མེད་རྟོགས་པ་ཡིན།
  • ཁྱེད་ཀྱིས་ག་རེ་བྱེད་ཀྱིན་ཡོད་དམ།
  • སུས་བྱེད་ཀྱིན་ཡོད་དམ།
  • ཀུན་རྫོབ་རང་བཞིན་གྱི་སེམས་དེ་གང་རེད་དམ།

སྒོམ་འདིས་གོང་དུ་འགྲེལ་བརྗོད་བྱས་པའི་དགེ་ལུགས་ཀྱི་ལུགས་སུ་བཀོལ་སྤྱོད་བྱས་པ་ལྟར། རྩི་གཅིག་པའི་ཐབས་ལམ་གཅིག་པ་བཀོལ་སྤྱོད་བྱེད་ཀྱི་ཡོད། སེམས་ཀྱི་རང་བཞིན་མཐར་ཐུག་པའམ་དོན་དམ་པའི་སེམས་ཀྱི་སྟེང་ལྷག་མཐོང་གི་གནས་བབས་ཤིག་འཐོབ་པར། སྒོམ་གྱིས་སེམས་དང་སྣང་བ་གཉིས་ཀྱི་འབྲེལ་བ་དེ་ཀུན་རྫོབ་ཀྱི་དབང་དུ་བརྟག་དཔྱད་ཞིབ་འཇུག་བྱེད་ཀྱི་ཡོད།

ཕྱོགས་བསྡོམས།

དགེ་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་སྒོམ་གྱིས་སེམས་དང་ཀུན་རྫོབ་ཀྱི་སྣང་བའི་དབར་གྱི་འབྲེལ་བའི་ཐོག་དམིགས་ཀྱི་ཡོད། དེ་ཡང་སེམས་ཀྱིས་ཀུན་རྫོབ་ཏུ་གྲུབ་པའི་ཆོས་ཐམས་ཅད་སྣང་བར་བྱེད་པ་དང་ཤེས་པར་བྱེད་པའི་ལྟ་ཚུལ་གྱི་ཆ་ནས་ཡིན། དེ་ལྟར་བྱེད་པའི་རྒྱུ་མཚན་ནི་རྙེད་དུ་ཡོད་པའི་རང་གཤིས་ཀྱི་སྟོབས་ལ་བརྟེན་ནས་གྲུབ་པ་མ་ཡིན། སེམས་དང་ཀུན་རྫོབ་ཀྱི་སྣང་བ་གཉིས་ཀ་སྐད་ཅིག་སྐད་ཅིག་གི་སྣང་བ་དང་རིག་པ་ཙམ་ལ་གཞིར་བྱས་ཏེ་དེའི་ཚིག་དང་དོན་གང་ལ་གོ་བ་དེ་ཁོ་ནར་ཆ་འཇོག་བྱེད་ཐུབ།

ཀརྨ་བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོའི་སྒོམ་གྱིས་སེམས་དང་ཀུན་རྫོབ་ཀྱི་སྣང་བའི་དབར་གྱི་འབྲེལ་བ་དེ་གཉིས་སུ་མེད་པའི་ལྟ་ཚུལ་གྱི་ཐོག་ལ་དམིགས་ཀྱི་ཡོད། དེ་ཡང་རང་ངོས་ནས་གྲུབ་པ་ཞིག་མེད་པ་མ་ཟད། གཞན་ལས་ལོགས་སུ་གྲུབ་པ་ཞིག་ཀྱང་མེད། དེ་གཉིས་ཀ་ཚིག་དང་དོན་ལས་འདས་པར་གྲུབ་ཡོད། དེའི་དོན་ནི་དེ་གཉིས་ཀ་ཚིག་དོན་དང་རྗེས་སུ་མཐུན་ཞིང་། རྙེད་དུ་ཡོད་པའི་སྒམ་ལྟ་བུའི་སྡེ་ཚན་ཞིག་གི་ནང་དུ་གྲུབ་མེད།

ང་ཚོས་ཐབས་ལམ་གང་ཞིག་བཀོལ་མིན་ལ་མ་ལྟོས་པར། ང་ཚོ་མཇུག་སྡོམ་གཅིག་པའི་སྒང་ལ་སླེབས་ཀྱི་ཡོད། དེ་ཡང་ང་ཚོས་སྣང་བའི་རང་བཞིན་དེ་སེམས་དང་འབྲེལ་བ་ཁོ་ནའི་སྒོ་ནས་རྟོགས་ཐུབ། ང་ཚོས་སེམས་དང་འཇིག་རྟེན་ཀུན་རྫོབ་ཀྱི་སྣང་བ་རྣམས་རྟོགས་པ་དང་། ལམ་རིམ་གྱི་ཉམས་ལེན་དེ་རྨང་གཞི་ལྟ་བུར་བྱས་ཏེ། རྒྱ་ཆེ་བའི་སྔོན་འགྲོའི་ཉམས་ལེན་ཡོད་པའི་སྐབས། དེ་ནས་རྒྱུན་སྲིང་བའི་ཕྱག་རྒྱ་ཆེན་པོའི་སྒོམ་ལ་བརྟེན་ནས་ང་ཚོས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ།།

Top