ཤེས་ཡོན་སློབ་གཉེར་ལ་འབྲེལ་མཚམས་གཅོད་པ།
ཁ་སང་གོ་བསྡུར་བྱས་ཟིན་པ་ལྟར། ང་ཚོས་ག་རེ་ཐབས་ཤེས་བྱེད་ཀྱི་ཡོད་པ་ནི། གཞན་ལ་ཕན་འདོགས་རྒྱུ་གྲ་སྒྲིག་ཨང་བསར་ཡོད་པ་ཚོར་རྒྱུ་དེ་རེད། དེ་ཡང་གཞན་དང་མཉམ་དུ་ཡོད་པའི་འབྲེལ་མཚམས་དེ་གཅོད་པའི་སྒོ་ནས་ཐད་ཀར་འབྲེལ་བ་བྱེད་དགོས། འབྲེལ་མཚམས་གཅོད་རྒྱུ་དེ་མི་རྣམས་ཀྱི་ཕྱོགས་སུ་ཙམ་མིན་པར། ཤེས་བྱའི་གནས་ལ་སློབ་གཉེར་བྱེད་པའི་སྐབས་སུའང་འབྲེལ་བའི་མཚམས་དེ་གཅོད་དགོས། དེ་ནི་རྒྱུད་རིམ་འདྲ་མཚུངས་ལྟ་བུ་ཞིག་རེད། བློ་སྒོ་འབྱེད་པ་དང་གནས་སྟངས་རྣམས་སོ་སོ་སྒེར་ལ་ལག་བསྟར་བྱེད་པར། ཁོང་ཚོ་འབྲེལ་མཚམས་གཅོད་དགོས་པ་ལས། ང་ཚོའི་རྣམ་དཔྱོད་ཀྱིས་བསྐྲུན་པའི་འབྲེལ་མཚམས་ཤིག་གམ་བཅད་མཚམས་ཤིག་བཟོ་མི་ཉན། ཕྱོགས་གཞན་ཞིག་ནས་ང་ཚོའི་སེམས་ནང་དུ་ཡོད་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ལྟར་སྣང་བའི་ “ང་” དེ་སྲུང་སྐྱོབ་ཆེད་འབྲེལ་མཚམས་ཤིག་བཟོས་ནས། ང་ཚོས་ “ང་རང་རྣམ་དཔྱོད་ཀྱི་ནང་ལུས་རྩལ་ལྟ་བུར་གནད་དོན་ཁོ་ནར་ཉན་རྩིས་ཡོད། དེའི་བརྒྱུད་ནས་ངས་ཡ་མཚན་ཅན་དང་དོ་དབྱིངས་ཅན་གྱི་གནད་དོན་སྦྱོང་ཐུབ་ཀྱི་རེད། གང་ཡིན་ཞེ་ན། གལ་ཏེ་ངས་སོ་སོའི་སེམས་ནང་གཏིང་ཟབ་པོའི་སྒོ་ནས་ཚོར་དགོས་ཀྱི་ཡོད་ན། དེ་ནི་ཏོག་ཙམ་སྡིགས་ར་ཆེ་དྲགས་པ་ཞིག་ཡིན་པ་སོང་ཙང་། ངས་འབྲེལ་མཚམས་བཟོ་གི་ཡིན་” ཞེས་བསམ་གྱི་ཡོད། ང་ཚོས་འབྲེལ་མཚམས་དེའི་རིགས་ཀྱང་མེད་པ་བཟོ་དགོས་ཀྱི་ཡོད།
ང་ཚོས་སློབ་གཉེར་དང་རང་གིས་རང་འགྱུར་བ་གཏོང་བའི་ཆེད་ཐབས་ལམ་འདི་འདྲའི་སྒོ་ནས་བློ་སྒོ་འབྱེད་ཐབས་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་རང་ཉིད་སྒེར་གྱི་རིམ་པའི་ཐོག་ནས་བློ་སྒོ་འབྱེད་པའི་གཞན་ལ་ཕན་འདོགས་ཐུབ། ང་ཚོས་ཁ་སང་གང་འགྲེལ་བརྗོད་བྱས་པ་དང་གཅིག་མཚུངས་སུ་ཐོག་མར་གཞན་དག་ལ་ལྟ་ཞིབ་དང་བཅས་སེམས་གཏིང་གི་ཚོར་བ་འདི་རང་རྒྱུད་ལ་སྐྱེད་ཐུབ། དེ་ཡང་ཁང་པ་འདིའི་ནང་ཡོད་པའི་མི་གཞན་དག་གམ་ཡང་ན་རྩིག་པར་དཔྱངས་པའི་སངས་རྒྱས་ཀྱི་སྐུ་འདྲ་གང་རུང་ལ་བལྟས་ནས་འབྲེལ་མཚམས་བཅད་པའི་རྗེས་སུ་འགྱུར་བ་གཏོང་བར་གྲ་སྒྲིག་ཨང་བསར་ཡོད་པའི་ཀུན་སློང་དེ་ཚོར་གྱི་ཡོད། དེ་ནི་སོ་སོ་རང་ཉིད་དང་གཞན་དང་མཉམ་དུ་ཡོད་པའི་ང་ཚོའི་འབྲེལ་ལམ་དེ་གཏིང་ཟབ་པའི་རིམ་པའི་སྒོ་ནས་རེད།
ང་ཚོས་ཏོག་ཙམ་གྱི་རིང་འདི་ལ་སྦྱོང་བརྡར་བྱ་རྒྱུ་ཡིན། དེ་ཡང་རིག་པ་རྩེ་སྒྲིམ་དང་སེམས་རྩེ་གཅིག་ཏུ་བྱེད་རོགས་ཞུ་རྒྱུ་ཡིན། ང་ཚོ་འདིར་སྡོད་འདོད་ཡོད་པ་ཙམ་དང་རང་གི་སེམས་གང་སར་གཡེང་བ་དེ་འདྲ་མ་རེད།
(ཉམས་ལེན་ཆེད་མཚམས་འཇོག)
འབྲེལ་བའི་མཚམས་ལྟ་བུར་ནང་པའི་ཉམས་ལེན་ལག་བསྟར་བྱེད་པ།
ང་ཚོས་ནང་ཆོས་ལ་འཇུག་པའི་སྐབས། གཞི་རྩའི་ཆ་ནས་གང་གི་ཐོག་འབད་བརྩོན་བྱེད་ཀྱིན་ཡོད་ཅེ་ན། ང་ཚོས་རང་གིས་རང་འགྱུར་ལྡོག་གཏོང་བའི་རིམ་པ་འགའ་ཞིག་ལ་འབད་ཀྱིན་ཡོད། རང་གིས་རང་འགྱུར་བཅོས་གཏོང་རྒྱུ་དེ་འཇིགས་སུ་རུང་བ་ཞིག་ཡོད་སྲིད། ང་ཚོས་འཇིགས་པའི་སྐོར་ཏོག་ཙམ་ཁ་སང་བཤད་ཟིན་པ་རེད། འགྱུར་བ་གཏོང་རྒྱུ་དེ་སྤོང་བའི་ཆེད་ང་ཚོས་འབྲེལ་མཚམས་ཤིག་འཇོག་གི་ཡོད། འབྲེལ་མཚམས་བཞག་པ་དེ་ལ་བརྟེན་ནས་ང་ཚོས་ནང་ཆོས་དེ་རྩེད་མོའི་རིགས་དང་དབྱིངས་ལས་ལྟ་བུ་བློ་ཁ་སྒྱུར་ས་ཡིན་པ་ལྟ་བུར་འཇུག་གི་ཡོད། ང་ཚོས་ནང་པའི་ཉམས་ལེན་དེ་སོ་སོའི་མི་ཚེ་དང་འབྲེལ་བ་དེ་ཙམ་མེད་པ་ལྟ་བུར་ལྟ་གི་ཡོད།
ནང་ཆོས་ལ་དུས་ཡུན་ཏོག་ཙམ་རིང་ཞུགས་མྱོང་མཁན་གྱི་མི་རྣམས་ལ། “ཁྱེད་ཀྱི་ཉམས་ལེན་གང་རེད་དམ་” ཞེས་ང་ཚོས་སྐད་ཆ་འདྲི་བའི་སྐབས། དེ་ནི་དོ་སྣང་བྱ་འོས་པ་ཞིག་ཡོད། ནམ་རྒྱུན་ཡང་སེ་ཁོང་ཚོའི་ཉམས་ལེན་ནི་ཉིན་རེར་ཆོ་ག་ཕྱག་ལེན་དེ་འདྲ་བྱེད་ཀྱི་ཡོད་པ་དེ་རེད་ཅེས་ཤོད་ཀྱི་ཡོད། དེ་ནི་གསང་སྔགས་ཀྱི་དབང་ཞིག་ཞུས་པ་ལས་བྱུང་བ་ཞིག་རེད། ཁོང་ཚོས་ཉིན་རེར་ཁ་འདོན་ཞིག་བྱེད་དགོས་པས། དེ་ནི་ཁོང་ཚོའི་ཉམས་ལེན་རེད། ཁོང་ཚོས་ཕལ་ཆེར་དེ་ནི་ཡེ་ཤུའི་ལུགས་ལྟར་ལྟ་གི་ཡོད། དཔེར་ན། “ངས་སྨོན་ལམ་དང་ཁ་འདོན་ཉིན་ལྟར་བྱེད་དགོས་ཀྱི་རེད་” ཅེས་ཟེར་བ་ལྟ་བུ་རེད། དོན་ངོ་མར་མི་མང་པོས་འདོན་ཆོག་གི་དཔེ་ཆ་དེ་དག་ལ་ཁོང་ཚོའི་སྨོན་ལམ་ཡིན་ཞེས་བརྗོད་ཀྱི་ཡོད། ང་ཚོས་གཟའ་མཇུག་འདིའི་ནང་རི་མོ་ཞིག་འབྲི་བའི་གཟུགས་རྒྱན་ཞིག་བཞག་ཡོད་པ་དང་། ད་དུང་ “དགོས་” ཞེས་པའི་དོན་ལ་གདོང་ལེན་བྱེད་བཞིན་པའི་རི་མོའི་ཟུར་ལ་སྤུ་སྨྱུག་འགའ་ཞིག་ཁ་སྣོན་བྱེད་ན་ཆོག །དཔེར་ན། “ངས་སོ་སོའི་གསོལ་འདེབས་སྨོན་ལམ་འདོན་དགོས། གང་ཡིན་ཞེ་ན། ང་རང་མི་བཟང་པོ་ཞིག་བྱེད་འདོད་ཡོད། ངས་མི་བཟང་པོ་ཞིག་བྱ་རྒྱུའི་དམ་བཅའ་བཞག་ཡིན་” ཞེས་སོགས་བརྗོད་པ་ལྟ་བུ་རེད། དེ་ནས་ང་ཚོ་ཚང་མ་བྱེད་པོ་དཀོན་མཆོག་དང་བླ་མ་ཞེས་པའི་བསམ་བློའི་ནང་ཚུད་ཀྱི་ཡོད།
ད་ང་ཚོས་རི་མོ་དེའི་ཆ་ཤས་མང་པོའི་སྟེང་ལ་ཐིག་རྟགས་ཆུང་ཆུང་འབྲི་འགོ་བཙུགས་ཡོད། ང་ཚོས་ཐ་ན་དེ་འདྲ་བའི་གསང་སྔགས་ཀྱི་ཆོ་ག་བྱེད་ཀྱིན་མེད་ནའང་། ཕལ་ཆེར་དེ་དང་གཅིག་པའི་སྒོ་ནས་ཕྱག་འཚལ་བའམ་ཡང་ན་ཉམས་ལེན་གྱི་རིགས་གཞན་བྱེད་ཀྱི་ཡོད་སྲིད། ངས་གོང་དུ་ཞུས་པ་ལྟར། དེ་དག་རང་གི་དབྱིངས་ལས་དང་རྩེད་རིགས་ལྟ་བུར་བྱ་རྒྱུ་དེ་གང་ལ་གང་འཚམ་གྱི་ལས་སླ་པོ་ཡོད། དེ་ནི་ང་ཚོའི་ནང་གི་དངོས་ཡོད་གནས་སྟངས་དང་གང་འཚམ་གྱི་ཐ་དད་ཡིན་པ་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་སོ་སོའི་ “ཉམས་ལེན་” དེ་ལས་འགན་ལྟ་བུར་བྱེད་ཀྱི་ཡོད་ཅེས་བརྗོད་ཀྱི་ཡོད། དེ་ཡང་ “ངས་ངེས་པར་དུ་བྱེད་དགོས་པ་ཞིག་རེད། གང་ཡིན་ཞེ་ན། ངས་དེ་བྱེད་ཀྱི་ཡིན་ཞེས་བཤད་ཡིན་” ཟེར་བའམ། ཡང་ན་རྩེད་རིགས་དང་དབྱིངས་ལས་ལྟ་བུ་སོ་སོའི་མི་ཚེ་དང་དངོས་གནས་འབྲེལ་བ་མེད་པ་ལྟ་བུ་ལ། “དེ་ནི་ངའི་ཉམས་ལེན་རེད་” ཅེས་བརྗོད་པ་ལྟ་བུ་རེད།
དེ་ནི་ནང་ཆོས་ལ་འཇུག་པའི་སྐབས་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་རེད། མི་མང་པོ་རིམ་པ་དེའི་ཐོག་ནས་ནང་ཆོས་ལ་ཞུགས་ནས་ལོ་མང་པོ་ཕྱིན་ཡོད། ལྟ་ཚུལ་ནོར་བ་དེ་རྒྱུ་མཚན་དུ་བྱས་ནས་ཕན་ཐོགས་ཉུང་ཤོས་ཁོ་ན་འབྱུང་གི་ཡོད། ཕན་ཡོན་འགའ་ཞིག་ཡོད་ཤག་རེད། དེ་ལ་ངས་ཁས་ལེན་མི་བྱེད་པ་མིན། ཡིན་ནའང་དེ་ཕན་ཐོགས་ཆེན་པོ་ཡོད་དགོས་པ་ནང་བཞིན་མེད། ང་ཚོའམ་མི་གཞན་ཞིག་སྟེ། ནམ་རྒྱུན་དེ་ནི་མི་གཞན་ཞིག་ཆགས་ཀྱི་ཡོད། མི་དེས་ “ངའི་ཉམས་ལེན་ནི་སྙིང་རྗེ་དང་། སྟོང་པ་ཉིད། མི་རྟག་པ་སོགས་ཡིན་” ཞེས་བརྗོད་པའི་སྐབས། དེའི་ཐད་མི་འགའ་ཞིག་ལ་རྣམ་འགྱུར་དང་ཡ་ལན་ཁྱད་མཚར་པོ་དེ་འདྲ་ཡོད། གལ་ཏེ་ང་ཚོས་སོ་སོའི་ཉམས་ལེན་དུ་ཆོ་ག་ཕྱག་ལེན་བྱེད་ཀྱིན་ཡོད་པ་དང་དེ་མི་གཞན་ཞིག་གིས་ང་ཚོར་བརྗོད་ན། ང་ཚོས་མི་དེ་ནི་ཟོག་རྫུ་ཅན་དང་རློམ་སེམས་ཅན་ཡིན་པ་དང་། ཆོ་ག་ཕྱག་ལེན་བྱེད་པར་མཐོང་ཆུང་བྱེད་པ་དང་སྐྱོན་བརྗོད་བྱེད་ཀྱིན་ཡོད་ཅེས་བསམ་སྲིད། དེ་ནི་ང་ཚོས་ཕལ་ཆེར་སྡིགས་ར་སྐུལ་བཞིན་པ་ལྟར་མཐོང་གི་ཡོད།
སླར་ཡང་འབྲེལ་མཚམས་དེའི་ནང་ལོགས་སུ་ཡོད་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་ཞེས་བྱ་བའི་གོ་བ་ལོག་སྒྲུབ་དེ་ལ་རང་འཇགས་བསླེབ་ཀྱི་ཡོད། ཆོ་གའི་འདོན་བྱ་མི་འདྲ་བ་སྣ་ཚོགས་པ་ཚང་མ་བཟླ་བ་ནི། ཕལ་ཆེར་འབྲེལ་འཚམས་དེ་དག་ཤུགས་ཆེ་རུ་གཏོང་བའི་ཐབས་ལྟ་བུ་རེད། ང་ཚོས་དེ་ལྟར་བྱེད་ཀྱིན་ཡོད་པ་དང་འབྲེལ་མཚམས་དེའི་ནང་དུ་ཡོད་པའི་ཆ་ནས་ང་ཚོས་སོ་སོ་རང་ཉིད་དང་སོ་སོའི་མི་ཚེ་ལ་གདོང་ལེན་བྱེད་དགོས་ཀྱི་མེད། ང་ཚོས་གཞན་དང་སོ་སོ་རང་ཉིད་ལ་དངོས་གནས་འབྲེལ་བ་བྱེད་མི་དགོས་པའི་ཆེད་སོ་སོའི་ཆོ་ག་ཕྱག་ལེན་ལ་ཧ་ཅང་བྲེལ་བའི་ངང་ནས་སྡོད་ཀྱི་ཡོད། མི་འགའ་ཞིག་གིས་ཐོག་མར་ཞོགས་པ་ཡར་ལངས་མ་ཐག་ནས་རླུང་འཕྲིན་སྤར་བའམ་རོལ་དབྱངས་གཏོང་བ་དང་། དེ་ལྟར་ཉིན་གང་པོར་གཏོང་གི་ཡོད། ཐ་ན་གཟུགས་མཐོང་བརྙན་འཕྲིན་དེའང་ཉིན་གང་པོར་སྤར་ནས་བཞག་གི་ཡོད། མི་མང་པོ་དེང་སང་ཉིན་གང་རང་གི་རྣ་བར་རྣར་འཇུག་ཡོ་བྱད་བླུགས་པ་དང་རྣ་བར་གཞས་སྐད་ཆེན་གཏོང་བྱེད་ཀྱི་འཕྲུལ་ཆས་ཉན་ནས་འགྲོ་གི་ཡོད། དེ་ནི་དྲན་ཤེས་ལྡན་པ་ཞིག་མིན་ནའང་། དེའི་ཤུགས་རྐྱེན་ནི་ཁོང་ཚོས་ནམ་ཡང་བསམ་བློ་གཏོང་མི་དགོས་པའམ་ཡང་ན་རང་ཉིད་ཁེར་རྐྱང་དུ་གཅིག་པུར་ཡོད་པ་དེ་རེད། དེ་ནི་ཁེར་རྐྱང་ལ་གདོང་ལེན་བྱེད་པའི་ཐབས་ཁྱད་མཚར་ཞིག་རེད། འོན་ཀྱང་གང་ལྟར་ཡང་། ནུབ་ཕྱོགས་པའི་མི་ཚེ་སྐྱེལ་མཁན་གྱི་མི་རྣམས་ལ་དེའི་དོན་གང་ཡིན་ང་ཚོས་ཤེས་ཀྱི་ཡོད། དེའི་འབྲས་བུར། དེ་འདྲ་བའི་གོམས་གཤིས་ཀྱིས་གང་བྱེད་ཀྱི་རེད་ཅེ་ན། དེ་དག་གིས་ང་ཚོའི་སེམས་དང་སོ་སོའི་མི་ཚེ་ལ་དོ་གལ་ཆེན་པོའི་ལྟ་ཞིབ་བྱེད་པ་ལས་སེམས་གཡེང་བར་བྱེད་ཀྱི་ཡོད།
ནང་པའི་ཉམས་ལེན་ལ་བརྟེན་ནས་འགྲོས་དང་འགྲོ་སྟངས་ཀྱི་རིགས་གཅིག་མཚུངས་དེའི་རྗེས་སུ་འབྲང་རྒྱུ་དེ་གང་འཚམ་གྱི་ལས་སླ་པོ་ཡོད། ང་ཚོས་ཉིན་གང་ཆོ་ག་ཞིག་བྱེད་པའམ་གཟུངས་སྔགས་ཤིག་བགྲང་བ་དེ་ནི་ཉིན་གང་རོལ་དབྱངས་ཉན་པ་དང་གཅིག་མཚུངས་རེད། དེས་ང་ཚོའི་གཏིང་ཟབ་པའི་ཆ་དེ་ཚོར་གྱི་མེད་ལ་དགོས་དོན་ངོ་མ་དེ་བསྒྲུབ་ཀྱི་མེད། ཕྱོགས་གཞན་ཞིག་ནས་ང་ཚོས་ཉམས་ལེན་དེ་འབྲེལ་མཚམས་གཞན་ཞིག་ལྟར་བེད་སྤྱོད་བྱེད་ཀྱིན་ཡོད། དེ་ནི་ང་ཚོའི་ཉེ་འཁོར་དུ་ཡོད་པའི་འབྲེལ་མཚམས་ཆེན་པོ་ཞིག་གི་བང་རིམ་གཞན་དེ་རེད། ཐ་ན་ང་ཚོ་སོ་སོའི་ཉམས་ལེན་ཐད་ལ་གང་ལ་གང་འཚམ་གྱི་ཚད་མཐོ་པོ་ཆགས་པ་སྟེ། དཔེར་ན། ང་ཚོས་ཉིན་གང་དཀྱིལ་འཁོར་གྱི་ལྷ་ཚོགས་དམིགས་རྣམ་དུ་བྱེད་ཀྱིན་ཡོད་ནའང་། དེ་ནི་འབྲེལ་མཚམས་གཞན་ཞིག་ལ་བཀོལ་སྤྱོད་བྱ་རྒྱུ་དེ་གང་འཚམ་གྱི་ལས་སླ་པོ་ཡོད། དེ་ལ་བརྟེན་ནས་ང་ཚོས་དངོས་གནས་མི་ཚེ་དང་འབྲེལ་བ་བྱེད་དགོས་ཀྱི་མེད། ང་ཚོའི་ཉམས་ལེན་གྱི་གཞི་རྩའི་སྒྲོམ་གཞི་ལྟ་བུ་དེ་སོ་སོའི་མི་ཚེའི་ཕྱི་ལོགས་སུ་ཚུ་ཚོད་གཅིག་རིང་དང་ཡང་ན་ཉིན་མ་རེ་རེའི་ནང་དུས་ཡུན་རིང་པོ་ག་ཚོད་བྱེད་པའི་གནད་དོན་འཕར་མ་དེ་འདྲ་མིན་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག །ང་ཚོའི་མི་ཚེ་འདི་སོ་སོའི་ཉམས་ལེན་ཡིན་དགོས།
འཕགས་པའི་བདེན་པ་དང་པོ། སྡུག་བསྔལ་བདེན་པ།
ང་ཚོའི་མི་ཚེ་འདི་སོ་སོའི་ཉམས་ལེན་ཞིག་ཏུ་བཟོ་བའི་ཕྱིར། ང་ཚོས་སངས་རྒྱས་ཆོས་ཀྱི་གཞི་རྩའི་སྒྲོམ་གཞིའི་ཐོག་ལ་རང་འཇགས་འགྲོ་དགོས་ཤིང་། དེ་དག་ནི་འཕགས་པའི་བདེན་པ་བཞི་སྟེ། ང་ཚོའི་མི་ཚེའི་བདེན་དོན་བཞི་རེད། ང་ཚོས་དེ་བཞི་ལ་གལ་ཆེན་དོན་ཆེན་བརྩི་དགོས་ངེས་ཆགས་ཡོད། མདང་དགོང་ང་ཚོས་གོ་རིམ་ངེས་ཅན་དུ་སྒྲིག་པ་ནང་བཞིན་དེ་དག་ལས་དང་པོ་ནི་སྡུག་བསྔལ་བདེན་པ་སྟེ། “མི་ཚེ་ནི་དཀའ་ངལ་ཅན་ཞིག་ཡིན་པ་” དེ་རེད། ཁྱེད་ཀྱིས་ “ཚང་མ་སྡུག་བསྔལ་རེད་” ཅེས་བརྗོད་ཆོག་ཀྱང་། དེ་ནི་བརྗོད་ཚུལ་ཧ་ཅང་མི་བདེ་བ་ཞིག་རེད། “མི་ཚེ་ནི་དཀའ་ངལ་ཅན་ཞིག་རེད་” ཅེས་བརྗོད་རྒྱུ་དེ་འབྲེལ་བ་རྦད་དེ་ཆེ་བ་ཡོད།
དོན་དག་གཙོ་བོ་ནི་བདེན་དོན་དེ་ལ་གདོང་ལེན་བྱེད་དགོས་ངེས་ཡིན་པ་དང་། མི་ཚེ་ནི་དཀའ་ངལ་ཅན་ཞིག་ཡིན་པ་དེ་ཁས་ལེན་བྱེད་དགོས་ཀྱི་ཡོད། སྐབས་རེར་ང་ཚོས་དེའི་ཐད་ཁས་ལེན་མི་བྱེད་པའི་གནས་སྟངས་ཡོང་གི་ཡོད། ཡང་མིན་ན་འབྲེལ་མཚམས་ཞིག་བཟོ་བ་དང་། ང་ཚོས་ལྟ་བའི་རྣམ་གཞག་གི་ཐོག་ནས་། “སྡུག་བསྔལ་འདི་དག་ཐམས་ཅད་འདུག” །འོན་ཀྱང་ང་ཚོས་བདེན་དོན་དེ་སོ་སོ་རང་ཉིད་ཀྱིས་ལག་བསྟར་བྱས་ཏེ། དེ་སོ་སོ་རང་ཉིད་ཀྱི་མི་ཚེའི་ནང་བདེན་པར་ལྟ་གི་མེད། ང་ཚོ་ནི་བདེ་སྐྱིད་འཚོལ་ཐབས་ལ་སྔོན་ཚུད་ལས་བྲེལ་ཆེ་དྲགས་ཡོད་པ་རེད། ང་ཚོས་དེ་རིང་ཕྱི་དྲོའམ་ཡང་ན་སང་ཉིན་བདེ་སྐྱིད་ཀྱི་གནད་དོན་འདི་ཡོངས་སུ་རྫོགས་པའི་སྐོར་དང་། ནང་པའི་ཉམས་ལེན་པ་ཞིག་ཡིན་བཞིན་དུ་བདེ་སྐྱིད་དང་ལྡན་པ་ཞིག་བྱེད་པར་འགྲིག་གི་ཡོད་དང་མེད་ཀྱི་སྐོར་ལ་གོ་བསྡུར་བྱ་རྒྱུ་ཡིན། དེ་ནི་ནུབ་ཕྱོགས་པའི་ཉམས་ལེན་པ་རྣམས་ལ་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་གཞན་ཞིག་ཡིན་པ་དང་། དེ་ལ་འགྲིགས་འཇགས་བྱེད་པར་གང་ལ་གང་འཚམ་གྱི་དཀའ་ངལ་ཡོད་པ་ཞིག་རེད། ཡིན་ནའང་གནས་སྐབས་རིང་དེའི་སྐོར་བརྗོད་ཀྱི་མིན།
བུད་མེད་གཙོས་པའི་མི་མང་པོ་ཡོད་ནའང་། བུད་མེད་ཁོ་ནར་དམ་བསྒྲགས་ཡོད་པ་དེ་འདྲ་མ་རེད། མི་དེ་དག་གིས་རང་ཉིད་མི་ཚེའི་ནང་གནས་སྟངས་དཀའ་ངལ་ཅན་གྱི་ནང་ཡོད་པ་ཤེས་ཀྱི་ཡོད། དཔེར་ན། ནམ་རྒྱུན་ལས་ཀ་བྱེད་བཞིན་པའི་སྒང་ལ་ད་དུང་ཡང་ཕྲུ་གུ་གཅེས་སྐྱོང་བྱེད་དགོས་པ་དང་། ཁྱིམ་ཚང་ལྟ་སྐྱོང་བྱེད་དགོས་པ་ལྟ་བུ་རེད། སྐབས་རེར་སོ་སོའི་ཁྱོ་གའམ་རང་གི་མི་ཚེའི་ཟླ་རོགས་དང་མཉམ་དུ་དཀའ་ངལ་མང་པོ་ཡོང་གི་ཡོད། དེ་གང་ཡིན་ཞེ་ན། ཁོས་རོགས་མི་བྱེད་པའམ་ཁོས་གནས་སྟངས་དཀའ་ངལ་ཅན་དེ་ལ་ཡི་རང་བྱེད་ཀྱི་མེད་པ་གང་རུང་ཡིན། ནམ་རྒྱུན་སྐྱེས་པས་བུད་མེད་ཀྱི་གནས་སྟངས་ལ་འབྲེལ་བ་བྱ་རྒྱུ་དེ་གང་འཚམ་གྱི་དཀའ་ལས་ཁག་པོ་མཐོང་གི་ཡོད། གང་ཡིན་ཟེར་ན། སྐྱེས་པ་ཚོའི་ཐུན་མིན་གྱི་ཡ་ལན་སྤྲོད་ཚུལ་དེ་ནི། “དཀའ་ངལ་ག་རེ་འདུག །ང་ལ་ཤོད་དང་” ཞེས་བརྗོད་ཀྱི་ཡོད་པ་དང་། དེ་ནས་ཁོས་སྦུགས་མདོང་ཆག་གས་ཕྱིན་པ་ཞིག་བཟོ་བཅོས་བྱེད་པ་ནང་བཞིན་དཀའ་ངལ་དེ་འགྲིགས་འཇགས་བཟོ་རྩིས་བྱེད་ཀྱི་ཡོད། གནས་སྟངས་འདིའི་ནང་དེ་ནི་བུད་མེད་ཀྱིས་གང་འཚོལ་ཞིབ་བྱེད་པ་དེ་མིན། ནམ་རྒྱུན་བུད་མེད་དེས་གང་འཚོལ་ཞིབ་བྱེད་ཀྱིན་ཡོད་ཅེ་ན། དཀའ་ངལ་གྱི་ངོས་ལེན་ཙམ་ཞིག་དང་སྙིང་རྗེ་སྐྱེ་བ་སྟེ། དེ་ཡང་། “ཨོ། ཁྱེད་རང་དེ་འདྲའི་ཐབས་སྐྱོ་བ་ལ་” ཞེས་ཟེར་བ་ལྟ་བུ་མིན་པར། སྙིང་རྗེ་སྐྱེ་བའི་དོན་ནི་སེམས་ཚོར་གྱི་རྒྱབ་སྐྱོར་དང་བསམ་ཤེས་ཡོད་པ་དེ་རེད། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་པོ་སྟེ། སྦྱིན་པའི་ཉམས་ལེན་ངོ་མ་དེ་ཡིན།
འདིར་གང་འཚམ་གྱི་འབྲེལ་བ་ཡོད་པའི་གནད་དོན་གཞན་ཞིག་ནི། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་གསུངས་པ་ཞིག་ཡིན་པ་དང་། འདིར་ངས་ཁོང་གི་གསུང་ལ་ཚིག་འགྲེལ་རྒྱག་ནས་ཞུས་ན། “ཁྱེད་ཀྱིས་སྐྱེ་བོ་ཕལ་པར་གང་གི་ཆེད་དུའང་ཡིད་རྟོན་མི་ཐུབ། གང་ཡིན་ཞེ་ན། ཁོང་ཚོ་ནི་བྱིས་པའི་ངང་ཚུལ་ཅན་དང་ཚད་ལོངས་མེད་པས། ཁྱེད་རང་རྟག་ཏུ་བློ་ཕམ་དུ་འཇུག་གི་རེད་” ཅེས་གསུངས། སློབ་དཔོན་ཞི་བ་ལྷ་ལ་བཀའ་དྲིན་ཆེ་ཞུ། འདི་ནི་ཁྱིམ་པ་མང་པོའི་གནས་སྟངས་དང་འབྲེལ་བ་ཡོད་པ་ཞིག་རེད། གང་ཡིན་ཞེ་ན། ཁྱོ་གས་ཆུང་མའི་འདོད་པ་ནང་བཞིན་དོན་ངོ་མའི་རྒྱབ་སྐྱོར་གྱི་རོགས་རམ་དེ་མཁོ་སྤྲོད་ཐུབ་ཀྱི་མེད། དེ་ནི་ང་ཚོའི་ད་ལྟའི་གྲོས་བསྡུར་བྱེད་བཞིན་པའི་བདེན་པ་དང་པོ་དང་འབྲེལ་བ་ཆགས་ཀྱི་ཡོད། གང་ཡིན་ཟེར་ན། བུད་མེད་ཀྱིས་ཁྱིམ་ཚང་དང་ཕྲུ་གུ་གསོ་སྐྱོང་བྱེད་པའི་གནས་སྟངས་ནི་ “མི་ཚེ་དཀའ་ངལ་ཅན་ཡིན་” པའི་དཔེ་མཚོན་གཅིག་ཙམ་རེད། མི་ཚེ་ནི་སྐྱེས་པ་ཚོ་ལའང་དཀའ་ངལ་ཅན་ཞིག་ཡིན་པ་རེད། དེ་ཡང་ཁྱིམ་ཚང་ལ་དགོས་ཤིང་མཁོ་བའི་དཔལ་འབྱོར་གྱི་རྒྱབ་སྐྱོར་དང་ཉེན་སྲུང་མཁོ་སྤྲོད་བྱེད་ཆེད་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་ཐོག་འོས་འགན་དེ་རང་ལ་ཡོད་པའི་ཚོར་བ་ཞིག་སྐྱེ་བ་དང་། ནང་མི་ཚང་མ་དང་གནས་སྟངས་ཚང་མ་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། དེའང་དཀའ་ལས་ཁག་པོ་ཡོད།
ང་ཚོས་འཕགས་པའི་བདེན་པ་དང་པོའི་སྐོར་ཤོད་པའི་སྐབས། ངོས་ལེན་མེད་པའི་གནས་བབས་ཤིག་གི་ནང་མེད་པར་དེའི་སྐོར་ཇི་ལྟར་ཤོད་ཐུབ་པ་དང་། དེ་ནི་དངོས་གནས་ང་ཚོ་དང་འབྲེལ་བ་ཡོད་པ་ལྟ་བུ་སྣང་གི་ཡོད། ངའི་བསམ་པར། ང་ཚོར་གང་དགོས་ཞེ་ན། གང་ལྟར་ཡང་། སེམས་ཚོར་ཀྱི་རྒྱབ་སྐྱོར་ཞིག་རག་པའི་འདོད་པ་དེ་བསྐོང་རྒྱུ་དང་། ང་ཚོའི་མི་ཚེ་ནི་དཀའ་ངལ་ཅན་ཡིན་པ་དང་སྤྱིར་བཏང་ང་ཚོའི་མི་ཚེ་དཀའ་ངལ་ཅན་ཡིན་པའི་བདེན་དོན་ལ་བསམ་ཤེས་དགོས་པ་ཡིན།
རྒྱབ་རྟེན་དུ་དཀོན་མཆོག་གསུམ་ལ་བློ་ཁ་བསྒྱུར་བ།
དྲི་བ་དེ་གང་རེད་ཅེ་ན། སུ་ཞིག་ལ་ང་ཚོས་སྙིང་རྗེའི་བསམ་ཤེས་དང་རྒྱབ་རྟེན་དེ་ཁ་ཕྱོགས་བསྒྱུར་རམ། གལ་ཏེ་ང་ཚོས་སྐྱེ་བོ་ཕལ་པའམ་སོ་སོ་སྐྱེ་བོ་རྣམས་ལ་ཁ་ཕྱོགས་བསྒྱུར་ན། ཁོང་ཚོ་ལ་རང་སོ་སོའི་དཀའ་ངལ་ཡོད་པས། དེ་དག་ལས་རྒྱབ་རྟེན་རག་དཀའ་མོ་རེད། འདིས་སྐྱབས་འགྲོའི་སྐོར་ཤོད་ཀྱི་ཡོད། ང་རང་ཨིན་སྐད་ནང་གི་ཚིག་ (refuge) དེ་བེད་སྤྱོད་གཏོང་རྒྱུ་དགའ་པོ་མེད། གང་ཡིན་ཞེ་ན། དེ་ནི་ཧ་ཅང་ཧུར་བརྩོན་དང་མི་ལྡན་པ་ཞིག་རེད་བསམ་གྱི་འདུག །ངོས་ནས་དེའི་ཐད་རྟག་ཏུ་ཧུར་བརྩོན་དང་ལྡན་པའི་རྒྱུད་རིམ་ཞིག་གི་ཐོག་ནས་རང་གི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བསྟེན་པ་དེ་རེད་བསམ་གྱི་ཡོད། གལ་ཏེ་ང་ཚོར་དངོས་གནས་སྙིང་རྗེ་དང་སེམས་ཚོར་གྱི་རྒྱབ་རྟེན་སྤྲོད་ཐུབ་མཁན་ཞིག་ལ་ཁ་ཕྱོགས་བསྒྱུར་འདོད་ཡོད་ན། དེ་ནས་ནང་པ་ཞིག་ཡིན་པའི་ཆ་ནས་སྐྱབས་འགྲོའི་སྐབས་དོན་གྱི་ནང་། ང་ཚོས་དཀོན་མཆོག་གསུམ་ལ་བློ་ཁ་བསྒྱུར་ངེས་རེད། དེ་དག་ནི་སངས་རྒྱས་དང་། ཆོས། དེ་བཞིན་དགེ་འདུན་གྱི་སྡེ་བཅས་གསུམ་རེད།
ནུབ་ཕྱོགས་སུ་ང་ཚོས་སངྒྷ་ཟེར་བའི་ཚིག་དེ་བེད་སྤྱོད་བྱེད་འགོ་ཚུགས་ཟིན་པ་རེད། དེ་ཡང་ཡེ་ཤུའི་ལྷ་ཁང་གི་འདུས་སྡེ་དང་འདྲ་བར་རྦད་དེ་ནང་པ་མིན་པའི་སྒོ་ནས་བཀོལ་སྤྱོད་བྱེད་ཀྱིན་ཡོད། ང་ཚོས་དེ་ནི་ནང་པའི་ཆོས་ཚོགས་ཀྱི་ནང་འགྲོ་མཁན་གྱི་མི་ཚང་མར་གོ་བར་བྱས་ནས་བེད་སྤྱོད་བྱེད་ཀྱི་ཡོད། དེ་ནི་གོ་དོན་ངོ་མ་དེ་མ་རེད། ཡིན་ནའང་ང་ཚོའི་ནང་པའི་འདུས་སྡེའི་ཚོགས་མི་གཞན་རྣམས་སྐྱབས་གནས་མིན་ནའང་། ད་དུང་ཡང་མི་ཚེ་ནི་དཀའ་ངལ་ཅན་ཡིན་པའི་སྐབས་འདིའི་ནང་། དེ་དག་ལས་ང་ཚོར་ཟླ་གྲོགས་ཚུལ་དུ་རྒྱབ་རྟེན་དང་ངོས་ལེན་ཞིག་ཐོབ་ཐུབ་ཀྱི་ཡོད། དེ་ནི་སྤྱིར་བཏང་མི་ཚེ་དཀའ་ངལ་ཅན་ཡིན་པ་ཙམ་དུ་མ་ཟད། ངའི་མི་ཚེའང་དཀའ་ངལ་ཅན་ཡིན་པ་རེད།
དེ་ག་ནང་བཞིན་འཕགས་པའི་བདེན་པ་གཉིས་པ་དང་། གསུམ་པ། བཞི་པ་བཅས་ནི་ཐུན་མིན་གྱི་སྐྱེས་པ་ཕོ་ནང་བཞིན་དཀའ་ངལ་སེལ་རྩིས་བྱེད་པ་ལྟ་བུ་ཡོད། དེ་ཡང་། “ང་ཚོས་དཀའ་ངལ་གྱི་རྒྱུ་བཙལ་ནས་དཀའ་ངལ་སེལ་གྱི་ཡིན་” ཞེས་སྦུགས་མདོང་གས་ཆག་ཕྱིན་པ་ཞིག་བཟོ་བཅོས་རྒྱག་པ་ནང་བཞིན་རེད། འོན་ཀྱང་ང་ཚོས་སྐབས་དོན་འདི་མོ་རིགས་མཚན་ཉིད་ཀྱི་ཐབས་ཚུལ་ཤུགས་ཆེ་བ་ཡོད་པའི་སྒོ་ནས་བྱེད་དགོས་ཤིང་། དེ་ནི་མི་ཚེ་ནི་དཀའ་ངལ་ཅན་ཡིན་པའི་ངོས་ལེན་དང་རྒྱབ་རྟེན་དེ་རེད། དེ་ནི་དཀའ་ལས་ཁག་པོ་རེད། ང་ཚོ་སྐྱེས་པ་དང་བུད་མེད་སུ་འདྲ་ཞིག་ཡིན་རུང་། གཉིས་ཀ་ཟུང་དུ་འབྲེལ་བ་ཞིག་དགོས་ཀྱི་ཡོད། ང་ཚོས་ཕོ་མོའི་དབྱེ་བས་ལྟ་ཚུལ་ལོགས་སུ་ཐ་དད་པ་ཞིག་ཐག་གཅོད་བྱེད་ཀྱི་ཡོད་ཅེས་བསམ་རྒྱུ་མེད།
ང་ཚོར་རྒྱབ་རྟེན་དེ་ཇི་ལྟར་རག་གི་ཡོད་དམ། ང་ཚོ་ནང་པའི་འདུས་སྡེའི་ཚོགས་མི་གཞན་དག་གི་ཕྱོགས་སུ་ཁ་བསྒྱུར་བ་དེ་ཕྱོགས་གཅིག་ནས་གང་ལ་གང་འཚམ་གྱི་ཡག་པོ་ལྟར་ཡོད། འོན་ཀྱང་ཡང་སེ་ང་ཚོས་སོ་སོའི་མི་སྡེའི་ནང་ཡོད་པའི་མི་རྣམས་ཧ་ཅང་ཚད་ལོངས་པས། ང་ཚོ་དཔྱད་ཁྲ་གཏོང་མཁན་ལྟ་བུ་བྱེད་པ་དང་ཕན་ཚུན་ཐག་ཉེ་པོ་བྱེད་ཀྱི་ཡོད། ནུབ་ཕྱོགས་ཀྱི་ནང་པའི་འདུས་ཚོགས་མང་པོའི་ནང་། མི་རྣམས་ལ་འབྲེལ་མཚམས་ཧ་ཅང་ཤུགས་ཆེན་ཡོད། གང་ཡིན་ཞེ་ན། ཁོང་ཚོས་གང་ལྟར་ཡང་རྩ་ཆེན་ཡིན་པ་དང་ཆོས་ཕྱོགས་ནས་གནད་ཚད་མཐོན་པོར་སླེབས་ཡོད་པའི་པར་རིས་ཤིག་སྟོན་དགོས་ཞེས་བསམ་གྱི་ཡོད། ནམ་རྒྱུན་ཡང་སེ་ང་ཚོ་མཉམ་དུ་གསུང་བཤད་ཅིག་ལ་མཉམ་འཛོམས་ཡོང་བའམ་ཆོ་ག་མཉམ་དུ་སྒྲུབ་པ། ཡང་ན་མཉམ་དུ་སྒོམ་རྒྱག་ཚར་བའི་རྗེས་ཚང་མ་ལོག་འགྲོ་གི་ཡོད། ང་ཚོས་དེ་ནི་ཚོགས་དབུས་ཀྱི་ཉམས་ལེན་ནམ་ཚང་མ་མཉམ་འཛོམས་ཀྱི་ཉམས་ལེན་རེད་བསམ་གྱི་ཡོད། མཉམ་དུ་བསྡད་པ་ཙམ་དང་གཟུངས་སྔགས་མཉམ་འདོན་བྱེད་པ་ཙམ་དེ་ནི་སྒེར་སོ་སོའི་ངོས་ནས་ཉམས་ལེན་བྱེད་པའི་དོན་གང་ཡིན་པ་དེ་རེད་ཅེས་བསམ་པ་དང་གཅིག་མཚུངས་རེད། དོན་ངོ་མར་ནང་པའི་འདུས་ཚོགས་ཀྱི་ནང་ཉམས་ལེན་བྱེད་པའི་དམིགས་གཏད་ངོ་མ་དེ་ནི་ཕན་ཚུན་འཆམ་མཐུན་གྲོགས་འདྲིས་བྱ་རྒྱུ་དང་། ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱ་རྒྱུ། ཕན་ཚུན་བསམ་ཤེས་ཡོད་པ། དེ་བཞིན་རང་གི་བློ་སྒོ་ཕྱེས་ནས་གུ་ཡངས་དང་བརྩེ་བ་དང་ལྡན་པ་བྱ་རྒྱུ་བཅས་རེད། གལ་ཏེ་ང་ཚོས་དེ་ནི་འདུས་ཚོགས་ཀྱི་ཉམས་ལེན་ལྟར་དམིགས་པ་གཏད་བཞིན་ཡོད་ན། དེ་ནས་མི་ཚེ་དཀའ་ངལ་ཅན་ཡིན་པའི་བདེན་དོན་གྱི་ནང་ང་ཚོར་དོན་ངོ་མའི་སེམས་ཚོར་གྱི་རྒྱབ་སྐྱོར་ཞིག་ཕན་ཚུན་འཐོབ་ཐུབ་པ་དང་། ང་ཚོ་ཚང་མས་བདེན་པ་དེའི་ས་མཚམས་ཀྱི་ནང་འབད་བརྩོན་བྱེད་བཞིན་ཡོད། འོན་ཀྱང་ད་དུང་ཡང་ང་ཚོ་སོ་སོ་སྐྱེ་བོ་ཡིན་པ་སོང་ཙང་། མཚམས་མཚམས་ང་ཚོས་རྒྱབ་སྐྱོར་གྱི་རིམ་པ་དེ་འདྲ་གཞན་ལ་མཁོ་སྤྲོད་བྱ་རྒྱུ་དངོས་གནས་དཀའ་ལས་ཁག་པོ་ཡོད།
གལ་ཏེ་ང་ཚོས་དགེ་འདུན་དཀོན་མཆོག་དངོས་ལ་བལྟས་ན། དགེ་འདུན་དཀོན་མཆོག་དངོས་ནི་འཕགས་པའི་དགེ་འདུན་ལ་གོ་བ་ཡིན། འཕགས་པ་རྣམས་ལ་རྟོག་མེད་ཀྱི་སྟོང་ཉིད་རྟོགས་པའི་ཤེས་པ་མངའ་བ་ཡིན། དེས་ཁྱད་པར་གང་ཙམ་ཞིག་བཟོ་གི་ཡོད། མེད་དམ། གང་ཟག་དེ་འདྲ་ཞིག་ད་དུང་ཡང་རང་ཉིད་སྡུག་བསྔལ་ལས་ཐར་མེད་ནའང་། ཁོང་ཚོ་ད་དུང་རང་མཐོང་རྦད་དེ་ཞན་པའི་སྒང་ལ་ཡོད། དེ་ལ་བརྟེན་ནས་ཁོང་ཚོས་ང་ཚོར་རྒྱབ་སྐྱོར་ཞིག་རྦད་དེ་ལས་སླ་བ་བྱེད་ཐུབ་ཀྱི་རེད། འོན་ཀྱང་ང་ཚོའི་ཉེ་འཁོར་དུ་འཕགས་པའི་གང་ཟག་མང་པོ་དེ་འདྲ་མེད། ཡོད་དམ།
དེ་ནས་ང་ཚོས་ཕལ་ཆེར་སངས་རྒྱས་ལ་སྐྱབས་སུ་འགྲོ་ཆོག །ང་ཚོས་ “སངས་རྒྱས་ང་རང་མཁྱེན་གྱི་ཡོད། སངས་རྒྱས་ཀྱིས་ངའི་མི་ཚེའི་དཀའ་ངལ་རྣམས་མཁྱེན་གྱི་ཡོད་” ཅེས་ཚོར་གྱི་ཡོད། དེས་ཀྱང་ང་ཚོར་སེམས་གསོ་དང་བདེ་བ་ངེས་ཅན་ཞིག་སྟེར་ཡོད་ངེས་རེད། དེ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ནང་། “ཡེ་ཤུ་མ་ཤི་ཀས་ང་ལ་བརྩེ་བ་ཡོད་” ཅེས་བརྗོད་ཚུལ་དང་འདྲ་བ་ཡིན། གལ་ཏེ་ཡེ་ཤུ་མ་ཤི་ཀས་ང་ལ་བརྩེ་བ་ཡོད་ན། ང་ནི་ཧ་ཅང་ངན་པ་ཡིན་མི་སྲིད། ཡེ་ཤུ་མ་ཤི་ཀས་ཇི་ཙམ་གྱི་ང་ཚོར་བརྩེ་བ་ཡོད་པར་ཡིད་ཆེས་པ་དེའི་ཚོད་ཀྱིས་ང་ཚོ་འགྲོ་བ་མི་ཡིན་པའི་རིན་ཐང་གི་དཔུང་སྣོན་ངེས་ཅན་ཞིག་ཡོད་པ་དང་། དེས་ང་ཚོའི་མི་ཚེ་ལ་གདོང་ལེན་བྱེད་པའི་ནུས་ཤུགས་སྦྱིན་གྱི་ཡོད། གང་ལྟར་ངའི་ཁྱིས་ང་ལ་བརྩེ་བ་ཡོད་པའི་བདེན་དོན་ཙམ་གྱིས་འདང་ངེས་ཤིག་མིན།
ང་ཚོས་ཡེ་ཤུའི་བསམ་ཕྱོགས་འདི་གཅིག་པ་ཞིག་ “སངས་རྒྱས་ཀྱིས་ང་ལ་བརྩེ་བ་གནང་གི་ཡོད། སངས་རྒྱས་ཀྱིས་ང་རང་མཁྱེན་གྱི་ཡོད་” ཅེས་སངས་རྒྱས་ཀྱི་ཕྱོགས་སུ་འཕོ་འགྱུར་གཏོང་ཆོག །དེས་ང་ཚོར་སེམས་གསོ་དང་རྒྱབ་སྐྱོར་ཞིག་སྟེར་གྱི་ཡོད། ད་ང་ཚོས་འདིར་འབྲི་བཞིན་པའི་རི་མོའི་ངོས་གཞན་དགེ་བའི་བཤེས་གཉེན་གྱི་ཆ་དེ་ལ་ཐིག་རྟགས་ཆུང་ཆུང་ཞིག་འབྲི་ཆོག །དེ་ནི་སླར་ཡང་དགེ་བའི་བཤེས་གཉེན་ཡང་དག་པ་ཞིག་ཡིན་དགོས་པ་ལས་སུ་བྱུང་ན་འགྲིག་པ་ཞིག་མིན། ངས་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་མཚན་ཞབས་སེར་ཀོང་རིན་པོ་ཆེ་ཧ་ཅང་ཡག་པོ་དྲན་གྱི་འདུག །ཁོང་ལ་མངའ་བའི་ཁྱད་དུ་འཕགས་པའི་ཡོན་ཏན་ནང་གི་གཅིག་ནི། ཁོང་མི་ཚང་མར་དོ་གལ་ཆེན་པོའི་སྒོ་ནས་གཟིགས་གནང་གི་རེད། དཔེར་ན། སྲང་ལམ་ནས་ཧི་པཱི་དེ་འདྲ་སླེབས་ནས། “ང་ལ་ནཱ་རོ་ཆོས་དྲུག་སློབས་དང་” ཞེས་ཟེར་བ་ལྟ་བུ་མི་རྣམས་ཀྱིས་ཁོང་ལ་ཁུངས་མེད་ཀྱི་འབོད་བསྐུལ་ག་ཚོད་ཞུས་ནའང་། རིན་པོ་ཆེ་ནས་གང་ཟག་དེ་ལ་དོ་གལ་ཆེན་པོའི་སྒོ་ནས་གཟིགས་ཞིབ་གནང་གི་ཡོད། ཁོང་གིས་ “ཨོ། དེ་དཔེ་ཡག་པོ་རེད། ཁྱེད་རང་ཆོས་ཧ་ཅང་ཡག་པོ་འདི་ལ་དོ་སྣང་དངོས་གནས་ཡོད་པ་རེད། གལ་ཏེ་ཁྱེད་རང་དངོས་གནས་སྦྱོང་འདོད་ཡོད་ན། ཐོག་མར་སོ་སོའི་སེམས་ནང་གྲ་སྒྲིག་ཡོད་པ་བཟོ་དགོས་” ཞེས་གསུངས་གནང་གི་རེད། དེ་ནས་ཁོང་གིས་གང་ཟག་དེ་ལ་ཁོའི་ཁམས་དང་བསམ་པ་ལ་དཔག་པའི་ཆོས་ཤིག་གསུང་གི་རེད། དེ་ནི་གང་ཟག་དེ་ལ་ཏག་ཏག་ཕན་ཐོགས་པའི་ཆོས་ཤིག་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། གལ་ཏེ་དགེ་བའི་བཤེས་གཉེན་གྱི་གང་ཟག་དེ་དོ་གལ་ཆེན་པོའི་སྒོ་ནས་གཟིགས་ཞིབ་གནང་ན། ཁོང་ཚོས་ཀྱང་རང་གིས་རང་ལ་དོ་གལ་ཆེན་པོའི་སྒོ་ནས་བསམ་ཞིབ་དང་ལེན་བྱེད་འགོ་བཙུག་ཆོག
“ངའི་དགེ་བའི་བཤེས་གཉེན་གྱིས་ང་མཁྱེན་པ་དང་ང་ལ་བརྩེ་བ་ཡོད་” ཅེས་པ་དེ་ “སངས་རྒྱས་ཀྱིས་ང་མཁྱེན་པ་དང་ང་ལ་བརྩེ་བ་ཡོད་” ཅེས་པ་དང་མཐུན་པར་བྱ་བ་བྱེད་ངེས་ཡིན་པ་ང་ཚོས་མཐོང་ཐུབ། ཡིན་ནའང་ང་ཚོར་རྟག་ཏུ་དགེ་བའི་བཤེས་གཉེན་དང་མཉམ་དུ་ཐག་ཉེ་བའི་འབྲེལ་བ་ཞིག་མེད། དེ་ནི་སངས་རྒྱས་ཀྱི་གནད་དོན་དང་འདྲ་པོ་རེད། སྐབས་འགར་ང་ཚོ་དང་འབྲེལ་བ་ཡོད་པའི་དགེ་བའི་བཤེས་གཉེན་རྣམས་ཚད་ལྡན་དང་མཚན་ཉིད་ཚང་བ་མེད། ང་ཚོས་ད་དུང་ཡང་ཁོང་རྣམ་པར་མིག་དཔེ་ཡར་ལྟ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། “སངས་རྒྱས་ཀྱིས་ང་མཁྱེན་གྱི་ཡོད་” ཅེས་པའམ། ཡང་ན་ “སངས་རྒྱས་ཀྱིས་ང་ལ་བརྩེ་བ་གནང་གི་ཡོད་” ཅེས་བརྗོད་པ་དེ་ནི་ཏོག་ཙམ་ལྟ་བའི་རྣམ་གཞག་ཐལ་དྲགས་པ་དང་རྒྱང་ཐག་རིང་དྲགས་པའི་བཟོ་འདྲ་ཞིག་ཡོད།
དེར་བརྟེན་ང་ཚོས་སྐྱབས་འགྲོའི་རིམ་པ་གཞན་ཞིག་གི་ཕྱོགས་སུ་ཁ་བསྒྱུར་དགོས། ང་ཚོས་ཆོས་ཀྱི་ལམ་དུ་འགྲིམ་འཇུག་མཁན་གྱི་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ནས་སེམས་སྐུལ་དང་བྱིན་རླབས་འཐོབ་ཕྱིར་སྐྱབས་སུ་འགྲོ་བ་ཁོ་ན་མིན་པར། ང་ཚོས་ལམ་དེའི་རྗེས་སུ་འབྲངས་བ་ལས་འཐོབ་པར་འགྱུར་བའི་འབྲས་བུའི་རིམ་པ་ལའང་སྐྱབས་སུ་འགྲོ་ཆོག །དེའི་དོན་ནི་མཐར་ཐུག་ང་ཚོས་སོ་སོ་རང་ངོས་ནས་བདེ་ཐང་དང་གོ་རྟོགས་དེ་འཐོབ་དགོས་ཀྱི་ཡོད། གང་ཡིན་ཟེར་ན། ང་ཚོ་ཚང་མར་སངས་རྒྱས་ཀྱི་རིགས་ཀྱི་ནང་དུ་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ཀྱི་གོ་འཕང་འཐོབ་པའི་ནུས་པ་དང་འཇོན་ཐང་ཆ་ཚང་ཡོད། གོ་རྟོགས་དང་རྒྱབ་སྐྱོར་དེ་གཞན་ལ་སྦྱིན་པ་ཙམ་དུ་མ་ཟད། སོ་སོ་རང་ཉིད་ལའང་སྦྱིན་ཐུབ་པའི་ནུས་པ་དེའང་ང་ཚོར་ཡོད། ངའི་བསམ་པར། དེ་ནི་དངོས་གནས་གནད་དོན་གལ་ཆེན་པོ་ཞིག་རེད། ང་རང་སྒེར་གྱི་ཡར་རྒྱས་ཀྱི་ནང་དེ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་ཤེས་ཚོར་བྱུང་།
“གལ་ཏེ་ཁྱེད་ཀྱིས་ལས་དོན་ཡང་དག་པ་དང་མ་ནོར་བ་ཞིག་བྱེད་འདོད་ཡོད་ན། དེ་སོ་སོ་རང་ངོས་ནས་བྱེད་དགོས། གལ་ཏེ་ཁྱེད་ཀྱིས་མི་གཞན་ཞིག་ལ་བྱེད་རོགས་ཞེས་བརྗོད་ན། ཁོང་ཚོས་ཁྱེད་ཀྱི་གང་འདོད་པ་ནང་བཞིན་བྱེད་ཀྱི་མ་རེད་” ཅེས་སློབ་དཔོན་ཞི་ལྷས་གསུངས་ཡོད་ལ། ངའི་ཨ་མས་ཀྱང་དེ་ལྟར་གསུང་གི་རེད། མི་ཚེ་ནི་དཀའ་ངལ་ཅན་ཡིན་པའི་བདེན་དོན་གྱི་ངོར་སོ་སོའི་ངོས་ནས་རྒྱབ་སྐྱོར་བྱེད་པའི་ཆེད་ང་ཚོར་དགོས་པའི་གོ་རྟོགས་དང་། ངོས་ལེན། བདེ་ཐང་འདི་འབྱུང་བ་ལ་གཞིགས་ན་གཅིག་པ་རེད། ཡིད་བརྟོན་ཆེ་ཤོས་དེ་གང་ཆགས་ཀྱི་རེད་ཅེ་ན། སོ་སོ་རང་ཉིད་ཀྱི་རང་ཉིད་ལ་ཡོད་པའི་གོ་རྟོགས་དང་། ང་ཚོའི་མི་ཚེའི་གནས་སྟངས་ལ་སོ་སོའི་ངོས་ནས་ངོས་ལེན་ཡོད་པ། དེ་བཞིན་གནས་སྟངས་དེ་དག་ལ་གཞིགས་པའི་ང་རང་ཚོ་སོ་སོ་རང་ཉིད་ལ་ཡོད་པའི་བྱམས་བརྩེ་བརྒྱུད་དེ་རྒྱབ་སྐྱོར་སོ་སོ་རང་ཉིད་ལ་སྤྲོད་པ་དེ་རེད། དེ་ག་ནང་བཞིན་རྒྱུད་རིམ་དེ་ཡོངས་སུ་རྫོགས་པའི་ནང་དཔྱད་ཁྲ་མེད་པ་དེ་རེད།
རང་ཉིད་ཀྱི་ཕྱོགས་སུ་དཔྱད་ཁྲ་མེད་པ།
གལ་ཏེ་ང་ཚོ་ཧ་ཅང་དཔྱད་ཁྲ་བྱེད་མཁན་ཡིན་ན། ང་ཚོས་ “ངས་འདི་བྱེད་དགོས་པ་དང་། དེ་བྱེད་མི་དགོས། ང་རང་བཟང་པོ་ཆགས་འདོད་ཡོད་པ་དང་ངན་པ་ཆགས་འདོད་མེད་པ་” ཞེས་པའི་རི་མོའི་ཐོག་ལ་ཐིག་རྟགས་ཆུང་ངུ་གཞན་ཞིག་ཁ་སྣོན་བྱེད་པ་ཙམ་རེད། གལ་ཏེ་ང་ཚོར་བསམ་ཕྱོགས་དེ་འདྲ་ཞིག་ཡོད་ན། དེ་ནས་ང་ཚོས་དོན་ངོ་མར་སོ་སོ་རང་ཉིད་ལ་བལྟས་ནས། “ངའི་མི་ཚེ་ནི་དཀའ་ངལ་ཅན་རེད། དེའི་རྒྱུ་མཚན་ནི་ང་རང་སྡུག་ཅག་ཡིན་པས་རེད། ང་རང་ལ་ནོར་འཁྲུལ་ཞིག་འདུག་” ཅེས་བརྗོད་ཀྱིན་ཡོད། གལ་ཏེ་ང་ཚོས་ “ང་རང་བཟང་པོ་ཆགས་འདོད་འདུག །ང་རང་སྡུག་ཅག་ཆགས་འདོད་མི་འདུག་” ཅེས་པའི་དཔྱད་ཁྲའི་བསམ་ཕྱོགས་ཀྱི་སྒོ་ནས་ང་ཚོའི་མི་ཚེ་ལ་བལྟས་ན། དེ་ནས་ང་ཚོས་ “ངའི་མི་ཚེ་འདི་དཀའ་ངལ་ཅན་རེད། ངས་ནོར་འཁྲུལ་ཞིག་བྱེད་ཀྱི་ཡོད་ངེས་རེད། ང་རང་སྡུག་ཅག་རེད་” ཅེས་སོ་སོའི་མི་ཚེ་ལ་སོ་སོ་རང་ངོས་ནས་དཔྱད་ཁྲ་གཏོང་གི་ཡོད། སོ་སོ་རང་ཉིད་ལ་སེམས་ཚོར་གྱི་རྒྱབ་སྐྱོར་སྤྲོད་རྒྱུའི་ཚབ་ལ་ང་ཚོས་སོ་སོ་རང་ཉིད་ལ་གཤེ་གཤེ་གཏོང་བ་དང་དཔྱད་ཁྲའི་ལམ་ནས་འཛུབ་མོ་བཙུག་གིན་ཡོད། དེས་ང་ཚོར་རྒྱབ་སྐྱོར་གང་ཡང་སྤྲོད་ཀྱི་མེད་པར། ང་ཚོའི་གནས་སྟངས་ཇེ་སྡུག་ཏུ་གཏོང་གི་ཡོད།
རང་གིས་རང་ལ་སྙིང་རྗེ་ཙམ་འཐོབ་ཕྱིར། གང་ལྟར་ཡང་སོ་སོ་རང་ཉིད་ཕྲུ་གུ་མ་འབྱར་ནང་བཞིན་ལྟ་ཚུལ་བཟུང་སྟེ། གནས་སྟངས་ཀྱི་ཐད་ལ་གང་ཡང་བྱེད་མི་དགོས་པའི་དོན་མིན། བུད་མེད་ཅིག་ལ་རང་གི་ཁྱོ་ག་ནས་སེམས་ཚོར་གྱི་རྒྱབ་སྐྱོར་དང་བསམ་ཤེས་དགོས་པའི་སྐབས། དེ་ནི་ཁོ་མོར་དགོས་པའི་ཡོད་ཚད་དེ་མིན་པ་གསལ་པོ་རེད། ཁྱོ་གས་ད་དུང་ཡང་ནང་གི་ཟས་སྣོད་རྣམས་བཀྲུས་ན་དེ་ཡང་ཧ་ཅང་ཡག་པོ་རེད། དེ་མཚུངས་ཁྱི་ནང་བཞིན་ང་ཚོའི་མགོ་བོ་སྟེང་ལ་བྱིལ་བྱིལ་གཏོང་མཁན་ཞིག་དགོས་འདོད་ཡོད་སྲིད། ཡིན་ནའང་ང་ཚོར་བཅོས་མིན་གྱི་རོགས་རམ་ཞིག་ཀྱང་དགོས་ཀྱི་ཡོད། རང་སོ་སོར་ཁ་ཕྱོགས་པ་ལ་མཚོན་ནའང་གནས་སྟངས་དེ་དང་གཅིག་མཚུངས་རེད། ཕྱོགས་གཅིག་ནས་རང་གིས་རང་ལ་བསམ་ཤེས་དང་བརྩེ་བ་དེ་ང་ཚོར་དགོས་ཀྱི་ཡོད། འོན་ཀྱང་ང་ཚོས་ད་དུང་ཡང་གས་ཆག་ཤོར་བའི་སྦུགས་མདོང་དེ་བཟོ་བཅོས་རྒྱག་དགོས་པ་དང་། དེ་ལས་གཏིང་ཟབ་པའི་སོ་སོའི་དགོས་མཁོ་རག་ཕྱིར་འབད་བརྩོན་བྱེད་དགོས།
གནད་དོན་ཆ་ཚང་ནི་གང་ལྟར་མགོ་རྙོག་པོ་ཡོད། དེ་ནི་གང་འཚམ་གྱི་གནད་འགགས་ཅན་གྱི་གནད་དོན་ཞིག་རེད། ངས་ཆུང་བྱིས་པའི་དུས་སྐབས་ཡག་པོ་བྱུང་མེད་པའི་མི་རྣམས་སམ་ཡང་ན་ཧ་ཅང་བསམ་ཤེས་ལྡན་པའི་ཕ་མ་རྣམས་ཀྱི་དཔེ་ལ་བསམ་བློ་གཏོང་གི་ཡོད། མི་དེ་འདྲ་བས་ཡང་སེ་ཕ་ཚབ་དང་མ་ཚབ་འཚོལ་གྱིན་རེད། ཁོང་ཚོ་འབྲེལ་ལམ་ནང་ཞུགས་ནས་ཕའམ་ཡང་ན་མ་དེ་དྲན་ཤེས་མེད་པའི་སྒོ་ནས་མི་གཞན་དེ་ལ་སྟོན་པ་དང་། མི་གཞན་དེས་ཁོང་ཚོར་སྔོན་བྱིས་པའི་གནས་སྐབས་སུ་མེད་པའི་བསམ་ཤེས་དེ་སྦྱིན་དགོས་པའི་རེ་འདུན་སྟོན་གྱི་ཡོད།
འདི་འདྲ་བའི་དཀའ་ངལ་ཡོད་མཁན་གྱི་མི་ཞིག་ལ་ང་ཚོས་ཇི་ལྟར་ལྟ་ཚུལ་འཛིན་གམ། དེ་དག་གང་འཚམ་གྱི་དབང་རྩ་འཁྲུགས་པའི་འབྲེལ་ལམ་ཁག་རེད། “ཁྱེད་ཀྱིས་གང་བྱེད་བཞིན་པའི་དྲན་ཤེས་མེད་པའི་འགྲོས་ལ་ལྟ་ཐབས་བྱས་ཏེ། རང་ཉིད་ག་ཚོད་ཀྱིས་གླེན་པ་ཡིན་པ་དང་རང་གིས་རང་ལ་དཀའ་ངལ་ག་ཚོད་བཟོ་གིན་ཡོད་པ་རྟོགས་ནས་མཚམས་འཇོག་བྱེད་དགོས་” ཞེས་ང་ཚོས་བརྗོད་ཆོག །དེ་ནི་དཔེར་ན། ཁྱི་ཞིག་གིས་ཞ་ལ་བཙོག་པ་བཟོས་ན། མི་འགའ་ཤས་ཀྱིས་ཁྱི་དེའི་སྣ་ཞ་ལའི་སྒང་བཞག་ནས། “ཁྱོད་ཀྱིས་བཙོག་པ་བཟོས་པ་འདི་ལ་ལྟོས་དང་། མཚམས་འཇོག་བྱོས་” ཞེས་བརྗོད་ཀྱི་ཡོད། འོན་ཀྱང་དེས་དོན་དག་དེ་ཧ་ཅང་ཡག་པོའི་སྒོ་ནས་བསྒྲུབ་ཀྱི་མེད། དེ་ཁྱི་དང་མཉམ་དུ་འགྲིགས་ནའང་། སོ་སོ་རང་ཉིད་ལ་དེས་འགྲིག་གི་མེད། གང་ཡིན་ཞེ་ན། དེས་ང་ནི་མི་སྡུག་ཅག་ཅིག་ཡིན་ཞེས་པའི་ཚོར་བ་དེ་ལ་ཁ་སྣོན་བྱེད་པ་ཙམ་དང་། དེས་ནག་ཉེས་དང་ཞེན་ཆགས་ཀྱི་ཚོར་བ་སྐྱེད་པར་བྱེད་ཀྱི་ཡོད། དཔེར་ན། “ང་རང་བུ་མོ་བཟང་པོ་ཞིག་ཆགས་འདོད་འདུག་ཅེས་ཟེར་བའམ། ཡང་ན་ང་རང་བུ་བཟང་པོ་ཞིག་ཆགས་འདོད་འདུག་” ཅེས་ཟེར་བ་ལྟ་བུ་རེད། དེ་ལྟ་བུའི་དཔྱད་ཁྲའི་གནད་དོན་ཡོངས་སུ་རྫོགས་པ་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་ཟེར་བའི་བསམ་བློའི་གཡས་གཡོན་དུ་འཁོར་གྱི་ཡོད།
སོ་སོའི་ཐོབ་དབང་ལ་ཡི་རང་བྱེད་པ།
གལ་ཏེ་ང་ཚོས་ཅུང་ཟད་ཞིབ་ཅིང་ཕྲ་བའི་སེམས་ཁམས་རིག་པའི་ཐབས་ལམ་ཁག་ལ་བལྟས་ན། གང་ཞིག་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་ཅེ་ན། གང་ཟག་དེ་ལ་བྱམས་བརྩེ་དང་བསམ་ཤེས་ལྡན་པའི་ཕ་མ་ཡོད་པའི་ཐོབ་དབང་དང་ལྡན་པའི་ཐད་མི་དེ་ལ་ཡི་རང་བྱ་རྒྱུ་དེ་རེད། མི་ཚང་མ་དེ་འདྲའི་ཐོབ་དབང་དེ་ཡོད་པ་དང་། དེ་མ་ཐོབ་པ་ནི་དངོས་གནས་གདོང་ལེན་བྱ་དཀའ་བ་ཞིག་རེད། སེམས་ཁམས་རིག་པ་བས་དེ་ལ་ཡི་རང་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་གང་ཟག་སོ་སོ་རང་ཉིད་ནས་ཀྱང་དེ་ལ་ཡི་རང་དང་ངོས་ལེན་བྱེད་ཀྱི་ཡོད། དེ་དང་མཐུན་པ་ནི་མི་ཚེ་ནི་དཀའ་ངལ་ཅན་ཡིན་པ་དེ་རང་ངོས་ནས་ངོས་ལེན་བྱེད་པ་དང་། དམིགས་བསལ་གྱི་ང་ཚོའི་མི་ཚེ་ནི་དཀའ་ངལ་ཅན་ཡིན་པ་དང་། ང་ཚོ་ནི་བདེ་སྐྱིད་དང་ལྡན་པ་ཡོང་བའི་ཐོབ་དབང་དེ་དང་ལྡན་པ་རེད། ང་ཚོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐོབ་དབང་དང་ལྡན་ཡོད། གང་ཡིན་ཞེ་ན། ང་ཚོ་ལ་སངས་རྒྱས་ཀྱི་རིགས་དང་ལྡན་པའི་ཕྱིར།
ངོས་ལེན་དེ་ལ་གཞི་བྱས་ཏེ། ང་ཚོས་ནམ་རྒྱུན་ག་རེ་ཤེས་ཀྱི་ཡོད་ཅེ་ན། འདས་པའི་དུས་སུ་ཕ་མ་ཡག་པོ་ཞིག་དགོས་པ་དེ་འཕོ་འགྱུར་ཕྱིན་ཟིན་པ་རེད། དེ་ནི་སྒེར་སོ་སོའི་ངོས་ནས་མི་གཞན་ཞིག་ལ་ཕ་མ་བཟང་པོ་ཞིག་ཡིན་པའི་ཆ་ནས་འདོད་བློ་ཁེངས་པ་བྱུང་ཡོད། ང་རང་སྒེར་གྱི་ཉམས་མྱོང་གི་ཐོག་ནས་དེས་དངོས་གནས་ཕན་ཐོགས་ཡོད་པ་ཤེས་སོང་། ང་ཚོའི་མི་ཚེ་ནི་དཀའ་ངལ་ཅན་ཡིན་པ་དེ་ངོས་ལེན་བྱེད་པ་དང་། ངོས་ལེན་དེའི་ཐབས་ལ་བརྟེན་ནས་རང་གིས་རང་ལ་སེམས་ཚོར་གྱི་རྒྱབ་སྐྱོར་འགའ་ཞིག་སྟེར་དགོས། དེ་ནས་མི་ཚེའི་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་པའི་རྒྱུད་རིམ་ཡོངས་སུ་རྫོགས་པའི་ནང་བཅོས་ཐབས་ཡག་ཤོས་དེ་དངོས་གནས་གང་ཆགས་ཀྱི་ཡོད་པ་ནི། ངོས་ལེན་དང་བསམ་ཤེས་དེ་གཞན་དག་ལ་སྦྱིན་རྒྱུ་དེ་རེད། ང་ཚོས་ལྷག་བསམ་གྱི་སྒོ་ནས་གཞན་ལ་ཇི་ཙམ་སྤྲད་པ་དེའི་ཚོད་ཀྱིས་སོ་སོ་རང་ཉིད་ཀྱི་མི་ཚེའི་དཀའ་ངལ་ལ་ང་ཚོས་གདོང་ལེན་བྱེད་ཐུབ་ཀྱི་རེད། དོན་ངོ་མར་ང་ཚོས་དཀའ་ངལ་དེ་དག་རྦད་དེ་དངངས་ཚབས་ཉུང་བ་ཆགས་ཀྱི་ཡོད་པ་ཤེས་ཀྱི་ཡོད། དེ་ནི་རྟག་ཏུ་ཕྱི་རུ་ཕྱིན་ནས་གཞན་དོན་བསྒྲུབ་ཐབས་བྱེད་མཁན་གྱི་ངང་ངམ་ཤུགས་ཀྱི་སྤྱི་ཚོགས་ཞབས་ཞུ་རོགས་རམ་བྱེད་མཁན་དང་ཧ་ཅང་མི་འདྲ་བ་རེད། འོན་ཀྱང་སོ་སོ་རང་ཉིད་ཀྱི་མི་ཚེ་དང་ནམ་ཡང་གདོང་ལེན་བྱེད་ཀྱི་མེད། ནམ་རྒྱུན་དེ་དག་སོ་སོ་རང་ཉིད་ཀྱི་མི་ཚེ་ནི་མགོ་རྙོག་པོ་དང་དཀའ་ངལ་ཅན་ཞིག་ཡོད། དེ་དག་ཐམས་ཅད་ནི་མཐར་ཐུག་རང་གིས་རང་ལ་སྐྱབས་ཇི་ལྟར་སྦྱིན་གྱི་ཡོད་པའི་སྒང་ལ་བསླེབ་ཀྱི་ཡོད།
ད་སྐར་མ་ཁ་ཤས་རིང་ང་ཚོའི་མི་ཚེའི་ནང་གི་དཀའ་ངལ་རྣམས་རང་གིས་རང་ལ་ངོས་ལེན་བྱེད་ཕྱོགས་ཐད་བསམ་བློ་གཏོང་རྒྱུ་ཡིན། ཡིན་ནའང་དེའི་ཐད་ལ་དཔྱད་ཁྲ་མེད་པ་དགོས། དེ་ལ་ངོས་ལེན་བྱེད་ཐབས་ཙམ་དེ་རེད། དེ་ལ་ངོས་ལེན་བྱེད་པ་ཞེས་པའི་དོན་ནི་དེ་ལ་གདོང་ལེན་བྱེད་པའི་དོན་ཡིན་པ་ནི་ཤོད་ག་ལ་དགོས། དེ་ཡང་འབྲེལ་མཚམས་ཤིག་བསྐྲུན་ནས་མིན་ལ། ང་ཚོས་ “འདི་ནི་ངའི་ནང་ཆོས་རེད་” ཅེས་ཟེར་བའི་ཕྱི་རོལ་གྱི་ཉམས་ལེན་ལྟ་བུའང་མིན། འདི་དོན་ནི་ང་ཚོས་རང་གིས་རང་ལ་ཐབས་སྡུག་མི་ཚོར་བའི་ཐབས་ཀྱི་སྒོ་ནས་བྱེད་པ་དེ་རེད། དེ་ནི་འགན་འཁྲི་འཕར་མ་ཡོད་མཁན་གྱི་ཆུང་མ་དེས་རང་གི་ཁྱོ་ག་ཕྱིན་ན་བསམ་པའི་འདོད་པ་མེད། དེ་ནས་ “ཨོ། མོ་ཐབས་སྐྱོ་བ་ལ་ཞེས་སྙིང་རྗེ་སྐྱེ་བ་དང་བསུན་སྣང་གི་རྣམ་འགྱུར་” སྟོན་པ་དང་། རང་གིས་རང་ལ་ཐབས་སྡུག་ཚོར་གྱི་ཡོད། ང་ཚོས་སོ་སོ་རང་ཉིད་ལའང་དེ་འདྲ་བྱེད་འདོད་མེད།
འདིར་ང་ཚོས་ཤོད་བཞིན་པའི་ངོས་ལེན་གྱི་སྐོར་འདི་འདྲ་བ་ནི་ཧ་ཅང་འཇམ་པོ་ཞིག་རེད། དེ་ནི་ “དེར་ཡོད་པ་” ལྟ་བུ་རེད། གལ་ཏེ་ང་ཚོས་ཁྱད་མཚར་བའི་སྒོ་ནས་དེ་ལ་རྟོག་འཆར་སྐྲུན་པར་བསམ་བློ་གཏོང་ཐུབ་ན། སོ་སོ་རང་ཉིད་དང་མཉམ་དུ་ “དེར་ཡོད་པ་” ཙམ་དེ་རེད། གལ་ཏེ་ང་ཚོ་ཧ་ཅང་ནད་ཀྱིས་མནར་བཞིན་ཡོད་ན། མི་ཞིག་སླེབས་ནས། “ཨོ། ཁྱེད་རང་ཐབས་སྡུག་པ་ལ་” ཞེས་བརྗོད་པ་ལྟ་བུ་ང་ཚོར་ཁྱད་གསོད་བྱེད་པ་དེ་འདྲ་འདོད་ཀྱི་མེད། གང་གིས་དངོས་གནས་ཕན་གྱི་རེད་ཅེ་ན། མི་ཞིག་ང་ཚོའི་ན་ཚ་ལ་ཞེད་སྣང་མེད་པ་དང་། ང་ཚོའི་འགྲམ་དུ་སྡོད་ཐུབ་ཅིང་། ད་དུང་ང་ཚོའི་ལག་པ་བཟུང་ནས་རོགས་བྱེད་ཐུབ་མཁན་དེས་ཕན་གྱི་རེད། དེའི་རྟོག་པའི་འཆར་སྒོ་ནི་རྦད་དེ་སྟོང་པ་ཉིད་ལས་ལྡོག་ཕྱོགས་ཡིན་ནའང་། སེམས་ཚོར་གྱི་རིམ་པའི་ཐོག་ནས་ང་ཚོས་གང་བྱེད་དགོས་ཀྱི་ཡོད་ཅེ་ན། ང་ཚོས་ཞེད་སྣང་མེད་པ་དང་ང་ཚོས་སེམས་ཚོར་གྱི་རྒྱབ་སྐྱོར་དང་འབྲེལ་བའི་གནས་སྟངས་འཁྲུག་ཆ་དོད་པོ་ཞིག་བཟོ་དགོས་བསམ་པའམ། ཡང་ན་རང་གིས་རང་ལ་སྙིང་རྗེ་བའི་ཚོར་བ་མེད་པའི་སྒོ་ནས་སོ་སོ་རང་ཉིད་ཀྱི་ལག་པ་དེ་གཟུང་དགོས། ད་ང་ཚོས་དེ་འདྲ་ཞིག་ཐབས་ཤེས་བྱ་རྒྱུ་ཡིན།
(ཉམས་ལེན་གྱི་ཆེད་མཚམས་འཇོག)
འདྲེ་ལ་གསོལ་མཆོད་བྱེད་པ།
ང་ཚོས་གོང་དུ་བྱས་པ་ནང་བཞིན་དངོས་མེད་ཀྱི་སྒོ་ནས་ཉམས་ལེན་འདི་བྱ་རྒྱུ་ཏོག་ཙམ་ཁག་པོ་མཐོང་སྲིད་པ་སོང་ཙང་། ང་ཚོས་ཉམས་ལེན་འདི་འདྲེ་ལ་གསོལ་མཆོད་བྱེད་པའི་ཚུལ་གྱིས་བྱེད་ཆོག །ང་ཚོར་འཕྲད་བཞིན་པའི་དཀའ་ངལ་སྣ་ཚོགས་པ་ནི་སོ་སོའི་སེམས་རྒྱུད་ལ་ཡོད་པའི་འདྲེ་ལྟ་བུར་ལྟ་ཆོག །དེ་ནས་ང་ཚོས་འདྲེ་དེ་གང་འདྲ་ཞིག་ཡོད་པ་དང་དེའི་ཁྱད་ཆོས་རྣམས་ལ་ཚོར་བ་ཞིག་རག་ཐབས་བྱེད་ཆོག །དཔེར་ན། སེམས་ཚོར་གྱི་རྒྱབ་སྐྱོར་ཞིག་དགོས་མཁན་གྱི་འདྲེ་ལྟ་བུ་རེད། དེ་ཡང་། “ངའི་མི་ཚེ་འདི་ཧ་ཅང་དཀའ་ལས་ཁག་པོ་འདུག །ང་རང་ལ་ལས་འགན་ཧ་ཅང་མང་པོ་ཡོད། ང་ལ་ལས་དོན་བྱ་རྒྱུ་ཧ་ཅང་མང་པོ་ཡོད། ང་ལ་དུས་ཚོད་འདང་ངེས་མེད་ལ་ནུས་པ་འདང་ངེས་མེད། དེ་བཞིན་ང་ལ་རྒྱབ་སྐྱོར་འདང་ངེས་མེད་” ཅེས་སོགས་བརྗོད་པ་ལྟ་བུ་རེད།
ཐོག་མར་ང་ཚོས་རང་གིས་རང་ལ་འདྲེ་དེ་གང་འདྲ་ཞིག་ཡོད་དམ་ཞེས་འདྲི་དགོས། ང་ཚོར་འདྲེ་དེ་གང་འདྲ་ཞིག་ཡོད་པའི་ཐད་ལ་བསམ་བློའི་སྣང་བརྙན་ལྟ་བུ་ཞིག་ཡོད་པའི་སྐབས། ང་ཚོས་འདྲེ་དེ་སོ་སོའི་སེམས་ནས་ཕྱི་ལོགས་སུ་གཏོང་དགོས་པ་དང་། འདྲེ་དེ་སོ་སོ་རང་ཉིད་ཀྱི་མདུན་དུ་ཡོད་པའི་གདན་གྱི་སྟེང་དུ་སྡོད་འཇུག་དགོས། དེ་ལྟར་ང་ཚོས་འདྲེ་དེ་ལ། “ཁྱོད་ལ་ག་རེ་དགོས་སམ་” ཞེས་འདྲི་དགོས། ང་ཚོས་གདན་གྱི་སྟེང་དུ་བསྡད་ནས་དྲི་བ་དེར་ལན་འདེབས་བྱ་ཆོག་ལ། དེ་སོ་སོའི་བསམ་བློའི་འཆར་སྣང་དུའང་བྱ་ཆོག་སྟེ། དཔེར་ན། “ང་ལ་བསམ་ཤེས་དགོས། ང་ལ་རྒྱབ་སྐྱོར་དགོས། མི་ཚེའི་ནང་འཕྲད་བཞིན་པའི་དཀའ་ངལ་རྣམས་ཀྱི་ངོས་ལེན་དེ་ང་ལ་དགོས་” བསམ་པ་ལྟ་བུ་རེད། དེ་ནས་སོ་སོ་རང་ཉིད་སྡོད་ས་དེ་ནས་ང་ཚོས་འདྲེ་ལ་གསོལ་མཆོད་བྱེད་ཀྱིན་ཡོད་པ་བསམ་དགོས། ང་ཚོས་རྒྱབ་སྐྱོར་བྱེད་དགོས་པ་དང་། བསམ་ཤེས་བྱེད་དགོས། འདྲེ་ལ་དཔྱད་ཁྲ་མེད་པའི་ངོས་ལེན་བྱེད་དགོས། གང་འདོད་པ་དེ་བྱེད་དགོས།
དེ་ལྟར་བྱེད་པ་ལ་བརྟེན་ནས་ང་ཚོས་སོ་སོ་རང་ཉིད་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་མར་བསྡད་ནས་དངོས་མེད་ཀྱི་སྒོ་ནས་བྱེད་པ་ཙམ་ལས་ཕན་ནུས་རྦད་དེ་ཆེ་བ་ཡོད་པ་ཤེས་ཀྱི་རེད། འདྲེ་ལ་གསོལ་མཆོད་བྱེད་པ་དེས་ང་ཚོར་སྦྱོང་བརྡར་སྤྲོད་འགོ་ཚུགས་ནས་བསམ་ཤེས་དེ་གཞན་དག་ལའང་སྤྲོད་རྒྱུར་ཧ་ཅང་ཕན་ཐོགས་ཅན་ཞིག་རེད། རིམ་པས་ང་ཚོས་གཞན་ལ་བསམ་ཤེས་དེ་དང་གསོ་ཐབས་དེ་སྤྲོད་པ་དང་། མི་གཞན་ཞིག་ལ་ཕ་མ་བཟང་པོ་ཞིག་བྱེད་པའི་སྒོ་ནས་དེ་སོ་སོ་རང་ཉིད་ལའང་གསོ་ཐབས་ཀྱི་རྒྱུད་རིམ་ཞིག་ཇི་ལྟར་ཡིན་པ་ཤེས་རྒྱུ་འགོ་བཙུག་ཐུབ། དེས་ཐབས་ལམ་གཅིག་མཚུངས་ཀྱི་སྒོ་ནས་བྱ་བ་བྱེད་ཀྱི་ཡོད། འདྲེ་ལ་བསམ་ཤེས་བྱེད་པ་ནི་སོ་སོ་རང་ཉིད་ཀྱི་ཆེད་དུ་གསོ་ཐབས་ཤིག་ཡིན་པ་ནང་བཞིན་གཞན་ཞིག་ལ་རྒྱབ་སྐྱོར་བྱེད་པ་དེའང་སོ་སོ་རང་ཉིད་ལ་གསོ་ཐབས་ཤིག་རེད།
དུས་ཚོད་ཏོག་ཙམ་གྱི་རིང་འདྲེ་ལ་བསམ་ཤེས་དང་ངོས་ལེན་བྱ་རྒྱུ་ཡིན། དེ་ཡང་འདྲེ་ལའང་མི་ཚེ་ནི་ཁག་པོ་ཡིན་པ་དང་། དེ་ནི་ངའི་སེམས་ནང་གང་གིས་མི་སྐྱིད་པ་བཟོ་མཁན་དེ་རེད། ཐོག་མར་འགོ་འཛུགས་ནས་བཟུང་སྟེ། ང་ཚོའི་རྒྱུད་ལ་དགོས་པའི་མཐོང་བའི་རྒྱུད་རིམ་འདི་བྱེད་དགོས་པ་དང་། དེ་ནས་ཕྱི་རོལ་ཏུ་འདོན་པ་དང་གསོལ་མཆོད་བྱེད་དགོས། ང་ཚོའི་རྒྱུད་ལ་ཡོད་པའི་འདྲེ་ལ་གང་དགོས་པ་དང་འདོད་པ་དེ་སྦྱིན་དགོས།
(ཉམས་ལེན་ཆེད་མཚམས་འཇོག)
ད་ཁྱེད་ཀྱི་མི་ཚེའི་ནང་གི་མི་འགའ་ཞིག་ལ་བལྟས་ནས་དེ་དག་ལ་མི་ཚེའི་དཀའ་ངལ་གྱི་བསམ་ཤེས་དང་ངོས་ལེན་གཅིག་པ་བྱེད་དགོས། ཁོང་ཚོ་ནད་པ་ཡིན་པའམ་རྒས་འཁོགས་ཡིན་པ། ཡང་ན་ལས་ཀ་ཧ་ཅང་མང་པོ་ཡོད་པ་གང་ཡིན་རུང་དེ་ལ་ཡི་རང་དང་ཁས་ལེན་བྱེད་དགོས་ཤིང་། དེ་དག་ལ་གང་དགོས་ཀྱི་རྒྱབ་སྐྱོར་བྱེད་དགོས། འདིའི་ནང་སེམས་ཚོར་གྱི་ཆ་ནས་དཀའ་ངལ་ཡོད་མཁན་གྱི་མི་རྣམས་འཚུད་ཀྱི་ཡོད། དཔེར་ན། རྟག་པར་ཁོང་ཁྲོ་ཟ་མཁན་ནམ་རྟག་པར་མི་གཞན་དང་མཉམ་དུ་སྤྱོད་ངན་འཁྲབ་མཁན་ལྟ་བུ་རེད། ཁོང་ཚོའི་མི་ཚེའང་དཀའ་ངལ་ཅན་ཡིན་པ་དེ་ངོས་ལེན་བྱེད་དགོས། འདྲེ་ལ་སྦྱིན་པའམ་གསོལ་མཆོད་བྱེད་པ་ནང་བཞིན་སོ་སོའི་ངོས་ལེན་དང་བསམ་ཤེས་དེ་མི་གཞན་དེ་ལ་སྦྱིན་དགོས། འདྲེ་ལ་གང་དགོས་པའི་ཉེར་མཁོ་འཛད་མཐའ་མེད་པ་ཡོད་པ་ནང་བཞིན་མི་གཞན་དེ་ལ་གང་འདོད་པའི་ཉེར་མཁོ་འཛད་མཐའ་མེད་པ་ང་ཚོར་ཡོད་པར་བསམ་དགོས།
དེ་ལྟ་བུའི་འཛད་མཐའ་མེད་པའི་བསམ་ཤེས་དང་ངོས་ལེན་གྱི་ཉེར་མཁོ་རྣམས་སོ་སོའི་བརྒྱུད་ནས་གཞན་གཅིག་ལ་གཅིག་བརྒྱུད་དུ་གཏོང་བའི་སྒོ་ནས་ང་ཚོས་ཉོན་མོངས་མེད་པའི་གཏོང་ཕོད་ཅན་ཡིན་པ་དེ་ཉམས་སུ་མྱོང་ཐུབ། གལ་ཏེ་ང་ཚོ་དེའི་ཐད་སེམས་ལ་དཀྲོག་རྐྱེན་ཐེབས་པ་ཡིན་ན། ང་ཚོས་ “ཨོ། ངས་གནས་སྟངས་ཁག་པོ་དེའི་ཐད་ལ་གཅིག་བྱེད་དགོས་ཀྱི་འདུག །ཡིན་ནའང་ངས་དེའི་ཐད་གང་ཡང་བྱེད་ཐུབ་ཀྱི་མི་འདུག །ང་ལ་ནུས་པ་མི་འདུག །ང་ལ་རེ་བ་མི་འདུག །གནས་སྟངས་ཡོངས་སུ་རྫོགས་པ་ནི་ཅི་འདྲའི་ཞེད་སྣང་ཚ་བ་ལ་” ཞེས་སོགས་ཚོར་གྱི་ཡོད། དེ་ནས་ང་ཚོ་གནས་སྟངས་ཚང་མ་ལ་བརྟེན་ནས་སེམས་ཚོར་གྱི་སྒོ་ནས་ཧ་ཅང་བསུན་གཙེར་ཅན་ཆགས་ཀྱི་ཡོད། དེ་ལས་ལྡོག་སྟེ། ང་ཚོས་འཛད་མཐའ་མེད་པའི་ངལ་སེལ་གྱི་ཆུ་རྒྱུན་ནང་བཞིན་གཏོང་ཕོད་ཀྱི་སྦྱིན་པ་དེ་ང་ཚོའི་བརྒྱུད་ནས་སྟབས་བདེའི་ངང་འགྲོ་འཇུག་དགོས།
དེ་ནི་ང་ཚོས་སྐབས་འདིར་སངས་རྒྱས་ནས་བདུད་རྩི་རང་རྒྱུད་དུ་འབབ་པར་དམིགས་རྣམ་དུ་བྱེད་པའི་སྐབས་སུ་གང་མཚོན་པར་བྱས་པ་དང་ཏོག་ཙམ་འདྲ་པོ་རེད། དེ་ནི་གནད་དོན་གཅིག་མཚུངས་འདྲ་པོ་རེད། ཡིན་ནའང་དེ་ནི་རིམ་པ་ལས་སླ་བའི་སྒོ་ནས་རེད། ང་ཚོས་ཆུ་རྒྱུན་དེ་ག་ཚོད་དགོས་དགོས་ཀྱིས་ཕྱི་རུ་གཏོང་ཆོག །ཆུ་རྒྱུན་དེ་སྐམ་པའི་དཀའ་ངལ་མེད། དེ་ནི་ཧ་ཅང་ངལ་སེལ་དང་བརྗིད་ཉམས་ངང་གཞན་ལ་འབབ་ཀྱི་ཡོད། དེ་ནི་རྩོལ་མེད་ངང་འབབ་ཀྱི་ཡོད། ང་ཚོས་དེ་ཇི་ལྟར་འབབ་འཇུག་གི་ཡོད་དམ་ཞེ་ན། འབྲེལ་མཚམས་དེ་གཅོད་དགོས། དེ་ལ་ཞེད་སྣང་བྱེད་དགོས་པ་དང་བོར་བརླག་ཤོར་ཉེན་གང་ཡང་མེད།།