དལ་འབྱོར་མི་ལུས་འཐོབ་དཀའ་བ་དང་། དེའི་སྙིང་པོ་ལེན་ཚུལ།
ཐོག་མར་དམ་པའི་ཆོས་ཉམས་སུ་ལེན་པའི་གེགས་སེལ་བ་དང་མཐུན་པའི་རྐྱེན་གནས་དང་གོ་སྐབས་སོགས་ལྡན་པའི་དལ་འབྱོར་མི་ལུས་འདི་འཐོབ་དཀའ་བའི་ཚུལ་ལ་བསམ་བློ་གཏོང་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཡིན། དེ་ཡང་དཔེར་ན། དཔེའི་ཐོག་ནས་དལ་འབྱོར་མི་ལུས་འཐོབ་དཀའ་བ་དང་། ངོ་བོ་ཐོག་ནས་འཐོབ་དཀའ་བ། རྒྱུའི་ཐོག་ནས་འཐོབ་པའམ་རྙེད་དཀའ་བ་བཅས་བསམ་བློ་གཏོང་གཞི་མང་དག་ཅིག་ཡོད་པ་རེད།
ད་ལྟ་ང་ཚོར་རྙེད་དཀའ་བའི་དལ་འབྱོར་མི་ལུས་འདི་ཐོབ་ཡོད། འདི་ལྟའི་མི་ལུས་ཐོབ་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། ང་ཚོས་སྐྱེ་བ་སྔོན་མར་དགེ་བའི་བྱ་བ་མང་པོ་བྱས་པ་དང་། དེའི་མཐུ་ལ་བརྟེན་ནས་ད་ལྟ་ང་ཚོར་མི་ལུས་ཐོབ་ཡོད། དེ་ནི་རི་ཞིག་གི་གྱེན་དུ་ལྕགས་རིལ་ཆེན་པོ་ཞིག་ལམ་ཕྱེད་ཙམ་ཡར་འདྲུད་པར་ནུས་ཤུགས་ཇི་ཙམ་དགོས་པའི་དཔེ་མཚོན་ལས་ཤེས་ཐུབ། གཞན་ཡང་ད་ལྟ་ང་ཚོར་མི་ལུས་ཐོབ་བྱེད་ཀྱི་ལས་ཚང་མ་ང་ཚོས་སྔོན་མ་བསགས་ཟིན་པ་དང་ད་དུང་ང་ཚོས་ཡར་རྒྱས་གཏོང་ཆེད་དཀའ་ལས་རྒྱག་དགོས་ངེས་ཆགས་ཡོད། ལྕགས་རིལ་དེ་རི་དེའི་གྱེན་དུ་ལམ་ཕྱེད་ཙམ་འཐེན་ཟིན་རྗེས། ད་དུང་གཟབ་གཟབ་བྱས་དཀའ་ལས་མ་བརྒྱབ་ན། མར་འབབ་སྒྲིལ་ཤོར་བའི་ཉེན་ཁ་ཡོད་ཅིང་། བསྐྱར་དུ་འགོ་ནས་འཐེན་དགོས་བྱུང་ན་དཀའ་ལས་ཧ་ཅང་ཆེན་པོ་ཡོད།
འོ་ན་ད་ལྟ་ང་ཚོ་རྙེད་པའི་དལ་འབྱོར་མི་ལུས་འདིའི་ཐོག་ནས་ག་རེ་བྱེད་དགོས་སམ་ཞེ་ན། སྙིང་རྗེ་དང་། བྱམས་པ། བྱང་ཆུབ་སེམས་རང་རྒྱུད་དུ་སྐྱེད་ཐབས་བྱེད་དགོས། མཐར་ལུས་རྟེན་འདིའི་ཐོག་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐབས་བྱ་རྒྱུ་ནི་རྨད་དུ་བྱུང་བ་ཞིག་ཡིན། འོན་ཏེ་ང་ཚོས་ད་ལྟ་རང་ལ་ཐོབ་པ་འདི་བེད་སྤྱོད་ཚུལ་བཞིན་དུ་མ་བཏང་བར། སྐྱེ་བ་ཕྱི་མར་དལ་འབྱོར་མི་ལུས་འཐོབ་པ་ཤོག་ཅེས་སྨོན་ལམ་ཙམ་བཏབ་ནས་བསྡད་ན། སྣོད་ཅིག་གི་ནང་འབྲས་གང་བླུགས་ནས་བེད་སྤྱོད་མ་བཏང་པར་ཟུར་ཞིག་ཏུ་བཞག་ནས་ཡང་བསྐྱར་སྣོད་ཅིག་གི་ནང་འབྲས་ཁེངས་པ་ཞིག་འཐོབ་རོགས་བྱས་ན་བསམ་སྡོད་པ་དང་འདྲ།
སངས་རྒྱས་ཀྱི་ཆོས་ཉམས་ལེན་ཐུབ་པའི་མིའི་ལུས་རྟེན་ཁྱད་པར་ཅན་འདི་ད་ལྟ་ང་ཚོར་ཐོབ་ཡོད་སྟབས་བེད་སྤྱོད་ཡག་པོ་ཞིག་གཏོང་ཐུབ་པར་དཀའ་ལས་དང་སྨོན་ལམ་གཉིས་ཀ་རྒྱག་དགོས། ང་ཚོར་ལུས་རྟེན་འདི་འདྲ་བ་ཞིག་ཐོབ་ཡོད་པས་དགའ་བ་བསྒོམ་དགོས་ངེས་ཡིན། དེས་ན་བསམ་བློ་གཏོང་ཚུལ་གང་འདྲ་ཞིག་དགོས་ཤེ་ན། “གལ་སྲིད་ང་ལ་འདི་འདྲ་བའི་ལུས་རྟེན་ཁྱད་པར་བ་དེ་བསྐྱར་དུ་ཐོབ་ན། ངས་དེ་བེད་སྤྱོད་གནད་ལ་སྨིན་པ་ཞིག་ད་ལྟ་རང་གཏོང་གི་ཡིན། འབྱུང་འགྱུར་ཡང་མུ་མཐུད་དེ་ལྟར་འཐོབ་ཕྱིར་སྨོན་ལམ་འདེབས་ཀྱི་ཡིན།” ཞེས་སེམས་ནང་དྲན་དགོས། ཞོགས་པ་སྔ་པོ་མལ་ལས་ལངས་པའི་ཚེ། “ང་རང་མ་ཤི་བར་དེ་རིང་ཡར་ལངས་རྒྱུ་བྱུང་བ་དེ་ཧ་ཅང་སྐལ་པ་བཟང་པོ་རེད།” ཅེས་བསམ་བློ་གཏོང་དགོས། དེ་རྗེས། “དེ་རིང་ངས་དལ་འབྱོར་གྱི་མི་ལུས་འདི་བེད་སྤྱོད་ཡག་པོ་ཞིག་གཏོང་གི་ཡིན།” ཞེས་ཀུན་སློང་ཡག་པོ་ཞིག་བཅོས་ནས་ཉིན་གང་པོ་ཀུན་སློང་དེས་ཟིན་པ་དགོས།
ད་ལྟ་ང་ཚོར་ཐོབ་པའི་ཚེ་སྲོག་འདི་ནི་ཧ་ཅང་རྩ་ཆེན་པོ་ཡིན། གང་ཡིན་ཞེ་ན། རྟེན་འདི་ལ་མི་ཁོམ་པ་བརྒྱད་ཀྱི་ལྡོག་ཕྱོགས་ཁོམ་པའམ་དལ་བ་བརྒྱད་ལྡན་ཅིང་། མི་ཁོམ་བརྒྱད་ཡོད་ན་ང་ཚོར་དམ་པའི་ཆོས་སྒྲུབ་པའི་གོ་སྐབས་མེད། མི་ཁོམ་བརྒྱད་ནང་མི་མ་ཡིན་གྱི་བརྒྱད་དང་མིའི་བརྒྱད་ཡོད། དེར་བརྟེན་ཞོགས་པ་གཉིད་སད་པའི་སྐབས། མདང་ནུབ་མ་ཤི་བར་དེ་རིང་བསྐྱར་དུ་ལངས་རྒྱུ་བྱུང་བ་དེ་ཧ་ཅང་སྐལ་བ་བཟང་པོ་རེད་ཅེས་བསམ་བློ་གཏོང་དགོས། གལ་སྲིད་ཤི་ནས་སངས་རྒྱས་ཀྱི་ཆོས་སྒྲུབ་པའི་གོ་སྐབས་ཅི་ཡང་མེད་པའི་འབུ་སྲིན་སོགས་མི་ཁོམ་པ་བརྒྱད་པོའི་གནས་སུ་སྐྱེས་ན། ང་ཚོར་ཐ་ན་ནང་ཆོས་ནས་གསུངས་པའི་ཐབས་ལམ་དེ་དག་ཐོས་པའི་གོ་སྐབས་ཀྱང་མེད། དེར་བརྟེན་ཞོགས་པ་གཉིད་སད་རྒྱུ་བྱུང་བའི་སྐབས་དགའ་བ་སྒོམ་དགོས་པ་དང་། མུ་མཐུད་གོ་སྐབས་དེ་འདྲ་ཡོང་བ་ཤོག་ཅེས་ཀུན་སློང་ཡག་པོ་ཞིག་བཅོས་དགོས་པ་དང་། བེད་སྤྱོད་ཚུལ་བཞིན་དུ་གཏོང་དགོས་ཀྱི་ཡོད། མཚན་མོ་གཉིད་མ་ཁུག་གོང་ལུས་རྟེན་འདི་ལ་ཡོད་པའི་གོ་སྐབས་དེ་དག་གནད་ལ་སྨིན་པ་ཞིག་བེད་སྤྱོད་གཏོང་གི་ཡིན་ཞེས་པའི་ཀུན་སློང་ཡག་པོ་ཞིག་ཡོད་ན། གཉིད་ཁུག་པའི་སྐབས་སུའང་དགེ་བའི་ལས་གསོག་ཐུབ་ཀྱི་ཡོད།
རྗེ་ཙོང་ཁ་པ་ཆེན་པོས། “ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །” ཞེས་གསུང་སྐབས་ཁོང་གིས་ཉིན་དང་མཚན་མོ་གཉིས་ཀར་ཉམས་སུ་ལེན་བཞིན་པའི་ཉམས་ལེན་དཔེར་ན། དལ་འབྱོར་མི་ལུས་ལས་སྙིང་པོ་ལེན་པ་ལྟ་བུའི་རིགས་ལ་གསུང་གི་ཡོད།
གཞུང་འདིའི་ནང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བརྗོད་གཞི་འདི་ནི་ཐོག་མར་མདོ་ནས་མགོ་བཙུགས་ཏེ་བརྗོད་གཞི་འདི་དང་འབྲེལ་བའི་ཐབས་ལམ་དང་གདམས་ངག་སྣ་ཚོགས་ཤིག་ང་ཚོས་ཕྱོགས་བསྡུས་བྱེད་དགོས་པ་ཞིག་ཡིན། མདོ་ནི་སངས་རྒྱས་ཉིད་ཀྱི་གསུང་ཡིན། དེ་ག་ནང་བཞིན་རྒྱ་གར་ནང་པའི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཁག་ལས་ཁ་སྐོང་བྱེད་དགོས། དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཆོས་རྒྱུད་དེ། བཀའ་རྒྱུད་དང་། རྙིང་མ། ས་སྐྱ། དགེ་ལུགས་བཅས་ཀྱི་མཁས་དབང་རྣམས་ཀྱིས་མཛད་པའི་གཞུང་རྣམས་ཀྱང་འདིར་ང་ཚོས་ལག་བསྟར་བྱེད་དགོས། ཕྱོགས་གཞན་ཞིག་ནས་ཞུས་ན། དལ་འབྱོར་གྱི་མི་ལུས་རིན་ཆེན་གྱི་བརྗོད་གཞི་འདི་དང་འབྲེལ་བའི་ཐབས་ལམ་གང་ཡིན་ཀྱང་། ནང་པའི་ཚད་དང་ལྡན་པའི་ཁུངས་གང་ཞིག་ནས་འབྱུང་རུང་ཁྱད་པར་མེད་པར་ང་ཚོས་འདིར་ཉམས་ལེན་བྱེད་དགོས། དཔེར་ན། གལ་སྲིད་ང་ཚོར་བྱེ་མ་ཀ་ར་བླུགས་སའི་སྣོད་ཅིག་ཡོད་ན། བྱེ་མ་ཀ་ར་ཚོང་ཁང་གང་ནས་བྱུང་མིན་ཁྱད་པར་མེད་པར་བྱེ་མ་ཀ་ར་ཚང་མ་དེའི་ནང་བླུགས་དགོས་པ་ལྟ་བུ་རེད།
ད་ལྟ་ང་ཚོར་དལ་འབྱོར་གྱི་མི་ལུས་འདི་ཡོད་སྐབས་བེད་སྤྱོད་ཡག་པོ་ཞིག་མ་བཏང་ན། ཡང་བསྐྱར་རྙེད་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། གལ་སྲིད་མིའི་ལུས་རྟེན་འདི་ཡང་ནས་ཡང་དུ་རྙེད་ཐུབ་པའི་གནད་དོན་ཞིག་ཡིན་ན། གནས་ཚུལ་ཐ་དད་རེད། འོན་ཀྱང་དེ་ལྟར་མ་རེད། དེར་བརྟེན་ད་ལྟ་ང་ཚོས་བེད་སྤྱོད་ཡག་པོ་མ་བཏང་ན། གོ་སྐབས་འདི་འདྲ་བ་ཡང་བསྐྱར་ཐོབ་རྒྱུ་ཧ་ཅང་དཀའ། དཔེར་ན། མི་ཤེད་ཤུགས་དང་དཔའ་བློ་སྟོབས་ཆེན་པོ་ཞིག་ལ་ཡན་ལག་མེད་ན། ཤེད་ཤུགས་ཆེན་པོ་ག་ཚོད་ཡོད་ཀྱང་རླབས་ཆེ་བའི་བྱ་བ་གང་ཡང་སྒྲུབ་མི་ཐུབ་པ་ལྟར། ད་ལྟའི་ང་ཚོའི་དལ་འབྱོར་གྱི་མི་ལུས་འདི་ནམ་ཞིག་བརླགས་ཚེ་ང་ཚོས་གང་ཡང་བྱེད་མི་ཐུབ།
གལ་སྲིད་ང་ཚོའི་མིའི་ལུས་རྟེན་འདི་ཤུགས་ཆེན་པོ་དང་འཆི་རྒྱུ་མེད་པ་ཞིག་ཡིན་ན། གནས་ཚུལ་ཐ་དད་རེད། འོན་ཏེ་དེ་ལྟར་མ་རེད། དེ་ནི་སྟོབས་ཤུགས་ཧ་ཅང་ཆེན་པོ་མེད་པ་ཞིག་ཡིན། མ་ཟད་ང་ཚོ་སྐྱེ་བ་བླངས་པ་དང་། ནམ་ཞིག་འཆི་རྒྱུ་མ་གཏོགས་གཞན་ཅི་ཡང་མེད། གལ་སྲིད་ས་གནས་ཤིག་ལ་ཕྱིན་ནས་གནས་དེར་མི་རྣམས་འཆི་དགོས་ཀྱི་མེད་ན། དེ་ནི་ངོ་མཚར་རྨད་དུ་བྱུང་བ་ཞིག་རེད། འོན་ཀྱང་དོན་དངོས་སུ་ས་ཆ་དེ་འདྲ་མེད། འཆི་བ་ལས་གཡོལ་ནས་འགྲོ་སའི་གནས་གཅིག་ཀྱང་མེད། དེར་བརྟེན་འཆི་བར་དྲན་ཤེས་བསྟེན་རྒྱུ་གནད་འགག་ཆེན་པོ་རེད།
འཆི་བ་དང་མི་རྟག་པ།
ང་ཚོས་འཆི་བ་དང་ངན་སོང་གི་གནས་ཀྱི་སྐོར་རྣ་བ་ཐོས་སྐབས། ཚེ་འདི་སྣང་གི་བྱ་དངོས་གཞན་དང་མི་འདྲ་བར་ང་ཚོ་མང་ཆེ་བས་འཇིགས་སུ་རུང་བ་ཞིག་མཐོང་གི་ཡོད། དེ་དག་གི་སྐོར་ཉན་པ་ནི་སྒྲུང་མི་སྙན་པ་ཞིག་ཉན་པ་དང་འདྲ་པོ་ཆགས་ཀྱི་ཡོད། ང་ཚོས་དེ་ལ་དགའ་པོ་བྱེད་ཀྱི་མེད། དེ་ལས་ལྡོག་སྟེ། འཆི་བ་དང་ངན་སོང་གི་གནས་ལྟ་བུ་མེད་ཅེས་རྣ་བར་ཐོས་པ་ནི་སྒྲུང་སྙན་པོ་ཞིག་ཉན་པ་དང་འདྲ་པོ་ཡོད། འོན་ཀྱང་འཆི་བ་སོགས་མེད་ཅེས་ཟེར་བའི་སྒྲུང་སྙན་པོ་དེ་དོན་དངོས་སུ་དོན་ལ་མི་གནས་པ་དང་རྫུན་གཏམ་རང་ཡིན།
གལ་སྲིད་ང་ཚོས་འཆི་བ་དང་ངན་འགྲོའི་སྐྱེ་གནས་སྐོར་གྱི་སྒྲུང་དེ་དག་ཉན་འདོད་མེད་ན། རྩ་བ་ནས་ཉན་རྒྱུ་མེད། གང་ཡིན་ཟེར་ན། དེ་དག་སྙན་པོ་མེད་པ་དང་སེམས་ནང་སྐྱིད་པོ་མེད་པ་བཟོ་གི་ཡོད། བསམ་ཕྱོགས་དེ་ལྟར་ཁྱེར་ནས་ང་ཚོས་འཆི་བ་དང་ངན་འགྲོའི་གནས་སུ་སྐྱེ་བ་ལེན་པ་མེད་པ་བཟོ་ཐུབ་ན། ཧ་ཅང་ཡག་པོ་རེད། འོན་ཀྱང་བཟོ་ཐུབ་ཐབས་མེད། དེ་དག་གི་སྐོར་ཉན་འདོད་མེད་པའམ་དེ་དག་ཡིད་ཆེས་མ་བྱས་པར་དེ་དག་མེད་པ་བཟོ་མི་ཐུབ། དོན་དངོས་ཐོག་འཆི་བ་དང་མི་རྟག་པ་སོགས་ཀྱི་སྒྲུང་ནི་སྒྲུང་ཙམ་མིན་པར། དངོས་གནས་ཡིན། ང་ཚོ་སྐྱེས་ཙམ་ནས་འཆི་བའི་བདག་ཉིད་དུ་གྲུབ་ཅིང་འཆི་བ་མངོན་དུ་འགྱུར་མ་འགྱུར་ནི་དུས་ཀྱི་སྔ་ཕྱི་ཙམ་ཡིན། དེར་བརྟེན་དེ་དག་གི་སྐོར་ཐོས་བསམ་བྱས་ཏེ་འཆི་བ་ཐོག་ཏུ་བབས་པའི་ཚེ་སེམས་ནང་དངངས་སྐྲག་མེད་པར་ལྷོད་ལྷོད་ངང་འགྲོ་ཐུབ་པ་ཞིག་ཡོང་བར་སྔ་ས་ནས་གྲ་སྒྲིག་བྱེད་དགོས།
དེ་ནི་ “ང་འཆི་རྒྱུ་རེད། ང་འཆི་རྒྱུ་རེད།” ཅེས་ཟེར་ནས་དངངས་སྐྲག་བྱས། བློ་ཕམ་བྱས་ནས་སྡོད་རྒྱུའི་གནད་དོན་མ་ཡིན། དེ་ལྟར་བྱས་ན་ཕན་ཐོགས་ཅི་ཡང་མེད། གང་ཡིན་ཟེར་ན། འཆི་བ་ཐོག་ཏུ་བབས་པའི་ཚེ་སེམས་ནང་དངངས་སྐྲག་དང་ཞེད་སྣང་བྱས་སྡོད་མི་དགོས་པར་ལྷོད་ལྷོད་ཡོང་བའི་སྔོན་འགོག་གི་ཐབས་ལམ་ཡོད་ཅིང་ཐབས་ལམ་དེ་དག་ང་ཚོས་ལག་བསྟར་ཐུབ་པ་ཞིག་ཡིན། ཐབས་ཤེས་དེ་འདྲ་ཡོད་བཞིན་དུ་ང་ཚོས་བེད་སྤྱོད་མ་བཏང་ན། དེ་དངོས་གནས་ངོ་ཚ་དགོས་པ་ཞིག་དང་། འཕྲོག་བརླག་རང་རེད།
ད་དུང་ང་ཚོར་འཆི་བར་དྲན་ཤེས་མ་བསྟེན་ན་ཡག་པ་ཡོད་རྒྱུ་རེད་བསམ་པའི་བསམ་བློ་ལོག་པ་དེ་འདྲ་ཡོད་ཤས་ཆེ། འོན་ཀྱང་གལ་སྲིད་འཆི་བར་དྲན་ཤེས་མ་བསྟེན་ན། ང་ཚོས་ཆོས་ནས་གསུངས་པའི་གཉེན་པོ་དེ་དག་བསྟེན་རྒྱུར་དྲན་ཤེས་མ་བསྟེན་པའི་ཉེས་དམིགས་འཕར་མ་ཡོང་གི་ཡོད། ཐ་ན་ང་ཚོས་ཆོས་ནས་གསུངས་པའི་ཐབས་ཤེས་དེ་དག་ལ་དྲན་ཤེས་བསྟེན་ཀྱང་མུ་མཐུད་དེ་མ་བསྟེན་ན། ང་ཚོའི་ཉམས་ལེན་རྣམས་གནད་ལ་སྨིན་པོས་མཇུག་འཁྱོངས་བ་ཞིག་ཡོང་མི་ཐུབ། ང་ཚོས་ནང་ཆོས་ཀྱི་ཐབས་ལམ་དེ་དག་ཉམས་སུ་བླངས་ནས་མཇུག་འཁྱོངས་བ་ཞིག་བྱེད་མ་ཐུབ་ན། འཆི་བར་དྲན་ཤེས་ཏག་ཏག་མ་བསྟེན་པའི་ཉེས་དམིགས་ཡོད།
མི་ཁ་ཤས་ཀྱིས་རང་གི་མི་ཚེ་གང་པོར། དཔེར་ན། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་སོགས་མི་དགེ་བའི་ལས་ཤ་སྟག་བྱས་ནས་སྡོད་ཀྱི་ཡོད། ཁོང་ཚོས་ལས་ཀ་དེ་ལྟར་བྱེད་པའི་རྒྱུ་མཚན་གཅིག་ནི་འབྱུང་བར་ངེས་པའི་འཆི་བ་མི་རྟག་པར་དྲན་ཤེས་མ་བསྟེན་པ་ལས་ཡོང་གི་ཡོད། གལ་སྲིད་ང་ཚོ་གསོན་པའི་རིང་ཚེ་འདི་སྣང་གི་བྱ་བ་རྐྱང་རྐྱང་ལ་མགོ་འཁོར་ནས་བསྡད་ན། ལྷག་པར་མི་དགེ་བ་དང་གཞན་ལ་གནོད་པའི་ལས་ཤ་སྟག་བྱས་བསྡད་ན། འཆི་བ་ཐོག་ཏུ་བབས་པའི་ཚེ་སེམས་ནང་དངངས་སྐྲག་དང་རྐྱེན་ངན་ཤ་སྟག་གིས་ཁེངས་ནས་ཤི་དགོས་པ་ཆགས་རྒྱུ་ཉག་ཅིག་རེད། མ་ཟད་སོ་སོའི་འཁྲིས་སུ་ཡོད་པའི་མི་ཚང་མའང་མ་སྐྱིད་པ་བཟོ་གི་ཡོད། དངངས་སྐྲག་དང་མ་སྐྱིད་པའི་སྟེང་སེམས་ནང་འགྱོད་པ་དྲག་པོས་མནར་ནས་ཐབས་སྐྱོ་པོའི་ངང་འཆི་དགོས་པ་ཡོང་གི་ཡོད། དེ་དག་ཚང་མ་འཆི་བ་མངོན་དུ་མ་འགྱུར་གོང་འཆི་བ་ལ་དྲན་ཤེས་མ་བསྟེན་པའི་སྐྱོན་ནམ་ཉེས་དམིགས་ཡིན།
ཕྱོགས་གཞན་ཞིག་ནས། ང་ཚོས་འཆི་བར་དྲན་ཤེས་བསྟེན་ན། དེས་ང་ཚོར་ཆོས་ཉམས་ལེན་ལ་འཇུག་པའི་སྐུལ་འདེད་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོས་ཆོས་ཕྱོགས་ཀྱི་ཉམས་ལེན་དང་ཉམས་ལེན་དེར་འཇུག་རྒྱུའི་སྐུལ་འདེད་ལ་བསམ་བློ་གཏོང་སྐབས། སྐུལ་འདེད་དང་པོ་དེ་འབྱུང་བར་ངེས་པའི་འཆི་བར་དྲན་ཤེས་བརྟེན་རྒྱུ་དེ་ཡིན།
བདག་ཅག་གི་སྟོན་པོས་ཆོས་འཁོར་དང་པོ་བསྐོར་བའི་སྐབས་ཐོག་མར་བསྟན་པ་གཅིག་ནི་ཆོས་གང་ཡང་འགྱུར་བ་མེད་པར་གཏན་དུ་མི་གནས་ཞེས་མི་རྟག་པ་གསུངས། དཔེར་ན། སངས་རྒྱས་ཉིད་རྒྱལ་པོའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས་ནས་དཔལ་འབྱོར་རམ་རྒྱུ་ནོར་གྱིས་ཕྱུག་པའི་རྒྱལ་སྲས་ཤིག་ཡིན། འོན་ཀྱང་རྒྱལ་པོའི་གྲོང་ཁྱེར་གྱི་ཟུར་ནས་མི་ཞིག་གིས་ཕུང་པོ་ཁྱེར་བ་གཟིགས་པས། རྒྱལ་གཞིས་གཡུགས་ནས་རྩེ་གཅིག་ཏུ་སྒོམ་སྒྲུབ་ལ་གཞོལ་བར་ཕེབས་པའི་རྐྱེན་བྱས། འཆི་བའི་དཔེ་མཚོན་དེ་གཟིགས་པས་ཐམས་ཅད་བློས་གཏོང་མཛད་དེ་སྒྲུབ་པ་ལ་རྩེ་གཅིག་ཏུ་འབུངས་དགོས་བྱུང་བ་རེད།
འཆི་བ་དང་མི་རྟག་པ་མཐོང་བ་དེ་ང་ཚོའི་ཆོས་ཕྱོགས་ཀྱི་ཉམས་ལེན་གྱི་སྐུལ་འདེད་ཙམ་མ་ཟད་ད་དུང་ཉམས་ལེན་དེ་དག་གི་རིམ་པ་ཚུལ་བཞིན་དུ་བྱས་ཏེ་མཐར་འདོད་དོན་སྒྲུབ་པའི་སྐུལ་འདེད་ཀྱང་ཡིན། དེ་ནི་ང་ཚོས་མཁས་གྲུབ་གཉིས་ལྡན་གྱི་ཉམས་ལེན་པ་དང་ཕུལ་བྱུང་གི་སྐྱེ་བོ་རྣམས་ཀྱི་ཞལ་ཐང་ལས་མཇལ་ཐུབ་པ་ཞིག་ཡིན། དེ་དག་ལས་མང་པོ་ཞིག་གིས་མིའི་རུས་པ་ལས་གྲུབ་པའི་རྒྱན་ཆ་དང་མིའི་རུས་པའི་ཡོ་ཆས་རྣམས་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། ཀླད་རུས་ཀྱི་ཕོར་པའམ་ཀ་པཱ་ལ་དང་བརླ་རུས་ཀྱི་རྐང་གླིང་ལྟ་བུ། དེ་དག་གི་དགོས་དོན་གཙོ་བོ་ནི་མི་རྣམས་ལ་འཆི་བ་དང་མི་རྟག་པར་དྲན་ཤེས་མུ་མཐུད་བསྟེན་དགོས་ཕྱོགས་ལ་སྐུལ་འདེད་ཙམ་ཡིན།
དེར་མ་ཟད། འཆི་བ་དང་མི་རྟག་པར་དྲན་ཤེས་མུ་མཐུད་བསྟེན་པ་ནི་ང་ཚོའི་སེམས་དོན་གྱི་འགྲུལ་བཞུད་དེ་མཇུག་འཁྱོངས་བ་ཞིག་ཡོང་བའི་སྐུལ་འདེད་ཡིན། གལ་སྲིད་ང་ཚོས་འཆི་བ་མི་རྟག་པར་ངེས་ཤེས་རྙེད་ན། ཆོས་ཕྱོགས་ནས་བསམ་བློ་གཏོང་བའི་བློ་ཤུགས་ཆེན་པོ་ཞིག་བསྐྱེད་ཐུབ་པ་ཡོང་གི་ཡོད། སངས་རྒྱས་ཉིད་ཀྱང་རྩཱ་མཆོག་གྲོང་དུ་སྐུ་མྱ་ངན་འདས་པའི་ཚུལ་བསྟན་པའི་སྐབས། གང་གི་འདུལ་བྱ་རྣམས་ལ་མཐའ་མའི་བསྟན་བྱ་དེའང་མི་རྟག་པ་ཡིན།
ང་ཚོར་ཆོས་རྣམས་འགྱུར་བ་མེད་པར་མི་གནས་པའི་རང་བཞིན་འཆི་བ་དང་མི་རྟག་པར་གོ་བ་རྣལ་མ་ཞིག་རྙེད་ན། དེ་ནི་སྐྱེ་བོ་ཆུང་ངུའི་ལམ་དངོས་དེ་ཡིན། གོ་བ་དེ་ནི་རིམ་པས་སྐྱེ་བོ་འབྲིང་གི་བསམ་པ་དང་མཐར་སྐྱེ་བོ་ཆེན་པོའི་བསམ་པ་སྐྱེ་བའི་གཞི་རྟེན་ནམ་རྨང་གཞི་དེ་ཡིན། མི་རྟག་པ་རྟོགས་རྒྱུ་དེ་བྱམས་པ་དང་སྙིང་རྗེ་རྒྱུད་ལ་སྦྱོང་བར་དགོས་ངེས་ཅན་གྱི་ཆ་རྐྱེན་ཞིག་ཆགས་ཡོད། མདོར་ན། ཆོས་ཕྱོགས་ཀྱི་ཉམས་ལེན་ཐམས་ཅད་ཡང་དག་པ་དང་རྣལ་མ་ཞིག་ཡོང་བའི་རྐྱེན་རྩ་ཞིག་ཡིན། དེར་མ་ཟད། མི་རྟག་པར་གོ་བ་བརྟན་པོ་ཞིག་རྙེད་པ་དེའི་ཐོག་ནས་ང་ཚོས་ཆོས་ཀྱི་ཉམས་ལེན་རྣམས་བྱེད་ཐུབ། ཐ་ན་ང་ཚོ་ཤི་བའི་སྐབས་སེམས་མ་འཁྲུགས་པ་ཞི་ལྷོད་ངང་ཤི་ཐུབ། ཨ་ཅང་ཅང་ང་ཚོ་འཆི་མི་དགོས་པར་འགྲོ་སའི་ལམ་ཞིག་རྩ་བ་ནས་མེད། འོན་ཀྱང་མི་རྟག་པ་རྟོགས་པ་དེས་འཆི་བར་སེམས་སྐྱིད་པོ་དང་ཞི་བདེའི་ངང་གདོང་ལེན་ཐུབ་ཅིང་འགྱོད་པ་མེད་པ་ཡོང་གི་ཡོད།
འཆི་བར་དྲན་ཤེས་བསྟེན་ཚུལ།
འཆི་བ་དང་མི་རྟག་པའི་ཐོག་ནས་གོ་སྡུར་བྱ་རྒྱུ་དང་། དྲན་ཤེས་བསྟེན་པའི་ཕན་ཡོན་དང་མ་བསྟེན་པའི་ཉེས་དམིགས་སོགས་གོ་སྡུར་བྱ་རྒྱུའི་གནད་དོན་མང་པོ་ཡོད། མདོར་ན། ང་ཚོས་། “འཆི་བར་དྲན་ཤེས་དངོས་སུ་བསྟེན་ཚུལ་ཇི་ལྟར་ཡིན་ནམ།” ཞེས་དྲིས་ན། དེའི་སྐོར་གཤམ་གྱི་ཤོ་ལོ་ཀ་དེའི་ཚིག་རྐང་དང་པོ་གཉིས་ཀྱིས་འགྲེལ་བཤད་རྒྱག་གི་རེད།
༣༽ ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན།། མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌།། ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན།། དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ།། ཞེས་གསུངས་ཡོད།
འཆི་བའི་སྐོར་བསམ་བློ་གཏོང་དགོས་པའི་གནད་དོན་དང་པོ་ནི་འཆི་བ་ངེས་པ་ཡིན་པའི་ཚུལ་དེ་ཡིན། གཉིས་པ་ནི་ནམ་འཆི་ངེས་མེད་དེ་ཡིན། གསུམ་པ་ནི་འཆི་བའི་ཚེ། ཚེ་འདིའི་ནང་རང་གིས་སྔོན་འགོག་གི་ཐབས་ལམ་ཆོས་མ་གཏོགས་གཞན་གང་གིས་ཀྱང་ཕན་ཅི་ཡང་མི་ཐོགས་པའི་ཚུལ་བཤད་པ་བཅས་ཡིན།
འཆི་བ་ངེས་པའི་ཐོག་ནས་བསམ་ཞིབ་བྱ་རྒྱུའི་གནད་དོན་མང་པོ་ཡོད། ང་ཚོ་ལུས་རྟེན་གང་འདྲ་ཞིག་ཏུ་སྐྱེ་བ་བླངས་ཀྱང་ཁྱད་པར་མེད། འཆི་མི་དགོས་པ་དང་འཇིག་མི་དགོས་པའི་ལུས་རྟེན་གཅིག་ཀྱང་མེད། དེང་གི་དུས་སུ་སྨན་ཁང་ཧ་ཅང་ཡག་པོ་དེ་འདྲ་ཡོད་ཅིང་། དེ་དག་ནང་ལག་རྩལ་བྱང་ཆུབ་པའི་སྨན་པ་དང་ནུས་མཐུ་ཆེ་བའི་སྨན་དང་རྫས་སོགས་ཡོད་ཀྱང་། དེ་དག་སྟོབས་ཤུགས་ག་ཚོད་ཆེན་པོ་ཡོད་ཀྱང་། འཆི་བའི་ན་ཚ་འདི་བཅོས་ཐབས་མེད། འཆི་བ་ལས་སྐྱོབ་ཐུབ་མཁན་གཅིག་ཀྱང་མེད་ལ་སྨན་ཁང་གང་གིས་ཀྱང་འདི་ལས་སྐྱོབ་མི་ཐུབ། རྒྱུ་མཚན་ནི་དེ་འདྲ་བའི་སྨན་ཁང་སོགས་ཡོད་ན་མཐོང་ཆོས་སུ་ཡོད་དགོས་ཤིང་། སྔོན་ཚུད་ནས་དེ་འདྲའི་སྨན་ཁང་ཞིག་འཛུགས་བསྐྲུན་ཟིན་ཡོད་ཤག་རེད། ཐ་ན་སངས་ཡོངས་སུ་རྒྱས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཀྱང་། མ་གཞི་སེམས་ཀྱི་དྲི་བ་མཐའ་དག་བསལ་ནས་བྱང་ཆུབ་ཀྱི་གོ་འཕང་ཐོབ་ཀྱང་། རྩ་མཆོག་གྲོང་དུ་སྐྱེ་བོ་ཕལ་པ་ནང་བཞིན་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་མཛད་ཡོད། གནས་དེ་ང་ཚོས་ད་ལྟའང་མཇལ་རྒྱུ་ཡོད།
མི་ཁ་ཤས་ལོ་ངོ་སྟོང་ཕྲག་བསྡད་ཡོད་ཀྱི་རེད། འོན་ཏེ་ཡེ་ཤུའི་གསུང་རབ་ནང་གསལ་བའི་ལོ་ཚད་མང་ཤོས་བསྡད་མྱོང་མཁན་མེ་ཐིའུ་ཛི་ལ་ Methuselah ལྟ་བུ་ལོ་ངོ་ག་ཚོད་མང་པོ་བསྡད་ཐུབ་ཀྱང་འཆི་བའི་ཆོས་ཉིད་ལས་བྲོས་ཐུབ་མཁན་སུ་གཅིག་ཀྱང་བྱུང་མེད། མཐར་ཚང་མ་འཆི་དགོས་ཀྱི་ཡོད།
གཞན་ཡང་ང་ཚོ་འགྲོ་སའི་ས་ཆ་ཧ་ཅང་མང་པོ་ཡོད་ཀྱང་འཆི་བ་ལས་ཐར་ནས་འགྲོ་སའི་ས་ཆ་གཅིག་ཀྱང་མེད། བོད་མི་འགའ་ཞིག་གིས་རྒྱ་གར་གྱི་ས་ཁུལ་གང་སར་འགྲུལ་བསྐྱོད་བྱས་ཏེ་ཁོ་རང་ཚོར་ཕོག་པའི་བཅོས་ཐབས་མེད་པའི་ན་ཚ་དེ་དག་བཅོས་ཐབས་ཤིག་འཚོལ་བར་ཕྱིན་ཡོད། འོན་ཏེ་གཅིག་ཀྱང་རྙེད་ཐུབ་མེད། ཐ་ན་ཁོང་ཚོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཕྱིན་ནས་འཚོལ་སྒྲུབ་བྱས་ཡོད་ཀྱང་རྙེད་མེད། དུས་ཚོད་སླེབས་ན་ང་ཚོ་འཆི་བའི་བརྒྱུད་རིམ་དེའི་འོག་ཏུ་འགྲོ་དགོས་ཀྱི་ཡོད། འཆི་དགོས་ཀྱི་ཡོད། ང་ཚོར་སྨན་ཁང་ཡག་པོ་དང་སྨན་རྫས་གསར་པ་ག་ཚོད་ཡོད་ཀྱང་། འཆི་བའི་དུས་ཚོད་སླེབས་ན། གང་གིས་ཀྱང་དེ་ལས་སྐྱོབ་མི་ཐུབ། ཐ་ན་སྨན་པ་ཁོ་རང་ཚོའང་ན་བའི་སྐབས་སྨན་ཁང་ལ་ཕྱིན་ནས་མཐར་འཆི་དགོས་ཀྱི་ཡོད།
དེར་མ་ཟད། དུས་ཚོད་ག་དུས་འཆི་རྒྱུ་ཡིན་པའང་ངེས་པ་མེད། གནས་སྐབས་གང་དུའང་ངེས་མེད་དུ་འཆི་བ་ཐོག་ཏུ་འབབ་སྲིད། དེ་ཡང་གཞུང་འདིའི་ནང་། “ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །” ཞེས་དཔེ་ཞིག་གི་ཐོག་ནས་དེ་འགྲེལ་བཤད་བརྒྱབ་ཡོད། ང་ཚོས་རྒྱུག་ཆུ་ཞིག་གི་སྟེང་ཆུ་བུར་གཡོ་བར་བལྟས་ཚེ། ཆུ་བུར་དེ་དག་འཁྱུག་ཙམ་ལས་མི་གནས་པར་ཡལ་འགྲོ་གི་ཡོད་ཅིང་། བརྟན་པོ་མེད་པར་ངེས་མེད་དུ་ཡལ་འགྲོ་གི་ཡོད། ང་ཚོའི་ཚེ་སྲོག་ནི་དེ་དང་རྣམ་པ་ཀུན་ཏུ་མཚུངས་པ་ཡིན།
དེ་དག་ཚང་མ་ང་ཚོས་རང་སྟེང་ནས་མཐོང་རྒྱུ་ཡོད་པ་ཞིག་ཡིན། མདོར་ན་ང་ཚོ་ག་དུས་འཆི་མིན་ངེས་བརྟན་མེད། དེ་ཡང་དེབ་ནང་ནས་སློབ་སྦྱོང་བྱེད་དགོས་པ་མིན་པར། ང་ཚོས་སོ་སོའི་མི་ཚེའི་ནང་གི་ཉམས་མྱོང་ལས་ཤེས་ཐུབ། དེ་དག་གི་བསྟན་དོན་ནི་ང་ཚོས་ཉམས་ལེན་ཐད་སང་འགྱངས་གནངས་འགྱངས་བྱས་ཏེ་བསམ་བློ་ལྐུགས་པ་གཏོང་མི་ཉན། དེ་ལྟར་བྱས་ན། ལེ་ལོའི་གཞན་དབང་དུ་སོང་ནས་ཅི་ཡང་སྒྲུབ་མི་ཐུབ། གང་ཡིན་ཞེ་ན། ང་ཚོ་ག་དུས་འཆི་མིན་བཤད་ཚོད་མི་ཐིག་པ་ཡིན། དེར་བརྟེན་གཞུང་ནང་། “མྱུར་དུ་འཇིག་པའི་འཆི་བ་དྲན་པ་དང༌། །” ཞེས་གསུངས་པ་བཞིན། འཆི་བ་མྱུར་དུ་ཡོང་བ་ངོས་ལེན་བྱས་པའི་ཐོག་ད་ལྟ་ནས་བཟུང་ང་ཚོས་ཆོས་ལས་གསུངས་པའི་ཐབས་ལམ་རྣམས་ཉམས་ལེན་ཚུལ་བཞིན་དུ་བྱ་དགོས་ཞེས་ཐག་བཅད་དགོས།
དེ་ག་ནང་བཞིན་ཆོས་རྣམས་ཧ་ཅང་མྱུར་པོའི་སྒོ་ནས་འཇིག་ཚུལ་གྱི་དཔེ་མང་དག་ཅིག་ང་ཚོས་མཐོང་ཐུབ། དཔེར་ན། ཉི་མ་ཤར་བ་དང་དེ་ནུབ་དགོས་ཀྱི་ཡོད་པ་ལྟ་བུ་དང་། ང་ཚོ་མེ་འཁོར་ནང་འགྲུལ་བསྐྱོད་བྱེད་པའམ། ཡང་ན་གནམ་གྲུ་འཕུར་བཞིན་པའི་སྐབས་དེ་བརྟན་པོར་མི་སྡོད་པར། མུ་མཐུད་དེ་འགྲོ་ཡུལ་དུ་བསྐྱོད་བཞིན་ཡོད་པ་ལྟར། མི་ཚེ་ཡང་དེ་དང་གཅིག་མཚུངས་སུ་འགྲོ་བཞིན་ཡོད། འཆི་བ་ནི་ཡོང་ངེས་པ་ཡིན། དེ་ལས་གཡོལ་ཐབས་ཤིག་མེད། ང་ཚོས་ཚེ་འདི་ཁོ་ནའི་དོན་དུ་རྒྱུ་ནོར་གསོག་སྲུང་ཆེད་སེམས་ཁུར་བྱས་ཏེ། རང་གིས་རང་མགོ་སྐོར་བཏང་ན། དེས་ཕན་ཐོགས་གང་ཡང་མི་ཡོང་། འཆི་བའི་དུས་ཚོད་སླེབས་ཚེ། དེ་དག་གཅིག་ཀྱང་ང་ཚོ་དང་མཉམ་དུ་ཁྱེར་ནས་འགྲོ་མི་ཐུབ།
དཀར་ནག་ལས་ཀྱི་ནུས་པ།
འོ་ན་ང་ཚོ་ཤི་བའི་རྗེས་སུ་གང་འབྱུང་ངམ། ཡང་ན་ང་ཚོས་མཉམ་དུ་གང་འཁྱེར་ཐུབ་བམ་ཞེ་ན། ལུས་རྗེས་སུ་འདེད་པའི་གྲིབ་མའི་དཔེ་བཞིན་ཡིན། ང་ཚོས་སོ་སོའི་མི་ཚེའི་ནང་བསགས་པའི་ལས་ཀྱི་ནུས་པ་སྣ་ཚོགས་པ་རྣམས་ལུས་ལ་བརྟེན་པའི་གྲིབ་མ་དང་འདྲ་བ་ཡིན། དེ་ལ་དཀར་པོ་དགེ་བའི་ལས་དང་ནག་པོ་མི་དགེ་བའི་ལས་ཞེས་ཟེར་བ་ལྟར་ཡོང་གི་ཡོད།
ང་ཚོ་ཚང་མས་བདེ་བ་འདོད་ཅིང་སྡུག་བསྔལ་ལམ་དཀའ་ངལ་རྩ་བ་ནས་འདོད་ཀྱི་མེད། དེ་དག་གང་ལས་འབྱུང་ངམ་ཞེ་ན། ང་ཚོའི་བདེ་བ་ཐམས་ཅད་སོ་སོས་བསགས་པའི་དཀར་པོ་དགེ་བའི་ལས་ལ་བརྟེན་ནས་འབྱུང་བ་དང་། ཆབས་ཅིག་མི་འདོད་པའི་སྡུག་བསྔལ་རྣམས་ནག་པོ་མི་དགེ་བའི་ལས་ལ་བརྟེན་ནས་འབྱུང་གི་ཡོད། ང་ཚོ་འཆི་བའི་ཚེ་མཉམ་དུ་འཁྱེར་རྒྱུ་ཡོད་པ་དཀར་ནག་གི་ལས་དེ་གཉིས་ཡིན་ན། དེ་གཉིས་ལས་དཀར་པོ་དགེ་བའི་ལས་འཁྱེར་ཐུབ་པ་བྱུང་ན་རྦད་དེ་དགེ་མཚན་ཆེ་བ་ཡོད་པ་ང་ཚོས་གསལ་པོར་མཐོང་ཐུབ། དཀར་པོ་དགེ་བའི་ལས་མང་ཙམ་གསོག་ཐུབ་ན་དེའི་ཚོད་ཀྱིས་རང་ལ་སྐྱེ་བ་རྗེས་མར་བདེ་བ་དང་ལམ་འགྲོ་ཆེ་བ་ཡོང་རྒྱུ་ཉག་ཅིག་རེད། དེས་ན་སྐྱེ་བ་ཕྱི་མར་རང་ལ་སྡུག་བསྔལ་དང་དཀའ་ངལ་ཤ་སྟག་སྟེར་མཁན་ནག་པོ་མི་དགེ་བའི་ལས་སུ་འཇུག་མི་རུང་བ་ཧ་ཅང་གསལ་པོ་ཡིན། དེར་བརྟེན་ནང་ཆོས་ལས་གསུངས་པའི་ཐབས་ལམ་དང་སེམས་དོན་གྱི་ཉམས་ལེན་ལ་དགའ་ཞིང་སྤྲོ་ཞིང་དུ་འཇུག་རྒྱུ་གནད་འགག་ཆགས་ཡོད། ཉམས་ལེན་དེ་དག་ཀྱང་རང་རྒྱུད་དུ་བདེ་བའི་རྒྱུ་དགེ་བའི་ལས་གསོག་ཆེད་ཞིང་དེ་ལ་བརྟེན་ནས་མ་འོངས་པར་སོ་སོའི་མི་ཚེར་ཕན་ཐོགས་ཧ་ཅང་ཆེ། ང་ཚོ་འཆི་བའི་ཚེ་དེས་མ་གཏོགས་གཞན་གང་གིས་ཀྱང་ཕན་མི་ཐོགས་པ་ཤེས་དགོས། དེས་ན་སོ་སོའི་ནུས་པ་ཡོངས་རྫོགས་ཁ་ཕྱོགས་མ་ནོར་བ་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡིན་ཞེས་ཐག་གཅོད་ཡང་དག་པ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
སྤྱིར་དཀར་ནག་གི་ལས་གྲངས་ལས་འདས་པ་ཡོད་ཅིང་། དེ་དག་བསྡུས་ན་དཀར་པོ་དགེ་བའི་ལས་བཅུ་དང་ནག་པོ་མི་དགེ་བའི་ལས་བཅུར་བསྡུ་གི་ཡོད། དཀར་ནག་གི་ལས་བཅུ་ཚན་གཉིས་པོ་སོ་སོའི་ཐད་ཞིབ་ཅིང་རྒྱས་པ་ཤེས་རྟོགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་གཉིས་ཤེས་པའི་ཐོག་ལ་གཞི་བཞག་སྟེ་སྐྱེ་བོ་ཆེན་པོའི་བསམ་པ་བསྐྱེད་ཐབས་བྱེད་པའི་སྐབས་ང་ཚོས་རིམ་གྱིས་ཡར་རྒྱས་དང་རྒྱ་སྐྱེད་གཏོང་ཐུབ།
ང་ཚོ་ཤི་བའི་རྗེས། ཅི་སྟེ་སྐྱེ་བ་ཕྱི་མ་ཟེར་བ་མེད་ན། འཆི་བ་ནི་འཆི་བ་ཙམ་དུ་ཟད་དེ་ང་ཚོ་དེ་ལ་དོ་ནན་བྱ་དགོས་དོན་ཅི་ཡང་མེད། འོན་ཏེ་གཞུང་ནང་། “ཤི་བའི་རྗེས་སམ་སྐྱེ་བ་ཕྱི་མ་” ཞེས་གསུང་པ་སོང་ཙང་། ཕྱི་མར་གང་འབྱུང་མིན་བསྟན་གྱི་ཡོད། དེས་ན་སྐྱེ་བ་ཕྱི་མ་ཡོད་པ་ནི་དངོས་གནས་ཡིན་པས་སེམས་ནང་ངེས་བརྟན་བཟོ་དགོས། སྐྱེ་བ་ཕྱི་མ་མེད་ཅེས་ཟེར་མཁན་མི་མང་པོ་ཡོད། འོན་ཀྱང་ཁོང་ཚོས་བསམ་པར་སྐྱེ་བ་ཕྱི་མ་མེད་ཅེས་བསམ་ཀྱང་། མཐའ་གཅིག་ཏུ་ངེས་པ་རྙེད་ནས་ཟེར་གྱི་མེད། མ་གཞི་ང་ཚོས་སྐྱེ་བ་ཕྱི་མ་དངོས་སུ་མཐོང་མི་ཐུབ་ཀྱང་། མ་མཐོང་བ་རྒྱུ་མཚན་དུ་བྱས་ཏེ་གང་ཡང་མེད་ཅེས་ཟེར་མི་ཐུབ།
མདོར་ན། སྐྱེ་བ་ཕྱི་མ་ཡོད། ཡོད་པ་རྣམ་པ་ཐམས་ཅད་དུ་བདེན་པ་ཡིན་པ་དང་། ཤི་བའི་རྗེས་སུ་སྐྱེ་བའི་རིགས་གང་འདྲ་ཞིག་ལེན་མིན་གང་གིས་ཐག་གཅོད་བྱེད་དམ་ཞེ་ན། དེ་ནི་ང་ཚོས་བསགས་ཟིན་པའི་དཀར་ནག་གི་ལས་ཀྱི་ནུས་པ་ལ་བརྟེན་ནས་ཡིན། དགེ་མི་དགེའི་ལས་ཀྱིས་ཐག་གཅོད་བྱེད་ཀྱི་ཡོད། ང་ཚོས་དམྱལ་བའི་སེམས་ཅན་ནམ་ཡི་དྭགས་རྣམས་དངོས་སུ་མཐོང་མི་ཐུབ་ཀྱང་། དུད་འགྲོ་དང་སྲོག་ཆགས་ཀྱི་རིགས་སྣ་ཚོགས་གང་སར་མཐོང་རྒྱུ་ཡོད། གལ་སྲིད་ད་ལྟ་ནས་མི་དགེ་བའི་ལས་སུ་འཇུག་མཚམས་མ་བཞག་ན། སྐྱེ་བ་ཕྱི་མ་དམྱལ་བའི་སེམས་ཅན་ནམ་མཐོང་ཆོས་སུ་ཡོད་པའི་དུད་འགྲོ་དེ་དག་གི་ལུས་རྟེན་དང་གཉིས་སུ་མེད་པ་ཞིག་རང་ལ་འབྱུང་ངེས་ཡིན། དེ་ནི་ང་ཚོས་ཐག་བཅད་དེ་བརྗོད་ཐུབ། གལ་སྲིད་ང་ཚོས་དུད་འགྲོ་རྣམས་ཀྱིས་མྱོང་དགོས་པའི་དཀའ་ངལ་དང་སྡུག་བསྔལ་སོགས་རྟེན་གྱི་ཆ་ནས་བསམ་བློ་བཏང་ན། དེ་དག་ལ་འཇིགས་སྣང་ཡོང་གི་ཡོད། དུད་འགྲོ་ལྟར་ང་ཚོས་རྩ་བ་ནས་མྱོང་འདོད་མེད། དེའི་ཕྱིར་སྐྱེ་བ་ཕྱི་མ་དུད་འགྲོ་ལྟ་བུའི་ལུས་རྟེན་མི་འཐོབ་པའི་ཆེད་དུ་ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་འཐོབ་པའི་དོན་དུ་སྐྱབས་སུ་འགྲོ་ཡུལ་ཞིག་འཚོལ་གྱི་ཡོད།
ཉེན་མེད་ཀྱི་ཁ་ཕྱོགས། སྐྱབས་འགྲོ།
སྡུག་བསྔལ་དེ་དག་ལས་གཡོལ་ཏེ་འགྲོ་སའི་ཉེན་མེད་ཀྱི་ཁ་ཕྱོགས་ཞིག་མེད་ན། སྡུག་བསྔལ་དེ་དག་ལ་བསམ་བློ་མ་བཏང་ན་ཡག་པ་ཡོད། འོན་ཀྱང་དོན་དངོས་སུ་དེ་དག་ལས་གཡོལ་ཏེ་འགྲོ་སའི་ཉེན་མེད་ཀྱི་ཁ་ཕྱོགས་ཞིག་ཡོད། སྐྱབས་སུ་འགྲོ་སའི་ཡུལ་ཞིག་ཡོད། ཐབས་གང་ལ་བརྟེན་ནས་སྐྱབས་སུ་འགྲོ་དགོས་སམ་ཞེ་ན། ཐོག་མར་སངས་རྒྱས་ཤཱཀྱ་ཐུབ་པ་གཙོས་པའི་རླབས་ཆེན་གྱི་སྐྱེ་བོ་དུ་མ་བྱོན་པ་རྣམས་ཀྱིས་ཐབས་སྣ་ཚོགས་ཤིག་བསྟན་ཡོད་པ་རྣམས་ང་ཚོས་ཤེས་དགོས།
སངས་རྒྱས་ལ་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་གཉིས་ཀ་ལྡན་ཡོད། གལ་སྲིད་ང་ཚོས། “སངས་རྒྱས་རྣམས་ཀྱིས་གཟུགས་སྐུ་མངོན་དུ་ཇི་ལྟར་བྱས་སམ།” ཞེས་དྲིས་ན། དེ་ནི་སྐལ་ཆེན་གྲངས་མེད་གསུམ་གྱི་རིང་བསོད་ནམས་ཀྱི་ཚོགས་བསགས་པའི་འབྲས་བུ་ཡིན། དེ་ག་ནང་བཞིན་གལ་སྲིད་ང་ཚོས། “ཆོས་སྐུ་མངོན་དུ་ཇི་ལྟར་མཛད་དམ།” ཞེས་དྲིས་ན། སྤྱིར་ཡེ་ཤེས་ཀྱི་ཚོགས་སམ་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མངོན་དུ་བྱས་པ་དང་། བྱེ་བྲག་ཏུ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་སམ་ཡིན་པ་མི་སྲིད་པའི་གྲུབ་ལུགས་མེད་པ་རྟོགས་པའི་ཤེས་རབ་ཀྱི་འབྲས་བུ་ཡིན།
གཟུགས་སྐུ་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་སྤྲུལ་སྐུ་གཉིས་ཡོད། ལོངས་སྐུ་ནི་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་སྟོན་མཁན་གྱི་སྐུ་ཞིག་ཡིན། བྱང་སེམས་འཕགས་པ་དང་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནས་ལོངས་སྐུ་མཇལ་ནས་དེ་དག་གི་དྲུང་ནས་དངོས་སུ་ཆོས་གསན་ཐུབ་ཀྱི་ཡོད། དེ་ལྟའི་སྐུ་ནི་གནས་འོག་མིན་སྟུག་པོ་བཀོད་པ་ལྟ་བུ་དག་པའི་ཞིང་ཁམས་ཁོ་ནར་བཞུགས་ཀྱི་ཡོད་ཅིང་། སྤྱིར་བཏང་ཞིང་ངམ་མ་དག་པའི་གནས་སུ་མི་བྱོན། ལོངས་སྐུས་སྐྱེ་བོ་ཆེན་པོའི་ཆོས་གསུང་ཞིང་མཆོག་གི་སྤྲུལ་སྐུ་དང་མི་འདྲ་བར། མྱ་ངན་ལས་འདའ་བའི་ཚུལ་མ་བསྟན་པར་འཁོར་བ་མ་སྟོང་བར་བཞུགས་ཀྱི་ཡོད། དེར་མ་ཟད། ལོངས་སྐུ་ལ་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་བཅུས་བརྒྱན་ཡོད།
མ་གཞི་གཟུགས་སྐུའི་ཡོན་ཏན་ནང་ལོངས་སྐུ་གཏོགས་ཀྱང་། བྱང་སེམས་འཕགས་པ་ཙམ་ལ་མིན་པར། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་སླད་སངས་རྒྱས་རྣམས་གཟུགས་སྐུའི་རྣམ་པར་ཕེབས་དགོས་གལ་ཤིན་ཏུ་ཆེ། སྟོང་ཉིད་རྟོགས་མ་མྱོང་བའི་བྱང་སེམས་འཕགས་པ་མིན་པའི་སེམས་ཅན་རྣམས་ཀྱིས་མཇལ་ཐུབ་པའི་སྐུ་ནི་སྤྲུལ་སྐུ་ཡིན། སྤྲུལ་སྐུ་ལ་དབྱེ་བ་གསུམ་ཡོད་པ་ནི། མཆོག་གི་སྤྲུལ་སྐུ། བཟོ་བོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ་བཅས་ཡིན། སངས་རྒྱས་ཤཱཀྱ་ཐུབ་པ་ནི་མཆོག་གི་སྤྲུལ་སྐུའི་དཔེ་མཚོན་ཞིག་ཡིན། མི་ཞིག་ལ་ལས་ཀྱི་ནུས་པ་ཏག་ཏག་ཡོད་ན། མཆོག་གི་སྤྲུལ་སྐུ་དངོས་སུ་མཇལ་ནས་ཐད་ཀར་ཆོས་གསན་ཐུབ་པ་ཡོང་གི་ཡོད། འོན་ཀྱང་ང་ཚོས་ནུས་པ་དེ་ཏག་ཏག་ཅིག་བསགས་མེད་སྟབས། ད་ལྟ་བར་དུ་མཇལ་ཐུབ་མེད། ང་ཚོས་དངོས་སུ་མཇལ་ཐུབ་པའི་སྤྲུལ་སྐུ་ནི་བཟོ་བོ་སྤྲུལ་སྐུའམ་སྐྱེ་བ་སྤྲུལ་སྐུ་ཡིན།
ང་ཚོས་མཇལ་ཐུབ་པའི་སྐྱེ་བ་སྤྲུལ་སྐུ་ནི། དཔེར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་སྐྱེ་བ་སྤྲུལ་སྐུར་ཕེབས་པ་ལྟ་བུ་རེད། བཟོ་བོ་སྤྲུལ་སྐུའི་དཔེ་ནི་གཤམ་གྱི་སྒྲུང་ནང་གསལ་ཡོང་གི་རེད། སྔོན་ལྷ་ཡུལ་གྱི་རོལ་མོ་མཁན་གྱི་རྒྱལ་པོ་ཞིག་ཡོད་པ་དེས་རང་གི་སྒར་སྙན་གཏོང་བའི་འཇོན་ཐང་ལ་སྤོབས་པ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། སྐབས་ཤིག་སངས་རྒྱས་ཀྱིས་སྒྲ་སྙན་གཏོང་མཁན་རྒྱལ་པོ་དེ་ལས་རྩལ་ཆེ་བའི་བཟོ་བོ་སྤྲུལ་སྐུ་ཞིག་གི་རྣམ་པར་ཕེབས་ནས། ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་མི་དེར་རོགས་མགོན་མཛད་པ་ལྟ་བུ་རེད།
མདོ་དང་སྔགས་ཀྱི་འགྲེལ་ཚུལ་ཚང་མའི་ནང་ང་ཚོས་སངས་རྒྱས་ཀྱི་རྣམ་པ་འདྲ་མིན་ལ་བསམ་བློ་གཏོང་དགོས། མདོ་ཕྱོགས་ནས་སྐལ་པ་འདིར་ཕེབས་པའི་སངས་རྒྱས་སྟོང་ཕྲག་འགའ་ཡོད་པ་དང་། དུས་གསུམ་སངས་རྒྱས་དང་ཕྱོགས་བཅུའི་སངས་རྒྱས་ཀྱང་ཡོད་པ་གསལ་ཡོད། སྔགས་ཕྱོགས་ནས་མཛད་པ་འཕྲིན་ལས་ཐ་དད་པའི་སངས་རྒྱས་སམ་ཡི་དམ་གྱི་རྣམ་པ་འདྲ་མིན་ཕེབས་ཀྱི་ཡོད། རྣམ་པ་དེ་དག་ཚང་མའི་ནང་དུ་སངས་རྒྱས་ཀྱི་རྣམ་པ་དུ་མར་གདུལ་བྱའི་ཁམས་དང་མོས་པའི་དབང་གིས་ཕེབས་པ་དང་། དེ་ལ་ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་སུ་བསྟེན་པའམ་སྐྱབས་སུ་འགྲོ་གི་ཡོད།
ང་ཚོའི་ཉམས་ལེན་གྱི་ཐོག་ནས་བཤད་ན། སངས་རྒྱས་ཀྱི་རྣམ་པ་མང་པོ་ཡོད་པ་རྣམས་ལ་གུས་བརྩི་དང་ངོས་འཛིན་བྱ་རྒྱུ་གལ་ཆེན་པོ་ཡིན། དཔེར་ན། ནང་པའི་ལྷ་ཁང་ནང་གི་ཐང་ག་ཆེན་པོ་ནས་བཟུང་ཕྲུ་གུ་རྩེད་མོ་རྩེ་སའི་ནང་གི་རི་མོ་ཆུང་ཙག་བར་གྱི་སངས་རྒྱས་ཀྱི་སྐུ་བརྙན་ཐམས་ཅད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཟུང་ནས་བསམ་བློ་གཏོང་དགོས། གང་ཡིན་ཟེར་ན། ང་ཚོས་ལམ་ལྔའི་ནང་གི་དང་པོ་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་མངོན་དུ་བྱེད་པའི་སྐབས། ང་ཚོས་ཚོགས་རླབས་ཆེན་བསགས་ནས་དོན་དངོ་སུ་སངས་རྒྱས་ཀྱི་སྐུ་ཚབ་བམ་སྤྲུལ་པ་ཡོངས་ནས་ཆོས་ཉན་ཐུབ་པ་ཡོང་གི་ཡོད། ལྷག་པར་དུ་ཚོགས་ལམ་ཆེན་པོ་ཐོབ་པའི་སྐབས་ད་བར་ང་ཚོས་ཐོས་པ་དང་སྦྱངས་པའི་ཆོས་རྣམས་འབད་མེད་ལྷུན་གྲུབ་ཀྱིས་ཡིད་ལ་བྱེད་པ་དང་ངག་ནས་འདོན་ཐུབ་པ་ཡོང་གི་ཡོད། ལམ་གྱི་གནས་སྐབས་དེར་ང་ཚོར་འཇོན་ཐང་དང་ནུས་པ་བསམ་གྱི་མི་ཁྱབ་པ་ཐོབ་ཀྱི་ཡོད།
དེར་བརྟེན་དེ་ནི་ང་ཚོའི་མི་ཚེའི་ནང་ལམ་ཡང་དག་པ་ཞིག་སྟོན་མཁན་གྱི་དཀོན་མཆོག་གསུམ་གྱི་ནང་ནས་སངས་རྒྱས་དཀོན་མཆོག་ཡིན། སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་གྲངས་ཀྱིས་མི་ལང་པ་ཡོད་ཅིང་། ཡོན་ཏན་དེ་དག་ཚང་མ་གཞུང་ཆེན་དག་གི་ནང་འགྲེལ་བརྗོད་མཛད་ཡོད། ཁྱེད་ཚོར་དགེ་བའི་བཤེས་གཉེན་ཚད་དང་ལྡན་པ་ཡོད་པ་དང་ཁོང་གི་དྲུང་ནས་ཡོན་ཏན་དེ་དག་གི་སྐོར་ཐོས་བསམ་སློབ་གཉེར་བྱེད་ཐུབ་པ་ཡིན།
ང་ཚོས་ཡོན་ཏན་དང་། འཇོན་ཐང་། ནུས་པ་དེ་དག་ལ་རྒྱུས་མངའ་བྱུང་བའི་སྐབས། གང་བདེན་དོན་ཡིན་པ་ལ་དད་པ་བརྟན་པོ་དང་གུས་བརྩི་ཁྱད་པར་ཅན་ཞིག་སྐྱེད་ཡོང་གི་ཡོད། གལ་སྲིད་ཡོན་ཏན་དེ་རང་གིས་ར་མ་འཕྲོད་ན། ཤེས་ནས་ཡིད་ཆེས་དང་གུས་བརྩི་སླེབས་རྒྱུ་ཧ་ཅང་དཀའ། དེས་ན་ང་ཚོར་སངས་རྒྱས་ནི་ཧ་ཅང་རྩ་ཆེ་བའི་གང་ཟག་དམིགས་བསལ་ཞིག་རེད་སྙམ་པ་ཙམ་ལས་བྱུང་བའི་བསམ་ཕྱོགས་ཤིག་ཡོང་ཆོག་ཀྱང་། དེ་ནི་ཡར་རྒྱས་འགྲོ་བའི་གཞི་རྩ་ཞིག་མ་ཡིན།
དཀོན་མཆོག་གསུམ་གྱི་ནང་ནས་ཆོས་དཀོན་མཆོག་ལ་མཚོན་ན། དེ་ནི་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་པའི་སངས་རྒྱས་ཀྱི་རྒྱུད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་ནམ་ཁྱད་ཆོས་དེ་ཡིན། དེ་བཞིན་འཕགས་པའི་གང་ཟག་རྣམས་ཀྱི་རྒྱུད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་དག་ཀྱང་ཡིན། དེ་དག་ནི་སྐྱབས་སུ་འགྲོ་བའི་ཡུལ་དངོས་དེ་ཡིན། སྤྱིར་འཇིག་རྟེན་པའི་ལྟ་ཚུལ་ཐོག་ནས་གསུང་རབ་དང་དེ་དག་གི་མཚོན་དོན་རྣམས་སྐྱབས་འགྲོའི་ཡུལ་དུ་བརྩི་གི་ཡོད།
དཀོན་མཆོག་གསུམ་གྱི་ནང་ནས་དགེ་འདུན་དཀོན་མཆོག་ལ་མཚོན་ན། སྐྱབས་སྒྲུབ་པའི་ཟླ་གྲོགས་ཏེ་ང་ཚོར་དེ་རྟོགས་པར་རོགས་མགོན་བྱེད་མཁན་དགེ་འདུན་ཡིན། ལྷག་པར་དུ་དགེ་འདུན་དཀོན་མཆོག་དངོས་དེ་འཕགས་པའི་གང་ཟག་ཡིན་དགོས། འཕགས་པའི་གང་ཟག་ནི་སྟོང་ཉིད་དམ་དངོས་པོའི་གནས་ལུགས་དེ་རྟོག་མེད་མངོན་སུམ་དུ་རྟོགས་ཟིན་པའི་གང་ཟག་ལ་གོ་བ་ཡིན། འཕགས་པ་རྣམས་ཀྱིས་རང་བཞིན་གྱིས་གྲུབ་པའི་ཆོས་གཅིག་ཀྱང་མེད་པ་རྟོགས་པ་དང་། དེ་ལྟའི་གང་ཟག་ནི་དགེ་འདུན་དཀོན་མཆོག་དངོས་དེ་ཡིན།
སྤྱིར་བཏང་དགེ་འདུན་བཞིའམ་ངུར་སྨྲིག་འཛིན་པའི་སྡེ་བཞིའི་ཁོངས་མི་བཞི་ཚོགས་ན་དགེ་འདུན་དཀོན་མཆོག་ཏུ་བརྩི་ཆོག་ཀྱང་། དཔེར་ན། དགེ་འདུན་གཅིག་ལས་མེད་ན་དགེ་འདུན་དཀོན་མཆོག་ཏུ་བརྩི་མི་རུང་། དགེ་འདུན་གཅིག་པུ་དེ་བསོད་སྙོམས་ལ་བརྟེན་པའམ་དགེ་སློང་གང་རུང་ཡིན་སྲིད། དེར་བརྟེན་དགེ་འདུན་དཀོན་མཆོག་ནང་དགེ་འདུན་བཞིའམ་བཞི་ལས་མང་བ་དགོས་ཀྱི་ཡོད།
ང་ཚོས་ཉམས་ལེན་བྱེད་པའི་སྐབས་འཕགས་པའི་དགེ་འདུན་ནི་དགེ་འདུན་དཀོན་མཆོག་དངོས་ལ་ངོས་འཛིན་དགོས། དེ་དག་ནི་སྐྱབས་སུ་འགྲོ་བའི་སྐབས་རོགས་བྱེད་མཁན་ངོ་མ་དེ་ཡིན་པར་བསམས་ནས་ཉམས་ལེན་བྱེད་རྒྱུ་གལ་ཆེ། དེས་ན་སྤྱིར་རབ་ཏུ་བྱུང་བའི་དགེ་འདུན་ནི་དགེ་འདུན་དཀོན་མཆོག་གི་གཟུགས་བརྙན་ནམ་མཚོན་བྱེད་ཙམ་ཡིན། དགེ་འདུན་དཀོན་མཆོག་ནི་ང་ཚོའི་གྲོགས་པོ་དངོས་ཡིན་ཞིང་ལམ་ཉམས་སུ་ལེན་སྐབས་རོགས་བྱེད་མཁན་ཞིག་ཡིན། དཀོན་མཆོག་གསུམ་ལས། སངས་རྒྱས་དཀོན་མཆོག་ནི་ཉེན་མེད་ཀྱི་ཁ་ཕྱོགས་སྟོན་མཁན་ནམ་སྐྱབས་སྟོན་པ་པོ་དང་། ཆོས་དཀོན་མཆོག་ནི་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་དངོས། དགེ་འདུན་དཀོན་མཆོག་ནི་ཉེན་མེད་ཀྱི་ཁ་ཕྱོགས་དེར་རོགས་བྱེད་མཁན་ནམ་སྐྱབས་སྒྲུབ་པའི་ཟླ་གྲོགས་ཡིན།
ངས་ཁྱེད་རང་ཚོར་སློབ་དཔོན་བློ་གྲོས་བརྟན་པའི་ལོ་རྒྱུས་ཤིག་ཞུས་ན། ཁོང་གི་ལྷའི་བུ་ཞིག་རེད། ཁྱེད་རང་ཚོས་དཀོན་མཆོག་གསུམ་རྟོགས་པར་ཕན་ཐོགས་ཡོང་རྒྱུ་རེད། ང་ཚོས་ལྷའི་སྐོར་ཤོད་སྐབས། ལྷ་རྣམས་ལ་སྤྱིར་བཏང་ང་ཚོ་འགྲོ་བ་མི་ལ་འཕྲད་པའི་དཀའ་ངལ་དེ་ཚོ་འཕྲད་ཀྱི་མེད། ཁོང་ཚོར་རྒྱུ་དཔལ་འབྱོར་སོགས་དང་འབྲེལ་བའི་དཀའ་ངལ་མེད་ཅིང་། མི་ཚེ་ཧ་ཅང་སྐྱིད་པོ་བྱས་སྡོད་ཀྱི་ཡོད། ཁོང་ཚོ་གང་དུ་སྡོད་སའི་གནས་གང་སར་ནོར་བུ་དང་རྩ་ཆེའི་དངོས་རིགས་ཀྱིས་ཁེངས་ཡོད། ཁོང་ཚོས་དུས་རྟག་དུ་སྐྱིད་པོའི་ངང་མི་ཚེ་སྐྱེལ་བ་དང་། གཡས་གཡོན་དུ་ལྟ་ན་སྡུག་པའི་ལྷ་མོས་བསྐོར་ཡོད་པ་དང་། དལ་བ་དང་སྐྱིད་པོའི་ངང་མི་ཚེ་ཧ་ཅང་རིང་པོ་སྡོད་ཀྱི་ཡོད། འོན་ཀྱང་ཚེ་ཧ་ཅང་རིང་པོ་ཡོད་ནའང་། འཆི་བ་ལས་གཡོལ་ཐུབ་མཁན་གཅིག་ཀྱང་མེད། དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས་མཐར་འཆི་རྒྱུ་ངེས་པ་རེད།
ལྷ་རྣམས་འཆི་ཁ་མར། མི་འདོད་བཞིན་དུ་འཆི་བའི་རྟགས་མཚན་སྣ་ཚོགས་ཤར་གྱི་ཡོད། ནམ་རྒྱུན་ཁོང་ཚོའི་གཟུགས་པོར་དྲི་ངད་ལྡན་ནའང་། འཆི་ལ་ཉེ་བའི་སྐབས། ལུས་ནས་དྲི་ངན་དྲོ་འགོ་ཚུགས་ཀྱི་ཡོད། ཁོང་ཚོས་རྟག་ཏུ་ལུས་ལ་མེ་ཏོག་གི་ཕྲེང་བ་སྣ་ཚོགས་གྱོན་ཀྱང་། འཆི་བའི་ཚེ་མེ་ཏོག་རྣམས་རུལ་འགྲོ་གི་ཡོད། མ་གཞི་ཁོང་ཚོས་ལྷ་དང་ལྷ་མོ་གཞན་རྣམས་དང་སྤྱིར་བཏང་ནས་རྩེད་མོ་བརྩེད་དེ་སྐྱིད་པོའི་ངང་སྡོད་ཀྱི་ཡོད་ཀྱང་། རྟགས་མཚན་དེ་དག་ཤར་བའི་ཚེ། བློས་ཐུབ་གྲོགས་པོ་གྲོགས་མོ་མ་གཏོགས་གཞན་ཚང་མས་ཁ་ཡ་མ་བྱས་པར་གཅིག་པུར་བཞག་གི་ཡོད། འོན་ཀྱང་གྲོགས་ཕོ་མོ་བློས་ཐུབ་རྣམས་ཀྱིས་ཀྱང་ཐག་རིང་ནས་བལྟས་ཏེ་སྡོད་རྒྱུ་ཙམ་ལས་མེད། དེར་མ་ཟད། ལྷ་ཞིག་འཆི་ལ་ཉེ་བའི་སྐབས། སྐྱེ་བ་རྗེས་མར་རང་ཉིད་རྟེན་གང་འདྲ་ཞིག་ཏུ་སྐྱེ་བ་ལེན་རྒྱུ་ཡིན་པ་ཤེས་ཀྱི་ཡོད།
བློ་གྲོས་བརྟན་པའམ་སྠཱིར་མཏི་ཞེས་བྱ་བའི་ལྷ་ཞིག་ཡོད། ལྷ་དེས་ཁོ་པར་སྐྱེ་བ་ཕྱི་མར་ངན་འགྲོའི་གནས་སུ་ལྷུངས་ཏེ་ཕག་པའི་སྐྱེ་བ་ལེན་རྒྱུ་ཡིན་པ་མཐོང་བ་དང་། སེམས་ནང་སྡུག་བསྔལ་བཟོད་མི་ཐུབ་པ་བྱུང་བ་རེད། སྤྱིར་བཏང་ང་ཚོས་ལུས་ཀྱི་སྡུག་བསྔལ་དང་ཟུག་རྔུའི་སྐོར་ཤོད་སྐབས། སྡུག་བསྔལ་ཆེ་ཤོས་ནི་དམྱལ་བའི་ནང་གི་སེམས་ཅན་རྣམས་ཀྱིས་མྱོང་གི་ཡོད། འོན་ཀྱང་ཡིད་དམ་སེམས་ཀྱི་སྡུག་བསྔལ་ཐོག་ནས་བཤད་ན། ལྷ་ལས་སྡུག་བསྔལ་ཆེ་བ་གཅིག་ཀྱང་མེད།
བློ་གྲོས་བརྟན་པས་འཆར་ཅན་ལྷའི་དབང་པོ་བརྒྱ་བྱིན་གྱི་དྲུང་ནས་བསླབ་བྱ་ཉན་པར་ཕེབས་ཀྱི་ཡོད། ཐེངས་གཅིག་བརྒྱ་བྱིན་གྱི་དྲུང་དུ་བཅར་ནས་སྡུག་བསྔལ་དེ་དག་ལས་ཐར་བའི་ལམ་ཞིག་སྟོན་ཐུབ་མིན་ཞུས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས། “ངས་ཁྱོད་ལ་དེའི་ཐད་རོགས་ཅི་ཡང་བྱེད་མི་ཐུབ་ལ་ཐབས་ལམ་གང་ཡང་སྟོན་མི་ཐུབ། ཁྱོད་ལ་རོགས་བྱེད་ཐུབ་མཁན་གཅིག་པུ་དེ་ནི་སངས་རྒྱས་ཡིན་པས། ངས་ཁྱོད་སངས་རྒྱས་མཇལ་བར་འཁྲིད་ཆོག” །ཅེས་གསུངས། དེར་ནས་བརྒྱ་བྱིན་གྱིས་ལྷའི་བུ་བློ་གྲོས་བརྟན་པ་སངས་རྒྱས་མཇལ་བར་ཁྲིད།
སངས་རྒྱས་ཀྱིས་ཁོ་པར་ཡི་དམ་གྱི་ལྷ་མོ་གཙུག་ཏོར་རྣམ་རྒྱལ་མའི་ཆོ་གའི་རིམ་པ་རྣམས་ཉམས་ལེན་བྱེད་དགོས་ཞེས་བཀའ་གནང་། གཙུག་ཏོར་རྣམ་རྒྱལ་མ་ནི་ཞལ་གསུམ་དང་གཡས་གཡོན་ལ་བཞི་རེ་བཅས་ཕྱག་བརྒྱད་ཅན་གྱི་སྲུང་མའམ་ལྷ་མོ་ཞིག་ཡིན། ལྷ་དེས་གཙུག་ཏོར་རྣམ་རྒྱལ་མའི་སྲུང་མ་རིམ་པ་དགུ་ཀར་གྱི་ཉམས་ལེན་དང་ཆོ་ག་རྣམས་བསྒྲུབས། དེའི་འབྲས་བུར་ངན་འགྲོའི་གནས་སུ་སྐྱེ་བར་འགྱུར་བའི་མི་དགེ་བའི་ལས་ཀྱི་ནུས་པ་རྣམས་ཡོངས་སུ་ཟད་པ་རེད།
སྐབས་དེར་ཁོ་པ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་ཡོད་ཅིང་། དེའི་སྟེང་དགའ་ལྡན་གྱི་གནས་ཡོད་པ་དང་། ཁོ་པ་ལྷ་གནས་དེར་སྐྱེ་བ་ལེན་ཐུབ་པ་བྱུང་ཞིང་། དགའ་ལྡན་ནི་སྔོན་ཁོ་པ་སྐྱེ་བ་བླངས་ཟིན་པའི་ལྷའི་གནས་ལས་མཐོ་བ་ཡིན། ལྷའི་དབང་པོ་བརྒྱ་བྱིན་ལ་མི་རྣམས་འབྱུང་འགྱུར་རྟེན་གང་ཞིག་ཏུ་སྐྱེ་བ་ལེན་རྒྱུ་ཡིན་པ་གཟིགས་ཀྱི་ཡོད་པ་དང་། རྟེན་དེ་དག་ནི་བརྒྱ་བྱིན་རང་གི་གནས་ལས་དམའ་བ་ཡོད། འོན་ཏེ་ལྷ་དེས་བརྒྱ་བྱིན་གྱི་གནས་ལས་མཐོ་བའི་ལྷ་ཡུལ་དུ་སྐྱེ་བ་བླངས་སྟབས། བརྒྱ་བྱིན་གྱིས་མཐོང་ཐུབ་མེད། དེར་བརྟེན་བརྒྱ་བྱིན་གྱིས་སངས་རྒྱས་ལ། རང་ཉིད་ཀྱི་གནས་ལས་མཐོ་བའི་དགའ་ལྡན་གྱི་གནས་སུ་ལྷའི་བུ་དེ་སྐྱེ་བར་འགྱུར་རོ་ཞེས་སུས་གསུངས་ལགས་སམ་ཞེས་དྲིས།
ང་ཚོས་དཔེ་མཚོན་དེ་ལ་བསམས་ན། སངས་རྒྱས་ནི་བློ་གྲོས་བརྟན་པར་ལམ་ཡང་དག་པར་སྟོན་མཁན་གྱི་སྐྱབས་ངོ་མ་དེ་ཡིན་པ་ཤེས་ཐུབ། ཡང་དག་པའི་ལམ་དེ་ནི་ལྷ་དེ་ལ་གཙུག་ཏོར་རྣམ་རྒྱལ་མའི་ལྷ་རིམ་དགུ་སྒོམ་པའི་ཐབས་ལམ་དེ་ཡིན། དེ་ལ་བརྟེན་ནས་ཁོ་པས་མི་དགེ་བའི་ལས་ཀྱི་ནུས་པ་ཡོངས་རྫོགས་ཟད་ཐུབ་པ་བྱུང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་དཀོན་མཆོག་གསུམ་གྱི་ནང་ནས་སྐྱབས་དངོས་ནི་ཆོས་དཀོན་མཆོག་ཡིན། དཔེ་དེའི་ནང་བརྒྱ་བྱིན་ནི་དགེ་འདུན་དཀོན་མཆོག་གི་དཔེ་མཚོན་ཡིན། གང་ཡིན་ཟེར་ན། བརྒྱ་བྱིན་གྱིས་ལྷ་དེར་སངས་རྒྱས་མཇལ་རྒྱུར་རོགས་རམ་བྱས་ཡོད་པ་རེད།
མདོར་ན། ལས་དཀར་ནག་གི་ཐོག་ནས་ང་ཚོས་སོ་སོའི་སྒོ་གསུམ་གྱི་སྤྱོད་པར་བྱ་ར་བྱས་ཏེ་འབྲས་བུ་ཡག་པོ་ཞིག་འཐོབ་རྒྱུར་དམིགས་ཏེ་ཉམས་ལེན་བྱ་རྒྱུ་ནི་ཐབས་ལམ་ཡང་དག་པ་ཞིག་ཡིན། དེ་ལ་བརྟེན་ནས་ང་ཚོས་ལམ་ཕྱིན་ཅི་མ་ལོག་ཞིག་ཏུ་འཇུག་ཐུབ།
མི་དགེ་བའི་ལས་སྤོང་བ།
དཀར་པོ་དགེ་བའི་ལས་ལ་ཞུགས་ནས་དགེ་བའི་ནུས་པའམ་བསོད་ནམས་གསོག་གི་ཡོད། དེའི་འབྲས་བུར་སྐྱེ་བ་ཕྱི་མ་གནས་བཟང་པོ་ཞིག་ཏུ་སྐྱེ་བ་ལེན་ཐུབ། གལ་ཏེ་ནག་པོ་མི་དགེ་བའི་ལས་བྱས་ན། དེས་མི་དགེ་བའི་སྡིག་པ་མི་བཟོད་པ་བསགས་ཏེ། དེའི་འབྲས་བུར་ངན་འགྲོའི་གནས་སུ་སྐྱེ་རྒྱུ་ཡིན་པ་ངེས་པ་ཡིན། ལས་ངེས་པ་ཟེར་བ་དེ་འདྲ་ལ་གོ་དགོས།
གལ་སྲིད་ང་ཚོས་ནག་པོ་མི་དགེ་བའི་ལས་ཀྱི་རིགས་ལ་བསམ་བློ་གཏོང་ཕྱོགས་ཤེས་འདོད་ན། དེ་དག་བཅུ་སྟེ། ལུས་ཀྱི་གསུམ་དང་། ངག་གི་བཞི། ཡིད་ཀྱི་གསུམ་ནང་བསྡུས་ཡོད། དེ་དག་ལས་དང་པོ་ལུས་ཀྱི་མི་དགེ་བ་གསུམ་ལ་གཞིགས་ན། དང་པོ་སྲོག་གཅོད་པ་ཡིན། སྲོག་གཅོད་པའི་རྣམ་སྨིན་གྱི་འབྲས་བུ་ནི་ངན་འགྲོའི་གནས་སུ་སྐྱེ་བ་ཡིན། སྲོག་གཅོད་པའི་ལས་ཀྱི་འབྲས་བུ་དང་པོ་དེ་ཡིན། དེ་ནས་རྒྱུ་ལ་གཞིགས་ཏེ་འབྲས་བུ་གཞན་གཉིས་ཡོད་པ་ནི། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་དང་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་གཉིས་ཡིན། སྲོག་གཅོད་པ་ལས། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི་ངན་འགྲོའི་གནས་སུ་སྐྱེས་པ་དང་། ཐ་ན་མིའི་ལུས་རྟེན་ཐོབ་ཀྱང་ཚེ་ཐུང་བ་དང་། ནད་དང་དཀའ་ངལ་མང་བ་ཡོང་གི་ཡོད། སོ་སོས་སྐྱེ་བ་སྔོན་མ་གཞན་གྱི་སྲོག་བཅད་དེ་ཚེ་ཐུང་དུ་བྱས་པ་ལྟར། རང་གི་ཚེ་ཐུང་བ་ཡོང་གི་ཡོད། དེ་རྗེས་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ནི་བྱིས་པ་སྐྱེས་མ་ཐག་ནས་བཟུང་གཞན་ལ་གནོད་པའི་རྩུབ་སྤྱོད་ཅན་དང་སྲོག་གཅོད་པའི་ལས་ལ་དགའ་བ་ཞིག་ལྷན་སྐྱེས་སུ་ཡོང་གི་ཡོད།
དེ་ག་ནང་བཞིན། གཞན་སེམས་ཅན་གྱི་སྲོག་བཅད་པ་ལས་བདག་པོའི་འབྲས་བུ་མྱོང་དགོས་ཀྱི་ཡོད། དཔེར་ན། སྲོག་མང་པོ་བཅད་པའི་བདག་འབྲས་སུ་སྐྱེ་བ་ཕྱི་མ་རང་ཉིད་གང་དུ་སྐྱེས་ཀྱང་། གནས་དེར་སྨན་གྱི་ནུས་པ་མི་ཐོན་པ་དང་། ཟས་རྣམས་རོ་བཅུད་ཞན་པ་སོགས་ཡོང་གི་ཡོད།
སྲོག་གཅོད་ཀྱི་ལས་མི་དགེ་བའི་འབྲས་བུ་བཞི་ཡོད་པ་ནང་བཞིན་མི་དགེ་བའི་ལས་ལྷག་མ་གཞན་དགུ་ལའང་དེ་དང་འདྲ་བའི་འབྲས་བུ་ངན་པ་བཞི་བཞི་ཡོད།
ང་ཚོས་སྲོག་གཅོད་པའི་ལས་ཀྱི་འབྲས་བུ་ངན་པའམ་ཉེས་དམིགས་རྣམས་མཐོང་བའི་སེམས་ཀྱི་གནས་སྟངས་ཤིག་ཡོད་པའི་སྐབས། དེའི་སྟོབས་ཀྱིས་སླད་ཕྱིན་སྲོག་གཅོད་ཀྱི་ལས་སུ་ནམ་ཡང་འཇུག་གི་མིན་ཞེས་པའི་ཐག་གཅོད་བརྟན་པོ་ཞིག་བྱས་ཏེ་སྡོམ་སེམས་ལག་བསྟར་བྱེད་དགོས་ཀྱི་ཡོད། སྡོམ་སེམས་ལག་བསྟར་བྱས་པ་ལས་ལུས་ལ་བརྟེན་པའི་དཀར་པོ་དགེ་བའི་ལས་གསོག་གི་ཡོད། དེ་ནི་སྲོག་གཅོད་སྤངས་པའི་དཀར་པོ་དགེ་བའི་ལས་ཡིན།
གནས་སྟངས་བྱེ་བྲག་པ་ཞིག་གི་སྐབས་སྲོག་གཅོད་པའི་ལས་ཀྱི་ཉེས་དམིགས་མཐོང་ནས། གཞན་གྱི་སྲོག་གཅོད་པ་སྤོང་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད། དེ་ལྟར་ཐག་གཅོད་བྱས་ན། དེ་ལས་དཀའ་པོ་དགེ་བའི་ལས་ཀྱི་རྒྱུ་འབྲས་ཚན་པ་གཅིག་མྱོང་ཐུབ་ཀྱི་ཡོད། འོན་ཀྱང་གནས་སྟངས་དེ་ག་རང་དུ་སྲོག་གཅོད་ཀྱི་མིན་ཞེས་སྡོམ་པ་བླངས་ན། རྟག་ཏུ་སྲོག་གཅོད་ཀྱི་ལས་ལ་འཛེམ་ཟོན་བྱས་ཏེ་སྡོམ་སེམས་ལག་བསྟར་བྱེད་པས། ཐ་ན་གཉིད་ཁུག་སྐབས་སུའང་དགེ་བའི་ལས་གསོག་ཐུབ་ཀྱི་ཡོད།
བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པར་རང་རང་སོ་སོར་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་དངོས་སློབ་དུ་མ་ཡོད་པའི་ཁྲོད་དུ་འཕགས་པ་ཀ་ཏྱའི་བུ་ཞེས་བྱ་བའི་སློབ་མ་ཞིག་ཡོད། ཁོང་གི་ཐུན་མིན་ཁྱད་ཆོས་ནི་ཡུལ་མཐའ་ཁོབ་ཀྱི་མི་རྣམས་ཀྱི་སེམས་འདུལ་རྒྱུར་དམིགས་བསལ་འཇོན་ཐང་ངམ་ཁྱད་ཆོས་ལྡན་ཡོད། ཐེངས་གཅིག་ཁོང་ལ་ཤན་པ་ཞིག་ཐུག་པ་དང་། དེ་རིང་ནས་བཟུང་སྲོག་གཅོད་ཀྱི་མིན་ཞེས་སྤངས་བླངས་ཀྱི་སྡོམ་པ་ལེན་དགོས་ཞེས་གསུངས་པར། ཤན་པ་དེས། “ངས་དེ་ལྟར་བྱེད་ཐུབ་པ་མི་འདུག །ཉིན་མོར་ཡང་སྲོག་གཅོད་ཀྱི་མིན་ཞེས་ངས་དམ་བཅའ་འཇོག་ཐུབ་པ་མི་འདུག །འོན་ཀྱང་མཚན་མོ་སྲོག་གཅོད་ཀྱི་ལས་སྤོང་གི་ཡིན།” ཞེས་དམ་བཅའ་འཇོག་ཐུབ་པ་འདུག་ཅེས་ཞུས།
སྐབས་དེར་རྒྱ་མཚོའི་ནང་ནོར་བུ་དང་རིན་ཆེན་གྱི་གཏེར་ཧ་ཅང་མང་པོ་ཡོད་པ་དང་། ཚོང་པ་མང་པོས་རྒྱ་མཚོའི་ནང་ནོར་བུ་ལེན་པར་འགྲོ་གི་ཡོད། ཚོང་པ་དེ་དག་གིས་ག་དུས་ཡིན་ཀྱང་ལམ་སྣ་སྟོན་མཁན་རེ་འཁྲིད་ཀྱི་ཡོད། གང་ཡིན་ཟེར་ན། སྐབས་དེ་དུས་རྒྱ་མཚོའི་ནང་འགྲོ་རྒྱུ་དེ་ཉེན་ཁ་ཆེ་བ་དང་དཀའ་ངལ་ཆེ་བ་ཞིག་ཆགས་ཡོད། སྐབས་ཤིག་ལ་ཚོང་པ་ཁྱུ་ཚོ་གཅིག་གིས་མཁས་གྲུབ་གཉིས་ལྡན་གྱི་སྐྱེ་བོ་དགེ་འདུན་འཚོ་ཁོ་རང་ཚོའི་ལམ་སྣ་འཁྲིད་རོགས་ཞེས་ཞུས། ལམ་བར་དུ་གནམ་གཤིས་སྡུག་པ་དང་རྦ་རླབས་ལང་ལོང་དུ་གཡོས་ཏེ། ཁོང་ཚོའི་ལམ་སྣེ་བརླགས་པས་ཡུལ་ཁྱད་མཚར་ཞིག་ཏུ་འགྲུལ་མཚམས་འཇོག་དགོས་བྱུང་།
སྐབས་དེའི་མཚན་མོར་དགེ་འདུན་འཚོ་གཡས་གཡོན་དུ་འཆམ་འཆམ་ལ་ཕེབས་པས། ནང་ཆས་ཧ་ཅང་ཕུན་སུམ་ཚོགས་ཤིང་ལྟ་བས་མི་ངོམས་པའི་ཁང་པ་ཞིག་གཟིགས་པ་དང་། མཚན་མོ་དེ་གར་གཉིད་སྐྱིད་པོ་ཁུགས་ནས་བཞུགས། ཕྱི་ཉིན་ཞོགས་པ་ཐོ་རངས་ལ་གཉིད་སད་པའི་སྐབས། གནས་མོ་དེས། “སྐུ་མཁྱེན། ཉི་མ་མ་ཤར་གོང་འདི་ནས་ཐོན་ཟིན་པ་གནང་རོགས་” ཞེས་ཞུས། གང་ཡིན་ཟེར་ན། ཉིན་མོ་ང་ལ་དཀའ་ངལ་མི་བཟོད་པ་འཕྲད་དེ་ཉི་མ་མ་ནུབ་བར་དཀའ་ངལ་དེས་མནར་གྱི་འདུག་ཅེས་ཞུས། ཡང་གནས་མོ་དེས། ཉི་མ་ཤར་མ་ཐག་གཡས་གཡོན་གྱི་དུད་འགྲོ་སྲོག་ཆགས་རྣམས་ཁང་པ་འདིའི་ནང་ཡོང་ནས་གནོད་འཚེ་བྱེད་པ་དང་། རྭ་ཅོ་ཡོད་པ་རྣམས་ཀྱིས་ཁོ་རང་རྡུང་བ་དང་། སོ་དང་མཆེ་བ་ཅན་ཚོས་སོ་རྒྱག་པ། སྡེར་མོ་ཅན་ཚོས་སྦར་ཤད་རྒྱག་གི་འདུག །དེ་ལྟའི་འཇིགས་སུ་རུང་བའི་གནས་སྟངས་དེ་ཉི་མ་མ་ནུབ་བར་གནས་ཀྱི་ཡོད། ཡང་གནས་མོ་དེས། “ཞོགས་པ་ཉི་མ་ཤར་མ་ཐག་ཐམས་ཅད་ཁུ་སིམ་མེར་གནས་ཏེ། ཧ་ཅང་ཡིད་དུ་འོང་བ་དང་མཛེས་པོ་ཡོད།” ཅེས་བཤད།
ཕྱིས་སུ་དགེ་འདུན་འཚོས་ཡང་བསྐྱར་སངས་རྒྱས་མཇལ་བ་དང་། དེ་ནས་ཐག་རིང་བའི་གནས་ཤིག་ཏུ་ཡ་མཚན་ཆེ་ལ་རྒྱུན་ལྡན་མིན་པའི་ས་ཆ་ཞིག་འདུག་ཅེས་ཞུས་པ་དང་། སངས་རྒྱས་ཀྱིས། “ས་ཆ་དེ་ནི་སྔོན་ཤན་པ་གཅིག་གིས་འཕགས་པ་ཀ་ཏྱའི་བུའི་དྲུང་ནས་མཚན་མོ་སྲོག་གཅོད་ཀྱི་ལས་སྤོང་གི་ཡིན་ཞེས་སྡོམ་པ་ལེན་མཁན་དེའི་སྐྱེ་སའི་ཡུལ་རེད། ཁོ་པས་མཚན་མོ་སྲོག་གཅོད་སྤངས་ཀྱང་ཉིན་མོ་སྲོག་གཅོད་ཀྱི་ལས་མུ་མཐུད་སྤེལ་བའི་མི་དགེ་བའི་ལས་ཀྱི་འབྲས་བུར་གནས་སྟངས་དེ་འདྲ་ཆགས་པ་རེད།” ཅེས་གསུངས།
དེར་བརྟེན་ང་ཚོས་དཔེ་དེ་ལས་མཐོང་བ་བཞིན། ང་ཚོས་ལས་འདྲ་མིན་བྱས་ཏེ་བསགས་པའི་ལས་ཀྱི་འབྲས་བུ་དེ་རང་ངོས་ནས་མྱོང་དགོས་པ་ངེས་པ་ཡིན།
དེར་མ་ཟད། ཡང་འཕེལ་བའི་ལས་ཟེར་བ་ཞིག་ཡོད། ཡང་ན་ལས་ཆུང་ངུ་ཞིག་ལས་འབྲས་བུ་ཧ་ཅང་ཆེ་བ་ཡོང་གི་ཡོད། དཔེར་ན། བེ་ཏའི་ཤིང་ཆུང་ཆུང་ཞིག་ལ་མཚོན་ན། བེ་ཏའི་ས་བོན་ཆུང་ཆུང་ཞིག་ལས་བེ་འབྲས་ཧ་ཅང་ཆེན་པོ་སྐྱེ་གི་ཡོད། དེ་ནི་ཕྱི་དངོས་པོའི་ཆ་ནས་ཡིན། ནང་སེམས་ཀྱི་ཆ་ནས་བཤད་ན། བྱ་བ་ཆུང་ཙག་ཞིག་ཀྱི་ལས་ཀྱི་ས་བོན་ཆུང་ཆུང་ཞིག་ལས་འབྲས་བུ་ཧ་ཅང་ཆེན་པོ་སྟེར་གྱི་ཡོད། དཔེར་ན། ང་ཚོས་ལྷག་བསམ་རྣམ་དག་གིས་བརྐྱངས་ཕྱག་ཅིག་འཚལ་ན། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྐྱེ་བ་ལེན་པར་དགོས་ངེས་ཀྱི་ཚོགས་སམ་ལས་དང་གཅིག་མཚུངས་སུ་གསོག་ཅིང་། ས་སྟེང་གི་རྡུལ་གྱི་གྲངས་དང་མཉམ་པར་འགྱུར་བ་ཡིན།
ཡང་མི་ཞིག་གིས་སྦྲུལ་གྱི་ཆོ་གའི་སྐོར་གཞུང་ལོག་པ་ཞིག་བརྩམས་པའི་ལས་ཀྱི་འབྲས་བུར། ཁོ་རང་གི་མགོ་ལ་རྐྱེན་ཞེད་སྣང་ཚ་པོ་ཞིག་བྱུང་སྟེ། མགོ་དུམ་བུ་གཉིས་སུ་གྱེས་ཏེ་སྦར་ཤད་རྒྱག་པ་དང་། མཐར་སྦྲུལ་ཞིག་གི་གཟུགས་སུ་གྱུར། དེ་ག་ནང་བཞིན་མི་ཞིག་སྔོན་མ་གྲྭ་པ་ཞིག་ལ། “ཁྱོད་ཀྱི་སྐད་དེ་ཁྱི་སྐད་དང་འདྲ་པོ་འདུག” །ཅེས་ཟེར་བས། སྐྱེ་བ་ལྔ་བརྒྱ་ཁྱིའི་སྐྱེ་བ་ལེན་དགོས་བྱུང་། དེར་བརྟེན་ཁྱི་སྐད་འདྲ་པོ་འདུག་ཅེས་ཟེར་བ་ལྟ་བུའི་ལས་ངན་ཆུང་ཆུང་ཞིག་ལས་འབྲས་བུ་མི་བཟོད་མྱོང་དགོས་ཀྱི་ཡོད།
འཇིག་རྟེན་ཐོག་མར་ཆགས་པའི་སྐབས། ས་གཞི་སྐྱོང་མཁན་རྒྱལ་པོ་དང་པོ་དེ་ལ་ “མང་པོས་བཀུར་བའི་རྒྱལ་པོ་” ཞེས་བྱ་བ་ཡིན། རྒྱལ་པོས་དེས་གླིང་བཞི་དབང་དུ་བསྡུས་པ་མ་ཟད་ད་དུང་ཉེ་བའི་གླིང་ཕྲན་ཀྱང་ཁ་ལོ་བསྒྱུར་བ་དང་། ལྷ་གནས་སུམ་ཅུ་རྩ་གསུམ་དུ་ལྷའི་དབང་པོ་བརྒྱ་བྱིན་དང་ཁྲི་ཐུན་མོང་དུ་སྤྱོད་པའི་དགེ་བའི་ལས་བསགས་ཡོད། ཆབས་ཅིག་རྒྱལ་པོ་དེས་རྟག་ཏུ་ལྷ་ལ་འཐབ་རྒོལ་བྱེད་མཁན་ལྷ་མ་ཡིན་དང་ཁྲི་མཉམ་སྤྱོད་བྱེད་ཅིང་། སྟོབས་ཤུགས་ཆེན་པོ་ཆགས་ཏེ་མཐར་དམག་འཁྲུག་ལས་རྒྱལ་ཁ་འཐོབ་ཀྱི་ཡོད། དེར་བརྟེན་ཁོང་གིས་དམག་འཁྲུག་དེའི་སྐབས་ལྷ་ལ་རོགས་པ་བྱེད་དགོས་སམ་ཡང་ན་གོ་སྐབས་དེ་བཟུང་ནས་རང་ངོས་ནས་ལྷ་ཡུལ་དབང་སྒྱུར་བཙན་འཕྲོག་བྱེད་མིན་ཐག་གཅོད་མ་ཐུབ་པར་ལུས། འོན་ཏེ་ཐབས་ཤེས་བྱས་མཐར་ཁྲི་དེ་ཆ་ཚང་ཟིན་ཐུབ་མེད། དེ་ལྟར་མ་ཐུབ་པའི་རྒྱུ་མཚན་ནི་འདས་པའི་སངས་རྒྱས་ཤིག་གི་སྐབས་ཁོང་གིས་སངས་རྒྱས་ལ་སྲན་མ་རྐང་ལྔ་ཕུལ་བ་ལས། རྐང་བཞི་ལྷུང་བཟེད་ཀྱི་ནང་ལ་ཡོད་པ་དང་གཅིག་ལྷུང་བཟེད་ཀྱི་ཁ་ལ་ལྷག་ཡོད། ལྷུང་བཟེད་ནང་ཕུལ་བའི་སྲན་མ་རྐང་བཞི་པོ་དེའི་དགེ་བའི་འབྲས་བུར་གླིང་བཞི་དབང་སྒྱུར་ཐུབ་པ་དང་བརྒྱ་བྱིན་དང་ཁྲི་གཅིག་གི་ཐོག་འདུག་ཐུབ་པ་བྱུང་བ་དང་། འོན་ཀྱང་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁྲི་ཕྱེད་ཀ་ལས་ཟིན་མ་ཐུབ་པའི་རྒྱུ་མཚན་ནི། སྲན་མ་རྐང་གཅིག་ལྷུང་བཟེད་ཀྱི་མཆུའི་སྟེང་ལྷག་པ་ལ་བརྟེན་ནས་ཡིན།
དཔེ་མཚོན་དེ་དག་ལས་ང་ཚོས་བདག་པོའི་འབྲས་བུ་ཇི་ལྟར་ཡོང་བ་ཤེས་རྟོགས་ཐུབ་ཀྱི་ཡོད། དེར་བརྟེན་སོ་སོའི་སྤྱོད་ཚུལ་ལ་བརྟེན་ནས་འབྲས་བུ་སྣ་ཚོགས་འབྱུང་བའི་ཚུལ་ཤེས་རྟོགས་བྱ་རྒྱུ་གནད་འགག་ཧ་ཅང་ཆེན་པོ་ཡིན།