སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་བློ་སྦྱོང་།

ཚིགས་བཅད་ ༡ ནས་ ༧ བར།

གནས་རྩ་ཆེན་ལ་ཡོད་པ་དེའི་ཁེ་ཕན་ལེན་པ།  

ཁ་སང་ངས་བཤད་པ་ནང་བཞིན། ང་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་པའི་མཛད་པ་སྟོན་ས་དང་སངས་རྒྱས་མང་པོ་འབྱོན་པའི་གནས་ཁྱད་པར་ཅན་འདིར་སླེབས་ཡོད། སློབ་དཔོན་ཀླུ་སྒྲུབ་དང་། ཁོང་གི་ཐུགས་སྲས་གཉིས། བོད་མི་མང་པོ་ཞིག་མནས་མཆོག་རྡོ་རྗེ་གདན་འདིར་བཞུགས་མྱོང་ཡོད། དཔེར་ན། ལོ་མང་པོའི་གོང་ཁམས་ནས་སངས་རྒྱས་ཡེ་ཤེས་འདིར་ཕེབས་པ་དང་དགོན་པའི་མཁན་པོར་མཛད། འདིར་ས་ཕྱོགས་འདྲ་མིན་ནས་སྐྱེ་བོ་མང་པོས་ཞབས་ཀྱིས་བཅགས་གནང་ཡོད་པ་དང་གནས་ཕྱོགས་འདིའི་བྱིན་རླབས་ལ་བརྟེན་ནས་ནང་གི་རྟོགས་པ་མང་པོ་ཐོབ་ཡོད། འདི་ནི་གནས་མཆོག་འདིའི་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡིན། གལ་ཏེ་ང་ཚོས་ཀྱང་འདིར་འབྱོར་བའི་གོ་སྐབས་སུ་ཀུན་སློང་ཡང་དག་དང་ཤུགས་ཆེན་པོའི་ཐོག་ནས་སྨོན་ལམ་འདེབས་པ་ཡིན་ན། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་ཆེན་པོའི་ངང་ནས་ཉམས་ལེན་ཡང་དག་པ་ཞིག་དང་། དགེ་བའི་ཚོགས་མང་པོ་གསོག་ཐུབ་ཀྱི་རེད། 

ཁྱད་པར་དུ་བོད་ནས་འདིར་ཕེབས་མཁན་ཚོར། སྤྱིར་ཕ་གིར་གནས་སྟངས་ལ་དཀའ་ངལ་ཞེ་དྲག་ཡོད་ཀྱང་། ཁྱེད་རང་ཚོ་ད་ལྟ་གནས་མཆོག་འདིར་འབྱོར་བས་བཟང་ཕྱོགས་ཀྱི་ནུས་པ་ཐོབ་པར་གོ་སྐབས་དང་ཁེ་ཕན་ཆ་ཚང་ལེན་དགོས། འདིར་ཡོད་པ་ང་ཚོ་ཚང་མ་ཧ་ཅང་གི་བསོད་ནམས་ཆེན་པོ་རེད། འཛམ་གླིང་ནང་ཁྱབ་གདལ་འགྲོ་བཞིན་པའི་འཁྲུལ་སྣང་དང་། དེ་བཞིན་ཞེ་སྡང་། འདོད་ཆགས་ཀྱི་དབང་དུ་གྱུར་བའི་དུས་འདིར་སྙིང་རྗེ་དང་བྱམས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་སུ་འཇུག་རྒྱུའི་གོ་སྐབས་བྱུང་བ་འདི་ནི་ཧ་ཅང་རྩ་ཆེན་པོ་ཡིན། འཛམ་གླིང་ནང་རྒྱུ་ནོར་ལོངས་སྤྱོད་མང་པོ་ཡོད་ཀྱང་། དངུལ་གྱིས་འཆི་བ་དང་རྒ་བ་ལ་སོགས་པའི་གཞི་རྩའི་སྡུག་བསྔལ་རྣམས་ལས་རང་དབང་ཐོབ་པ་ཞིག་ཉོ་ཐབས་མེད། སྡུག་བསྔལ་ནི་སེམས་ཀྱི་ཆ་ནས་ཡོང་གི་ཡོད་པས། ལོངས་སྤྱོད་ལ་སོགས་པའི་ཕྱིའི་རྐྱེན་གྱིས་སེམས་ཀྱི་སྡུག་བསྔལ་སེལ་མི་ཐུབ། དེ་འདྲ་ཡིན་པ་སོང་ཙང། ཆོས་ཕྱོགས་ཀྱི་ཐབས་དང་ཆོས་ལུགས་མི་འདྲ་བ་ཚང་མའི་ཐབས་ལམ་ལ་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཁྱེད་རང་ཚོ་ནང་ཆོས་ལ་དོ་སྣང་ཡོད་པ་འདི་དཔེ་མི་སྲིད་པའི་ཡག་པོ་རེད། 

ད་ལྟ་ང་ཚོའི་ལྷན་དུ་ཡོད་པའི་ནུབ་ཕྱོགས་པ་རྣམས་ལ་ལྟོས་དང།  ཁོང་ཚོའི་ནང་ཆོས་ལ་བཅོས་མིན་གྱི་དོ་སྣང་ཡོད་པའི་རྐྱེན་གྱིས་སླེབས་ཡོད། ཁོང་ཚོས་སྒོམ་རྒྱག་པ་དང། ཁ་འདོན་བྱེད་པ། ཉམས་ལེན་གནང་བ་དང་། གང་ལ་གང་འཚམས་ཤེས་ཀྱི་ཡོད། ཁོང་ཚོས་ལུང་དང་རིགས་པའི་སྒོ་ནས་བསམ་བློ་བཏང་སྟེ་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད། ཁོང་ཚོས་ནང་ཆོས་ཉམས་ལེན་བྱེད་པར་ཐོག་མར་བརྟག་དཔྱད་བྱེད་ཀྱི་ཡོད། ང་ཚོ་གནས་མཆོག་རྡོ་རྗེ་གདན་འདིར་འབྱོར་བའི་གོ་སྐབས་བཟང་པོ་དེ་རྩ་ཆེན་པོ་ཡིན་པ་ཁོང་ཚོར་དཔེ་བླངས་ཏེ་མཐོང་ཐུབ། འདིར་ང་ཚོས་སངས་རྒྱས་ཀྱི་མཛད་ཆེན་དང་ཡོན་ཏན་རྣམས་ལ་དྲན་ཤེས་ལྡན་པ་ཆགས་ཀྱི་ཡོད། དགེ་བའི་ལས་བསགས་པར་མཐུན་རྐྱེན་འཛོམས་པའི་ས་ཕྱོགས་འདི་ལྟ་བུར་གནས་པ་ནི་དཔེ་མི་སྲིད་པའི་དཀོན་པོ་ཡིན་པས། ང་ཚོས་གང་ཡོང་ཡོང་གིས་དགེ་བའི་ལས་གང་མང་མང་གསོག་ཐབས་བྱེད་དགོས། ང་ཚོས་འདིར་དགེ་བའི་ལས་བཟང་པོ་ག་ཚོད་ཙམ་མང་བ་བསགས་པ་དེ་ཚོད་ཀྱིས་དགེ་བའི་ནུས་པའམ་ཚོགས་མང་བ་བསགས་པ་དང། གནས་ཁྱད་པར་ཅན་འདིར་གནས་པ་ཙམ་གྱིས་གཞན་ལས་དགེ་བ་མང་བ་གསོག་ཐུབ་ཀྱི་ཡོད། ཁྱེད་རང་ཚོས་མགོ་ཚོད་སོང་ངམ།

བོད་ནས་ཕེབས་པ་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་བསླབ་བྱ།

ཁྱེད་རང་ཚོ་འདིར་སྡོད་པའི་རིང་ཚོང་རྒྱག་མི་ཆོག་པ་མིན་ཡང་དྲང་པོ་བྱེད་དགོས། ཚོང་བརྒྱབ་ནས་ཁེ་བཟང་ཏོག་ཙམ་རག་གི་ཡོད་པ་ནི་འགྲིག་པ་ཡིན་ཡང་། འདོད་རྔམ་དང་དྲང་པོ་མ་ཡིན་པ་བྱེད་རྒྱུ་མེད། དེར་མ་ཟད། དགོན་པ་དང་མཆོད་རྟེན་ལ་བསྐོར་བ་བྱེད་དུས་ངག་འཁྱལ་ལམ་དོན་མེད་ཀྱི་སྐད་ཆ་བཤད་པའམ་ཉིན་མོའི་རྨི་ལམ་མ་གཏང་བར་དོ་སྣང་དང་གུས་བརྩི་སྒོ་ནས་གནང་དགོས ས་ཕྱོགས་གང་སར་ཤོག་རྙིགས་གཡུག་རྒྱུ་མེད་པ་དང་གཅིན་པ་གང་སར་གཏོང་རྒྱུ་མེད། ངོས་ནས་ཁྱེད་རང་ཚོ་གསང་སྤྱོད་ཆེད་རུ་སྒྲིག་ནས་སྒུག་པའི་སྐབས་ཆུ་ཚོད་མང་པོ་འགོར་བ་དེ་ཤེས་རྟོགས་བྱུང་། དེས་ཡིན་དུས། ཁྱེད་རང་ཚོ་གཞན་ལ་འགྲོ་དགོས་ཀྱི་ཡོད། ཡིན་ནའང་། གང་ཐུབ་ཅི་ཐུབ་ཀྱིས་གཙང་མ་གནང་རོགས། བོད་ནི་ས་ཆ་གྲང་མོ་ཞིག་ཡིན། ཡིན་ནའང་། ས་ཆ་དམའ་བོར་ཆགས་པའི་རྒྱ་གར་གྱི་ལུང་པ་འདི་དང་གནས་སྟངས་གཅིག་པ་མིན། དེ་འདྲ་ཡིན་ཙང། ས་ཕྱོགས་གང་སར་བཙོག་པ་མ་བཟོ་བར་གཟབ་གཟབ་དང་འགན་ཡག་པོ་འཁྱེར་ཤོག་ཨ།

ཡང་ཕྱག་འཚལ་སྟངས་ནི་བརྐྱངས་བསྐུམ་གང་རུང་ལ་མ་ལྟོས་པར་ཕྱག་འཚལ་རྒྱུ་གལ་ཆེན་པོ་ཡིན། ཡིན་ནའང་ཕྱག་འཚལ་སྟངས་མ་ནོར་བར་བྱེད་དགོས། སའི་སྒང་དུ་ལག་པ་ལེབ་ལེབ་དང་ལག་མཐིལ་ས་ཕྱོགས་སུ་ཁ་བསྟན་ནས་འཇོག་དགོས། མཆོད་མེ་འབུལ་བ་ལ་སོགས་པ་གནང་དགོས། དེ་ནི་དངོས་གནས་དཔེ་ཡག་པོ་རེད། ཁ་འདོན་དང་སྒོམ་བསྐྱོན་དགོས། སྒོམ་འདི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་མ་ཡིན་ཡང་འདིས་བག་ཆགས་ཡག་པོ་འཇོག་གི་ཡོད། དེ་ནས་གལ་ཆེ་ཤོས་དེ་ཀུན་སློང་གཙང་མ་དགོས་རྒྱུ་དེ་ཡིན། དེར་བརྟེན། ང་ཚོས་ལས་ཀ་གང་འདྲ་ཞིག་བྱེད་ཀྱི་ཡོད་ནའང་། སོ་སོའི་སེམས་དང་ཀུན་སློང་ལ་དཔྱད་པ་བྱེད་དགོས། འདི་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ཉོན་མོངས་ཀྱི་ནུས་སྟོབས་མེད་པ་བཟོ་ཐབས་བྱེད་དགོས། 

ཡག་ཤོས་བྱུང་ན་རང་ལས་གཞན་གཙོ་ཆེ་བ་རྩིས་པ་དང་རང་ཉིད་གལ་ཆེ་མི་རྩིས་པའི་བསམ་བློའི་འཁྱེར་སོ་དེ་བསྐྱེད་དགོས། འདི་ནི་ཐེག་པ་ཆེན་པོའི་སྙིང་པོ་ཡིན། བྱམས་པའི་སེམས་དང་སེམས་པ་བཟང་པོ་དགོས། གནད་དོན་གཙོ་བོ་ནི་ལས་བཟང་པོ་བྱེད་པ་དང། སེམས་པ་བཟང་པོ་བྱེད་པ། སེམས་ལ་བྱམས་པ་སྒོམ་རྒྱུ་བཅས་ཡིན། གལས་སྲིད་ང་ཚོས་ང་རྒྱལ་དང་། འགྲན་སེམས། ཕྲག་དོག་དབང་གིས་ཕྱི་ཆོས་ཕྱོགས་ཀྱི་ལས་ཀ་རྣམས་བྱེད་ནའང། དེས་ལས་ཀྱི་ནུས་པ་ངན་པའི་ཕྱོགས་སུ་འཁྲིད་ཀྱི་ཡོད། བྱས་ཙང་། ང་ཚོའི་ལས་གང་སྒྲུབ་ཀྱི་ཡོད་པ་དང་། དེ་ལྟར་བསྒྲུབ་དགོས་པའི་རྒྱུ་མཚན་རྣམས་གནད་འགག་དང་གལ་ཆེན་པོ་ཡིན། ང་ཚོས་དུས་རྟག་ཏུ་སོ་སོའི་ཀུན་སློང་ལ་བརྟག་དཔྱད་དང་བཟོ་བཅོས་གཏོང་དགོས།

ཀུན་སློང་བཅོས་སྟངས།

གནས་རྩ་ཆེན་དང་ཁྱད་པར་ཅན་འདིར་སླེབས་པ་སོང་ཙང་། ང་ཚོས་ཀུན་སློང་དུ་སངས་རྒྱས་རྒྱུ་ལྟ་བུ་ཡོང་བར་བརྩོན་དགོས། སངས་རྒྱས་ཀྱིས་བསྟན་པའི་བྱང་ཆུབ་སེམས་བསྐྱེད་སྟངས་ཀྱི་དཔེ་རྣམས་ལ་རྟག་ཏུ་དྲན་ཤེས་བསྟེན་ཏེ། དེ་དང་འདྲ་བ་ཞིག་ཆགས་པར་གང་ཡོང་ཅི་ཡོང་གི་འབད་བརྩོན་བྱེད་དགོས། གལ་ཏེ་ང་ཚོས་གནས་མཆོག་འདི་ལྟ་བུར་སེམས་པ་བཟང་པོ་དང་ཀུན་སློང་བཟང་པོ་བསྐྱེད་ན་ཧ་ཅང་ཕན་ཡོན་ཆེན་པོ་ཡོད། ཁྱེད་རང་ཚོས་མགོ་ཚོད་སོང་ངམ། 

སྤྱོད་འཇུག་ནང་གསལ་བ་བཞིན། ཁོང་ཁྲོ་རྩ་བ་ཉིད་ནས་མི་ཟ་ཡག་འབད་བརྩོན་བྱེད་དགོས། ཁོང་ཁྲོས་དགེ་བའི་ནུས་པ་རྣམས་འཇོམས་པ་ནང་བཞིན་གཞན་གང་གིས་ཀྱང་འཇོམས་མི་ཐུབ་པའི་སྐོར་འགྲེལ་བརྗོད་གནང་ཡོད། དེ་འདྲ་ཡིན་པ་སོང་ཙང་། སུ་ལའང་རླུང་མ་བསྟན་པའམ་རླུང་མ་ལངས་པར་བྱེད་དགོས། རང་ཉིད་ཀྱི་སེམས་ལ་སྟངས་འཛིན་གྱིས་བཅུན་ནས་གཞན་ལ་སྤྱོད་པ་ངན་པོ་དང་རྩུབ་པོ་བྱེད་རྒྱུ་མེད། གཞན་གྱི་ལས་ཀ་དང་གྲུབ་འབྲས་ལ་ཕྲག་དོག་མི་བྱེད་པར། དེའི་ཚབ་ལ་གཞན་གྱི་དགེ་བའི་ལས་གྲུབ་པར་རྗེས་སུ་ཡི་རང་དང་དགའ་བ་སྒོམ་དགོས། ཡན་ལག་བདུན་པ་འདོན་ཏེ་དོན་ཚན་ཚང་མར་བསམ་བློ་ཡག་པོ་གཏོང་དགོས། དགེ་བའི་ལས་གང་ཐུབ་ཅི་ཐུབ་གསོག་དགོས། ཤེས་སོང་ངམ། གལ་ཏེ་ང་ཚོ་ཚང་མས་མཉམ་དུ་འདིར་དགེ་བ་ཏོག་ཙམ་བསྒྲུབ་ཐུབ་ན། དེས་ང་ཚོའི་མི་ཚེ་ཇེ་བཟང་དུ་གཏོང་གི་རེད། མ་རེད་པས། 

དེ་འདྲ་ཡིན་པ་སོང་ཙང། ད་གཞུང་འདི་ཐོས་པར་ཀུན་སློང་བྱང་ཆུབ་ཀྱི་སེམས་སུ་བཅོས་དགོས། འདི་ནི་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་ཡིན་པ་དང་། འདི་ལ་དབྱེ་བ་གསུམ་དུ་བགོས་ཡོད་པ་ནི། ཀླད་ཀྱི་དོན་དང། གཞུང་གི་དོན། མཇུག་གྱི་དོན་བཅས་ཡིན། གཞུང་དངོས་ཀྱི་དོན་ནི་ལམ་རིམ་ནས་གསུངས་པ་ནང་བཞིན་ཀུན་སློང་གི་རིམ་པ་མི་འདྲ་བ་གསུམ་དུ་དབྱེ་བ་ཕྱེས་ཡོད། དང་པོ་། སྐྱེས་བུ་ཆུང་ངུའི་ཀུན་སློང་གི་སྐོར་དེ་རེད།

རྩ་ཆེ་བའི་མི་ལུས། ༼མི་ལུས་རིན་པོ་ཆེ།༽

༡༽ དལ་འབྱོར་གྲུ་ཆེན་རྙེད་དཀའ་ཐོབ་དུས་འདིར།། བདག་གཞན་འཁོར་བའི་མཚོ་ལས་བསྒྲལ་བྱའི་ཕྱིར།། ཉིན་དང་མཚན་དུ་གཡེལ་བ་མེད་པར་ནི།། ཉན་སེམས་བསྒོམ་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ཆོས་ནི་སེམས་ཞི་བ་མ་ཡིན་པ་དེ་ཞི་བར་གྱུར་བ་དང་སེམས་མ་འདུལ་བ་དེ་འདུལ་བ་བཟོ་རྒྱུའི་ཐབས་ཚུལ་ཞིག་ཡིན། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་ཡིན་ཞིང། ཆོས་ལས་དེ་དག་འགྲུབ་ཐུབ་པ་ཡིན། འོན་ཀྱང་། མི་ཚོས་ཆོས་སྒྲུབ་ཚུལ་རྣམས་ཤེས་ཀྱི་མེད། ང་ཚོའི་སོ་སོའི་གཟུགས་པོ་ལ་བལྟས་པ་ཡིན་ན། དེ་ནི་ཕ་མ་ལས་བརྒྱུད་པ་ལྟ་བུ་སྣང་ཡང་ང་ཚོས་དེ་ལས་གཏིང་ཟབ་པ་དང་ཞིབ་ཚགས་པོ་བལྟས་ན། དེ་ནི་དལ་བ་དང་འབྱོར་བ་གཉིས་ཀྱི་ཁོངས་སུ་གཏོགས་པ་མཐོང་གི་རེད། དལ་བ་ནི་ཆོས་ཉམས་ལེན་བྱེད་པར་ཁོམ་པའམ་རང་དབང་ཡོད་པར་གོ་བ་ཡིན། ད་ལྟ་འདིར་གནས་པའི་ང་ཚོ་ཚང་མར་ལྟོས་དང། ང་ཚོ་འདིར་སླེབས་པ་དང་ཆོས་ཉམས་ལེན་བྱེད་པའི་རང་དབང་ཡོད། མི་འདུག་གམ། ང་ཚོ་རྣ་མཆོག་འོན་པ་མིན་པ་དང་ཆོས་ཉན་པ་ལ་སོགས་པར་འགོག་རྐྱེན་བྱེད་མཁན་གྱི་དབང་པོ་མ་ཚང་བ་ལྟ་བུ་མ་རེད། ང་ཚོ་འདིར་ཆོས་ཉམས་ལེན་བྱེད་པའི་སྐབས་མཐུན་པའི་རྐྱེན་ཆ་ཚང་ལྡན་པ་དང་མི་མཐུན་པའི་རྐྱེན་གང་ཡིན་པ་རྣམས་འདིར་མེད། དོན་ངོ་མར་ང་ཚོར་དལ་བ་བརྒྱད་དང་འབྱོར་བ་བཅུ་རྣམས་ཚང་ཡོད། 

འཛམ་གླིང་ནང་མི་མང་པོ་ཞིག་ལ་མི་ལུས་ཐོབ་ཀྱང་། མི་ཉུང་ཉུང་ཞིག་ལ་མ་གཏོགས་དམ་ཆོས་ཉམས་ལེན་བྱེད་པའི་རང་དབང་མེད། ང་ཚོར་རྙེད་དཀའ་བའི་གོ་སྐབས་དེ་འདྲ་བྱུང་བས་བསོད་བདེ་ཆེན་པོ་ཞེ་དྲག་ཡིན། དེར་མ་ཟད། འཛམ་གླིང་འདིའི་ནང་སངས་རྒྱས་ཀྱི་བསྟན་པར་འཇུག་མཁན་དང་ཁོང་གི་མཛད་པ་མུ་མཐུད་སྐྱོང་མཁན་གྱི་བླ་མ་མང་པོ་ཞིག་ཡོད། ད་ལྟ་ང་ཚོའི་མྱོང་བའི་འབྲས་བུ་བཟང་པོ་འདི་དག་སྔ་མའི་རྒྱུ་མཐུན་པའི་འབྲས་བུ་ཡིན། གཞན་ཞིག་ནས་ཞུས་ན། ད་ལྟའི་ང་ཚོའི་བསོད་ནམས་འདི་སྔ་མ་དགེ་བ་བསགས་པའི་རྒྱུ་ལས་བྱུང་དགོས།  དེ་འདྲ་ཡིན་པ་སོང་ཙང། ང་ཚོར་མ་འོངས་པར་བྱ་བའི་གཞི་རྟེན་དུ་གྱུར་བའི་དལ་འབྱོར་གྱི་ལུས་རྟེན་འདི་དག་ཡང་བསྐྱར་ཐོབ་པར་ད་ལྟ་ནས་རྒྱུ་དགེ་བ་གསོག་དགོས། 

གལ་ཏེ་ང་ཚོས་འདོད་ཆགས་དང། ཞེ་སྡང། གཏི་མུག་མེད་པའི་སྒོ་ནས་ལས་ཀ་བྱེད་པ་ཡིན་ན། སྐྱེ་བ་ཕྱི་མར་དལ་འབྱོར་མི་ལུས་ཐོབ་པའི་རྒྱུ་གསོག་པར་དཀའ་ངལ་འཕྲད་ཀྱི་མ་རེད། ཡིན་ནའང་ང་ཚོས་དོན་དངོས་སུ་དེ་ལྟར་བྱེད་ཀྱི་མེད་པས། ང་ཚོས་ད་ལྟའི་གོ་སྐབས་ལས་ཁེ་ཕན་གང་མང་ལེན་དགོས། སེམས་ཤུགས་ནམ་ཡང་མི་ཆག་པ་དང་སེམས་མ་ཞུམ་པ་བྱས་ནས་གང་ཐུབ་ཅི་ཐུབ་ཀྱིས་ལས་བཟང་པོ་སྒྲུབ་ཐབས་བྱེད་དགོས། 

དགེ་བའི་སེམས་སམ་སེམས་དུལ་བ་ནི་ཁྲོམ་དུ་ཉོ་རྒྱུ་མེད་པ་དང་། ཞིང་ཁར་འདེབས་པའམ་དངུལ་ཁང་ནས་ལེན་རྒྱུ་ཡོད་པ་ལྟ་བུ་མིན། འདི་ནི་སེམས་འདུལ་བའི་ཉམས་ལེན་དངོས་ལས་བྱུང་གི་ཡོད། ང་ཚོར་སྒོམ་གྱི་མྱོང་བ་དང་རྟོགས་པ་བརྟན་པོ་ཞིག་བྱུང་བར་ཉམས་ལེན་བྱེད་དགོས། དེ་འདྲ་སོང་ཙང་། ང་ཚོས་སྔོན་གྱི་སློབ་དཔོན་ཆེན་པོ་རྣམས་ཀྱི་རྗེས་སུ་འབྲངས་ནས་དེ་དག་གིས་བསྟན་པའི་ལམ་ལ་འཇུག་དགོས། 

བོད་ནང་ཐོག་མར་རྙིང་མའི་བླ་མ་རྣམས་དང་དེའི་རྗེས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་བཀའ་གདམས་པའི་བརྒྱུད་པ། ས་སྐྱའི་བླ་མ་རྣམ་པ། བཀའ་བརྒྱུད་ཀྱི་མར་པ་དང། མི་ལ་རས་པ། རྗེ་སྒམ་པོ་པ་ལ་སོགས་པའི་བླ་མ་མང་པོ་བྱུང་བ་རེད། ཁོང་རྣམ་པས་དཀའ་སྡུག་མང་པོ་མྱངས་བ་དང། ཧུར་བརྩོན་ཤུགས་ཆེན་གནང་ནས་སངས་རྒྱས་པ་རེད། ཁོང་ཚོའི་ལམ་སྟོན་གནང་བ་དེར་འཇུག་མིན་ང་ཚོར་རག་ལས་ཡོད། ང་ཚོས་སོ་སོ་རང་ཉིད་ལ་བརྟག་དཔྱད་བྱས་ནས་ “ངས་ནས་འདས་པའི་ལོ་ལྔ་དང། བཅུ། བཅོ་ལྔ་རིང་སེམས་འདུལ་བར་ཡར་རྒྱས་གང་ཕྱིན་འདུག་” ཅེས་སོ་སོར་དྲི་བ་འགོད་དགོས། གལ་ཏེ་ང་ཚོས་དངོས་གནས་ཡར་རྒྱས་ཅུང་ཟད་ཕྱིན་ཡོད་པ་མཐོང་ན། དེས་ང་ཚོར་སེམས་ཤུགས་སྤར་ཐུབ་ཀྱི་རེད། དེར་སྤོབས་པ་ལ་སོགས་པ་བྱེད་རྒྱུ་མེད། འོན་ཀྱང་ང་ཚོས་ལོ་ལྔའམ་བཅུའི་རིང་ཡར་རྒྱས་ཏོག་ཙམ་ལས་ཕྱིན་མེད་པ་རྟོགས་པ་དེས་དུས་ཡུན་ཐུང་ངུ་རིང་དཀའ་ལས་རྒྱག་པ་དེར་སེམས་ཤུགས་ཆག་གི་མ་རེད། 

ཉམས་ལེན་དངོས་ནི་ཆོས་ལ་ཐོས་པ་དང་། བསམ་པ། སྒོམ་པ་གསུམ་གནང་རྒྱུ་དེ་ཡིན། འོན་ཀྱང། ང་ཚོས་ཆོས་ཉན་པའམ་སྦྱང་པའི་སྐབས་སུ། ང་ཚོས་དེའི་ཐོག་འཛིན་པའི་བསམ་ཕྱོགས་དེར་རྟག་ཏུ་བརྟག་དཔྱད་བྱེད་དགོས། ང་ཚོས་གང་ཞིག་ཐོས་པ་དེ་འཕྲལ་དུ་ལག་ལེན་དུ་སྐྱེལ་དགོས་ཀྱི་ཡོད། ང་ཚོར་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་རྣམས་ཕན་ཚུན་མ་བྲལ་བའམ་དེ་གསུམ་ལས་གང་རུང་ཞིག་མ་ཚང་བ་མེད་པ་བྱེད་དགོས།

དལ་འབྱོར་མི་ལུས་ཐོབ་རིན་ཆེན་ལས་ཁེ་ཕན་ལེན་པའི་མཐུན་རྐྱེན་བཟང་ཤོས།

༢༽ གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།། དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།། བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན།། ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ཡག་ཤོས་བྱུང་ན་ཕ་ཡུལ་སྤོང་རྒྱུ་དེ་ཡིན། ཡིན་ནའང་ང་ཚོས་དེ་ལྟར་མི་སྤོང་བའམ་སྤོང་མ་ཐུབ་ནའང་། དེ་ལ་བརྟེན་ནས་འདོད་ཆགས་ཞེ་སྡང་བྱེད་རྒྱུ་སྤོང་དགོས། ང་ཚོས་ཆགས་སྡང་གཉིས་སྐྱེ་ཡུལ་སོ་སོའི་ཕ་ཡུལ་དང་དགྲ་བོ་ལ་སོགས་པ་རྙེད་རྒྱུ་ཡོད་པ་འདྲ་པོ་ཞིག་དང་རང་བཞིན་གྱིས་གྲུབ་པ་ལྟ་བུར་སྣང་ནས། “འདི་ངའི་ལུང་པ་ཡིན། ངའི་ནང་མི་ཡིན།” ཞེས་བསམ་རྒྱུ་མེད། འདོད་ཆགས་དང་ཞེ་སྡང་གཉིས་ལས་གནོད་འཚེ་ཅན་གྱི་བྱ་སྤྱོད་ཀུན་བྱུང་བ་དང་མི་དགེ་བའི་ལས་དང་སྡུག་བསྔལ་འབྱུང་བར་བྱེད་ཀྱི་ཡོད། དཀའ་ངལ་བཟོ་མཁན་འདི་གཉིས་ནི་ཉོན་མོངས་ནང་ནས་གཙོ་བོ་ཡིན་ཞིང། གཉིས་ཀ་མ་རིག་པ་ལས་བྱུང་བ་ཡིན། 

ང་ཚོས་སོ་སོའི་རྒྱལ་ཁབ་སྤོང་བ་དང་ཡུལ་གཞན་ཞིག་ཏུ་ཕྱིན་ནས་གྲོགས་གསར་པ་བཟོས་ཏེ་ཆགས་ཞེན་གཉིས་སྐྱེས་ན། དེས་ཕན་གང་ཡང་ཐོགས་ཀྱི་མ་རེད། འདི་ཡག་པོ་མ་རེད། གནད་དོན་གཙོ་བོ་ནི་ང་ཚོས་ཆགས་ཞེན་གཉིས་སྤང་རྒྱུ་དང་། དེའི་ཚབ་ཏུ་སེམས་ཅན་གཞན་གྱི་དོན་བསྒྲུབ་པའི་བསམ་པ་སྐྱེ་རྒྱུ་དེ་ཡིན། གལ་ཏེ་ང་ཚོའི་མི་ཞིག་ལ་ཤིན་ཏུ་ཆགས་པའམ་སྣང་བ་ཞེ་དྲག་འགྲོ་གི་ཡོད་ནའང། མི་དེའི་སྤྱོད་པ་ཅུང་ཟད་འགྱུར་བ་ཕྱིན་པ་དང་འཕྲལ་དུ་ང་ཚོས་མི་དེར་མི་དགའ་བའི་སྡང་འཛིན་བྱེད་ཀྱི་ཡོད། གལ་ཏེ་ང་ཚོར་གཞན་ལ་རོགས་པ་བྱ་རྒྱུའི་བྱམས་དང་སྙིང་རྗེའི་བསམ་པ་ཡོད་ན། མི་དེས་སྤྱོད་ངན་བྱས་ནའང་། ད་དུང་གང་ཟག་དེར་བདེ་བ་འདོད་ཀྱི་རེད། དེར་བརྟེན། ང་ཚོས་འདོད་ཆགས་ཀྱི་ཚབ་ཏུ་གཞན་ཕན་གྱི་བསམ་པ་བསྐྱེད་དགོས། 

ང་ཚོ་འདིར་འཛོམས་པ་མང་ཆེ་བས་ཕ་ཡུལ་སྤངས་ཚར་བ་ཡིན་ཡང་། ང་ཚོས་ད་དུང་དེར་འདོད་ཆགས་དང་ཞེ་སྡང་བྱེད་ཀྱི་ཡོད་ན། དེ་ལ་དགེ་མཚན་གང་ཡང་མེད་པས། ང་ཚོས་རང་རྒྱུད་ནས་དེ་དག་སྤོང་དགོས།

༣༽ ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ།། རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ།། རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེས།། དབེན་པ་བསྟེན་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། གལ་ཏེ་ང་ཚོར་བསུན་པོ་བཟོ་མཁན་དང་ང་ཚོར་ལས་ཀའི་བྲེལ་བ་ཞེ་དྲག་མེད་ན། རང་བཞིན་གྱིས་ལས་བཟང་པོའི་ཕྱོགས་སུ་ལས་སླ་པོའི་སྒོ་ནས་ཁ་ཕྱོགས་བསྒྱུར་ཐུབ་ཀྱི་ཡོད། དེ་འདྲ་ཡིན་པ་སོང་ཙང། ས་ཆ་ཁ་ཁུ་སིམ་པོའམ་གནས་དབེན་པར་བསྡད་ན་ཕན་ཐོགས་ཆེ་ཤོས་དེ་ཡིན། འོན་ཀྱང་། གནས་དབེན་པར་སྒོམ་རྒྱག་ཐུབ་པ་ཡོང་ཡག་ལ། ང་ཚོས་འདོད་ཆགས་དང་ཞེ་སྡང་མེད་པའི་སྒོ་ནས་ཆོས་ལ་ཐོས་པ་དང་བསམ་པ་ཆ་ཚང་བ་ཞིག་བྱེད་དགོས། 

དེ་འདྲ་སོང་ཙང། ང་ཚོར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་ཡོད་པས། དེ་བེད་སྤྱོད་ལེགས་པར་གཏོང་དགོས་པ་དང་གོ་སྐབས་འདི་མི་བརླག་པ་བྱེད་དགོས། གང་ཡིན་ཞེ་ན། འདི་ནི་མི་རྟག་པ་ཡིན། ལམ་གཙོ་རྣམ་གསུམ་ནང་དུ་གསལ་བ་བཞིན། ང་ཚོས་ཚེ་འདིར་གཙོ་བོར་འཛིན་པའི་ཆགས་ཞེན་ལས་ཕྱིར་ལྡོག་དགོས། གལ་ཏེ་ང་ཚོས་སྐྱེ་བ་ཕྱི་མའི་ཆེད་ཤུགས་བརྒྱབ་ནས་གཟབ་ནན་བྱེད་པ་ཡིན་ན། ཚེ་འདི་ཡང་ཡག་པོ་ཡོང་གི་རེད། དེ་ལས་ལྡོག་ཏེ། ང་ཚོས་ཤུགས་ཡོངས་རྫོགས་མི་ཚེ་འདི་རང་ལ་བརྒྱབ་ནས་གཟབ་ནན་བྱས་ན། འདིས་སྐྱེ་བ་ཕྱི་མར་རྩ་བ་ཉིད་ནས་ཕན་གྱི་མ་རེད། དེ་འདྲ་ཡིན་པ་སོང་ཙང། ང་ཚོས་ཚེ་འདི་ཁོ་ནའི་དོན་ཙམ་ལས་ལྡོག་སྟེ། སྐྱེ་བ་ཕྱི་མ་བཟང་པོ་ཡོང་བའི་ཆེད་འབད་དགོས། དེ་ལྟར་ཡོང་བར་ང་ཚོས་མི་རྟག་པའི་སྐོར་བསམ་བློ་གཏོང་དགོས།

མི་རྟག་པ།

༤༽ ཡུན་རིང་འགྲོགས་པའི་མཛའ་བཤེས་སོ་སོར་འབྲལ།། འབད་པས་བསྒྲུབས་པའི་ནོར་རྫས་ཤུལ་དུ་ལུས།། ལུས་ཀྱི་མགྲོན་ཁང་རྣམ་ཤེས་མགྲོན་པོས་བོར།། ཚེ་འདི་བློས་བཏང་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། གལ་ཏེ་ང་ཚོས་འཛམ་གླིང་གི་ལོ་རྒྱུས་སུ་བལྟས་ན། ངང་ངམ་ཤུགས་ཀྱིས་ཁམས་གསུམ་པོར་སྐྱེས་པའི་སེམས་ཅན་གཅིག་ཀྱང་གཏན་དུ་གནས་མེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་སོགས་པ་སྐྱེས་ཆེན་དམ་པ་རྣམས་བྱོན་པའི་གནའ་བོའི་གནས་ས་ཆེན་པོ་དཔལ་ནཱ་ལེནྡྲ་ལྟ་བུར་ལྟོས་དང། ད་ལྟ་ཞིག་རལ་ཙམ་ལས་ལྷག་མེད། འདིས་ང་ཚོར་མི་རྟག་པ་སྟོན་པར་ཕན་གྱི་ཡོད། སྔ་མོ་བོད་ཀྱི་གོམས་སྲོལ་ལ་སོགས་པར་ལྟོས་དང། འདི་ཚོ་ནི་འདས་ཚར་བ་ཡིན། འདི་ཚོ་མི་རྟག་པ་ཡིན་པས་མཇུག་རྫོགས་ཚར་བ་རེད། འདི་ནས་ལོ་བརྒྱའི་རྗེས་སུ་ང་ཚོ་གཅིག་ཀྱང་གསོན་པོར་མི་གནས་པ་ནི་ངེས་པ་ཡིན། ང་ཚོའི་གསལ་ཞིང་རིག་པའི་ཤེས་པའི་རྒྱུན་དེ་མུ་མཐུད་འགྲོ་བསྡད་ཀྱི་ཡོད་པས། སྐྱེ་བ་སྔ་ཕྱི་ཡོད་པ་ནི་ངེས་པ་ཡིན། ཡིན་ནའང་། སྐྱེ་བ་སྔ་མའི་རྒྱུ་ལས་བྱུང་བའི་རྒྱུ་ནོར་ལོངས་སྤྱོད་དང་བདེ་སྐྱིད་ལ་སོགས་པ་ད་ལྟ་ང་ཚོས་གང་མྱོང་བ་རྣམས་སྐྱེ་བ་ཕྱི་མ་འགྲོ་གི་མ་རེད། ང་ཚོ་སོ་སོའི་ནང་མི་དང་གཞན་ལ་སོགས་པར་ག་ཚོད་བློ་ཐག་ཉེ་པོ་ཡོད་ཀྱང་། འཆི་བའི་ཚེ་བྲལ་དགོས་པ་དང་སོ་སོའི་ལམ་དུ་འགྲོ་དགོས་ཀྱི་ཡོད། དགེ་བ་བསགས་པའི་སྐྱེ་བོ་རྣམས་ཀྱིས་བདེ་བ་མྱོང་བ་དང་དགེ་བ་མ་བསགས་པ་རྣམས་ཀྱིས་བདེ་བ་མྱོང་གི་མ་རེད། “ང་ཙམ་” ཞེས་པའི་རྒྱུན་དེ་ཤེས་པ་ཕྲ་མོའི་ནུས་པའི་སྟེང་དུ་འཇོག་རྒྱུ་ཡིན་པ་ནི་ངེས་པ་ཡིན་པས། ད་ལྟ་ང་ཚོས་ལས་གསོག་བཞིན་པ་རྣམས་ཀྱི་འབྲས་བུ་མྱོང་དགོས་ཀྱི་ཡོད། དེ་འདྲ་ཡིན་པ་སོང་ཙང་། ང་ཚོས་ད་ལྟ་ལས་གང་གསོག་གི་ཡོད་པ་དང་བྱ་བ་གང་རྩོམ་གྱི་ཡོད་པ་དེ་གནད་འགག་ཆེན་པོ་ཞིག་ཆགས་བསྡད་ཡོད། 

འཆི་བའི་སྐབས་སུ་ང་ཚོ་ཚང་མ་གཅིག་པོ་འགྲོ་དགོས་ཀྱི་ཡོད། ང་ཏཱ་ལའི་བླ་མ་ཡིན་ནའང་། འཆི་བའི་དུས་སུ་གཅིག་པོ་འགྲོ་རྒྱུ་རེད། མའོ་ཛི་ཏོང་ཤི་དུས་གཅིག་པོ་ཕྱིན་པ་རེད། ཁོང་གི་བཟའ་ཟླ་ཇིང་ཁིང་དང་རྗེས་འབྲངས་པ་ཚོ་ཡང་ཁོང་གི་རོགས་པར་ཕྱིན་མེད། ཁོང་འཚོ་བའི་སྐབས་ཀྱི་གཏམ་སྙན་གྲགས་ཚང་མས་ཀྱང་རྩ་བ་ཉིད་ནས་ཕན་ཐོགས་བྱུང་མེད་པ་དང་ང་ཚོས་ཕྱིས་སུ་གང་ཆགས་ཡོད་པ་རྣམས་མཐོང་ཐུབ་པ་ཡིན། བདག་ཉིད་ཆེན་པོ་གཱནྡྷཱི་ཡང་གཅིག་པུར་ཕེབས་་ཡོད། ཁོང་གིས་འཁར་རྒྱུག་དང། བསིལ་ལྷམ། མིག་ཤེལ་སྒོར་སྒོར་དེ་ཡང་བཞག་ནས་ཕེབས་པ་རེད། ང་ཚོས་འདི་ཚོ་ཚང་མ་ཁོང་གི་དྲན་རྟེན་ཆེད་དུ་མཐོང་ཆོས་སུ་རེད། བྱས་ཙང། ཁོང་གིས་མཉམ་དུ་ཅ་ལག་གཅིག་ཀྱང་འཁྱེར་མེད།  ཕྱི་དངོས་པོའི་ལོངས་སྤྱོད་དང། གྲོགས་པོ། སྤུན་མཆེད་རྣམས་ཀྱིས་གཅིག་ཀྱང་ཕན་མི་ཐོགས་པ་མ་ཟད། ང་ཚོའི་ཕ་མ་ནས་བརྒྱུད་པའི་གཟུགས་པོ་དེས་ཀྱང་མི་ཕན་པ་ཡིན། གུང་ཐང་རིན་པོ་ཆེས། ང་ཚོ་ཚང་མ་གཅིག་པུར་འགྲོ་དགོས་ཚུལ་གསུངས་ཡོད། 

ང་ཚོ་བོད་པ་ཚོར་ལྟོས་དང། སོ་སོ་རང་ཉིད་ལ་ལྟོས་དང་། ང་ཚོ་མི་ཞིག་ཡིན་ཡང་དཀའ་ཚེགས་ཅན་གྱི་དུས་འདི་ལྟ་བུ་མྱོང་བ་དང་། ད་དུང་འཆི་བའི་རྗེས་མི་ལུས་ཡང་བསྐྱར་ལེན་པའི་ངེས་པ་མེད། ང་ཚོ་མི་ཡིན་པའི་གནས་སྐབས་འདིར་ཡར་རྒྱས་ཤིག་མ་བཏང་ན། སྐྱེ་བ་ཕྱི་མ་མི་མ་ཡིན་པའི་སྐབས་ག་རེ་བྱེད་ཐུབ་ཀྱི་རེད་དམ། ང་ཚོ་ཁ་ལག་ལོས་ཟ། ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པའི་སྐྱེ་བོ་དམ་པ་རྣམས་མ་གཏོགས། གཞན་ང་ཚོ་ཚང་མ་ཟས་རགས་པ་ལ་བསྟེན་ནས་འཚོ་དགོས། དེ་འདྲ་ཡིན་པ་སོང་ཙང། ང་ཚོས་ཟས་རིགས་འདེབས་པའི་ཞིང་ལས་བྱེད་དགོས་པ་དང་མི་ཚེ་འདིའི་ཆེད་དུ་ལས་ཀ་བྱེད་ལོས་དགོས། ཡིན་ནའང་། ང་ཚོས་ཚེ་འདི་ཁོ་ནར་སེམས་ཡོངས་སུ་གཏད་ནས་ཆགས་ཞེན་བྱ་རྒྱུ་མེད། ང་ཚོའི་ཚེ་འདིའི་དུས་ཚོད་ནས་བརྒྱ་ཆ་༣༠ཚེ་འདི་དང་། བརྒྱ་ཆ་༧༠ཚེ་ཕྱི་མར་སྤྲད་པའམ། ཡང་ན་བརྒྱ་ཆ་༥༠-༥༠བྱས་ན་ཡག་ག་ཡོད། དོན་དག་གཙོ་བོ་ནི། ཚེ་འདི་ཁོ་ནའི་ཆེད་དུས་ཚོད་ཡོངས་སུ་རྫོགས་པ་གཏོང་རྒྱུ་མེད་པ་བསྟན་པ་ཡིན།

གྲོགས་བཟང་པོ་དགོས་པའི་གལ་གནད་བསྟན་པ།

༥༽ གང་དང་འགྲོགས་ན་དུག་གསུམ་འཕེལ་འགྱུར་ཞིང།། ཐོས་བསམ་བསྒོམ་པའི་བྱ་བ་ཉམས་འགྱུར་ལ།། བྱམས་དང་སྙིང་རྗེ་མེད་པར་འགྱུར་བྱེད་པའི།། གྲོགས་ངན་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། ང་ཚོའི་བསམ་བློ་མང་ཆེ་བ་སྐྱེ་བ་ཕྱི་མའི་ཐོག་གཏོང་དགོས་པས། དེ་ལྟར་བྱེད་པར་གྲོགས་བཟང་པོ་དགོས། གྲོགས་པོས་ང་ཚོར་ཤུགས་རྐྱེན་ཆེན་པོ་སྤྲད་ཀྱི་ཡོད་པས་གལ་ཆེན་པོ་ཡིན། གལ་ཏེ་ང་ཚོར་ཐོས་བསམ་སློབ་གཉེར་ཉུང་ངུ་ལས་མེད་ཀྱང་། གྲོགས་བཟང་པོའི་དཔེ་ཡིས་འབད་བརྩོན་མང་བ་བྱེད་པའི་ནུས་ཤུགས་སྦྱིན་ཐུབ་ཀྱི་ཡོད། 

རང་ཉིད་སོ་སོ་དང་གཤིས་ཀའམ་བག་ཆགས་གཅིག་པའི་གྲོགས་པོ་བསྟེན་རྒྱུ་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན། ཚིགས་བཅད་ནང་དུ་གསུངས་པ་བཞིན་གྲོགས་པོ་ངན་པའམ་ལམ་ལོག་པར་འཁྲིད་མཁན་དང་འགྲོགས་ན་ང་ཚོར་གནོད་ཀྱི་ཡོད། དེ་འདྲ་ཡིན་པ་སོང་ཙང། ང་ཚོས་གྲོགས་པོ་ངན་པ་དང་འབྲེལ་ཐག་གཅོད་དགོས། འདིའི་དོན་གང་རེད་ཅེ་ན། ཁོང་ཚོའི་ཤུགས་རྐྱེན་ངན་པ་ལས་ཐག་རིང་ཙམ་སྡོད་དགོས་ཟེར་གྱི་ཡོད། གཞན་ཁོང་ཚོར་བདེ་བ་དང་འཕྲད་པའི་བྱམས་པ་དེ་ང་ཚོའི་རྒྱུད་ལ་ཡོད་དགོས།

༦༽ གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང།། ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི།། བཤེས་གཉེན་དམ་པ་རང་གི་ལུས་བས་ཀྱང།། གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། གལ་ཏེ་ང་ཚོས་གྲོགས་བཟང་པོ་དང་བཤེས་གཉེན་བཟང་པོ་བསྟེན་ན། ཁོང་ཚོས་ང་ཚོར་ཤུགས་རྐྱེན་བཟང་ཤོས་སྤྲད་པར་འབད་བརྩོན་བྱེད་ཀྱི་རེད། ང་ཚོར་རན་ཞིང་འཚམས་པའི་བླ་མ་བཟང་པོ་ཞིག་དགོས་ངེས་ཅན་ཡིན་ཡང་། སྐྱེ་བོ་དེ་དག་ང་ཚོའི་སེམས་ལ་ཧ་ཅང་འཐད་པོ་ཡོད་པ་མ་ཟད། མཚན་ཉིད་ཡོངས་སུ་ཚང་བ་ཞིག་དགོས། ང་ཚོ་བོད་པའི་ནང་སྤྲུལ་སྐུའམ་བླ་མ་མཚན་སྙན་ཆེ་བའི་ཡང་སྲིད་དེ་འདྲ་ཡོད་ཀྱང་། དེ་ཚོ་མཚན་ཉིད་ཡོངས་སུ་ཚང་བ་དགོས་ཀྱི་ཡོད། དེ་མེད་ན་དོན་དག་མེད་པ་རེད། དེ་འདྲ་ཡིན་པ་སོང་ཙང། ང་ཚོས་སྐྱེ་བོ་དེའི་སྤྲུལ་སྐུའི་མཚན་གནས་དེ་དག་ཟུར་དུ་བཞག་ནས་སྒེར་གྱི་ཡོན་ཏན་དང་ཤེས་ཚད་ལ་བརྟག་དཔྱད་བྱེད་དགོས། གལ་ཏེ་སྐྱེས་པའམ་སྐྱེས་མ་དེ་མཚན་ཉིད་ཡོངས་སུ་ཚང་བ་ཞིག་ཡིན་ན། གཞི་ནས་བླ་མར་བསྟེན་དགོས། 

འོན་ཀྱང། དོན་དངོས་སུ་སྤྲུལ་སྐུ་ཕལ་མོ་ཆེ་བླ་མ་མིན། ཁོང་ཚོར་བླ་བྲང་ཆེན་པོ་དང་དཔལ་འབྱོར་ཆེན་པོ་ཡོད་ཆོག་ཀྱང་། ཡོན་ཏན་དང་ཤེས་ཚད་མེད། སྐྱེ་བོ་སུ་འདྲ་ཞིག་ལ་དངུལ་དང་། མིང་ཆེན་པོ། མཚན་སྙན་གྲགས་ཡོད་པ་དེས་བླ་མ་ཆགས་ཀྱི་མེད། དེ་འདྲ་ཡིན་པ་སོང་ཙང། ང་ཚོས་ཁོང་ཚོའི་ཤེས་ཚད་དང་སྐུ་ཡོན་ངོ་མ་ལ་སོགས་པར་དཔྱད་དགོས། དཔྱད་པ་ཞིབ་ཚགས་པོ་འདི་ལྟ་བུ་ནི་ཧ་ཅང་གལ་ཆེན་པོ་ཡིན། འདི་ནི་སངས་རྒྱས་ཀྱི་གལ་ཆེན་བརྩིས་པ་ནང་བཞིན་རྗེ་ཙོང་ཁ་པས་ཀྱང་དེ་ལྟར་བརྩིས་གནང་ཡོད། 

བླ་མ་དང་སློབ་མའི་དབར་གྱི་འབྲེལ་བ་བཟང་པོ་ནི་ཧ་ཅང་གལ་ཆེན་པོ་ཡིན། གལ་ཏེ་བླ་མ་མཚན་ཉིད་ཡོངས་སུ་རྫོགས་པ་ཚང་བ་ཞིག་ཡིན་ན། ང་ཚོའི་བློ་ཆ་ཚང་བླ་མར་གཏད་ཆོག་པ་དང་། ནཱ་རོ་པ་དང་ཏཻ་ལོ་པ་ནང་བཞིན་ང་ཚོས་བླ་མས་གང་བཀའ་གནང་བ་དག་བསྒྲུབ་ཆོག། ཏཻ་ལོ་པས་མར་མཆོང་གསུངས་པ་བཞིན་ནཱ་རོ་པས་ཐེ་ཚོམ་མེད་པར་མཆོངས་པ་ལྟ་བུ་རེད། འོན་ཀྱང་ང་ཚོའི་བླ་མ་རྣམས་ཏཻ་ལོ་པ་ནང་བཞིན་མཚན་ཉིད་ཚང་བ་མེད་ན། ང་ཚོས་འཕྲལ་དུ་ཉན་རྒྱུ་མེད་པ་དང་བཀའ་གནང་བ་ཐམས་ཅད་བསྒྲུབ་རྒྱུ་མེད། མི་གླེན་པ་ཞིག་གིས་མཆོད་རྟེན་འདིའི་སྒང་ནས་མར་མཆོང་ཟེར་བ་ཙམ་གྱིས་ང་ཚོ་མཆོང་གི་མེད། མཆོང་གི་རེད་དམ། 

ང་ཚོ་ལས་དང་པོ་བ་ཚོར་གནད་དོན་གལ་ཆེ་བ་ཞིག་ནི་སོ་སོའི་ཚུལ་ཁྲིམས་ཀྱི་གཞི་རྩ་བརྟན་པོ་ཞིག་དགོས། ང་ཚོ་བོད་པ་ཚོའི་ཉམས་ལེན་གནང་ཕྱོགས་ནི་ཧ་ཅང་ཡག་པོ་ཡོད། ང་ཚོར་ཚུལ་ཁྲིམས་ཀྱི་གཞི་རྟེན་ཡོད་པའི་སྟེང་དུ་བྱམས་སྙིང་རྗེ་ལྡན་པའི་ཐེག་པ་ཆེན་པོའི་ཉམས་ལེན་ཡོད་ཅིང། དེ་ནས་དེ་དག་གི་རྩེ་མོར་གསང་སྔགས་རྒྱུད་སྡེ་བཞིའི་ཉམས་ལེན་རྣམས་ཡོད། དོན་དངོས་སུ་སངས་རྒྱས་ཀྱིས་གསུངས་པའི་ལམ་ཡོངས་རྫོགས་ཉམས་ལེན་བྱེད་མཁན་གྱི་ནང་པ་གཅིག་པུ་དེ་ནི་ང་ཚོ་བོད་པ་ཚོ་ཡིན་པ་མ་ཟད། དེ་ཡང་གང་ཟག་གཅིག་གི་སྟེང་དུ་ལམ་ཡོངས་རྫོགས་ཉམས་ལེན་བྱེད་ཀྱི་ཡོད། 

དཔེ་ཆ་བཞག་ན། ཐེ་ལན་ཌི་དང། འབར་མ། ཤྲཱི་ལངྐ་བཅས་ལ་ཚུལ་ཁྲིམས་དང་འབྲེལ་བའི་འདུལ་བའི་སྡེ་སྣོད་གཅིག་པོ་ཡོད་པ་མ་གཏོགས་ཐེག་ཆེན་དང་གསང་སྔགས་ཀྱི་ཆོས་ཀྱང་མེད་པ་ཡིན། ཐེག་ཆེན་གྱི་ཆོས་ཉམས་ལེན་བྱེད་མཁན་ཉི་ཧོང་དང། ཀོའོ་རི་ཡ། ས་ཆ་གཞན་འགའ་ཞིག་ཏུ་གསང་སྔགས་ཀྱི་སྡེ་ཡོད་ཀྱང་། རྒྱུད་སྡེ་བཞི་ལས་ཐོག་མ་གསུམ་སྟེ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་མ་གཏོགས་མེད། ཁོང་ཚོར་རྒྱུད་སྡེ་བཞི་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དེ་འདྲ་མེད་པ་རེད། ནང་ཆོས་དར་སའི་ས་ཆ་འགའ་ཞིག་ལ་སྟོང་པ་ཉིད་ཀྱི་ལྟ་བ་ཡོད་ཀྱང་། དེ་ཡང་སེམས་ཙམ་པའིལུགས་སམ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་ཡིན་པ་ལས་དབུ་མ་ཐལ་གྱུར་བའི་ལུགས་ཀྱི་ལྟ་བ་དེ་མེད་པ་རེད། ཡང་ས་ཆ་འགའ་ཞིག་ཏུ་ཚུལ་ཁྲིམས་ཀྱི་གཞི་རྟེན་མེད་པའི་ཐེག་ཆེན་ལྟ་བུ་ཡོད་པ་དང་། གཞན་འགའ་ཞིག་གིས་ཐེག་པ་ཆེ་ཆུང་མེད་པར་སྔགས་ཀྱི་ཐེག་པར་འབད་བརྩོན་བྱེད་མཁན་ཡང་ཡོད། ང་ཚོ་བོད་པ་གཅིག་པོར་གང་ཟག་གཅིག་གི་སྟེང་ལམ་དང་ཉམས་ལེན་ཆ་ཚང་བ་མཉམ་སྡེབ་བྱས་ནས་ཡོད། དེར་བརྟེན་ང་ཚོ་མི་རེ་ངོ་རེ་ནས་ཉམས་ལེན་ཡག་པོ་བྱེད་དགོས།

ཉེན་མེད་ཀྱི་ཁ་ཕྱོགས། ༼སྐྱབས་འགྲོ།༽

༧༽ རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི།། འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས།། དེ་ཕྱིར་གང་ལ་སྐྱབས་ན་མི་བསླུ་བའི།། དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན།། 

ཞེས་གསུངས་པ་ལྟར། འདིས་ང་ཚོ་ཉེན་མེད་ཀྱི་ཁ་ཕྱོགས་སུ་འགྲོ་བའམ་སྐྱབས་སུ་འགྲོ་བའི་སྐོར་བཤད་ཀྱི་ཡོད། ང་ཚོས་སྐྱབས་སུ་འགྲོ་དུས་དཀོན་མཆོག་གསུམ་གྱི་ཡོན་ཏན་རྣམས་དྲན་དགོས། ལེགས་སྦྱར་སྐད་དུ་བུ་བུདྡྷ་ཞེས་པ་བོད་སྐད་དུ་སངས་རྒྱས་ཟེར་ཞིང། “སངས་” ཟེར་དུས་སྤང་བྱའི་སྐྱོན་གྱི་ཆ་གང་ཡོད་པ་ཐམས་ཅད་སྤོང་བ་ལ་གོ་བ་དང་། “རྒྱས་” ཟེར་དུས་རྟོགས་བྱའི་ཡོན་ཏན་གྱི་ཆ་གང་ཡོད་ཐམས་ཅད་རྟོགས་པའམ་ཐོབ་པར་གོ་བ་ཡིན། ལེགས་སྦྱར་སྐད་དུ་དྷརྨ་ཞེས་པ་དེ་འཛིན་པ་ལ་གོ་ཞིང། དེ་ཡང་མི་མཐུན་པའི་རྐྱེན་ལས་འཛིན་པར་གོ་བ་ཡིན། ཕྱོགས་གཞན་ཞིག་ནས་ཆོས་ཀྱི་རྗེས་སུ་འབྲངས་པ་ལ་བརྟེན་ནས་ང་ཚོ་སྡུག་བསྔལ་ལས་སྐྱོབ་པའམ་འཛིན་པར་གོ་བ་ཡིན།

སྤྱིར་ཆོས་དཀོན་མཆོག་ནི་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་ལ་གོ་གི་ཡོད། ང་རང་ཚོའི་སེམས་ནས་ཡུད་ཙམ་ལས་མི་གནས་པའམ་གློ་བུར་གྱི་དྲི་མ་རྣམས་དངོས་སུ་འགོག་པ་དང་། དེ་དག་སྟོང་ཉིད་ཆོས་ཀྱི་དབྱིངས་སུ་ཐིམས་པའམ་ཟད་པ་དེ་ལ་འགོག་པའི་བདེན་བ་ཟེར་བ་ཡིན། སྟོང་ཉིད་ལ་རྟོག་མེད་ཀྱི་སྒོ་ནས་མངོན་སུམ་དུ་རྟོགས་པའི་ཤེས་པ་དང་ལྡན་པའི་སེམས་ཀྱི་ལམ་བདེན་དང་། དེས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་པར་བྱེད་ཀྱི་ཡོད། འདི་གཉིས་ནི་ཆོས་དཀོན་མཆོག་ཡིན། 

དགེ་འདུན་དཀོན་མཆོག་ནི་སྟོང་ཉིད་ལ་རྟོག་མེད་ཀྱི་སྒོ་ནས་མངོན་སུམ་དུ་རྟོགས་མཁན་གྱི་འཕགས་པའི་གང་ཟག་རྣམས་ལ་གོ་བ་ཡིན། དེར་བརྟེན། འདི་གསུམ་པོོ་ནི་སྐྱབས་སུ་འགྲོ་བའི་དཀོན་མཆོག་གསུམ་ཡིན། སངས་རྒྱས་ནི་སྨན་པའམ་ཨེམ་ཆེ་ལྟ་བུ་དང། ཆོས་ནི་སྨན་ནམ་ནད་བཅོས་ཐབས་ཀྱི་ལམ་ལྟ་བུ་དང་། ནད་དྲགས་པའི་གནས་སྐབས་སེམས་ཀྱི་ལམ་བདེན་དང་འགོག་བདེན་ཡིན། དགེ་འདུན་དཀོན་མཆོག་ནི་ནད་དྲག་པར་གྲོགས་བྱེད་མཁན་གྱི་ནད་གཡོག་གམ་སྨན་ཞབས་ལྟ་བུ་ཡིན། 

ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་སྡུག་བསྔལ་ཏོག་ཙམ་བྱུང་བ་དང་དེ་ལས་ཐར་བར་འདོད་ཀྱི་ཡོད། ཆོས་དཀོན་མཆོག་ནི་སྡུག་བསྔལ་སྤོང་བའི་གནས་དང་སྡུག་བསྔལ་དེ་དག་རྩ་བ་ནས་མེད་པ་བཟོ་བའི་ཐབས་ལམ་ཞིག་ཡིན། དེ་དག་སྤོང་བར་ང་ཚོར་དགེ་རྒན་ཞིག་དགོས་པས། འདི་ནི་སངས་རྒྱས་དཀོན་མཆོག་ཡིན་ཞིང། རོགས་པ་བྱེད་པར་ཟླ་གྲོགས་དགོས་པས། འདི་ནི་དགེ་འདུན་དཀོན་མཆོག་ཡིན། དེར་མ་ཟད། སྐྱབས་ཡུལ་རྣམས་ཀྱིས་ང་ཚོར་ཉེན་མེད་ཀྱི་ཁ་ཕྱོགས་སྟོན་པ་དང་སྲུང་སྐྱོབ་བྱེད་པའི་ནུས་པར་ཡིད་ཆེས་དགོས་པ་དང་། དེའི་སྒང་ལ་སྡུག་བསྔལ་ལ་ཞེད་སྣང་དང་བདེ་བ་འཐོབ་འདོད་ཀྱི་འདུན་པ་ཞིག་དགོས། ང་ཚོའི་མི་ཚེའི་ནང་དུ་འདི་གཉིས་ཀྱིས་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་སྐྲུན་པའམ་སྐྱབས་སུ་འགྲོ་བའི་རྒྱུ་བྱེད་ཀྱི་ཡོད། 

བཅོམ་ལྡན་འདས་ཀྱིས། སྡུག་བསྔལ་བདེན་པ་འགོག་བར་སྡུག་བསྔལ་བདེན་པའི་རྒྱུ་ངོ་མ་སེལ་བའི་ལམ་རྣམས་བསྟན་ཡོད་པ་སོང་ཙང་། ཁོང་ནི་སྐྱབས་ཡུལ་འོས་པ་ཞིག་ཡིན། ང་ཚོ་སངས་རྒྱས་དེ་ལྟ་བུའི་ཆོས་དང་མཇལ་ཡོད་པ་ཡིན་དུས། མི་ཚེའི་ནང་སངས་རྒྱས་དེ་ལ་སྐྱབས་སུ་འགྲོ་དགོས། ང་ཚོས་མ་འོངས་པའི་སྡུག་བསྔལ་ཐམས་ཅད་འགོག་པ་དང་མ་འོངས་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་འབྲས་དུས་ཀྱི་སྐྱབས་འགྲོ་དང་། དེ་ག་ནང་བཞིན་འབྲས་བུ་དེ་ཐོབ་པར་ད་ལྟ་དཀོན་མཆོག་གསུམ་གྱིས་གནང་བའི་རྒྱུ་དུས་ཀྱི་སྐྱབས་སུའང་འགྲོ་གི་ཡོད། དེར་བརྟེན། ཁྱེད་རང་ཚོ་ཚང་མས་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་ཡུལ་རྣམས་ངེས་པར་དུ་བསྟེན་དགོས།།

Top