ལས་དང་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལ་དྲན་ཤེས་བསྟེན་པ།

བསྐྱར་ཞིབ།

ང་ཚོས་ཀུན་སློང་རྣམ་པ་དག་པ་ཞིག་བཅོས་དགོས། དཔེར་ན། གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཆེད་དུ་དང་པོ་རང་ཉིད་ཀྱི་འཐོབ་བྱར་འགྱུར་བའི་བླ་མེད་རྫོགས་བྱང་གི་གོ་འཕང་མངོན་དུ་བྱེད་ཀྱི་ཡིན་ཞེས་པ་ལྟ་བུ། དམིགས་ཡུལ་དེ་སྒྲུབ་པའི་ཆེད་དུ་ཀུན་སློང་དེའི་ཐོག་ནས་ལྷག་བསམ་རྣམ་དག་གིས་ཡོན་ཏན་གཞིར་འགྱུར་མའི་གཞུང་འདི་ཉན་ནས་གང་ཤེས་པ་དེ་ཉམས་ལེན་ནང་སྒྲིལ་གྱི་ཡིན་ཞེས་པའི་བསམ་པ་ཤུགས་ཆེན་པོ་ཞིག་དགོས།

ཁ་སང་ང་ཚོས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་ལ་གོ་སྡུར་བྱས་པ་རེད། མ་ཟད་ང་ཚོས་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་མའི་རྩ་ཆེའི་མི་ལུས་སྐོར་དང་། དེ་རྙེད་དཀའ་བའི་ཚུལ་ལ་བགྲོ་གླེང་ལྷུག་པོ་བྱས་ཟིན། དལ་བ་བརྒྱད་དང་འབྱོར་བ་བཅུ་ཡོད། ང་ཚོའི་བྱ་བའི་རྟེན་གཞིར་གྱུར་བའི་འགྲོ་བ་མིའི་ལུས་རྟེན་འདི་ལ་དེ་དག་ཐམས་ཅད་ཚང་ཡོད་པ་རེད།

སྤྱིར་བཏང་ནས་མིའི་ལུས་རྟེན་འདི་ཧ་ཅང་འཐོབ་དཀའ་བ་ཡིན། ང་ཚོར་མིའི་ལུས་རྟེན་འདི་ཐོབ་མ་ཐག་གོམ་པ་རྒྱག་ཐུབ་ཀྱི་མེད། གོམ་པ་རྒྱག་ཐུབ་པའི་ནུས་པ་སླེབས་པར་མ་མཐར་ལོ་གཅིག་ལྷག་འགོར་གྱི་ཡོད། དུད་འགྲོ་ཡིན་ན་སྐྱེས་མ་ཐག་ཧ་ལམ་གོམ་པ་རྒྱག་ཐུབ་ཀྱི་ཡོད། ཁོང་ཚོས་སྐྱེས་མ་ཐག་ཏུ་གོམ་པ་རྒྱག་ཐུབ་པའི་རྒྱུ་མཚན་ནི། དུད་འགྲོ་དེ་དག་དུད་འགྲོའི་ལུས་རྟེན་གྲངས་མེད་པ་བླངས་ཟིན་པས། དུད་འགྲོ་བགས་ཆགས་ཧ་ཅང་ཤུགས་ཆེན་པོ་ཡོད། མིའི་ཕྲུ་གུ་རྣམས་སྐྱེས་མ་ཐག་མི་རྒན་པ་ནང་བཞིན་སོ་སོའི་རྐང་པའི་སྟེང་ལང་མི་ཐུབ་པའི་དོན་དངོས་འདིས་གང་སྟོན་གྱི་ཡོད་ཟེར་ན། སྐྱེ་བ་སྔོན་མ་མིའི་ལུས་རྟེན་འདི་ཐོབ་པ་ཧ་ཅང་དཀོན་པོ་ཡིན་པའི་ཚུལ་བསྟན་གྱི་ཡོད། དེར་བརྟེན་མིའི་བགས་ཆགས་ཧ་ཅང་ཞན་པོ་ཡོད།

སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་མིའི་རྟེན་དུ་སྐུ་འཁྲུངས་མ་ཐག་གང་གི་ཞབས་སྟེང་དུ་བཞེངས་ཐུབ་པ་དང་གོམ་པ་བདུན་སྤོས་གནང་མཛད་ཡོད། དེ་ནི་སྔོན་གྱི་སྐྱེ་བ་གྲངས་མེད་ནང་མིའི་ལུས་རྟེན་མང་པོ་ཞིག་རྒྱུན་མི་ཆད་པར་ཐོབ་པའི་དབང་གིས་ཡིན། དེར་བརྟེན་འཁྲུངས་མ་ཐག་མི་རྒན་པ་ལྟར་གོམ་པ་སྤོ་ཐུབ་པ་བྱུང་། དེ་ག་ནང་བཞིན་མི་སྐྱེ་བ་ལན་གྲངས་མང་པོ་བླངས་པའི་སྐབས་དེ་དག་རིང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་བཅུ་བརྒྱན་པའི་སྐུ་ཁྱད་པར་བ་འདི་འཐོབ་བྱེད་ཀྱི་རྒྱུ་རྣམས་བསགས་ཡོད།

དེས་ན་གནད་དོན་དང་པོ་ནི་ང་ཚོས་རང་ལ་ཐོབ་པའི་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་དལ་འབྱོར་མི་ལུས་འདི་ངོས་འཛིན་དགོས་པ་དང་། དེ་ནས་དལ་འབྱོར་མི་ལུས་རྙེད་དཀའ་བའི་ཚུལ་བ་བསམ་བློ་གཏོང་དགོས། དེ་རྗེས་གཞི་ནས་དལ་འབྱོར་མི་ལུས་ཀྱི་གལ་ཆེའི་རང་བཞིན་དང་། ལུས་རྟེན་འདིའི་ཐོག་ནས་དཔེར་ན། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལྟ་བུའི་བྱ་བ་རླབས་ཆེན་སྒྲུབ་ཐུབ་པའི་ཚུལ་ལ་བསམ་བློ་གཏོང་ཐུབ། ང་ཚོས་མཚན་སྙན་ཡོངས་སུ་གྲགས་པའི་རྗེ་བཙུན་མི་ལ་རས་པར་བསམ་བློ་གཏོང་དགོས། ཁོང་གིས་དལ་འབྱོར་མི་ལུས་ཀྱི་ཐོག་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་མཛད་ཡོད།

ང་ཚོར་ཐོབ་པ་དང་གཅིག་པ་རེད། ཁྱད་པར་རྩ་བ་ནས་མེད། དེར་བརྟེན་དལ་འབྱོར་མི་ལུས་ཁྱད་པར་བ་འདིའི་ཐོག་ནས། མི་ལུས་འདི་མ་ཤོར་སྔོན། ང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ནང་པའི་ཆོས་ནས་གསུངས་པའི་ཐབས་ལམ་རྣམས་ཉམས་ལེན་ནང་སྒྲིལ་ཐབས་བྱེད་དགོས། སང་ཉིན་ཉམས་ལེན་བྱེད་ཀྱི་ཡིན་ཟེར་ཕྱི་བཤོལ་བྱེད་མི་ཉན། གང་ཡིན་ཟེར་ན། ང་ཚོ་ག་དུས་འཆི་མིན་བཤད་ཚོད་མི་ཐིག་པས། འཆི་བའི་དུས་ནི་ངེས་བརྟན་མེད་པ་ཞིག་ཡིན། དེར་བརྟེན་ད་ལྟ་རང་ནས་དམ་པའི་ཆོས་ཉམས་ལེན་བྱེད་ཀྱི་ཡིན་ཞེས་ཆོད་སེམས་བརྟན་པོ་ཞིག་དགོས།

ཁ་སང་ང་ཚོས་འཆི་བ་དང་མི་རྟག་པ་དང་འབྲེལ་བའི་གནད་དོན་དེ་དག་ཐོག་གོ་སྡུར་བྱས་པ་ལ་བརྟེན་ནས་ང་ཚོས་ཚེ་སྲོག་གང་ཡིན་ཀྱང་རྟག་པ་བརྟན་པ་མེད་པར། ཤི་བའི་རྗེས་སྐྱེ་བ་ལེན་དགོས་ཀྱི་ཡོད་པའི་ཚུལ་ལ་རྒྱུས་མངའ་བྱུང་ཡོད། དེ་བཞིན་ང་ཚོས་གནོད་འཚེ་ཅན་གྱི་ལས་སུ་ཞུགས་ནས་མི་དགེ་བའི་ལས་སྟོབས་ཆེན་བསགས་པ་ལ་བརྟེན་ནས་ངན་འགྲོའི་གནས་སུ་སྐྱེ་རྒྱུ་ཡིན་པ་ལའང་རྒྱུས་མངའ་བྱུང་ཡོད། ངན་འགྲོའི་གནས་སུ་སྐྱེས་ན། དཀའ་ངལ་སྡུག་བསྔལ་ཇི་ཙམ་ཡོད་པ་དང་། ཁ་ཐབས་སྐྱོ་བའི་གནས་དེར་འཇིགས་སྣང་སྐྱེས་ཏེ། དེ་ལ་ཐར་ཐབས་ལ་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས། དེའི་ཕྱིར་ང་ཚོར་ཐབས་གང་ཞིག་ལ་བརྟེན་ནས་ཡང་དག་པའི་ལམ་བསྟན་ཏེ་ང་ཚོར་ཁ་ཐབས་སྐྱོ་བའི་གནས་དེ་དག་ལ་གཡོལ་ཐུབ་པའི་ཐབས་སྣ་ཚོགས་ཤིག་ལ་བསམ་བློ་གཏོང་དགོས། དེ་ལྟར་ལམ་ཡང་དག་པ་སྟོན་མཁན་ནི་དཀོན་མཆོག་གསུམ་ཉག་གཅིག་ཡིན་པ་ངོས་བཟུང་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་བར་ཆད་རྣམས་སེལ་ཐབས་བྱས་ནས། སྐྱབས་སུ་ཚུལ་བཞིན་དུ་འཇུག་ཐུབ་པ་བྱེད་དགོས། དེའི་སྐོར་ང་ཚོས་གོ་སྡུར་བྱས་ཟིན།

ད་དུང་ང་ཚོས་སོ་སོའི་མི་ཚེའི་ནང་སྐྱབས་སུ་འགྲོ་བའི་རྒྱུའམ་རྒྱུ་མཚན་ལ་ངེས་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན། དང་པོ་ནི་སྐྱབས་དེ་འདྲ་ཞིག་མེད་ན། སྐྱེ་བ་ཕྱི་མ་ང་ཚོར་གང་འབྱུང་ངེས་སམ་ཞེས་པའི་འཇིགས་སྣང་དེ་ཡིན། གཉིས་པ་ནི་སྐྱབས་སུ་འགྲོ་བའི་ཡུལ་དེ་དག་ལ་ང་ཚོ་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་དགོས་ཀྱི་ཡོད། དེའི་སྟེང་གལ་སྲིད་ང་ཚོས་ཐེག་པ་ཆེན་པོའི་སྐྱབས་འགྲོ་བྱེད་ཀྱི་ཡོད་ན། སེམས་ཅན་ཐམས་ཅད་ལ་དམིགས་པའི་རྩ་བའི་སྙིང་རྗེའི་ཀུན་སློང་དགོས་ཀྱི་ཡོད། དེའི་ཐོག་ནས་ང་ཚོས་དགོས་ངེས་ཀྱི་རྒྱུ་ཚོགས་ཚང་བའི་ཐོག་ནས་སྐྱབས་སུ་འགྲོ་དགོས་ཀྱི་ཡོད།

Top