འཕགས་པའི་བདེན་པ་གཉིས་པ། སྡུག་བསྔལ་གྱི་རྒྱུ་དངོས། (ཀུན་འབྱུང་བདེན་པ།)
ང་ཚོས་བདེན་པ་དང་པོ་ལ་སྒེར་དོན་དང་ཁས་ལེན་ཆེ་བའི་ཚུལ་གྱིས་བལྟས་པ་ནང་བཞིན་བདེན་པ་གཞན་གསུམ་པོ་ལའང་གཅིག་མཚུངས་སུ་ལྟ་དགོས། དེ་ལྟར་བྱས་ན། ནང་པའི་ཉམས་ལེན་དེ་ང་ཚོ་སྒེར་སོ་སོའི་ངོས་ནས་རྦད་དེ་དོན་སྙིང་ལྡན་པ་དང་འགྱུར་ལྡོག་ཆེ་བའི་སྒོ་ནས་ཚོར་ཐུབ་ཀྱི་ཡོད།
ང་ཚོས་མི་ཚེའི་ནང་གི་དཀའ་ངལ་ལ་ངོས་ལེན་བྱས་པའི་རྗེས་སུ་རང་གིས་རང་ལ་སེམས་ཚོར་གྱི་རྒྱབ་སྐྱོར་ཅུང་ཟད་སྤྲོད་པའི་ཐོག་ང་ཚོས་འཕགས་པའི་བདེན་པ་གཉིས་པར་ལྟ་དགོས་ཤིང་། དེ་ནི་སྡུག་བསྔལ་གྱི་རྒྱུ་དེ་རེད། ང་ཚོས་རྒྱུ་གང་ཡིན་ཤེས་དགོས་པ་སྟེ། གས་ཆག་ཕྱིན་པའི་སྦུགས་མདོང་དེ་འཕྲོ་བརླག་ཕྱིན་པ་དེ་བཅོས་དགོས་ཀྱི་ཡོད། ང་ཚོས་དཀའ་ངལ་རྣམས་ཀྱི་རྒྱུ་གང་དག་ཡིན་པར་ལྟ་བའི་སྐབས། དེ་སྒེར་གྱི་ངོས་ནས་ལམ་དབུ་བའི་ལྟ་ཚུལ་དང་བཅས་བལྟ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཡང་ང་ཚོས་ཕྱིའི་དངོས་པོ་ཙམ་ལ་སྐྱོན་འཛུགས་བྱེད་འདོད་མེད། དཔེར་ན། “ང་རང་འདི་འདྲ་པོ་ཆགས་པ་རེད། དེ་གང་ཡིན་ཞེ་ན། ང་རང་ལོ་གསུམ་ཡིན་པའི་སྐབས། ངའི་ཨ་མས་དེ་འདྲ་ཞིག་བྱས་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་གྱིས་དེ་འདྲ་བྱས་པ་རེད་” ཅེས་པ་ལྟ་བུ་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་རྐྱེན་དེ་དག་ལ་མཐའ་གཅིག་ཏུ་ངོས་ལེན་མི་བྱེད་པར། “དེ་དག་ཐམས་ཅད་ངའི་ནོར་འཁྲུལ་རེད་” ཅེས་བརྗོད་པ་དང་ནག་ཉེས་དང་སྐྱོན་བརྗོད་ཚང་མ་སོ་སོ་རང་ཉིད་ཀྱི་ཕྲག་སྟེང་དུ་ཤུགས་ཆེན་པོའི་སྒོ་ནས་འཁྱེར་འདོད་མེད།
ང་ཚོས་སྡུག་བསྔལ་དང་དཀའ་ངལ་གྱི་རྒྱུ་མཐར་ཐུག་དེ་སོ་སོའི་མ་རིག་པ་དེ་ཇི་ལྟར་ཡིན་པའི་སྐོར་ཤོད་སྐབས། དེ་ལ་ཕྱིན་ཅི་ལོག་ཏུ་འགྲེལ་བ་དང་། “ང་རང་གླེན་པ་རེད། ང་རང་སྡུག་ཅག་རེད། ང་རང་ཡག་པོ་མིན། བྱས་ཙང་། ང་རང་ནག་ཉེས་ཅན་དེ་རེད་” ཅེས་བསམ་རྒྱུ་དེ་གང་འཚམ་གྱི་ལས་སླ་པོ་ཡོད། དེ་ནི་རྟག་ཏུ་གླེན་པ་དང་ནོར་འཁྲུལ་བྱེད་མཁན་གྱི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” ཤེས་བྱ་བ་སྡུག་ཅག་དེ་དང་བསྟུན་ནས་བསམ་བློ་གཏོང་བ་ལས་བྱུང་བ་རེད། ངོས་ནས་དེ་ལ་ཨིན་སྐད་ནང་ (we are ignorant) ཞེས་བརྒྱུར་རྒྱུའི་ཚབ་ལ་ (we are unaware of reality) ཞེས་ཅེས་བསྒྱུར་རྒྱུ་དགའ་འདེམས་བྱེད་ཀྱི་ཡོད། འདིས་ཕལ་ཆེར་འཕགས་པའི་བདེན་པ་གཉིས་པ་ནི་གཞན་རྣམས་གླེན་པ་དང་རྨོངས་པ་ཡིན་པར་མཐོང་ཆུང་བྱེད་པ་དང་། རྨོངས་པ་དེ་རྒྱུ་མཚན་གྱིས་རང་གིས་རང་ལ་སྡུག་བསྔལ་སྐྲུན་གྱི་ཡོད་ཅེས་དཔྱད་ཁྲའི་བསམ་བློ་མི་འབྱུང་བར་ང་ཚོར་ཏོག་ཙམ་ཕན་ཐོགས་ཡོང་སྲིད་པ་རེད།
ང་ཚོའི་མི་ཚེ་དཀའ་ངལ་ཅན་ཡིན་པའི་རྒྱུ་དངོས་ལ་གཏིང་ཇེ་ཟབ་ཏུ་ཕན་ནུས་ཆེ་བའི་སྒོ་ནས་དངོས་སུ་རྟོགས་པར། ང་ཚོས་བདེན་པ་གཉིས་པ་འདི་སྟོང་པ་ཉིད་རྟོགས་པ་དང་ཟུང་དུ་འབྲེལ་དགོས། “ང་” ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་དང་། ཚང་མ་གྲ་མ་འགྲིག་པ་དང་ཛར་ཛོར་བཟོ་མཁན་གྱི་གླེན་པ་ངོ་མ་ཞིག་རང་རྒྱུད་ལ་མེད། ནམ་རྒྱུན་ང་ཚོས་སོ་སོའི་སེམས་ནང་དེ་ལས་ཤུགས་ཆེ་བའི་ཚིག་བེད་སྤྱོད་བྱེད་ཀྱི་ཡོད།
ང་ཚོས་མི་ཚེའི་ནང་གི་དཀའ་ངལ་རྣམས་ཀྱི་འབྱུང་ཁུངས་དེ་སོ་སོ་རང་ཉིད་ཀྱི་མ་རིག་པ་དེ་ཡིན་པར་ཁུངས་གཏུགས་བྱེད་ཆོག་ཀྱང་། དེས་རྟེན་འབྲེལ་ཁས་མི་ལེན་པ་མིན། ཇི་ལྟར་ཆུ་སྣོད་ཅིག་ནང་གི་ཆུ་དེ་ཆུ་ཐིགས་དང་པོའམ་མཐའ་མས་བཀང་བ་ཞིག་མིན་པའི་དཔེ་ནང་བཞིན་ང་ཚོའི་དཀའ་ངལ་ཡོད་དོ་ཅོག་ནི་རྒྱུ་གཅིག་ལས་བྱུང་བ་མིན། ང་ཚོའི་དཀའ་ངལ་རྣམས་རྒྱུ་གཅིག་དང་དེའི་མཐའ་སྐོར་དུ་ཐིག་མཚམས་རྡོག་རྡོག་ཡོད་པ་ལས་གཞན་གང་གིས་ཀྱང་གནས་སྟངས་ལ་ཤུགས་རྐྱེན་སྤྲད་མེད་པ་ལྟ་བུ་མ་རེད། དེ་འདྲ་ཞིག་མ་རེད། ཆོས་ཐམས་ཅད་རྒྱུ་རྐྱེན་མང་པོ་ལ་བརྟེན་ནས་བྱུང་ཡོད་པས། སྤྱི་ཚོགས་དང་དཔལ་འབྱོར་མཉམ་དུ་ང་ཚོའི་གོ་རྟོགས་མེད་པ་དང་རྨོངས་པ། དེ་བཞིན་ངའི་ཨ་མས་གང་བྱས་པ་དེ་དག་ཟུང་དུ་འབྲེལ་བའི་སྒོ་ནས་རེད། ཐིགས་པའི་རྒྱུ་རྐྱེན་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ནས་ང་ཚོའི་མི་ཚེའི་དཀའ་ངལ་གྱི་སྣོད་དེ་བཀང་ཡོད་པ་རེད།
ང་ཚོས་སྡུག་བསྔལ་གྱི་རྒྱུ་རྩ་བ་དེ་མི་ཤེས་པའམ་མ་རིག་པ་དེ་ཡིན་ཞེས་བརྗོད་པའི་སྐབས། ང་ཚོས་གང་གི་སྐོར་ཤོད་ཀྱིན་ཡོད་ཅེ་ན། མ་རིག་པ་དེའི་སྐོར་ཤོད་ཀྱིན་ཡོད། དེ་ནི་དངོས་པོའི་གནས་ལུགས་མི་ཤེས་པའམ་ཡང་གནས་ལུགས་ཕྱིན་ཅི་ལོག་པར་རྟོགས་པ་གང་རུང་དེ་རེད། དེ་ནི་ང་ཚོའི་སྡུག་བསྔལ་གྱི་རྒྱུ་མཐར་ཐུག་དེ་ཡིན་པ་དང་། གལ་ཏེ་ང་ཚོས་གནས་སྟངས་དེ་འགྱུར་བ་གཏོང་འདོད་ཡོད་ན། འདི་ནི་ང་ཚོས་གང་ངེས་པར་དུ་སྤོང་དགོས་པ་དེ་རེད། དེའི་རྒྱུ་མཚན་ནི་རྒྱུ་དང་རྐྱེན་གཞན་རྣམས་ནི་མ་རིག་པ་དེ་ལས་འབྱུང་བའམ་ཡང་ན་ང་ཚོས་འགྱུར་བ་གཏོང་མི་ཐུབ་པ་ཞིག་རེད། ང་ཚོ་ལོ་གསུམ་ཡིན་པའི་སྐབས་སུ་རང་གི་ཨ་མས་བྱས་པ་དེ་ང་ཚོས་འགྱུར་བ་གཏོང་མི་ཐུབ། དེ་ནི་ཚར་བ་རེད། ལོ་རྒྱུས་ཤིག་ཆགས་ཟིན་པ་རེད། སྟོང་པ་ཉིད་དང་རྟེན་འབྲེལ་གྱི་ཆོས་ལག་བསྟར་བྱས་ཏེ། དཔྱད་ཁྲ་མེད་པའི་སྒོ་ནས་འཕགས་པའི་བདེན་པ་གཉིས་པ་ལ་འབད་བརྩོན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
ཁྱེད་ལ་སྤྱིར་བཏང་གི་གོ་བ་ཞིག་རྙེད་ཀྱི་འདུག་གམ། རྒྱུད་རིམ་ནི་ང་ཚོས་གོང་དུ་འཕགས་པའི་བདེན་པ་དང་པོའི་སྐབས་ཕྱིན་པ་དང་ཧ་ཅང་འདྲ་མཚུངས་རེད། ང་ཚོས་ཁ་ནང་དུ་བལྟས་ཏེ། “ང་རང་མགོ་རྨོངས་ཡིན་ངེས་རེད། ངས་མི་ཚེའི་ནང་གང་བྱེད་ཀྱིན་ཡོད་ཤེས་ཀྱི་མེད་ངེས་རེད་” ཅེས་མཐོང་གི་ཡོད། འོན་ཀྱང་ང་ཚོས་དཔྱད་ཁྲ་མེད་པའི་སྒོ་ནས་དེ་ངོས་ལེན་བྱེད་ཐབས་བྱེད་ཀྱི་ཡོད། དེ་ནི་གནད་འགགས་ཆེ་བའི་གནད་དོན་ཞིག་རེད། དེ་ནི་ང་ཚོས་ཚལ་གཏུབ་བཞིན་པའི་སྐབས་རང་གི་ལག་པ་གཏུབ་པ་ནང་བཞིན་རེད། “ཨོ། ང་རང་ཧ་ཅང་གླེན་པ་རེད་འདུག །ཧ་ཅང་སྡུག་ཅག་རེད་འདུག་” ཅེས་དང་། ང་ཚོས་ཕལ་ཆེར་ཧ་ཅང་གཟབ་ནན་བྱས་མེད་པ་འདྲ། གང་ལྟར་ཡང་། དེ་འདྲ་བྱུང་བ་རེད་ཅེས་ང་ཚོས་དཀའ་ངལ་མེད་པའི་སྒོ་ནས་རང་གིས་རང་གཏུབ་པ་དེ་ངོས་ལེན་བྱེད་ཐུབ། གནས་སྟངས་དེ་འདྲ་འབྱུང་གི་ཡོད། ང་ཚོས་དེ་ལ་ངོས་ལེན་བྱེད་ཀྱི་ཡོད། དེར་མ་ཟད། ང་ཚོས་དོ་སྣང་མ་སྤྲད་པ་ཁོ་ན་ལ་བརྟེན་ནས་རང་གིས་རང་གཏུབ་པ་མ་རེད། ད་དུང་གྲི་དེའང་ཧ་ཅང་རྣོན་པོ་ཡོད་པའི་རྐྱེན་གྱིས་ཡིན། གལ་ཏེ་གྲི་དེ་རྣོན་པོ་མེད་ན། ང་ཚོས་རང་གིས་རང་གཏུབ་མེད་ངེས་རེད། ད་དུང་ཡང་ང་ཚོ་གྲོད་ཁོག་ལྟོགས་པ་དང་ང་ཚོར་ཉིན་ལྟར་ཟས་སྦྱིན་དགོས་པའི་མིའི་ལུས་པོ་ཞིག་ཡོད་པའི་བདེན་དོན་ལའང་རག་ལུས་ཡོད། སླར་ཡང་གལ་སྲིད་ང་ཚོར་དེ་མེད་ན། གློ་བུར་གྱི་རྐྱེན་ངན་དེ་བྱུང་ངེས་མ་རེད།
ང་ཚོའི་མི་ཚེའི་ནང་དཀའ་ངལ་ཡོད་དོ་ཅོག་ལའང་དེ་དག་གཅིག་མཚུངས་རེད། དེ་དག་རྒྱུ་རྐྱེན་དེ་དག་ཐམས་ཅད་འཛོམས་པ་ལས་འབྱུང་གི་ཡོད་པ་དང་། ང་ཚོས་སོ་སོ་རང་ཉིད་ཀྱི་ལག་པ་གཏུབ་པ་རྒྱུ་མཚན་ཙམ་བྱས་ཏེ། ང་ཚོ་སྡུག་ཅག་མིན་པ་ལྟ་བུ་ཆགས་ཀྱི་ཡོད། འདིར་སླར་ཡང་ང་ཚོས་འདྲེ་ལ་གསོལ་མཆོད་བྱེད་པའི་ཐབས་ཚུལ་དེ་ལག་བསྟར་བྱེད་ཆོག །ང་ཚོས་སོ་སོའི་མི་ཚེའི་དཀའ་ངལ་རྣམས་ཀྱི་རྒྱུའི་ཐད་ལ་རང་གིས་རང་ལ་དཔྱད་ཁྲ་མེད་པའི་རྣམ་པ་འདི་བསྐྲུན་ཐུབ་ན། དེས་གཞན་དག་དང་མཉམ་དུའང་སྐྲུན་ཐུབ། ང་ཚོས་ཐབས་ཤེས་དང་འབད་བརྩོན་བྱེད་དགོས།
(ཉམས་ལེན་ཆེད་མཚམས་འཇོག)
འཕགས་པའི་བདེན་པ་གསུམ་པ། སྡུག་བསྔལ་དངོས་སུ་འགོག་པའི་འགོག་བདེན།
བདེན་གསུམ་པ་ལ་བརྟེན་ནས་ང་ཚོས་སྡུག་བསྔལ་རྣམས་དངོས་སུ་འགོག་ཐུབ་པར་གདོང་ལེན་བྱེད་ཀྱིན་ཡོད། འགོག་པ་ཅེས་པའི་ཚིག་དེའི་དོན་ནི། ང་ཚོས་སྡུག་བསྔལ་འགོག་ཐུབ་པ་དང་ང་ཚོས་སྡུག་བསྔལ་སྤོང་ཐུབ་པ་དེ་རེད། ཨིན་སྐད་ནང་གི་ཚིག་ (cessation) ཟེར་བ་དེ་མི་ཧ་ཅང་མང་པོ་ལ་དེ་འདྲ་ཞིག་གོ་གི་མེད། འདི་ནི་ཧ་ཅང་བེད་སྤྱོད་དཀོན་པའི་ཚིག་ཧ་ཅང་ཆེན་པོ་ཞིག་རེད། ཚིག་ཡོངས་གྲགས་ཤིག་མ་རེད། བྱས་ཙང་། ང་ཚོ་མང་ཆེ་བས་དེའི་དོན་དག་ཤེས་ངེས་མ་རེད། ངའི་ཨ་མས་ཚིག་དེའི་དོན་དག་གང་ཡིན་ནམ་ཡང་ཤེས་ཡོད་ཀྱི་མ་རེད་ལ། ཁོ་མོའི་མི་ཚེའི་ནང་ཚིག་དེ་བེད་སྤྱོད་བཏང་ཡོད་ཀྱི་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་བདེན་པ་གསུམ་པ་དེ་ལ་ཨིན་སྐད་ནང་ (true stoppings) ཞེས་བརྗོད་ཀྱི་ཡིན།
སྐབས་འདིར་གནད་དོན་ནི་ང་ཚོར་དཀའ་ངལ་རྣམས་འགོག་པའི་འགོག་པ་ཞིག་ཡོད་པ་ཙམ་དེ་མིན་པར། དཀའ་ངལ་གྱི་རྒྱུ་རྣམས་མེད་པ་དེའང་རེད། ང་ཚོས་དཀའ་ངལ་གྱི་རིགས་བྱེ་བྲག་ཅིག་ཁོ་ནའི་སྐོར་ཤོད་ཀྱིན་མེད། གང་ཡིན་ཞེ་ན། དཀའ་ངལ་བྱེ་བྲག་གང་རུང་ཞིག་ནི་འཛད་རྒྱུ་ངེས་པ་རེད། ང་ཚོས་ཁ་ལག་བཟོས་ནས་བཟའ་བའི་སྐབས། དེའི་སྐབས་སུ་ང་ཚོ་གྲོད་ཁོག་ལྟོགས་པའི་དཀའ་ངལ་བྱེ་བྲག་དེ་སེལ་གྱི་རེད། གང་ལྟར་ཡང་། དེ་ལས་དཀའ་ངལ་ཆེ་བ་ཞིག་ནི། ང་ཚོ་སླར་ཡང་གྲོད་པ་ལྟོགས་རྒྱུ་ངེས་པ་རེད། བྱས་ཙང་། འདིར་ང་ཚོས་དཀའ་ངལ་དང་དེ་དག་གི་རྒྱུ་རྣམས་ཡང་ནས་ཡང་དུ་འབྱུང་བ་དེ་མེད་པ་བཟོ་འདོད་ཡོད། ངས་དགོང་ཚིགས་བཟའ་བའི་སྐབས། དགོང་མོར་གྲོད་པ་ལྟོགས་པའི་རྒྱུ་དེ་ཡལ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད། ཡིན་ནའང་ངས་དགོང་ཚིགས་བཟས་ཀྱང་། བཀྲེས་པའི་དཀའ་ངལ་དེ་ནམ་ཡང་རྫོགས་རྒྱུ་མེད། ང་ཚོས་ད་ལྟ་གྲོད་པ་ལྟོགས་པའམ་བཀྲེས་པ་ལྟ་བུ་དཀའ་ངལ་གྱི་རྒྱུ་བྱེ་བྲག་ཅིག་སེལ་བའི་སྐོར་ཤོད་ཀྱིན་མེད། ང་ཚོས་དཀའ་ངལ་དེའི་རྒྱུ་མུ་མཐུད་དེ་འབྱུང་གི་ཡོད་པ་དེ་སེལ་བའི་སྐོར་ཤོད་ཀྱིན་ཡོད། དེ་ནི་སྐབས་འདིར་དམིགས་ས་གཙོ་བོ་དེ་རེད།
གནད་དོན་གཙོ་བོ་ནི། “ངའི་ངོས་ནས་དཀའ་ངལ་གྱི་རྒྱུ་དབང་མེད་ཀྱིས་ཡང་ནས་ཡང་དུ་མུ་མཐུད་དེ་འབྱུང་བའི་རྒྱུན་དེ་སྤོང་ཐུབ་ཅེས་དངོས་གནས་ཡིད་ཆེས་བྱེད་ཀྱི་ཡོད་དམ། གལ་ཏེ་ངས་དེ་སྤོང་ཐུབ་པར་ཡིད་ཆེས་ན། ངས་དེ་དོན་ངོ་མར་ཇི་ལྟར་སྤོང་ངམ་” ཞེས་པ་དེ་རེད། ཕྱོགས་གཞན་ཞིག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་དེ་དངོས་གནས་སྲིད་པ་ཞིག་རེད་དམ།
དེ་དག་ཧ་ཅང་དཀའ་ངལ་ཅན་གྱི་གནད་དོན་ཁག་རེད། གལ་ཏེ་ང་ཚོས་དཀའ་ངལ་ལས་གཏན་དུ་ཐར་རུང་ཡིན་པའི་ཐད་ལ་ངེས་ཤེས་རྙེད་པ་ཞིག་མ་བྱུང་ན། དེ་ནས་ང་ཚོས་ནང་ཆོས་ཀྱི་ཉམས་ལེན་གང་བྱེད་བཞིན་ཡོད་དམ། ང་ཚོས་གང་ལ་དམིགས་བཞིན་ཡོད་དམ། ང་ཚོས་རྩ་ནས་ཡིད་ཆེས་མེད་པ་ཞིག་ཐོབ་རུང་ཡིན་པའི་རྟོག་པའི་འཆར་སྣང་ཞིག་ལ་དམིགས་པ་ཙམ་རེད་དམ། དེ་འདྲ་ཞིག་ཡིན་ན། སངས་རྒྱས་པ་དང་ཐར་པ་འཐོབ་པ་ནི་བྱིས་པའི་རྟོག་འཆར་ཙམ་རེད། ང་ཚོས་རང་གིས་རང་ལ་མགོ་སྐོར་གཏོང་གིན་ཡོད་པ་དང་། ང་ཚོས་ཐོབ་རུང་ཡིན་པར་ཡིད་ཆེས་མེད་པ་ཞིག་ཐོབ་ཐབས་བྱེད་ཀྱིན་ཡོད་པས། ང་ཚོས་དུས་ཚོད་འཕྲོ་བརླག་གཏོང་བཞིན་ཡོད། དེ་ནི་དྲི་བ་དོ་གལ་ཅན་ཞིག་རེད།
སྟབས་ཉེས་པ་ཞིག་ལ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་སྲིད་པའམ་ཐོབ་རུང་ཇི་ལྟར་ཡིན་པར་རྟོགས་པའི་རྒྱུ་མཚན་རིགས་པ་ནི་ཧ་ཅང་དཀའ་ལས་ཁག་པོ་རེད། དེ་ནི་དབུ་མ་ཐལ་འགྱུར་བའི་ལྟ་གྲུབ་ཀྱི་འགྲེལ་བརྗོད་ཡོངས་སུ་རྫོགས་པའི་ནང་འགོག་པ་དངོས་སམ་འགོག་པའི་བདེན་པ་ནི་སྟོང་པ་ཉིད་དང་འདྲ་མཚུངས་ཡིན་པ་དང་འབྲེལ་བ་ཆགས་ཀྱི་ཡོད། དེ་ནི་དངོས་གནས་གོ་རྟོགས་ཡོང་བར་ཧ་ཅང་དཀའ་ལས་ཁག་པོ་ཡོད། བྱས་ཙང་། ད་ལྟ་ང་ཚོ་ལ་དེའི་དོན་དག་གང་རེད་དམ། གཟའ་མཇུག་འདིའི་སློབ་ཚན་གྱི་སྐབས་དོན་ནང་དེའི་དོན་གང་རེད་ཅེ་ན། ང་ཚོས་ཐར་པ་དེ་ཐོབ་རུང་ཇི་ལྟར་ཡིན་པ་དེ་ལམ་སེང་རྟོགས་ཀྱི་མ་རེད། དེ་ནི་རྒྱུད་རིམ་རིང་པོ་ཆགས་རྒྱུ་རེད། ཡིན་ནའང་ང་ཚོས་དེ་ཐོབ་རུང་ཡིན་པ་མ་རྟོགས་བར་དུ་དེ་ལ་བརྟེན་ནས་ང་ཚོར་ཡིད་ཆེས་རྙེད་པ་ཞིག་ཡོང་གི་མ་རེད། གལ་ཏེ་ང་ཚོར་ཡིད་ཆེས་རྙེད་པ་ཞིག་མ་བྱུང་ན། ང་ཚོས་དེ་ཚོར་གྱི་མ་རེད། ང་ཚོས་ཁ་རྩང་གྲོས་བསྡུར་བྱས་པ་ལྟར། གནད་དོན་ཞིག་རྟོགས་པའི་རྗེས་སུ་དེ་ཁས་ལེན་ཇི་ལྟར་བྱེད་པའི་རྒྱུད་རིམ་ཡོངས་སུ་རྫོགས་པ་བརྒྱུད་དགོས་ཀྱི་ཡོད། དེ་དག་ཐམས་ཅད་གང་གི་སྟེང་དུ་འབབ་ཀྱི་ཡོད་ཅེ་ན། གནས་སྐབས་རིང་ང་ཚོས་དད་པའི་སྟེང་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རུང་ཡིན་པ་དེ་ཁས་ལེན་བྱེད་དགོས་ཀྱི་ཡོད། འདི་ནི་གནས་སྐབས་ཀྱི་རིང་གི་བྱ་བ་བྱེད་ཚུལ་ཞིག་རེད།
བྱས་ཙང་། “དཀོན་མཆོག་མཁྱེན། ངས་དད་པ་བྱེད་ཀྱི་ཡོད་” ཟེར་བ་ལྟ་བུ་འདི་ནི་རྨོངས་དད་རེད་དམ། དེ་ལ་ང་ཚོས་དད་པ་ཇི་ལྟར་བྱེད་དམ། དེ་ལ་མི་འགའ་ཞིག་གིས་ལན་དུ། “ངས་དེ་ལ་དད་པ་བྱེད་ཐུབ། གང་ཡིན་ཞེ་ན། ངའི་བླ་མ་ནི་སངས་རྒྱས་ཤིག་རེད། ངས་ཁོང་སངས་རྒྱས་ཡིན་པ་མཇལ་གྱི་འདུག །བྱས་ཙང་། དེ་ནི་སྲིད་པ་ཞིག་རེད་” ཅེས་ཟེར་གྱི་ཡོད། དེ་ནི་མི་མང་ཆེ་བ་ལ་བརྟན་པོ་དེ་ཙམ་མེད། གང་ཡིན་ཟེར་ན། གནས་ཚད་མཐོན་པོར་སླེབས་པའི་དགེ་བའི་བཤེས་གཉེན་མང་པོ་ལ་ཡོད་པའི་ནོར་འཁྲུལ་སྣ་ཚོགས་པ་ང་ཚོས་མཐོང་ཐུབ་ཀྱི་ཡོད། སྐབས་རེར་ཁོང་ཚོས་ནོར་འཁྲུལ་བྱེད་ཀྱི་ཡོད། ང་ཚོས་ “བླ་མ་དགེ་བའི་བཤེས་གཉེན་དེ་རང་ངོས་ནས་སངས་རྒྱས་ཤིག་རེད་དམ་” ཡང་ན་ “བླ་མ་དགེ་བའི་བཤེས་གཉེན་དེ་སངས་རྒྱས་ཡིན་པ་དེ་བླ་སློབ་དབར་གྱི་འབྲེལ་བ་ལ་བརྟེན་ནས་འབྱུང་གི་ཡོད་དམ་” ཞེས་པ་དེ་གཉིས་ཀྱི་བར་ཁྱད་པར་འབྱེད་དགོས། དེ་ནི་གནད་དོན་གཉིས་པ་དེ་ཡིན་པ་གསལ་ཐག་ཆོད་རེད། གནས་སྟངས་གང་འདྲ་ཞིག་ཡིན་ནའང་ལྟ་ཚུལ་ཞིག་ལ་བརྟེན་ནས་འབྱུང་གི་ཡོད། སངས་རྒྱས་ཤིག་ཡིན་པའི་ཆ་ནས་དོན་དམ་པར་དགེ་བའི་བཤེས་གཉེན་གྱི་ངོས་ནས་གྲུབ་པ་ཞིག་ཡིན་པར་སྒྲ་ཇི་བཞིན་དུ་འཛིན་རྒྱུ་མེད། ཉམས་ལེན་གྱི་ནང་གང་འབྱུང་གི་ཡོད་ཅེ་ན། ང་ཚོས་ཧ་ཅང་ཁྱད་པར་དུ་འཕགས་པ་ཡིན་པར་བསམ་པའི་དགེ་བའི་བཤེས་གཉེན་མང་པོ་ཞིག་གིས་ནོར་འཁྲུལ་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད། དེ་ནས་ང་ཚོས་བློ་ཕམ་པ་བྱས་ཏེ་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་རུང་མིན་པ་དང་མི་སྲིད་པར་བསམ་སྲིད་པ་རེད།
ལམ་རིམ་གྱི་ཐབས་ཚུལ་དེ་ཐར་པ་ཐོབ་རུང་ཡིན་པར་ཡིད་ཆེས་པ་ལ་ལག་བསྟར་བྱེད་པ།
ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་རུང་ཡིན་པའི་ཡིད་ཆེས་ཀྱི་ཅི་བྱ་གཏོལ་མེད་ཀྱི་གནས་སྟངས་ལ་འདོང་ལེན་བྱེད་པར་ཕན་ཕྱིར། ང་ཚོས་ལམ་རིམ་གྱི་གཞི་རྩའི་སྒྲོམ་གཞི་དེ་ལག་བསྟར་བྱ་ཆོག །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལམ་རིམ་གྱི་འགྲེལ་བའི་ནང་ཀུན་སློང་གི་རིམ་པ་གསུམ་སྟེ། དམིགས་ཡུལ་ཡང་ན་བསྒྲུབ་བྱ་གསུམ་གསུངས་ཡོད། ཀུན་སློང་གི་རིམ་པ་མཐོ་ཤོས་སམ་སྐྱེས་བུ་ཆེན་པོ་ནི་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཕྱིར་དང་། ཀུན་སློང་གི་རིམ་པ་འབྲིང་ངམ་སྐྱེས་བུ་འབྲིང་གི་རིམ་པ་ནི་ཐར་པའི་གོ་འཕང་གི་ཆེད་དུ་ཡིན། ད་དུང་ཐོག་མའི་ཀུན་སློང་གི་རིམ་པའམ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་ཞིག་ཀྱང་ཡོད། དེ་ནི་སྐྱེ་བ་ཕྱི་མ་བདེ་འགྲོ་གང་རུང་དུ་སྐྱེ་རྒྱུ་དེ་རེད། གལ་ཏེ་ང་ཚོས་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་དེ་སྐྱེ་བ་ཕྱི་མ་དང་ཐད་ཀར་འབྲེལ་བ་མེད་པར་ཏོག་ཙམ་ལས་སླ་པོའི་སྒོ་ནས་བཤད་ན། གཞི་རྩའི་ཆ་ནས་དེ་ནི་འཁོར་བ་འདི་བཟང་དུ་གཏོང་རྒྱུའི་ཀུན་སློང་ཞིག་ཡིན་པ་རེད། དེ་ཡང་ང་ཚོའི་སྲིད་པ་འཁོར་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དེ་རེད། འོན་ཀྱང་ང་ཚོས་སྐྱེ་བ་ཕྱི་མ་ཡར་རྒྱས་གཏོང་རྒྱུའི་ཐད་ལ་བསམ་བློ་མ་བཏང་སྔོན་ལ་ཚེ་འདིའང་ཡར་རྒྱས་གཏོང་རྒྱུར་བསམ་བློ་གཏོང་དགོས་ཀྱི་ཡོད། འདི་ནི་ལམ་རིམ་སྔོན་གྱི་ཀུན་སློང་གི་རིམ་པ་ཞིག་ཡིན་ངེས་ཤིང་། དེ་ལ་ང་ཚོས་ “ཐོག་མའི་ཀུན་སློང་གི་རིམ་པ་” ཞེས་བརྗོད་རྒྱུ་ཡིན། (འདི་ལ་འབུམ་རམས་པ་བྷར་ཛིན་གྱིས་དུས་ཕྱིས་སུ་ “ཆོས་ཡངས་པ་” ཞེས་བརྗོད་པ་དེ་རེད།)
འདིར་གལ་ཆེན་པོ་དེ་གང་རེད་ཅེ་ན། རང་གིས་རང་ལ་དྲང་པོ་དྲང་གཞག་བྱ་རྒྱུ་དང་ཆོས་ཕྱོགས་ཀྱི་སྒོ་ནས་ཟོག་རྫུ་བྱ་རྒྱུ་མེད། ནང་པའི་ཉམས་ལེན་པའི་ཁྲོད་ནས་མི་ཉུང་ཤས་ཤིག་གིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་ཀྱིན་ཡོད་ཅེས་ལྷག་བསམ་རྣམ་དག་ཐོག་ཤོད་ཐུབ་བསམ་གྱི་འདུག །གལ་ཏེ་ང་ཚོས་དངོས་གནས་ཐར་པར་དམིགས་ཀྱིན་ཡོད་ན། དེའི་དོན་ནི་ང་ཚོར་ཡང་དག་པའི་ངེས་འབྱུང་ཡོད་པ་རེད། མི་ཕལ་ཆེ་བར་རང་རྒྱུད་ལ་ངེས་འབྱུང་ཡོད་པ་ཕར་ཞོག །དེ་དག་གིས་ངེས་འབྱུང་ཟེར་བ་དེ་ཐོས་འདོད་ཀྱང་མེད་པ་རེད།
ང་ཚོས་གང་ངེས་པར་དབྱུང་བའམ་སྤོང་གི་ཡོད་པ་ནི་ཅོཀ་ལེཊ་དང་གཟུགས་མཐོང་བརྙན་འཕྲིན་མ་རེད། ང་ཚོས་གང་སྤོང་གི་ཡོད་ཅེ་ན། སྡུག་བསྔལ་དང་དཀའ་ངལ་གྱི་རྒྱུ་སྤོང་བཞིན་ཡོད་པ་དང་། དེ་ནི་གཞི་རྩའི་ཆ་ནས་རིམ་པ་ཐོག་མའི་སྐབས། དེ་དག་ལས་འབྱུང་བའི་ང་ཚོའི་ཐུན་མིན་གྱི་རང་གཤིས་ངན་པ་དང་མི་དགེ་བའི་སྤྱོད་ལམ་རྣམས་རེད། ང་ཚོའི་ཁོང་ཁྲོ་དང་། རང་འདོད་དོན་གཉེར། འདོང་རྔམ། འབྲེལ་མཚམས་དེ་དག་ནི་ང་ཚོས་གང་སྤོང་དགོས་པ་རྣམས་རེད། ང་ཚོ་མང་ཆེ་བ་དེ་དག་སྤོང་འདུན་མེད། ང་ཚོས་གང་ཡང་སྤོང་མི་དགོས་པར། སོ་སོའི་མི་ཚེའི་ནང་བདེ་སྐྱིད་དང་བཟང་པོའི་རིགས་ཁ་སྣོན་བྱེད་འདོད་ཡོད། བྱས་ཙང་། ངེས་འབྱུང་མེད་པར་ང་ཚོས་ “ངས་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཀྱིན་ཡོད། ངས་ཐར་པའི་གོ་འཕང་ལ་དམིགས་ཀྱིན་ཡོད་” ཅེས་བརྗོད་པའི་སྐབས། དེ་ནི་དྲང་པོ་རྩ་ནས་མིན།
འདི་ནི་ང་ཚོས་ “དགོས་” ཞེས་པའི་གནད་དོན་གྱི་སྟེང་དུ་མཚོན་རྟགས་གཞན་ཞིག་གཏོང་དགོས་ས་དེ་རེད། ང་ཚོས་མང་པོ་ཞིག་གིས་གང་བསམ་གྱི་ཡོད་ཅེ་ན། “ངས་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་དགོས། གང་ཡིན་ཞེ་ན། གལ་ཏེ་ངས་མ་དམིགས་ན། ང་རང་ཉམས་ལེན་པ་ཡག་པོ་མིན་པ་དང་ངའི་བླ་མས་ང་ལ་ཐུགས་མཉེས་པོ་གནང་གི་མ་རེད་” བསམ་གྱི་ཡོད། དེ་ནི་ཅུང་ཟད་བྱིས་པའི་ངང་ཚུལ་ལྟ་བུ་ཞིག་རེད། མ་རེད་དམ། འདིར་ང་ཚོས་ག་རེ་ལྟ་ཐབས་བྱེད་དགོས་ཞེ་ན། ང་ཚོའི་སྲིད་པ་འཁོར་བའི་མི་ཚེ་འདི་ཡར་རྒྱས་གཏོང་བར་དམིགས་པའི་ཐོག་མའི་ཀུན་སློང་གི་རིམ་པ་ནི་ཡང་དག་པའི་སྒོ་ནས་ལུགས་མཐུན་རེད། ཐོག་མའི་རིམ་པར་ཡོད་པ་དེ་འགྲིག་པ་རེད། དོན་ངོ་མར་ཐོག་མའི་ཀུན་སློང་གི་རིམ་པར་ཡོད་པ་དེ་ལེགས་སྒྲུབ་ཆེན་པོ་ཞིག་རེད། མི་མང་ཆེ་བར་ཚེ་རབས་ཕྱི་མ་ཕར་ཞོག །ཚེ་འདི་ཡར་རྒྱས་གཏོང་ཐབས་ཀྱི་བསམ་བློ་དེ་འདྲའང་མེད། སྐབས་འདིར་ང་ཚོས་དཔལ་འབྱོར་གྱི་ཆ་ནས་ཡར་རྒྱས་ཕྱིན་པའི་མི་ཚེའི་སྐོར་ཤོད་ཀྱིན་མེད་པར། ང་ཚོའི་ནང་སེམས་ཀྱི་ཡར་རྒྱས་སྐོར་ཤོད་ཀྱིན་ཡོད། འཛམ་གླིང་ནང་གི་མི་མང་ཆེ་བ་དེའི་སྐོར་ལ་དོ་དབྱིངས་མེད། དེའི་ཆེད་དུ་དམིགས་རྒྱུ་དེ་འགྲིག་པ་རེད། དེ་ལ་གཞི་བྱས་ཏེ། ང་ཚོས་ཆོས་ཉམས་ལེན་ལ་འཇུག་པ་དང་དུས་ཡུན་རིང་པོའི་རིང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རུང་ཡིན་པ་རྟོགས་པའི་ཕྱིར་ཐབས་ཤེས་དང་འབད་བརྩོན་བྱེད་ཆོག །གང་ཡིན་ཞེ་ན། དེ་ལ་ངེས་ཤེས་བརྟན་པོ་ཞིག་དངོས་གནས་རྙེད་པར་དཀའ་ལས་ཁག་པོ་ཆགས་སྲིད།
ཕྱོགས་གཞན་ཞིག་ནས་ “ད་ལྟ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་ཀྱིན་ཡོད་ཅེས་ངས་དངོས་གནས་ཤོད་མི་ཐུབ། གང་ཡིན་ཞེ་ན། དེ་དག་ཐོབ་རུང་ཡིན་པར་ཡིད་ཆེས་བརྟན་པོ་ཞིག་རྙེད་མ་སོང་། དེར་བརྟེན་ང་རང་ལྷ་སྒྲུང་ཞིག་དང་མཉམ་དུ་བྱ་བ་བྱེད་འདོད་མི་འདུག །བྱས་ཙང་། ངས་དེ་ཐོབ་རུང་ཡིན་པར་རྟོགས་ཐབས་ལ་དམིགས་ཀྱིན་ཡོད། དེ་ལ་བརྟེན་ནས་ངས་ལྷག་བསམ་གྱི་སྒོ་ནས་འབད་བརྩོན་བྱེད་ཆོག །དེའི་རིང་ལ་ངས་ད་ལྟ་སྲིད་པ་འཁོར་བའི་གནས་སྟངས་ཡར་རྒྱས་གཏོང་ཐབས་དང་མི་ཚེའི་ནང་གི་དཀའ་ངལ་ཅན་གྱི་གནས་སྟངས་ཡར་རྒྱས་གཏོང་རྩིས་ཡོད། དེའི་ཆེད་དུ་མ་མཐར་ཡང་ངའི་དཀའ་ངལ་གྱི་རྒྱུ་རྣམས་ཉུང་དུ་གཏོང་རྒྱུ་དང་། ངའི་རྨོངས་པ་ལས་ཅུང་ཟད་སྤོང་རྒྱུ་ལས་སླ་བའི་གནད་དོན་འགའ་ཞིག་སྤོང་ཐུབ་པར་ཡིད་ཆེས་དང་གདེང་ཚོད་ངེས་ཅན་ཞིག་ཡོད་” ཅེས་བསམ་རྒྱུ་དེ་ནི་དྲང་བདེན་ཆེ་བ་རེད། འདི་ལྟ་བུ་བསམ་བློ་གཏོང་སྟངས་ཀྱིས་དགེ་བའི་བཤེས་གཉེན་དང་མཉམ་དུ་འབྲེལ་བ་སྔར་ལས་བཟང་བ་ཞིག་ཡོང་བར་དངོས་སུ་འབད་བརྩོན་བྱེད་དུ་འཇུག་གི་ཡོད།
ད་དགེ་བའི་བཤེས་གཉེན་དེ་ཐར་པ་ཐོབ་པའམ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ཞིག་ཡིན་དང་མིན་གྱི་གནད་དོན་ཞིག་མ་རེད། དེ་ནི་གནད་དོན་གནད་འགགས་ཆེན་པོ་ཞིག་གང་ཡང་མ་རེད། དེ་ལས་ལྡོག་སྟེ། གནད་དོན་དེ་ནི་གང་ཟག་འདི་ནི་ང་ཚོ་ལས་ཀྱང་ཚད་མཐོ་བའི་གང་ཟག་ཡིན་པ་དང་། གང་ཟག་དེས་རང་གི་ཁོང་ཁྲོ་དང་རྨོངས་པ་སོགས་ཧ་ཅང་ཉུང་དུ་བཏང་ཡོད་པ་རེད། ང་ཚོས་ “ཐ་ན་སྐབས་རེར་གང་ཟག་འདིས་ནོར་འཁྲུལ་བཟོ་སྲིད་པ་དང་སྐབས་རེར་མི་འདིས་ཏོག་ཙམ་སེམས་ཚོར་གྱི་བློ་ཕམ་དང་འབྲེལ་བའི་བྱ་སྤྱོད་སྤེལ་སྲིད་ནའང་། དེས་འགྲིག་པ་རེད། ཕྱིས་སུ་རང་ཉིད་ལམ་དུ་མུ་མཐུད་འགྲིམ་པའི་སྐབས། ངའི་དགེ་བའི་བཤེས་གཉེན་གྱིས་ང་ལ་གཅིག་བསླབ་འདོད་གནང་གི་ཡོད་པར་གཞིགས་ནས་ངས་དེ་དང་འབྲེལ་བ་ཇི་ལྟར་བྱེད་དགོས་པའི་ཐད་གདོང་ལེན་བྱེད་ཀྱི་རེད། ངས་གནད་དོན་དེའི་ཐད་རྗེས་སུ་འབྲེལ་བ་བྱེད་ཀྱི་ཡིན། ད་ལྟ་རིམ་པ་འདིའི་ཐད་ལ་འདི་ནི་ཚད་མཐོ་བའི་གང་ཟག་ཅིག་ཡིན་པར་ངས་ངོས་ལེན་བྱེད་ཐུབ་པ་དེ་འདང་ངེས་རེད། དེ་ཡང་སོ་སོའི་དགེ་བའི་བཤེས་གཉེན་དེ་ཡང་དག་པ་ཡིན་དང་མིན་ནི་ང་རང་ལ་ད་ལྟ་ཁྱད་པར་མེད། ཁོང་རྣམས་གང་ཡིན་པའི་ཚུལ་དེ་ལ་བརྟེན་ནས་ང་རང་ཡར་རྒྱས་འགྲོ་བར་སེམས་སྐུལ་སྦྱིན་ཐུབ་” ཅེས་བསམ་དགོས།
ནང་པའི་ཆོས་ནང་འདི་ལྟ་བུར་འགྲེལ་བརྗོད་བྱས་མེད་ནའང་། ནུབ་ཕྱོགས་པའི་མི་ཞིག་ཡིན་པའི་ཆ་ནས་ཐོག་མའི་ཀུན་སློང་འདི་ཆོས་གོང་ནས་གོང་དུ་སྤེལ་བའི་རིམ་པ་ཞིག་ཏུ་བེད་སྤྱོད་བྱ་རྒྱུ་དེ་ཧ་ཅང་ཕན་ཐོགས་ཅན་ཞིག་རེད་བསམ་གྱི་འདུག །གང་ཡིན་ཞེ་ན། ནུབ་ཕྱོགས་པའི་མི་རྣམས་ལ་མཚོན་ན། ཆོས་རྣམས་ལ་ང་ཚོས་ཡང་སེ་དཀར་པོ་དང་ནག་པོའི་སྒོ་ནས་ལྟ་ཞིབ་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་དགེ་བའི་བཤེས་གཉེན་དེ་ཡང་དག་པའི་སངས་རྒྱས་ཤིག་ཡིན་པའམ་ཡང་ན་ང་ཚོས་ “ཆོས་ཀྱི་ལམ་ཡོངས་སུ་རྫོགས་པའི་སྐོར་ལ་སྣང་མེད་གཏོང་དགོས། གང་ཡིན་ཞེ་ན། ངས་དེ་དག་གིས་ནོར་འཁྲུལ་ཞིག་བཟོ་གི་ཡོད་པ་མཐོང་སོང་” ཞེས་བསམ་གྱི་ཡོད། ང་ཚོས་མཐའ་དེ་དང་དེ་ག་ནང་བཞིན་ང་ཚོས་འབད་བརྩོན་དངོས་གནས་བྱེད་ཀྱིན་མེད་ནའང་། ད་དུང་ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཕྱིར་འབད་བརྩོན་བྱེད་ཀྱིན་ཡོད་ཅེས་པའི་མཐའ་དེའང་སྤོང་བར། ཀུན་སློང་གི་རིམ་པ་འབྲིང་ངམ་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་འདི་ཧ་ཅང་ཕན་ཐོགས་ཅན་ཞིག་རེད་བསམ་གྱི་འདུག
ང་རང་སྒེར་གྱི་ཉམས་ལེན་གྱི་ནང་། ངའི་དགེ་བཤེས་གཉེན་རྣམས་དོན་ངོ་མར་སངས་རྒྱས་ཡིན་དང་མིན། དེ་དག་ལ་སངས་རྒྱས་ཀྱི་ཡོན་ཏན་ཆ་ཚང་ལྡན་དང་མི་ལྡན་གྱི་ཁྱད་པར་གང་ཡང་མི་འདུག །ཁོང་རྣམས་ཀྱིས་རྩིག་ངོས་བརྒྱུད་དེ་གོམ་པ་སྤོ་ཐུབ་བམ། བར་སྣང་ལ་འཕུར་ཐུབ་བམ། རང་ལུས་ཐེར་འབུམ་བཅུ་ཙམ་དུ་འཕེལ་བསྒྱུར་གཏོང་ཐུབ་བམ། དེ་དག་གི་ཐོག་ལ་དོ་སྣང་མེད་ལ། ང་རང་ལ་ཁྱད་པར་གང་ཡང་མི་འདུག །འོན་ཀྱང་། དོན་ངོ་མར་བསམ་བློ་བཏང་ན། ང་རང་གི་ངོས་ནས་གང་མཐོང་བ་དང་། ཁོང་རྣམས་ཀྱིས་མི་རྣམས་ལ་འབྲེལ་བ་ཇི་ལྟར་བྱེད་པའི་ཚུལ་དང་ཁོང་རྣམས་ཀྱིས་རང་གི་མི་ཚེར་འབྲེལ་བ་ཇི་ལྟར་གནང་ཚུལ་སོགས་ལ་གཞིགས་ན། ཁོང་རྣམས་ནི་ང་ལས་ཧ་ཅང་ཚད་མཐོ་བ་དང་ནང་གི་རྟོགས་པ་གོང་འཕེལ་ཕྱིན་པ་ཞིག་རེད། རང་ངོས་ནས་ཀྱང་དེ་དང་གཅིག་མཚུངས་ཀྱི་གོ་འཕང་ཞིག་ཐོབ་རུང་ཡིན་པར་དེས་སེམས་སྐུལ་སྦྱིན་གྱི་འདུག
འདི་ནི་ང་ཚོས་འབད་བརྩོན་བྱ་རྒྱུ་འགོ་འཛུགས་བྱེད་ཆོག་པའི་རིམ་པ་ཞིག་རེད། ངའི་བསམ་པར། འདི་ནི་རྦད་དེ་འཇུག་བདེ་བ་ཡོད། དེ་ཡང་ཐར་པ་འཐོབ་པའི་འགོག་པ་དངོས་དེ་འདི་མིན་སྲིད་ནའང་། ང་ཚོའི་དཀའ་ངལ་གྱི་རྒྱུ་རྣམས་མེད་པ་བཟོ་རྒྱུ་དེ་སྲིད་པ་ཞིག་ཡིན་པར་ཡིད་ཆེས་པ་དང་། སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་ནང་འདང་ངེས་ཀྱི་བྱ་བ་བྱེད་ཐུབ་པ་བཟོ་གི་ཡོད། འདི་ནི་ང་ཚོའི་ཆོས་ཉམས་ལེན་གྱི་ནང་ཡང་དག་པའི་ལུགས་མཐུན་གྱི་རིམ་པ་ཞིག་དང་ཐོག་མར་འགོ་འཛུགས་བྱེད་དགོས་ངེས་ཀྱི་རིམ་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་ང་ཚོས་དགེ་བའི་བཤེས་གཉེན་དེ་འདྲ་བའི་རིམ་པའི་ཐོག་ནས་མཐོང་བའི་སྐབས། དེ་ནི་ཐར་པ་ཐོབ་པར་བྱེད་པའི་འགོག་པ་དངོས་སམ་འགོག་པའི་བདེན་པ་དེ་མིན་སྲིད་ནའང་། ང་ཚོས་མ་མཐར་ཡང་དཀའ་ངལ་གྱི་རྒྱུ་གང་འཚམ་ཞིག་འགོག་ཐུབ་པར་ཡིད་ཆེས་རྙེད་འགོ་བཙུག་གི་ཡོད། དཀའ་ངལ་གྱི་རྒྱུ་རྣམས་འགོག་པའི་རིམ་པ་འདི་སྲིད་རུང་ལ་ཡིད་ཆེས་ཡོད་པ་ཙམ་གྱིས་ཐོག་མའི་ཀུན་སློང་གི་རིམ་པའི་གང་ཟག་གིས་བྱ་བ་ལྷག་བསམ་གྱི་སྒོ་ནས་བྱེད་ཐུབ་པའི་ཡིད་ཆེས་དེ་སྟེར་གྱི་ཡོད། དེ་ནི་ཧ་ཅང་དགོས་ངེས་ཅན་གྱི་རིམ་པ་ཞིག་རེད། དེ་ནི་འགྲིག་པ་ཁོ་ན་ཙམ་དུ་མ་ཟད། ཆོས་ཕྱོགས་ཀྱི་ཡར་རྒྱས་བརྟན་པོ་ཞིག་ཡོང་བར། ང་ཚོས་ངེས་པར་དུ་འགྲོ་དགོས་པའི་རིམ་པ་མེད་དུ་མི་རུང་བ་ཞིག་རེད།
ང་ཚོས་གང་སྤོང་དགོས་སམ་ཞེ་ན། ང་ཚོས་ཐོག་མར་ཚད་མཐོ་ཤོས་ཀྱི་ཀུན་སློང་གི་རིམ་པར་མཆོངས་ནས་བློ་ཕམ་བྱུང་བའི་སྐབས། དེ་ནས་ལྷུངས་ཏེ་མར་རང་འཇགས་བསླེབ་ཀྱི་ཡོད། འདི་ནི་ནུབ་ཕྱོགས་ཀྱི་ཐུན་མིན་འགྲོས་དང་ལྡན་པའི་སློབ་མ་ཞིག་ནང་ཆོས་ལ་འཇུག་པ་ཞིག་རེད། ང་ཚོས་དེ་ཟོག་རྫུ་མེད་པ་དང་ད་ལྟའི་འཁོར་བའི་གནས་སྟངས་ཡར་རྒྱས་གཏོང་ཆེད་འབད་བརྩོན་བྱེད་པའི་སྒོ་ནས་སྤོང་གི་ཡོད། དེ་ནི་གང་ལྟར་ཡང་། ནམ་རྒྱུན་ལྷག་བསམ་རྣམ་དག་གི་མི་རྣམས་ནང་ཆོས་ལ་ཅིའི་ཕྱིར་འཇུག་གི་ཡོད་པ་དེ་རེད། ང་ཚོས་དེ་ནི་འགྲིམ་འགྲུལ་འདྲ་པོ་ཞིག་དང་། རྩེད་མོ། ཡང་ན་དབྱིངས་ལས་ལྟ་བུར་བྱེད་ཀྱིན་མེད། འདི་ནི་ལྷག་བསམ་རྣམ་དག་གིས་ནང་ཆོས་ལ་འཇུག་པའི་ཆེས་ཐོག་མའི་ཀུན་སློང་གི་རིམ་པ་དེ་ཡིན་ཞིང་། ཐོག་མར་འགོ་འཛུགས་བྱེད་ས་དེ་རེད།
དེ་ནས་ང་ཚོ་འཕགས་པའི་བདེན་པ་བཞི་པར་བསླེབ་ཀྱི་ཡོད། རང་གིས་རང་འགྱུར་བཅོས་གཏོང་བར། ང་ཚོས་སོ་སོའི་ངོས་ནས་འབད་བརྩོན་ཞིག་བྱེད་དགོས། ང་ཚོ་ཧུར་བརྩོན་དང་ལྡན་ཞིང་གྲུང་པོ་དགོས་པ་ལས། རྒྱུ་མཚན་རྩ་ནས་མེད་པ་དང་བརྩོན་འགྲུས་མ་བྱས་པར་གློ་བུར་རང་བཞིན་གྱིས་འབྱུང་གི་མ་རེད། དོན་ངོར་མར་ང་ཚོས་རང་གིས་རང་ལ་འགྱུར་བ་གཏོང་དགོས།།