སྐྱབས་འགྲོའི་བསྟན་དོན།

སྐྱབས་འགྲོ་ནི་ང་ཚོའི་མི་ཚེའི་གཞི་རྩའི་ཕྱོགས་སྟོན་གྱི་ལམ་སྲོལ་རེད།

སྐབས་རེར་ནང་ཆོས་ལ་བརྟེན་ནས་འཕྲད་པའི་དཀའ་ངལ་སྣ་ཚོགས་པའི་སྐོར་ང་ཚོས་བཤད་དང་ཤོད་མུས་ཡིན་པ་དང་། ང་ཚོ་མང་པོ་ཞིག་གིས་ཡང་སེ་སོ་སོའི་མི་ཚེའི་ནང་སངས་རྒྱས་པའི་ཆོས་དངོས་གནས་ལག་བསྟར་བྱེད་ཀྱི་ཡོད་པའི་དཀའ་ངལ་ལ་དམིགས་དང་དམིགས་བཞིན་ཡོད། དཀའ་ངལ་འདི་ལ་གདོང་ལེན་བྱེད་པར་ལྟ་དགོས་པའི་གནད་དོན་གལ་ཆེན་པོ་གཞན་ཞིག་ནི་སྐྱབས་འགྲོའི་བརྗོད་གཞིའི་ཡོངས་སུ་རྫོགས་པའི་སྐོར་དེ་རེད། ནང་པའི་ལམ་གྱི་འགོ་སྟོད་ནང་ང་ཚོས་ཡང་སེ་སྣང་མེད་དང་ཟུར་དུ་བསྐྱུར་བའི་གནད་དོན་མང་པོ་ཡོད། མི་མང་པོ་ལ་སྐྱབས་འགྲོ་ནི་དེ་དག་ལས་གཅིག་རེད། དེ་ནི་གང་ལ་གང་འཚམ་གྱི་སེམས་སྐྱོ་པོ་རེད། གང་ཡིན་ཞེ་ན། སྐྱབས་འགྲོ་དེ་གང་འཚམ་གྱི་གལ་གནད་ཆུང་ཆུང་དང་དོན་མེད་དུ་འགྱུར་བའི་སྐབས། ང་ཚོ་ནང་པའི་ཉམས་ལེན་ཡོངས་སུ་རྫོགས་པའི་རྨང་གཞི་དང་བྲལ་བ་ཆགས་ཀྱི་ཡོད། 

བརྙན་པར། དགེ་བཤེས་བཀྲ་ཤིས་ཚེ་རིང་། “སྐྱབས་འགྲོ་གང་རེད་དམ།”

སྐྱབས་སུ་འགྲོ་བ་ནི་སྲོལ་རྒྱུན་འགའ་ཞིག་གི་ནང་བྱེད་སྲོལ་ཡོད་པ་ནང་བཞིན་མན་ངག་བསྐྱར་བཟློས་བྱེད་པ་ཙམ་དང་སྐྲ་ཉུང་ངུ་ཞིག་གཏུབ་པ་ཙམ་མམ་ཡང་ན་ནང་པའི་མིང་ཞིག་ཐོགས་པ་ཙམ་མིན། དེ་ནི་སྐྱབས་འགྲོའི་སྙིང་པོ་དེ་མིན། དེ་ལས་ལྡོག་སྟེ། སྐྱབས་འགྲོ་ནི་མི་ཚེའི་ནང་གཞི་རྩའི་བློའི་ཁྱེར་སོ་འགྱུར་བ་གཏོང་ཚུལ་ཡོངས་སུ་རྫོགས་པ་དེ་རེད། འདི་ནི་ང་ཚོས་ཧུར་བརྩོན་ལྡན་པའི་སྒོ་ནས་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བསྟེན་པའི་སེམས་ཀྱི་གནས་བབས་ཤིག་ཡིན། དེ་ནི་རང་གིས་རང་ལ་ཡར་རྒྱས་གཏོང་བའི་ཁ་ཕྱོགས་ཤིག་ཡིན་པ་དང་། ང་ཚོའི་འཁོར་བ་འདི་ཅུང་ཟད་གོང་འཕེལ་གཏོང་ཐབས་བྱེད་པ་ཞིག་རེད། ང་ཚོས་གོ་བསྡུར་བྱས་པ་ལྟར། གཞན་དོན་གང་ཐུབ་ཅི་ཐུབ་ཀྱིས་བསྒྲུབ་ཐུབ་པའི་ཆེད་ཐར་པ་འཐོབ་པའམ་ཡང་ན་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་དེ་ཡིན། སྐྱབས་འགྲོ་ལ་བརྟེན་ནས་ང་ཚོས་གསོལ་མཆོད་བྱེད་སྲོལ་ལྟ་བུ་ཞིག་ལ་གུས་ཞེན་ཅན་བྱེད་དགོས་པའི་རང་གིས་རང་ལ་དམ་བཅའ་བྱེད་པ་དེ་འདྲ་མིན། གསོལ་མཆོད་བྱེད་སྲོལ་ཟེར་དུས་ངས་བཀོད་སྒྲིག་བྱས་པའི་གསོལ་མཆོད་བྱེད་སྲོལ་ཙམ་ལ་ཟེར་གྱི་མེད། དེ་ནི་ཆོས་དཔོན་རང་ཉིད་གང་ཟག་ཅིག་ཡིན་པའི་ཆ་ནས་གང་བཤད་པ་ལ་མཐའ་གཅིག་ཏུ་བཀའ་བརྩི་དང་ལེན་བྱེད་དགོས་པའི་དགེ་བའི་བཤེས་གཉེན་འགའ་ཞིག་ཀྱང་ཡིན་ཆོག །འོན་ཀྱང་སྐྱབས་སུ་འགྲོ་བ་ལ་གོམས་འདྲིས་གསར་པ་ཆ་ཚང་བ་ཞིག་དགོས་པ་དང་དེ་ང་ཚོས་མི་ཚེའི་ནང་ལག་བསྟར་བྱེད་དགོས། སྦྱོང་བརྡར་དེ་ང་ཚོའི་རྒྱུད་ལ་བརྟན་པོ་ཆགས་པའི་སྐབས། སོ་སོའི་མི་ཚེ་དང་མཉམ་དུ་གང་བྱེད་ཀྱིན་ཡོད་པ་དང་། མི་ཚེ་གང་དུ་འགྲོ་བཞིན་ཡོད་པ། མི་ཚེའི་དགོས་དོན་གང་ཡིན་པ་བཅས་ཤེས་ཀྱི་རེད། དེ་ནི་ཡར་རྒྱས་འགྲོ་རྒྱུ་རེད། 

ང་ཚོ་མི་ཚེའི་ནང་གང་དུ་འགྲོ་གི་ཡོད་པ་དང་མི་ཚེའི་ནང་གང་བྱེད་བཞིན་ཡོད་པའི་ཐད་ལ་བསམ་བློ་ཞིག་ཡོད་པའི་སྐབས། ཆོས་ཚང་མ་རྨང་གཞི་འདི་ལ་གཞི་བྱས་པ་ཆགས་ཀྱི་ཡོད། ལྷག་པར་དུ་ང་ཚོས་སངས་རྒྱས་ཀྱི་ཆོས་དང་སངས་རྒྱས་ཀྱི་དཔེ་མཚོན་ལ་བརྟེན་ནས་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ལ་བལྟ་བཞིན་ཡོད། སྐྱབས་འགྲོའི་སྐོར་ལ་ཆོས་ཁྲིད་རྒྱ་ཆེན་པོ་དང་རིང་པོ་ཞིག་གི་ནང་འགྲོ་དགོས་པའི་ངེས་པ་མེད། ཡིན་ནའང་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་ནི། ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་འདི་སོ་སོའི་མི་ཚེའི་ནང་ཡོད་པར་གཞི་བྱས་ཏེ། ང་ཚོས་ཆོས་ཀྱི་ཕྱོགས་སུ་སྐྱེད་པའི་བསམ་བློའི་ཁྱེར་སོ་ཞིག་དགོས་རྒྱུ་དེ་རེད། དེའི་དོན་གང་རེད་ཅེ་ན། ང་ཚོས་ཆོས་ཚང་མར་བལྟས་ནས་སྡུག་བསྔལ་ཉུང་དུ་གཏོང་བའམ་མེད་པ་བཟོ་བ་དང་འབྲེལ་བ་ཡོད་པ་དང་གཞན་ལ་ཕན་འདོགས་ཐུབ་པ་དང་འབྲེལ་བ་ཞིག་རེད། ང་ཚོས་ཆོས་དེ་ཧ་ཅང་དོ་གལ་ཆེན་པོར་བརྩི་བ་དང་དེ་དག་སངས་རྒྱས་ཀྱིས་གསུངས་པའམ་ཡང་ན་ཕྱིས་སུ་སློབ་མ་རྣམས་ཀྱིས་དེ་དག་ལ་གསུངས་པར་གདེང་ཚོད་ཡོད། དེ་ཡང་སྡུག་བསྔལ་སྤོང་ཕྱིར་ཕན་ཐོགས་ཡོང་བ་ཁོ་ནའི་དོན་དུ་དང་གཞན་ལ་ཕན་པ་གང་ལེགས་བསྒྲུབ་ཐུབ་པའི་ཆེད་དུ་རེད། ང་ཚོས་ཆོས་འདིའི་ནང་དམིགས་ཡུལ་དེ་དག་བསྒྲུབ་པར་ཕན་ཐོགས་ཡོད་པ་དེ་གང་ཡིན་པར་རྟོགས་ཐབས་བྱེད་ཀྱི་ཡོད། 

ཆོ་ག་ཕྱག་ལེན་གྱི་དགོས་དོན་ལ་གཏིང་ཟབ་པར་ལྟ་ཞིབ་བྱེད་པ།

ད་ང་ཚོས་ནམ་རྒྱུན་ནང་པའི་ཉམས་ལེན་ཟེར་བའི་ཆོ་གའི་རིགས་སྣ་ཚོགས་པ་འདི་དག་གི་དཔེ་མཚོན་བེད་སྤྱོད་བྱེད་ཀྱི་ཡིན། ཡི་དམ་གྱི་ལྷ་ལ་བརྟེན་པའི་ཆོ་ག་ཕྱག་ལེན་གྱི་ཉམས་ལེན་འདི་དག་ཐམས་ཅད་སངས་རྒྱས་ཀྱི་ཆོས་རེད། དེའི་དོན་ནི་དེ་དག་ཉམས་ལེན་བྱེད་པ་ལ་བརྟེན་ནས་ང་ཚོའི་དཀའ་ངལ་རྣམས་སེལ་བ་དང་གཞན་ལ་ཕན་འདོགས་ཐུབ་པར་དགོས་པའི་བཟོ་འདྲ་ཞིག་རེད། དེ་ཇི་ལྟར་བྱེད་ཀྱི་ཡོད་དམ། སྐྱབས་འགྲོ་ཡོད་པ་ཞེས་པའི་དོན་ནི། ང་ཚོས་ཆོ་ག་འདི་དག་ལ་དོ་གལ་ཆེན་པོའི་སྒོ་ནས་དང་ལེན་བྱེད་པ་དང་། དེ་དག་གིས་དམིགས་ཡུལ་འདི་དག་ཇི་ལྟར་འགྲུབ་ཀྱི་ཡོད་པར་རྟོགས་ཐབས་ལ་བརྟག་དཔྱད་བྱེད་དགོས། ང་ཚོས་དགོས་དོན་དེའི་ཆེད་དུ་ལག་བསྟར་བྱེད་དགོས། ཐབས་ཚུལ་དེའི་སྒོ་ནས་ང་ཚོས་ཆོ་ག་ཕྱག་ལེན་དེ་དག་ལ་འཇུག་ཐབས་བྱེད་དགོས།

ཆོ་ག་ཕྱག་ལེན་དེ་དག་གིས་ང་ཚོར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་རོགས་ཇི་ལྟར་བྱེད་ཀྱི་ཡོད་པའི་ལན་དེ་ནི་ཧ་ཅང་གསལ་པོ་ཞིག་མེད་སྲིད། འོན་ཀྱང་དེ་ནི་གདོང་ལེན་བྱེད་དགོས་པའི་གནས་སྟངས་ཙམ་ཞིག་ཡིན་པའི་དོན་རེད། གལ་ཏེ་ང་ཚོར་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་ཡོད་པ་ལས་བྱུང་བའི་བསམ་ཕྱོགས་དེ་མེད་ན། ཆོ་གའི་ཉམས་ལེན་སྣ་ཚོགས་པ་འདི་དག་ཐམས་ཅད་ང་ཚོའི་མི་ཚེ་དང་འབྲེལ་བ་མེད་པ་རེད། དེ་དག་ནི་ང་ཚོར་སེམས་འགུལ་ཐེབས་པ་ཞིག་མེད་པས། དེ་དག་ལ་ནུས་པ་ཆུང་ངུའམ་ནུས་པ་མེད་པ་རེད། དོན་ངོ་མར་ཉམས་ལེན་འདི་དག་ལ་བསམ་ཕྱོགས་ཀྱི་རིགས་དེ་འདྲ་ཡོད་པ་དང་བཅས་ “དེ་དག་ནི་ཡ་མཚན་ཅན་གྱི་ཤར་ཕྱོགས་པའི་ཆོ་ག་ཙམ་ཡིན་པ་དང་། དེ་དག་དུས་ཚོད་ཡག་པོའི་སྐབས་སུ་ཉམས་ལེན་བྱ་རྒྱུ་སྐྱིད་པོ་འདྲ་ཞིག་ཡོད་སྲིད་ནའང་། དུས་ཚོད་གཞན་གྱི་སྐབས་སུ་དེ་དག་ནི་ཏོག་ཙམ་བཙན་འགེལ་དང་ཉོབ་སྣང་ཞིག་ཡོད་” ཅེས་བསམ་གྱི་ཡོད། ང་ཚོར་བསམ་ཕྱོགས་དེ་འདྲ་ཡོད་པའི་སྐབས། དེ་དག་ལས་གང་ཡང་འབྱུང་གི་མེད། དེ་དག་ལ་བཟང་པོའི་ནུས་པ་དང་འབྲས་བུ་ཞིག་མེད། འདིས་ག་རེ་སྟོན་གྱི་ཡོད་ཅེ་ན། བཟང་པོའི་ནུས་པའམ་འབྲས་བུ་མེད་པ་འདི་རྨང་གཞིར་བྱེད་པ་ནི། ང་ཚོས་ཆོས་ལ་དོ་གལ་ཆེན་པའི་སྒོ་ནས་ཉམས་ལེན་བྱེད་ཀྱི་མེད། སངས་རྒྱས་བཅོམ་ལྡན་འདས་ལ་བློ་སྒོ་འབྱེད་པའི་གུ་ཡངས་ཀྱི་བསམ་ཕྱོགས་དང་གུས་ཞབས་དེ་ང་ཚོར་མེད་པའམ། ཡང་ན་སངས་རྒྱས་ཀྱིས་ང་ཚོར་ཕན་ཐོགས་ཡོད་པའི་ཉམས་ལེན་རྣམས་གསུངས་ཡོད་པའི་བདེན་དོན་གྱི་བསམ་ཕྱོགས་དེ་ང་ཚོར་མེད། ང་ཚོར་འགན་འཁྲི་ཡོད་པའམ་ནག་ཉེས་ཡོད་པའི་སྒོ་ནས་མི་བཟང་པོ་ཞིག་ཆགས་པའི་ཆེད་དུ་ངེས་པར་དུ་བྱ་དགོས་པའི་ཆོས་དགའ་སྤྲོ་ལྡན་པའམ་ཡང་ན་ཧ་ཅང་ཉོབ་སྣང་ཅན་གང་རུང་ཞིག་སངས་རྒྱས་ཀྱིས་གསུངས་མེད།

གནད་དོན་འདི་དག་ཆོ་ག་ཕྱག་ལེན་དེ་དག་གི་བར་དུ་རྒྱ་སྐྱེད་གཏོང་བ་ཙམ་དུ་མ་ཟད། ཆོས་ཀྱི་ནང་གང་ཡོད་པ་ཚང་མའི་ནང་རྒྱ་སྐྱེད་གཏོང་གི་ཡོད། ང་ཚོས་ནང་པའི་ཆོས་ཀྱི་ནང་ནས་གནད་དོན་ཡ་མཚན་ཅན་དེ་འདྲ་མང་པོ་ཐོས་ཀྱི་ཡོད། སྐབས་རེར་ཡ་མཚན་ཅན་དང་ཁྱད་མཚར་ཡོད་པ་དེ་ནི་ཡིག་སྒྱུར་གྱི་དཀའ་ངལ་ཞིག་ཆགས་ཀྱི་ཡོད། དེ་ལ་དཔེ་མཚོན་མང་པོ་ཡོད། དཔེར་ན། ང་ཚོས་ཚིག་ཅིག་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་བསྒྱུར་བ་དེས་གོ་བ་རྦད་དེ་ནོར་བ་ཞིག་སྦྱིན་གྱི་ཡོད་པ་ལྟ་བུ་རེད། ངའི་དཔེ་མཚོན་དགའ་ཤོས་རྣམས་ནི། དགེ་བ་དང་། མི་དགེ་བ། བསོད་ནམས། སྡིག་པ་སོགས་ལ་ཨིན་སྐད་ནང་ (virtue, non-virtue, merit, sin, etc.) བཅས་སོགས་བསྒྱུར་བ་ལྟ་བུ་རེད། དེ་དག་ཐམས་ཅད་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ཐ་སྙད་ཡིན་པ་ལས་ནང་པའི་ཐ་སྙད་མ་རེད། དེ་དག་ཐམས་ཅད་ནི་ “དགོས་པ་” ཞེས་པའི་བསམ་བློ་འདིའི་གཡས་གཡོན་དུ་འཁོར་བཞིན་ཡོད། དཔེ་ཆ་བཞག་ན། “ངས་འདི་ངེས་པར་དུ་བྱེད་དགོས། ངས་ཕ་གི་ངེས་པར་དུ་བྱ་མི་ཉན། གལ་ཏེ་ངས་དེ་བྱས་ན། ང་རང་མི་བཟང་པོ་རེད། གལ་ཏེ་ངས་དེ་མ་བྱས་ན། ང་རང་མི་སྡུག་ཅག་རེད་” ཅེས་པ་ལྟ་བུ་རེད། དེ་དག་ཐམས་ཅད་ཀྱི་རྒྱབ་ལ་བྱེད་པོ་དཀོན་མཆོག་ཟེར་བ་ཁྲིམས་དཔོན་ལྟ་བུ་ཞིག་གིས་དཔྱད་ཁྲ་གཏོང་བའི་བསམ་བློས་བཅིངས་ནས་ཡོད། དེ་ནི་ནང་པའི་སྐབས་དོན་རྩ་བ་ཉིད་ནས་མ་རེད། 

ང་ཚོར་ཆོས་དང་འབྲེལ་བའི་རྨོངས་པ་དང་དཀའ་ངལ་གྱི་རིགས་ཡོད་པའི་སྐབས། ང་ཚོས་ཐོག་མར་གང་ལ་ཞིབ་བཤེར་བྱེད་དགོས་པ་ནི་ཡིག་སྒྱུར་ལས་བྱུང་བའི་དཀའ་ངལ་གྱི་རིགས་ལ་ལྟ་ཞིབ་བྱེད་དགོས། འདི་ནི་ཧ་ཅང་དགོས་ངེས་ཅན་གྱི་ཐབས་ལམ་ཞིག་རེད། ཡིན་ནའང་ངས་གོང་དུ་ཞུས་པ་ལྟར། ཆོས་ཀྱི་ནང་གནད་དོན་ཁྱད་མཚར་པོ་དེ་འདྲ་མང་པོ་ཡོད་པ་རེད། དཔེར་ན། དམྱལ་བའི་ཁམས་ཀྱི་སྐོར་དང་རི་རྒྱལ་ལྷུན་པོ་ལ་སོགས་པ་ལྟ་བུ་རེད། ང་ཚོས་དེ་དག་ལ་བལྟས་ནས། “འདི་ནི་གླེན་རྟགས་ཅན་རེད་འདུག །ང་རང་འདི་ལ་མི་དགའ་” ཞེས་བརྗོད་ཆོག་པའམ། ཡང་ན་ང་ཚོས་སྐྱེ་བ་བཟང་པོ་ཞིག་འཐོབ་པ་དང་། ཐར་པའམ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་ཕན་པ་དེ་དག་གི་རྒྱབ་ལ་ཡོད་པའི་ཀུན་སློང་དེ་གང་ཡིན་ཤེས་ཐབས་བྱེད་ཆོག །གལ་ཏེ་ང་ཚོར་མི་ཚེའི་ནང་སྐྱབས་འགྲོ་བརྟན་པོ་ཞིག་ཡོད་ན། ང་ཚོས་ཆོས་ཚུལ་འདི་དག་ཐམས་ཅད་རྟོགས་ཐབས་བྱེད་པ་ལས་དེ་དག་ལ་ངོས་ལེན་མི་བྱེད་པ་བྱེད་ངེས་མ་རེད། 

སྒྲུང་གཏམ་སློབ་ཁྲིད་བྱེད་པ།

ངས་ལས་ཀྱི་སྐོར་གྱི་ཆོས་ཚུལ་དེ་དག་དྲན་གྱི་འདུག །༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེ་མཆོག་གིས་སྔ་རབས་ཀྱི་དཔེ་མཚོན་དང་མཉམ་དུ་ལས་ཀྱི་སྐོར་སློབ་ཁྲིད་གནང་གི་རེད། དཔེར་ན། མི་ཞིག་ལ་གླང་ཆེན་ཞིག་ཡོད་པ་དང་གླང་ཆེན་དེས་གསེར་གྱི་བཤང་བ་འདོར་གྱི་ཡོད། མི་དེས་གླང་ཆེན་མེད་པ་ག་དུས་བཟོ་ཐབས་བྱས་ཀྱང་། དེ་ནི་མི་ཚོགས་ཧ་ཅང་མང་པོས་ཡིད་དབང་འཕྲོགས་ཡོད་པའི་རྒྱུ་མཚན་གྱིས་ཁོས་མེད་པ་བཟོ་ཐུབ་ཀྱི་མེད་པར་གླང་ཆེན་དེ་རྟག་ཏུ་ཚུར་རང་འཇགས་སླེབས་ཀྱི་ཡོད་པའི་སྐོར་གྱི་སྒྲུང་གཏམ་གསུངས་པ་ལྟ་བུ་རེད། ནུབ་ཕྱོགས་ཀྱི་མི་རྣམས་ལ་མཚོན་ན། ང་ཚོས་དེ་འདྲ་བའི་སྒྲུང་ལ་བལྟས་ནས། “ཨ་ཙི། འདི་ནི་ཆོ་མེད་པ་ཞིག་རེད་” ཅེས་བརྗོད་ཀྱི་ཡོད། ང་ཚོ་ཏོག་ཙམ་ཁ་སྐྱེངས་པོ་ཆགས་ཀྱི་ཡོད། ང་ཚོས་གང་སློབ་སྦྱོང་བྱེད་བཞིན་པའི་དཔེ་དེབ་ཀྱི་ནང་དེ་འདྲ་ཞིག་ཡོད་པ་དེ་སོ་སོའི་ཕ་མར་སྟོན་འདོད་མེད། ཁོང་ཚོས་ང་ཚོ་ནི་མཐའ་ལས་བརྒལ་ནས་སྨྱོན་པའི་རང་བཞིན་གྱི་ནང་ཡོད་ཅེས་དངོས་གནས་བསམ་ངེས་རེད། ངས་གནད་དོན་དེ་༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེར་ཞུས་པའི་སྐབས། ཁོང་གིས་དེ་ལ་བཀའ་ལན་གནང་བ་ནི་དོ་དབྱིངས་བྱ་འོས་པ་ཞིག་བྱུང་། ཁོང་གིས་ “གལ་ཏེ་སངས་རྒྱས་ཀྱི་ཐུགས་དགོངས་ལ་སྒྲུང་གཏམ་སྙན་པོ་ཞིག་བཟོ་འདོད་སྐྱེས་ཡོད་ན། ཁོང་གིས་དེ་ལས་སྙན་པའི་སྒྲུང་ཞིག་བཟོ་ངེས་རེད་” ཅེས་གསུངས། 

༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེ་ནས་ཐབས་ལམ་གཉིས་ཀྱི་སྒོ་ནས་གང་གསུངས་པ་དེ་ང་ཚོས་ཤེས་ཐུབ། ཐབས་ལམ་གཅིག་ནི་སྒྲུང་དེ་སྒྲ་ཇི་བཞིན་དུ་ཁས་ལེན་པ་དང་། སྲོལ་རྒྱུན་གྱི་ཨེ་ཤི་ཡའི་རིག་གཞུང་ནས་ཡིན་པའི་མི་མང་པོས་སྒྲུང་དེ་དག་གང་འཚམ་གྱི་སྒྲ་ཇི་བཞིན་དུ་ཁས་ལེན་གྱི་ཡོད། གང་ལྟར་ཡང་། ང་ཚོས་༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེའི་བཀའ་ལན་ལས་དྲངས་ཐུབ་པའི་དོན་དག་དེ་གཅིག་པུ་རེད་བསམ་གྱི་མི་འདུག །དེ་ལ་གོ་རྟོགས་ཀྱི་ཐབས་གཞན་ཞིག་ཡོད་པ་ནི་སྒྲུང་དེ་སྤྲོ་སེང་ཙམ་གྱི་ཆེད་དུ་མིན། གང་ཡིན་ཞེ་ན། སངས་རྒྱས་ཀྱིས་ང་ཚོར་དེ་ལས་རྦད་དེ་ལྷག་པའི་སྤྲོ་བདེ་མྱོང་བར་གནང་ཐུབ། ཡིན་ནའང་སྒྲུང་དེས་ང་ཚོར་བསླབ་བྱ་དང་སློབ་གསོ་ཞིག་སྦྱིན་གྱི་ཡོད། ང་ཚོར་ནུབ་ཕྱོགས་སུའང་དེ་འདྲ་བའི་ངག་རྒྱུན་ཞིག་ཀྱང་ཡོད་པ་དང་། དེ་དག་ལ་སྒྲུང་གི་རིགས་དཔེར་ན། དུད་འགྲོ་སྲོག་ཆགས་དང་འབྲེལ་བའི་སྒྲུང་ཐུང་རིགས་དང་། གཏམ་རྒྱུད། ལྷ་སྒྲུང་། ལྷ་མོའི་རྟོག་སྒྲུང་གི་རིགས་སོགས་ལོ་ཚད་མི་འདྲ་བ་ཚང་མར་ཤོད་ཀྱི་ཡོད། གཏམ་རྒྱུད་དེ་དག་རེ་རེ་ནས་སློབ་གསོ་རེར་འཐོབ་ཐུབ་པ་དང་། དེ་ནི་ནམ་རྒྱུན་ལས་རྒྱུ་འབྲས་ཀྱི་སྐོར་ཡིན་ཞིང་། ཆོས་ཁྲིད་ཀྱི་ཐབས་ལམ་ཧ་ཅང་ཚད་ལྡན་དང་ཕན་ནུས་ལྡན་པ་ཞིག་རེད། ང་ཚོས་གནད་དོན་རྣམས་ཐད་ཀར་ཐོ་འགོད་བྱེད་པའི་ཐོག་ནས་སློབ་ཁྲིད་བྱེད་མི་དགོས་པར། སྒྲུང་འདིའི་རིགས་བརྒྱུད་དེ་ང་ཚོས་སློབ་ཁྲིད་བྱེད་ཐུབ།

སླར་ཡང་གལ་ཏེ་ང་ཚོའི་སྐྱབས་འགྲོ་དེ་ཧ་ཅང་ཤུགས་ཆེན་ཡོད་ན། “སངས་རྒྱས་ཀྱི་ཞིང་ས་ཡ་མང་པོའི་ནང་སངས་རྒྱས་ས་ཡ་མང་པོ་ཡོད་པ་དང་། སངས་རྒྱས་དེ་དག་རེ་རེའི་ཤིན་ཏུ་ཕྲ་བའི་བུ་ག་ཡོངས་སུ་རྫོགས་པའི་ནང་སངས་རྒྱས་ཀྱི་ཞིང་གཞན་ས་ཡ་མང་པོ་ཡོད་” ཅེས་དཔེ་ཆའི་ནང་གི་གནད་དོན་ཧ་ཅང་ཡག་པོ་དེ་དག་ཐམས་ཅད་ང་ཚོས་ཀློག་པའི་སྐབས། ང་ཚོས་གནད་དོན་དེ་གང་ཡིན་ཤེས་ཐབས་བྱེད་ཀྱི་ཡོད། “དེ་ནི་ཐེ་ཚོམ་མེད་པར་སོ་སོར་ཕན་ཐོགས་པ་ཞིག་ཡིན་པ་ལས། དེ་ལ་ཡིད་ཆེས་བྱེད་ངེས་ཀྱི་མི་གླེན་རྟགས་ཅན་འགའ་ཞིག་ལ་ཕན་འདོགས་པ་ཙམ་ནི་མིན། གནད་དོན་གཙོ་བོ་ནི་མི་ཚེའི་ནང་གི་དཀའ་ངལ་རྣམས་ལས་ཐར་བར་སོ་སོ་རང་ཉིད་ལ་ཕན་འདོགས་རྒྱུ་དང་། གཞན་ལ་ཕན་གང་ཆེར་འདོགས་པའི་ཆེད་སོ་སོ་རང་ཉིད་ལ་ཕན་ཕྱིར་ཡིན། འདི་ཇི་ལྟར་བྱེད་དམ། སློབ་གསོ་གང་ཞིག་ཤེས་ཀྱི་རེད་དམ།” ཞེས་དེ་ལྟའི་བསམ་ཕྱོགས་ལ་བརྟེན་ནས་ང་ཚོས་ཆོས་ཚུལ་ཡོངས་སུ་རྫོགས་པ་དེ་དག་སོ་སོ་སྒེར་དང་རྦད་དེ་ལས་སླ་པོའི་ངང་ནས་འབྲེལ་བ་མཐུད་འགོ་བཙུག་ཐུབ། 

མགོ་རྙོག་ཅན་གྱི་ཆ་རྣམས་མཉམ་སྡེབ་ཁྱིས་ལྷུ་སྒྲིག་པ། 

ནང་ཆོས་ཀྱི་གཞི་རྩའི་ཆོས་ཁྲིད་ཐབས་ལམ་དེ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གཞི་རྩའི་ཐབས་ལམ་ནི་སློབ་མ་རྣམས་ལ་རྟོགས་དཀའ་ལ་མགོ་རྙོག་ཅན་གྱི་ཆ་རྣམས་ལྷུ་སྒྲིག་བྱེད་དུ་འཇུག་རྒྱུ་དེ་རེད། དེ་དག་ཏག་ཏག་མ་ནོར་བར་མཉམ་དུ་སྒྲིག་རྒྱུ་ནི་སློབ་ཕྲུག་རྣམས་ལ་རག་ལུས་ཡོད། ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་གྱིས་ང་ཚོར་རྙོག་འཛིངས་ཅན་གྱི་ལྷུ་སྒྲིག་ཚང་མ་ལམ་སེང་སྤྲོད་ཀྱི་མ་རེད། ང་ཚོས་ད་དུང་དགོས་ཞེས་ཞུ་དགོས། གལ་ཏེ་ང་ཚོས་དགོས་ཞེས་མ་ཞུས་ན། ང་ཚོ་དངོས་གནས་དོ་དབྱིངས་མེད་པ་དང་སེམས་འགུལ་ཐེབས་མེད་པའི་དོན་རེད། བྱས་ཙང་། གལ་ཏེ་དགེ་བའི་བཤེས་གཉེན་གྱིས་ང་ཚོར་མང་བ་སྤྲོད་ཀྱི་ཡོད་ན། དེ་ནི་འཕྲོ་བརླག་ཆགས་ངེས་རེད། 

ཐབས་ལམ་དེའི་སྒོ་ནས་ཆོས་རྣམས་འགྲེལ་བརྗོད་བྱེད་པ་ལ་བརྟེན་ནས་སློབ་མ་རྣམས་ཀྱི་སྤྲོ་བ་དང་། བཟོད་པ། བརྩོན་འགྲུས་བཅས་སྤེལ་བ་སོགས་ང་ཚོའི་རྒྱུད་ལ་ཆོས་དེ་སྐྱེད་པར་བྱེད་པར་ཕན་གྱི་ཡོད། ནང་པའི་ཆོས་ཀྱི་རྒྱུད་རིམ་དེ་གློག་ཀླད་ནང་གི་ཡིག་སྣོད་ཅིག་འདྲ་བཤུས་བྱས་ནས་དེ་མཉེན་སྡེར་སྟོང་པ་ཞིག་གི་ནང་བརྒྱུད་གཏོང་བྱེད་པ་ཙམ་ཞིག་མིན། དེ་ནི་དགེ་བའི་བཤེས་གཉེན་གཅིག་ནས་སློབ་མ་ཞིག་ལ་གནས་ཚུལ་བརྒྱུད་གཏོང་བྱེད་པ་ཙམ་མིན། ནང་ཆོས་ཀྱི་རྒྱུད་རིམ་ཡོངས་སུ་རྫོགས་པ་ནི་ང་ཚོ་སློབ་ཕྲུག་ཡིན་པའི་ཆ་ནས་སོ་སོའི་ཐུན་མིན་གྱི་རང་གཤིས་གོང་འཕེལ་གཏོང་བར་དམིགས་ཀྱི་ཡོད། 

ང་ཚོས་ངང་ཚུལ་དེ་ལྟར་ཆོས་ལ་འཇུག་དགོས་པ་ལས། བཟོད་བསྲན་མེད་པ་དང་ “ཁྱེད་ཀྱིས་ཆ་ཚང་འགྲེལ་བརྗོད་བྱས་མ་སོང་” ཞེས་ཟེར་བའམ། ཡང་ན་ “དེ་གསལ་པོ་མི་འདུག་” ཅེས་སོགས་ཟེར་ནས་རྙོག་དྲ་ཤོད་རྒྱུ་མེད། ང་ཚོས་མགོ་རྙོག་ཅན་གྱི་ལྷུ་སྒྲིག་རྩེད་མོའི་ཆ་ཤས་སྣ་ཚོགས་པ་མཉམ་དུ་བསྡུ་དགོས་པ་དང་དེ་ལ་འབད་བརྩོན་བྱེད་དགོས་ཀྱི་ཡོད། དེ་དག་མཉམ་དུ་སྒྲིག་ཐབས་བྱེད་དགོས། དེ་དག་གི་དོན་ངོ་མ་གང་ཡིན་ཤེས་པར་བྱེད་དགོས། དེ་དག་མི་ཚེ་དང་འབྲེལ་བ་ཇི་ལྟར་ཆགས་ཀྱི་ཡོད་དམ། སྐྱབས་འགྲོས་ང་ཚོའི་སློབ་སྦྱོང་བྱེད་པའི་རྒྱུད་རིམ་ཀྱི་ཐད་ལ་ཡོད་པའི་བསམ་ཕྱོགས་དེ་ཡར་རྒྱས་གཏོང་བར་རོགས་བྱེད་ཀྱི་ཡོད། དེ་ནི་སྐྱབས་འགྲོའི་སྐོར་གྱི་གནད་དོན་གཅིག་རེད།

གནས་སྐབས་དང་མཐར་ཐུག་གི་སྐྱབས་གནས།

སྐྱབས་འགྲོའི་སྐོར་གྱི་གནད་དོན་གཞན་དེ་ནི། མི་ཚེ་དཀའ་ངལ་ཅན་ཡིན་པ་དང་གནས་སྟངས་ཐབས་སྐྱོ་པོ་འགྲོ་བཞིན་པའི་སྐབས། ང་ཚོས་ཁ་ཕྱོགས་གང་དུ་བསྒྱུར་གྱི་ཡོད་དམ། མི་འགའ་ཞིག་ལ་སྡུག་ཅག་རིགས་གང་འདྲ་ཞིག་འབྱུང་བའམ་ཡང་ན་ཁོང་ཚོས་ཚ་གི་ཚི་གེ་ཚོར་འགོ་བཙུག་པའི་སྐབས། འཁྱགས་སྒམ་སྔོག་ཏུ་འགྲོ་གི་རེད། ཡང་ན་ཁོང་ཚོས་ཆང་རག་འཐུང་བའམ་བཟི་སྨན་སྤྱོད་སྲིད་ལ། འཁྲིག་སྤྱོད་དང་རྩེ་མོའི་རིགས་ལའང་ཁ་ཕྱོགས་བསྒྱུར་སྲིད་པ་རེད། མི་རྣམས་ཀྱིས་སྐྱབས་བཅོལ་ས་ཧ་ཅང་མང་པོ་ཡོད། འདི་ལྟ་བུའི་སྐྱབས་འགྲོའི་རྣམ་པ་ལ་སོ་སོའི་ངོས་ནས་དཔྱད་པ་བྱ་རྒྱུ་དེ་གང་འཚམ་གྱི་དོ་དབྱིངས་ཅན་ཞིག་ཡོད། གནས་སྟངས་ཁག་པོ་ཡོད་པའི་སྐབས། ང་ཚོས་སུ་དང་གང་ལ་བློ་ཁ་བསྒྱུར་གྱི་ཡོད་དམ། ང་ཚོས་སོ་སོའི་གྲོགས་པོ་ལ་བློ་ཁ་བསྒྱུར་གྱི་ཡོད་དམ། ང་ཚོས་ཆང་རག་འཐུང་བར་ཁ་ཕྱོགས་བསྒྱུར་གྱི་ཡོད་དམ། ང་ཚོས་ “ཡིན་ནའང་ངས་སངས་རྒྱས་ཆོས་དང་དགེ་འདུན་ལ་བློ་ཁ་བསྒྱུར་དགོས་ཀྱི་འདུག་” ཅེས་བརྗོད་ཆོག །འོན་ཀྱང་དེ་ནི་ཏོག་ཙམ་མི་བདེ་བ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། བསམ་ཕྱོགས་དེ་ལས་སླ་པོའི་སྒོ་ནས་ “དཀོན་མཆོག་མཁྱེན། ང་བསྐྱབ་རོགས་གནང་། སངས་རྒྱས་མཁྱེན། ང་བསྐྱབ་རོགས་གནང་” ཟེར་བའི་ནང་ཉམས་གུད་འགྲོ་གི་ཡོད། 

ཆོས་ཀྱི་ནང་གནས་སྐབས་རིང་སྐྱབས་སུ་འགྲོ་བ་དང་མཐར་ཐུག་ཏུ་སྐྱབས་སུ་འགྲོ་བའི་སྐོར་གསུང་གི་ཡོད། ངས་ང་རང་སྒེར་གྱི་དཔེ་མཚོན་ཞུ་རྒྱུ་ཡིན། ང་རང་གནད་དོན་ཞིག་ལ་ཚ་གི་ཚི་གེ་དང་བློ་ཕམ་ཡོང་བའི་སྐབས། ངའི་འདོད་ཕྱོགས་དེ་ནི་འཁྱགས་སྒམ་གྱི་འགྲམ་དུ་འགྲོ་རྒྱུ་དེ་རེད། ངས་སོ་སོའི་དགའ་ཤོས་གང་ཡིན་པ་དེ་བཟའ་བ་དང་དེས་རང་ཉིད་ལ་ཏོག་ཙམ་ཕན་གྱི་རེད། ང་ཚོས་འཕགས་པའི་བདེན་པ་དང་པོའི་སྐོར་བཤད་པ་དྲན་དགོས་ཤིང་། དེ་ནི་མི་ཚེ་ནི་དཀའ་ངལ་ཅན་ཡིན་པ་དེ་རེད། དེ་ལ་ཅུང་ཟད་ངོས་ལེན་བྱེད་དགོས་ངེས་ཤིག་རེད། ངའི་རྩ་རླུང་རྣམས་ཏོག་ཙམ་ཚ་གི་ཚི་གེ་དང་ཆ་སྙོམ་བྲལ་བ་ཆགས་པའི་སྐབས། ངས་དམིགས་བསལ་གྲོ་ཞིབ་ལས་གྲུབ་པའི་བག་ལེབ་ལྟ་བུ་བཟའ་མ་ཞིག་བཟས་ན། དེས་རླུང་རྣམས་ལྗིད་ཀྱིས་ནོན་པ་དང་རང་ཉིད་བརྟན་ཆ་ཏོག་ཙམ་མང་བ་སྤྲོད་ཀྱི་ཡོད་པ་དེ་སོ་སོ་རང་ཉིད་ལ་མཚོན་ན་ཤེས་ཀྱི་ཡོད། དཔེར་ན། ང་ཚོ་བདེ་པོ་མེད་པ་ཚོར་བའི་སྐབས། སྨན་རིལ་བུ་གཅིག་བཟའ་བ་ནང་བཞིན་དེ་ནི་མཐར་ཐུག་གི་དཀའ་ངལ་སེལ་ཐབས་ཤིག་མིན་པ་ངས་ཤེས་ཀྱི་ཡོད། དེ་ནི་ངས་ཧ་ཅང་གསལ་པོའི་སྒོ་ནས་ཤེས་ཀྱི་ཡོད། “རེད། འདིས་ང་ལ་ཕྱིའི་སྣང་ཚུལ་ཙམ་ཁོ་ནའི་རིམ་པའི་ཐོག་ནས་ཕན་རྒྱུ་ཡིན་པ་ངས་ཤེས། འོན་ཀྱང་དཀའ་ངལ་ལ་དངོས་སུ་ཕན་ཕྱིར་གཏིང་ཟབ་པའི་ཁ་ཕྱོགས་བསྒྱུར་ས་ཞིག་ང་ལ་ཡོད་” ཅེས་ངས་རང་གིས་རང་ལ་བརྗོད་ཀྱི་ཡོད། 

ཨ་ཅང་ཅང་། འདིར་ང་ཚོས་རྣམ་པར་འབྱེད་པའི་རིམ་པ་གང་འཚམ་ཞིག་ལ་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད། གང་ཡིན་ཞེ་ན། གལ་ཏེ་གནས་སྐབས་དཀའ་ངལ་ཞིག་ལ་གདོང་ལེན་བྱེད་པར་ཕན་པ་རྣམས་ནི་འགྱུར་ལྡོག་ཅན་ཡིན་ན། ང་ཚོས་ “གལ་ཏེ་ངས་དུག་རྫས་ཧེ་རོ་ཡིན་ཟེར་བ་དེ་ལོངས་སུ་སྤྱོད་ཀྱི་ཡོད་ན། དེ་ཡང་ངའི་གནས་སྐབས་རིང་གི་སྨན་ཡིན་པ་དང་། ངས་དེ་ལས་གཏིང་ཟབ་པའི་དཀའ་ངལ་སེལ་ཐབས་དེ་ཤེས་ཀྱི་ཡོད་” ཅེས་ཟེར་ཆོག །ཅོཀ་ལེཊ་དུམ་བུ་གཅིག་བཟའ་བ་དང་དུག་རྫས་ཧེ་རོ་ཡིན་ལོངས་སུ་སྤྱོད་པ་གཉིས་ཀྱི་དབར་ལ་ཁྱད་པར་ཞིག་ཡོད། ང་ཚོས་གནས་སྐབས་ཀྱི་སྐྱབས་འགྲོ་གང་འདྲ་ཞིག་བསྟེན་ནའང་འདྲ་སྟེ། དེ་ནི་སོ་སོ་རང་ཉིད་དང་གཞན་ལ་གནོད་གཞི་ཚབས་ཆེན་ཞིག་མིན་པ་དེ་ངེས་བརྟན་བཟོ་དགོས། དེ་ནི་ “འདིས་ང་རང་ཕྱི་རུ་ཕྱིན་ནས་རི་བོང་ཞིག་ལ་མེ་མདའ་རྒྱག་རྒྱུ་དེ་ཡག་པོ་ཚོར་དུ་འཇུག་གི་འདུག །བྱས་ཙང་། གལ་ཏེ་ང་རང་ཚ་གི་ཚི་གེ་ཆགས་ན། ཕྱི་རུ་ཕྱིན་ནས་གཅིག་གསོད་ཀྱི་ཡིན་” ཟེར་བ་ལྟ་བུ་ཡིན་མི་དགོས། 

དེར་བརྟེན་ང་ཚོས་ “དགོས་ཤིང་མཁོ་བའི་དུས་སུ་གང་དུ་ཁ་ཕྱོགས་བསྒྱུར་གྱི་ཡོད་དམ་” ཞེས་པར་གཞིགས་ནས་འབད་བརྩོན་ཏོག་ཙམ་བྱེད་དགོས་པ་ལས། “ངས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ལ་ཁ་ཕྱོགས་བསྒྱུར་དགོས། བྱས་ཙང་། ང་རང་འདིར་བསྡད་ནས་སྒོམ་རྒྱག་གི་ཡིན། གལ་ཏེ་དེའི་ཚབ་ལ་ངས་ཁ་ཟས་རིགས་བཟས་ན། དེའི་དོན་ནི་ང་རང་ནང་པ་སྡུག་ཅག་ཅིག་གམ་མི་སྡུག་ཅག་ཅིག་ཡིན་པ་རེད་” ཅེས་ཟེར་བ་ལྟ་བུ་མིན། ཇི་སྲིད་ང་ཚོས་སྨན་དེ་བཟའ་བ་དང་། ཁ་ཟས་དེ་དག་བཟའ་བའམ་ཡང་ན་ཅོཀ་ལེཊ་བཟའ་བ། དེ་བཞིན་མི་ཞིག་དང་མཉམ་དུ་ཁ་པར་བརྒྱུད་སྐད་ཆ་ཤོད་པ་སོགས་ནི་མཐར་ཐུག་གི་དཀའ་ངལ་སེལ་ཐབས་དེ་མིན་པ་གསལ་པོ་ཤེས་པ་དེ་སྲིད་དུ་ང་ཚོས་གང་བཟའ་བ་དང་བྱེད་པ་ཡིན་ནའང་འགྲིག་གི་རེད། གལ་ཏེ་ང་ཚོས་དེ་ནི་དཀའ་ངལ་སེལ་བའི་ཐབས་མཐར་ཐུག་དེ་ཡིན་པ་ཤེས་ན། དེས་བྱ་བ་མི་བྱེད་པའམ་ལམ་ལྷོང་མི་ཡོང་བའི་སྐབས། ང་ཚོས་བློ་ཕམ་སྐྱེ་རྒྱུ་རེད། དེ་ལས་བྱུང་བའི་བདེ་བ་གང་འདྲ་ཞིག་ཡིན་ནའང་ཡུན་དུ་གནས་མི་ཐུབ། དེ་ནི་ཕྱིའི་སྣང་ཚུལ་ཙམ་རེད། གང་ལྟར་ཡང་། མི་ཚེ་ནི་དཀའ་ངལ་ཅན་རེད། འདི་དག་ནི་སྐྱབས་འགྲོའི་སྐོར་གྱི་རྣམ་པ་འགའ་ཞིག་རེད།

ཡེ་ཤུའི་གསུང་རབ་བྷ་ཡེ་བྷལ་ལས་བྱུང་བའི་བཟང་སྤྱོད་ཀྱི་རྣམ་གཞག

གལ་ཏེ་ངས་རི་བོང་ཞིག་ལ་མེ་མདའ་གཞུ་བའི་འདོད་པ་དེ་ཡོད་ན། དེ་ནས་ “ངས་རི་བོང་ལ་མེ་མདའ་རྒྱག་མི་ཉན་” ཞེས་པའི་བསམ་བློ་དེ་བསླེབ་ངེས་རེད། འདིར་སླར་ཡང་ “དགོས་” ཞེས་པའི་བསམ་བློ་དེ་བསླེབ་ཀྱི་ཡོད། 

ཕལ་ཆེར་ང་ཚོས་ “དགོས་” དང་ “མི་དགོས་” ཀྱི་རི་མོའི་ཆ་ཤས་སུ་མཚོན་རྟགས་ཆུང་ངུ་འབྲི་མཚམས་བཞག་ནས་རི་མོ་དེའི་ནང་ལ་གཏིང་ཟབ་པར་ལྟ་ཞིབ་བྱ་དགོས། 

“དགོས་” དང་ “མི་དགོས་” ཞེས་པའི་སྐོར་དེ་ནི་གནད་དོན་འགའ་ཞིག་ལ་བསྐོར་ནས་ཡོད། བཟང་སྤྱོད་ཀྱི་རྣམ་གཞག་དང་བཟང་སྤྱོད་ལ་འཇུག་ཚུལ་ཡོངས་སུ་རྫོགས་པ་དང་། སྟོང་པ་ཉིད་ཀྱི་ཆོས་ཀྱང་རེད། དཔེར་ན། ཡེ་ཤུའི་གསུང་རབ་ཀྱི་བཟང་སྤྱོད་ལ་མཚོན་ན། དེ་ནི་མཐུ་ལྡན་དབང་ལྡན་ཞིག་ལ་གཞི་བྱས་པའི་ལམ་ལུགས་ཤིག་ཡིན་པ་དང་། དེས་ཁྲིམས་དང་སྒྲིག་གཞི་ངེས་ཅན་གཏན་ལ་ཕབ་ཡོད་པས། ལམ་ལུགས་དེ་འདྲའི་ནང་གི་བཟང་སྤྱོད་ཀྱི་རྣམ་གཞག་དེ་ནི་གཞི་རྩའི་ཆ་ནས་བཀའ་བརྩི་དང་ལེན་དང་ལྡན་པར་གཞི་བྱས་ཡོད། སྐབས་དོན་འདིའི་ནང་གི་བཟང་སྤྱོད་ལྡན་པའི་གང་ཟག་ནི་མཐུ་ལྡན་དབང་ལྡན་གྱི་སྒྲིག་ཁྲིམས་ལ་བཀའ་བརྩི་ཞུ་མཁན་གྱི་གང་ཟག་ཅིག་ཡིན་པ་རེད། གལ་ཏེ་ང་ཚོས་དེ་དག་ལ་བཀའ་བརྩི་དང་ལེན་བྱས་ན། ང་ཚོ་མི་བཟང་པོ་རེད། གལ་ཏེ་ང་ཚོས་དེ་དག་ལ་བཀའ་བརྩི་དང་ལེན་མ་བྱས་ན། ང་ཚོ་སྡུག་ཅག་ཡིན་པ་དང་ང་ཚོར་ཉེས་ཆད་འགེལ་གྱི་ཡོད་པ་ཞིག་རེད། མཐུ་ལྡན་དབང་ལྡན་གྱི་གང་ཟག་དེ་ལ་ང་ཚོའི་ཕྱོགས་སུ་གཞི་རྩའི་སེམས་ཚོར་གྱི་ཡ་ལན་འགའ་ཞིག་ཡོད་པ་རེད། བྱས་ཙང་། ང་ཚོས་མཐུ་ལྡན་དབང་ལྡན་དེ་ལ་བཀའ་བརྩི་དང་ལེན་བྱས་ན། དེས་ང་ཚོར་དགའ་པོ་བྱེད་པ་དང་གསོལ་རས་གནང་གི་ཡོད། གལ་ཏེ་ང་ཚོས་བཀའ་བརྩི་དང་ལེན་མ་བྱས་ན། མཐུ་ལྡན་དབང་ལྡན་དེས་ང་ཚོར་མི་དགའ་བ་དང་། བརྩེ་བ་མེད་པར་ང་ཚོར་ཉེས་ཆད་འགེལ་གྱི་རེད། དེ་ནི་བཟང་སྤྱོད་ཀྱི་རིགས་འདིའི་སེམས་ཚོར་གྱི་ཁྱད་ཆོས་དེ་རེད། 

ང་ཚོས་དེའི་སྐོར་ལ་བྱེད་པོ་དཀོན་མཆོག་དང་འབྲེལ་ནས་སྐད་ཆ་ཤོད་ཆོག །ཡང་མིན་ན་སོ་སོའི་ཕ་མ་དང་འབྲེལ་ནས་སྐད་ཆ་ཤོད་ཆོག །ང་ཚོས་དེ་སོ་སོའི་ཕ་མའི་སྟེང་ལའང་རྟོག་འཆར་སྐྲུན་གྱི་ཡོད། ཕ་མས་ང་ཚོར་ “བུ་མོ་བཟང་པོ་ཞིག་བྱོས། བུ་བཟང་པོ་ཞིག་བྱོས། སྡུག་ཅག་མ་བྱོས་ཨང་” ཞེས་རྟག་ཏུ་གསུང་གི་ཡོད། གལ་ཏེ་ང་ཚོས་ཕ་མའི་བཀའ་ལ་མ་བརྩིས་ན། ང་ཚོ་སྡུག་ཅག་ཡིན་པ་དང་ཕ་མས་རང་ཉིད་བརྩེ་བ་མི་འདུག་ཅེས་ཚོར་གྱི་ཡོད་པས། ང་ཚོས་རང་གི་ཕ་མར་སྐྱིད་པོ་བཟོ་འདོད་ཡོད། ང་ཚོའི་བཟང་སྤྱོད་ནི་སྒྲིག་ཁྲིམས་གཏན་ལ་ཕབ་མཁན་གྱི་མཐུ་ལྡན་དེ་མཉེས་པར་བྱེད་འདོད་ཡོད་པར་གཞི་བྱས་ཡོད།

བྱས་ཙང་། ཡེ་ཤུའི་གསུང་རབ་བྷ་ཡེ་བྷལ་གྱི་རྗེས་སུ་འབྲང་པའི་རིག་གཞུང་གི་ནང་འཚར་ལོངས་བྱུང་བའི་ང་ཚོ་མང་ཆེ་བའི་བཟང་སྤྱོད་ཀྱི་རྣམ་གཞག་ཡོངས་སུ་རྫོགས་པ་ནི་ “དགོས་དང་མི་དགོས་” ཞེས་པར་གཞི་བྱས་ཡོད། “ངས་གང་བྱེད་དགོས་པ་” དེ་ང་ཚོས་ཤེས་འདོད་ཡོད། དེ་ལ་བརྟེན་ནས་ང་ཚོར་དགའ་པོ་བྱེད་པ་དང་གསོལ་རས་སྤྲད་ནས་གནས་སྟངས་ཡག་པོ་ཡོང་གི་རེད། ཕྱོགས་གཅིག་ནས་ངས་གང་འགྲེལ་བརྗོད་བྱེད་བཞིན་པ་འདི་ཏོག་ཙམ་ཚད་བརྒལ་གྱི་ལས་སླ་བཅོས་ཤིག་ཡིན་ནའང་། ང་ཚོས་དེ་འདྲའི་སྒོ་ནས་བྱ་བ་ག་ཚོད་བརྩམ་གྱི་ཡོད་པ་དེ་ཡ་མཚན་སྐྱེ་དགོས་པ་ཞིག་རེད། ང་ཚོ་གནས་སྟངས་གསར་པ་ཞིག་གི་ནང་འགྲོ་བའི་སྐབས། ང་ཚོས་ག་རེ་བྱེད་དགོས་པ་ཤེས་འདོད་ཡོད། ང་ཚོར་ལ་མི་གཞན་ཞིག་གིས་སྒྲིག་ཁྲིམས་རྣམས་གང་ཡིན་པ་ཤོད་པར་འདོད་ཀྱི་ཡོད། ཇི་སྲིད་ང་ཚོས་སྒྲིག་ཁྲིམས་རྣམས་གང་ཡིན་ཤེས་པ་དེ་སྲིད་དུ་ང་ཚོས་བཀའ་བརྩི་དང་ལེན་གང་བྱེད་དགོས་པ་དང་། ང་ཚོ་ཡག་པོ་དང་བདེ་པོ་ཚོར་གྱི་ཡོད། དེ་ནས་ཚང་མ་གོ་རིམ་གྱི་ནང་ཡོད་པའམ་གྲ་འགྲིག་པ་དང་ང་ཚོ་ཚོད་འཛིན་གྱི་ནང་ཡོད་པ་རེད། 

ཚོད་འཛིན་ཀྱི་ནང་ཡོད་པའི་གནད་དོན།

འདིས་ཚོད་འཛིན་ནམ་སྟངས་འཛིན་གྱི་ནང་ཡོད་པའི་གནད་དོན་དང་འབྲེལ་བ་མཐུད་ཀྱི་ཡོད། ང་ཚོས་སྒྲིག་ཁྲིམས་ཚང་མ་ཤེས་ཤིང་། དེ་དག་ལ་བརྩི་སྲུང་བྱེད་དགོས་པ་ཤེས་པའི་སྐབས། གལ་ཏེ་ང་ཚོས་དངོས་གནས་དེ་དག་ལ་བརྩི་སྲུང་བྱས་ན། གནས་སྟངས་ལ་སྟངས་འཛིན་བྱེད་ཐུབ་ཅེས་ཚོར་གྱི་ཡོད། ང་ཚོས་གང་འབྱུང་རྒྱུ་ཡིན་པ་ཤེས་ཀྱི་ཡོད་པ་ཚོར་གྱི་ཡོད་པ་སོང་ཙང་། དེས་ང་ཚོས་སྒྲིག་ཁྲིམས་ཚང་མ་ཤེས་པར་ཏོག་ཙམ་ཉེན་སྲུང་ཡོད་པ་ཚོར་བར་བྱེད་ཀྱི་ཡོད། ང་ཚོས་སྟངས་འཛིན་དང་ལྡན་པ་ཡོད་འདོད་ཀྱི་བསམ་ཕྱོགས་དང་། བཀའ་བརྩི་དང་ལེན་གྱི་བསམ་ཕྱོགས། སྒྲིག་ཁྲིམས་འདི་དག་གི་བསམ་ཕྱོགས། ཚང་མ་གྲ་འགྲིག་པོ་དང་གོ་རིམ་ལྡན་པའི་བསམ་ཕྱོགས་འདི་ལ་གཞིགས་ནས་མི་ཚེ་ལ་འཇུག་པའི་སྐབས། སོ་སོའི་སྤྱོད་ལམ་དེ་དངོས་གནས་བཟང་པོ་ཆགས་འདོད་དང་དགའ་པོ་ཆགས་འདོད་ཀྱི་སེམས་ཚོར་ལ་གཞི་རྟེན་བྱེད་བཞིན་ཡོད།

འདི་ལྟ་བུའི་ཐབས་ཚུལ་ནི་དངོས་གནས་དྲང་གནས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” དང་ “ཁྱོད་” ཅེས་པའི་སྒྲིག་ཁྲིམས་སྟེར་མཁན་གྱི་བསམ་བློ་ཞིག་ལ་ཧ་ཅང་གཞི་བཅོལ་ཡོད། དེ་ལྟར་ངོས་ལེན་མི་བྱེད་པའམ་སྤོང་བར་འགྱུར་བའི་ “ང་” འདི་ལ་རྟག་ཏུ་ང་ཚོས་སེམས་འཁྲལ་བྱེད་ཀྱི་ཡོད། དེ་ཡང་གལ་ཏེ་ང་ཚོ་སྡུག་ཅག་ཡིན་ན། དེ་ནི་ཨེ་ཌེན་སྐྱེད་ཚལ་ (Garden of Eden) ནས་ཕྱི་འབུད་བཏང་བ་ཞིག་རེད། ང་ཟེར་བའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་སྔོན་ཚུད་ལས་བྲེལ་ལ་བརྟེན་ནས་ང་ཚོར་འཇིགས་པ་དང་སྟངས་འཛིན་གྱི་གནད་དོན་འདི་དག་ཐམས་ཅད་ཡོང་གི་ཡོད་པ་རེད། ང་ཚོས་གདམ་ཀ་གཅིག་རང་ཡོད་པ་ནི་མཐའ་གཅིག་ཏུ་མགོ་རྙོག་ཅན་ཞིག་ཡིན་པ་དང་། དེ་ནི་གལ་ཏེ་ང་ཚོས་འབྲེལ་མཚམས་གཅོད་དུ་བཅུག་ན། དེ་ནི་མགོ་རྙོག་ཚ་པོ་ཆགས་རྒྱུ་ཡིན་པ་དང་ང་ཚོར་སྲུང་སྐྱོབ་མེད་པའི་འཇིགས་པ་དང་འདྲ་པོ་ཡོད། ནུབ་ཕྱོགས་སུ་ང་ཚོར་བསམ་ཕྱོགས་འདི་ལྟ་བུ་ཞིག་ “དགོས་” དང་ “མི་དགོས་” ལ་གཞི་བྱས་ཏེ། བཟང་སྤྱོད་ཀྱི་རྣམ་གཞག་དང་སྒྲིག་ཁྲིམས་ཀྱི་རྗེས་སུ་འབྲང་བ་བཅས་ནི་རིག་གཞུང་གི་གཅེས་ནོར་ཤུགས་ཆེན་ལྟ་བུར་ཡོད། 

གལ་ཏེ་ང་ཚོར་བསམ་ཕྱོགས་འདི་ཡོད་པའི་སྐབས། ང་ཚོས་ནང་པའི་ཆོས་ལ་བལྟ་བར་འདོད་པ་དང་དེ་དང་གཅིག་མཚུངས་སུ་དེ་ལ་འཇུག་པར་འདོད་ཀྱི་ཡོད། ང་ཚོས་གང་བྱེད་ “དགོས་” ་དང་ “མི་དགོས་” ལ་གཞིགས་ནས་ནང་པའི་བཟང་སྤྱོད་ལའང་བལྟ་གི་ཡོད། དཔེར་ན། “ངས་འབུ་སྲིན་གྱི་རིགས་གསོད་མི་ཉན། ངས་སོ་སོའི་ཁ་འདོན་དགེ་སྦྱོར་ཉིན་ལྟར་བྱ་དགོས། གལ་ཏེ་ངས་མ་བྱས་ན། ང་རང་སྡུག་ཅག་ཡིན་པ་དང་ངའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་ང་ལ་བརྩེ་བ་གནང་གི་མ་རེད། ཁོང་རྣམ་པའི་དགོངས་པ་དང་འགལ་བ་ཆགས་ཀྱི་རེད་” ཅེས་པ་ལྟ་བུ་རེད། 

ང་ཚོའི་གུང་ཚིགས་བར་སེང་སྐབས་སུ་མི་ཞིག་གིས། སྐབས་རེར་ང་ཚོའི་བླ་མ་དགེ་བའི་བཤེས་གཉེན་གྱིས་ང་ཚོར་གསུང་པའི་ཆོས་རྣམས་ལ་དངོས་སུ་འཇུག་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་འདུག་ཅེས་བརྗོད་སོང་། འོན་ཀྱང་ང་ཚོ་ད་དུང་ཡང་སློབ་མ་བཟང་པོ་ཞིག་བྱེད་འདོད་ཡོད་པ་དང་། ང་ཚོར་བརྩེ་བ་འཐོབ་འདོད་དང་དགེ་བའི་བཤེས་གཉེན་ཐུགས་མཉེས་པར་བྱེད་འདོད་ཡོད། བྱས་ཙང་། ང་ཚོའི་དགེ་བའི་བཤེས་གཉེན་གྱིས་གང་གསུངས་པ་དེའི་རྗེས་སུ་འབྲང་རྒྱུའི་ཚབ་ལ་ང་ཚོས་ “ངའི་དགེ་བའི་བཤེས་གཉེན་ནི་གཞན་སུ་ལས་ཀྱང་ཁྱད་པར་དུ་འཕགས་པ་རེད་” ཅེས་པའི་བསམ་བློ་ལ་གཞི་བྱས་ཏེ། ང་ཚོས་དགེ་བའི་བཤེས་གཉེན་དེ་ལ་བརྟེན་ནས་གསོལ་མཆོད་བྱེད་སྲོལ་གྱི་བློའི་ཁྱེར་སོ་ལྟ་བུ་ཞིག་དང་དུ་ལེན་གྱི་ཡོད། ང་ཚོས་ཕལ་ཆེར་དྲན་ཤེས་མེད་པའི་སྒོ་ནས་འདིས་དགེ་བའི་བཤེས་གཉེན་ཐུགས་མཉེས་ཀྱི་རེད་ཅེས་བསམ་གྱི་ཡོད། ང་ཚོས་ཆོས་དེ་ཉམས་སུ་ལེན་པའི་སྒོ་ནས་དགེ་བའི་བཤེས་གཉེན་ལ་གུས་ཞེན་ཅན་བྱ་རྒྱུའི་ཚབ་ལ་ང་ཚོས་གུས་ཞེན་ཅན་བྱེད་པ་ཞེས་པའི་དོན་ནི་བླ་མ་དགེ་བའི་བཤེས་གཉེན་གང་དེར་གསོལ་མཆོད་བྱེད་པ་དེ་ཡིན་པར་བསམ་གྱི་ཡོད། བྱས་ཙང་། ང་ཚོས་དགོས་དང་མི་དགོས་ཀྱི་བསམ་བློ་དེ་སོ་སོའི་དགེ་བའི་བཤེས་གཉེན་དེ་མཆོད་ཡུལ་གྱི་རྟེན་དུ་གསོལ་མཆོད་བྱེད་སྲོལ་ལ་གཅིག་ཐོག་གཅིག་རྩེག་བྱེད་ཀྱི་ཡོད། ང་ཚོས་དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི། དགེ་བའི་བཤེས་གཉེན་གྱིས་གང་གསུངས་པ་དེའི་རྗེས་སུ་འབྲང་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཡོད།

ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག

ནུབ་ཕྱོགས་པའི་བཟང་སྤྱོད་ཀྱི་རྣམ་གཞག་ནི་དངོས་གནས་བྱས་ན་ཡེ་ཤུའི་གསུང་རབ་བྷ་ཡེ་བྷལ་དང་གནའ་བོའི་གྷི་རིག་གི་ཐབས་ཚུལ་མཉམ་སྡེབ་བྱས་པ་ཞིག་རེད། གནའ་བོའི་གྷི་རིག་གི་འགྲེལ་ཚུལ་ནང་། ལྷ་ཡུལ་ནང་ཡོད་པའི་ནུས་མཐུ་ཀུན་ལྡན་ཞིག་གིས་སྒྲིག་ཁྲིམས་གསུངས་པའི་ཚབ་ལ་སྒྲིག་ཁྲིམས་དེ་ཆབ་འབངས་མི་སེར་གྱི་ཁྲིམས་བཟོ་ལྷན་ཚོགས་ཤིག་གིས་བཟོས་ཡོད། ཆབ་འབངས་རྣམས་མཉམ་འདུས་ཀྱིས་སྤྱི་ཚོགས་ལ་ཕན་པའི་ཆེད་དུ་སྒྲིག་ཁྲིམས་བཟོ་གི་ཡོད། འདི་ནི་སླར་ཡང་ “སྒྲིག་ཁྲིམས་དེ་ལ་བཀའ་བརྩི་དང་ལེན་བྱས་ན་གནས་སྟངས་ཡག་པོ་ཡོང་བ་དང་། བཀའ་བརྩི་དང་ལེན་མ་བྱས་ན། རང་ཉིད་སྤྱི་ཚོགས་དེའི་མི་སེར་ངན་པ་ལྟ་བུར་བཙོན་དུ་བཅུག་པ་དང་ཉེས་ཆད་འགེལ་གྱི་ཡོད་པའི་” གནད་དོན་དེ་རེད། 

ནུབ་ཕྱོགས་ཀྱི་སྤྱི་ཚོགས་ལ་མཚོན་ན། ཡེ་ཤུའི་གསུང་རབ་བྷ་ཡེ་བྷལ་དང་སྤྱི་དམངས་ཀྱི་བཟང་སྤྱོད་དེ་དོ་སྣང་བྱ་འོས་ཤིག་ཏུ་མཉམ་སྡེད་བྱེད་ཀྱི་ཡོད། འོན་ཀྱང་དེ་གཉིས་ཀ་ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་དང་འབྲེལ་བ་མེད། ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་གི་ནང་། གནད་དོན་གཙོ་བོ་ནི་སྒྲིག་ཁྲིམས་དེ་དག་གང་ཡིན་འཚོལ་རྒྱུ་དེ་མ་རེད། གལ་ཏེ་ང་ཚོས་དེ་དག་གསལ་པོའི་སྒོ་ནས་ཤེས་རྟོགས་ཐུབ་ན། ང་ཚོས་དེ་དག་ལ་བརྩི་འཇོག་བྱ་དགོས་རྒྱུ་དེ་རང་རེད། དེ་ནི་གོམས་འདྲིས་རྩ་ནས་མ་རེད། སངས་རྒྱས་ཀྱིས་གཞི་རྩའི་ཆ་ནས་ང་ཚོས་གང་བྱེད་ “དགོས་” དང་ “མི་དགོས་” ཀྱི་སྐོར་གསུངས་མེད། སངས་རྒྱས་ཀྱིས་གང་གསུངས་ཡོད་ཅེ་ན། “གལ་ཏེ་ཁྱེད་ཀྱིས་བྱ་བ་འདི་འདྲ་བརྩམས་ན། འབྲས་བུ་འདི་འདྲ་ཞིག་མྱོང་གི་རེད། གལ་ཏེ་ཁྱེད་ཀྱིས་བྱ་བ་དེ་འདྲ་ཞིག་བརྩམས་ན། འབྲས་བུའང་དེ་དང་འདྲ་བ་ཞིག་མྱོང་ངེས་རེད་” ཅེས་གསུངས་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་གང་བྱེད་འདོད་ཡོད་དང་མེད་དེ་སོ་སོ་རང་ཉིད་ལ་རག་ལུས་ཡོད། ང་ཚོས་གང་བྱེད་དང་མི་བྱེད་དེ་སོ་སོའི་གདམ་ཀ་རེད། གལ་ཏེ་ང་ཚོས་མུ་མཐུད་དེ་སོ་སོའི་མགོ་བོ་རྩིག་པར་བརྡབས་ན། རང་གིས་རང་ལ་མུ་མཐུད་དེ་གནོད་འཚེ་བྱེད་ཀྱིན་ཡོད་པ་དང་། གལ་ཏེ་ང་ཚོས་སོ་སོའི་མགོ་བོ་རྩིག་པར་བརྡབ་རྒྱུར་མཚམས་འཇོག་བྱས་ན། སྐྱིད་པ་ཡོང་རྒྱུ་རེད། ཁོང་གིས་ “ཁྱེད་ཀྱིས་སོ་སོའི་མགོ་བོ་རྩིག་པར་བརྡབ་རྒྱུ་དེ་མཚམས་འཇོག་བྱེད་དགོས་” ཞེས་གསུང་གི་མེད། ཁོང་གིས་གང་གསུང་གིན་ཡོད་ཅེ་ན། ཁྱེད་ཀྱིས་མགོ་བོ་རྩིག་པར་བརྡབ་པའི་སྐབས་དང་མ་བརྡབ་པའི་སྐབས། ག་རེ་འབྱུང་གི་ཡོད་དམ་ཞེས་གསུང་གི་ཡོད། 

དེར་བརྟེན་ང་ཚོ་སྒེར་སོ་སོ་ཡིན་པའི་ཆ་ནས་རྣམ་པར་འབྱེད་པ་དང་གདམ་ཀ་བྱ་རྒྱུ་དེ་སོ་སོར་རག་ལུས་ཡོད། གལ་ཏེ་ང་ཚོས་སོ་སོ་རང་ཉིད་ཀྱི་ཆེད་དུ་སྡུག་བསྔལ་སྤོང་བ་དང་དཀའ་ངལ་མི་བཟོ་བར་འདོད་ན། ང་ཚོས་སོ་སོའི་སྤྱོད་ལམ་འདི་འདྲའམ་དེ་འདྲའི་སྒོ་ནས་ལེགས་བཅོས་གཏོང་དགོས། གལ་ཏེ་ང་ཚོར་ཁྱད་པར་མེད་ན། དེ་ག་རང་རེད། འགྱུར་བ་གཏོང་མི་དགོས། དེ་ནི་བཟང་ངན་གྱི་དྲི་བ་ཞིག་མིན། དེ་ནི་གལ་ཏེ་ཁྱེད་རང་མུ་མཐུད་དེ་སྡུག་བསྔལ་མྱོང་འདོད་ཡོད་ན། དེ་ནི་ “ཁྱེད་ཀྱི་གདམ་ཀ་རེད་ལ་དམིགས་བསལ་ཐོབ་ཐང་རེད། གལ་ཏེ་ཁྱེད་ཀྱིས་སྡུག་བསྔལ་སྤོང་བར་འདོད་ན། ཁྱེད་ཀྱིས་སོ་སོའི་སྤྱོད་ལམ་ལ་ལེགས་བཅོས་གཏོང་དགོས་ཀྱི་ཡོད་” ཅེས་པ་ཙམ་དེ་རེད། དེས་སྤྱི་ཚོགས་ཀྱི་ནང་སྒྲིག་ཁྲིམས་ངེས་ཅན་དེ་འདྲ་དགོས་ངེས་ཅན་ཡིན་པར་ཁས་ལེན་མི་བྱེད་པ་མིན། ང་ཚོས་ད་དུང་ཡང་ནག་ཉེས་ཅན་རྣམས་ཀྱིས་མུ་མཐུད་ནས་མི་རྣམས་མི་གསོད་པའི་ཆེད་ཁོང་ཚོ་བཙོན་དུ་འཇུག་དགོས་ཀྱི་ཡོད། ནང་པའི་བཟང་སྤྱོད་ཀྱི་རྣམ་གཞག་ནི་དེ་དང་འགལ་གྱི་མེད། 

སོ་སོ་སྒེར་གྱི་ཡར་རྒྱས་ལ་ཆ་བཞག་ན། ང་ཚོས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་གོང་དུ་སྤེལ་བར་བརྟེན་ནས་སོ་སོ་ཡར་རྒྱས་འགྲོ་གི་ཡོད། ང་ཚོས་སོ་སོ་རང་ཉིད་དང་གཞན་རྣམས་ལ་གང་ཕན་ཐོགས་ཅན་དང་གནོད་གཞི་ཅན་ཡིན་པའི་དབར་ལ་ངེས་པར་དུ་རྣམ་པར་འབྱེད་དགོས། གཞན་ལ་གང་གིས་གནོད་རྒྱུ་ཡིན་པ་དེ་ཤེས་རྒྱུ་དཀའ་ལས་ཆེ་བ་ཡོད། བྱས་ཙང་། སོ་སོ་རང་ཉིད་ལ་གང་གིས་གནོད་རྒྱུ་ཡིན་པ་དེ་སྤོང་བར་ནན་བརྗོད་བྱེད་ཀྱི་ཡོད། དཔེར་ན། ང་ཚོས་ཕ་རོལ་པོ་དེ་སྐྱིད་པོ་ཞིག་ཡོང་ན་བསམ་པའི་ཀུན་སློང་དང་བཅས་དེ་ལ་རྒྱ་སེ་མེ་ཏོག་ཅིག་སྤྲོད་སྲིད་ནའང་། དེ་ཕ་རོལ་པོ་དེའི་འབྱུང་ཁམས་ལ་མི་འཕྲོད་པར་གནོད་སྲིད་པ་ལྟ་བུ་རེད། ང་ཚོས་མི་གཞན་ཞིག་ལ་གང་གིས་དངོས་གནས་ཕན་གྱི་ཡོད་མེད་དེ་ཤེས་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། བྱས་ཙང་། སྐབས་འདིར་ནན་བརྗོད་བྱེད་ས་ནི་རང་ཉིད་ལ་གང་ཕན་ཐོགས་ཅན་དང་གནོད་གཞི་ཅན་ཡིན་པའི་དབར་ལ་རྣམ་པར་འབྱེད་པ་དེ་རེད། འདི་ནི་ཁྱད་པར་འབྱེད་སླ་བ་ཡོད། འདི་ནི་ “ངས་འདི་བྱེད་དགོས་པ་” དང་ “ངས་ཕ་གི་བྱེད་མི་དགོས་” པའི་གནད་དོན་ཞིག་མིན། འོན་ཀྱང་དེ་རྟོགས་པའི་ཚབ་ལ་ང་ཚོས་ནམ་རྒྱུན་ཡང་སེ་དགེ་བའི་བཤེས་གཉེན་རྣམས་ལ་ “ངས་གང་བྱ་དགོས་སམ། ངས་ཉམས་ལེན་ཇི་ལྟར་བྱེད་དགོས་སམ། ངས་ག་རེ་བྱེད་དགོས་སམ་” ཞེས་བཀའ་འདྲི་ཞུ་བ་དང་བསྟུན་ནས་རྗེས་སུ་འབྲང་གི་ཡོད། དེ་ནི་ཕན་ཐོགས་དང་ལྡན་པ་མིན། 

ཉེས་ཆད་ཀྱི་འཇིགས་པར་གདོང་ལེན་བྱེད་པ།

འོན་ཀྱང་ངས་ལས་རྒྱུ་འབྲས་སྐོར་གྱི་རྣམ་པ་འདི་ཤེས་རྟོགས་བྱུང་བ་དང་ངས་གནོད་གཞི་ཅན་གྱི་ལས་བྱེད་པའི་སྐབས། ད་དུང་ཡང་ང་རང་ལ་འཇིགས་སྐྲག་གི་ཚོར་བ་ཞིག་འདུག །ང་ལ་ཉེས་ཆད་ཀྱི་འཇིགས་པ་ཞིག་འདུག །ངས་གང་བྱེད་པ་དེ་འཇིགས་པ་དང་བྲལ་ཞིང་། རང་དབང་ངང་ནས་གདམ་ཀ་བྱེད་ནུས་པ་ཞིག་འདོད་ཀྱི་ཡོད། ངས་གདམ་ཀ་དེ་བཟང་པོའི་སྒོ་ནས་བྱེད་འདོད་ཡོད་པ་དང་འཇིགས་སྐྲག་དབང་གིས་གནོད་གཞི་ཅན་གྱི་སྤྱོད་ལམ་དེ་སྤོང་ཐབས་བྱེད་འདོད་མེད། དེ་ནི་བྱིས་པའི་ངང་ཚུལ་ལམ་ཅོལ་ཆུང་ཞིག་ཡིན་པས། ང་རང་དེ་ལ་མི་དགའ། བྱས་ཙང་། ངས་འཇིགས་པ་འདི་དང་ནག་ཉེས་ཅན་གྱི་ཚོར་བ་འདི་སྤོང་བའི་ཕྱིར། རང་གིས་རང་ལ་སྦྱོང་བརྡར་དང་ཉམས་ལེན་ཇི་ལྟར་བྱེད་ཐུབ་བམ། 

འཇིགས་སྐྲག་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་འཛིན་པའི་ “ང་” ཞེས་བྱ་བ་ལ་གཞི་བྱས་ཡོད། ང་ཚོས་ “ང་” ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པར་བསམ་པ་དང་། ང་ཚོས་ “ང་” དེའི་ཆེད་དུ་ངོས་ལེན་དགོས་འདོད་བྱས་ནས་ངོས་ལེན་མེད་པ་དང་ཉེས་ཆད་ལ་ང་ཚོ་འཇིགས་སྣང་སྐྱེ་གི་ཡོད། ང་ཚོར་འཇིགས་པ་དེ་ཡོད། དེ་ཡང་ “ང་” ཙམ་ལ་སེམས་འཁུར་དང་བཅས་རང་ངོས་ནས་སམ་ཡང་ན་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” འདིས་མགུ་བར་འདོད་པ་དང་ངོས་ལེན་བྱེད་པར་འདོད་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ནུས་མཐུ་ལྡན་པ་དེ་ལ་ཡིད་ཆེས་ཡོད་པའི་སྒོ་ནས་ད་དུང་ང་ཚོས་དཀའ་རྙོག་བཟོ་བ་གང་རུང་གི་ཐོག་ནས་གོ་བ་ལོག་སྒྲུབ་དེ་ཡོད་ཆོག །རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ནུས་མཐུ་ལྡན་པ་དེས་ང་ཚོ་བསྐྱུར་བར་འཇིགས་སྐྲག་ཡོད་པ་སོང་ཙང་། དེས་ད་དུང་དཀའ་རྙོག་ཆེ་རུ་བཟོ་གི་ཡོད།

ངས་འདི་འགྲེལ་བརྗོད་བྱེད་ཚུལ་ནི་དངོས་གནས་དྲང་པོ་མིན་པ་དེ་ངས་ཤེས་ཀྱི་ཡོད། གང་ཡིན་ཞེ་ན། ང་ཚོས་སླར་ཡང་། “ང་རང་སྡུག་ཅག་ཡིན། ངས་དེ་མ་རྟོགས་པ་ནི་གླེན་རྟགས་ཅན་རེད་” ཅེས་བསམ་པའམ། ཡང་ན་མཐའ་གཞན་དེར་ཕྱིན་ཏེ། “ང་རང་གྲུབ་མེད་” ཅེས་བསམ་པའི་སྒོ་ནས་ནང་ཆོས་ཀྱི་གཏིང་ཟབ་པའི་ཆོས་ཚུལ་འདི་ལ་ཡ་ལན་མི་སློག་པའི་ཆེད། ང་ཚོས་སྟོང་པ་ཉིད་ཀྱི་སྐོར་ལ་དངོས་གནས་གཏིང་ཇེ་ཟབ་ཏུ་འགྲོ་དགོས་ཀྱི་ཡོད། བྱས་ཙང་། དེའི་སྐོར་ངས་ཉུང་བསྡུས་ཙམ་ཞིག་ཞུ་འདོད་བྱུང་།

འཁྲུལ་སྣང་།

གཞི་རྩའི་ཆ་ནས་ང་ཚོའི་སེམས་ཀྱིས་ཆོས་རྣམས་དངོས་པོའི་གནས་ལུགས་དང་མི་མཐུན་པ་ཞིག་སྣང་བར་བྱེད་ཀྱི་ཡོད། དེ་ནི་རང་ཤུགས་ཀྱིས་འབྱུང་གི་ཡོད། ང་ཚོའི་བསམ་བློའི་ནང་སྐད་ཆ་ཤོད་མཁན་གྱི་སྒྲ་སྐད་ཅིག་ང་ཚོས་ཉམས་སུ་མྱོང་གི་ཡོད་པ་དང་། ང་ཚོའི་སེམས་ཀྱིས་སྒྲ་སྐད་དེ་ནི་མི་ཞིག་གིས་ནང་ནས་སྐད་ཆ་ཤོད་བཞིན་ཡོད་པ་ལྟར་སྣང་བར་བྱེད་ཀྱི་ཡོད། དེ་ནས་སྐད་ཆ་ཤོད་མཁན་གྱི་སྒྲ་སྐད་དེའི་རྩོམ་པ་པོ་ཞིག་ཡོད་པ་ལྟར་སྣང་གི་ཡོད་པ་དང་། དེས་ “ད་ངས་གང་བྱེད་དགོས་སམ། ཨ་ཙི། བྱུང་མ་སོང་། འདི་འདྲ་ཞིག་འབྱུང་རྒྱུ་རེད་” ཅེས་བརྗོད་ཀྱིན་ཡོད། དེ་འདྲ་ཞིག་སྣང་བ་དང་ང་ཚོས་སྒྲ་སྐད་ཀྱི་བྱེད་པོའམ་རྩོམ་པ་པོ་དེ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” ཞེས་བྱ་བ་དེ་ཡིན་བསམ་གྱི་ཡོད། 

ང་ཚོས་འཁྲུལ་སྣང་ཞེས་པའི་སྐོར་ཤོད་སྐབས། འདི་ལྟ་བུ་ནམ་རྒྱུན་ང་ཚོ་ཚང་མར་ཡོད་པའི་སྤྱིར་བཏང་གི་སྣང་བའི་རིགས་ཀྱི་སྐོར་ཤོད་ཀྱིན་ཡོད། ང་ཚོའི་སེམས་ཀྱིས་དེ་ནི་ “ང་” ཞེས་བྱ་བའི་གང་ཟག་ཆུང་ཆུང་ཞིག་ཡོད་པ་དང་དེ་ནི་ང་ཚོའི་བསམ་བློའི་ནང་གི་སྟངས་འཛིན་ཁང་གི་རྒྱབ་ཏུ་བསྡད་ཡོད་པ་ལྟར་སྣང་བར་བྱེད་ཀྱི་ཡོད། གནས་ཚུལ་དེ་དག་ཐམས་ཅད་ང་ཚོའི་མིག་དང་རྣ་བའི་ནང་སླེབས་ཏེ། “ང་” ཆུང་ཆུང་དེས། “ཨོ། ངས་གང་བྱེད་དགོས་སམ། ངས་ཕལ་ཆེར་འདི་བྱེད་དགོས་ཀྱི་འདུག །ཡང་ན་ངས་ཕལ་ཆེར་ཕ་གི་བྱེད་དགོས་ཀྱི་འདུག །ཨོ། ངས་འདི་བྱེད་ཀྱི་ཡིན་” ཞེས་ཟེར་བ་དང་། དེ་ནས་མཐེབ་ཅུ་ཞིག་མནན་པ་དང་དེས་རང་གི་ལུས་པོར་འདི་འདྲ་ཞིག་ཤོད་དགོས་པ་དང་དེ་འདྲ་ཞིག་བྱེད་དགོས་པ་བཟོ་གི་ཡོད། 

དེ་ནི་ང་ཚོས་བདེན་པ་ཡིན་པར་ཡིད་ཆེས་བྱེད་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” ཞེས་བྱ་བའི་བསམ་བློའི་འཆར་སྒོ་འདི་རེད། ང་ཚོའི་སེམས་ཀྱིས་འཁྲུལ་བའི་སྒོ་ནས་ཆོས་རྣམས་སྣང་བར་བྱེད་ཚུལ་ཙམ་དེ་ཡིན་པ་དང་། དེ་ནི་ “ངས་འདི་བྱེད་དགོས་པ་དང་ངས་གང་བྱེད་དགོས་སམ་” ཞེས་དང་།  “ང་རང་བཟང་པོ་ཆགས་འདོད་འདུག །ངན་པ་ཆགས་འདོད་མེད་” ཅེས་པའི་མངོན་རྟགས་ཡོངས་སུ་རྫོགས་པ་འདིའི་ནང་གི་འཇིགས་པའི་གཞི་རྟེན་དེ་རེད། འོན་ཀྱང་བདེན་དོན་ངོ་མ་ནི་ང་ཚོའི་བསམ་བློའི་ནང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་རྣམ་པ་ཆུང་ཆུང་ཞིག་མེད། ངས་གང་བྱེད་དགོས་པའི་ཐད་ལ་ཧ་ཅང་སེམས་འཁྲལ་བྱེད་མཁན་དེ་དང་བྱ་བ་ནོར་བ་ཞིག་བྱེད་པར་ཧ་ཅང་འཇིགས་སྐྲག་སྐྱེ་མཁན་དེ་གང་དུ་ཡོད་དམ། དེ་ལྟ་བུའི་ “ང་” ཞེས་བྱ་བ་ཡོད་པར་དངོས་གནས་འཛིན་པ་སྐྱེ་བའི་སྐབས། “འཛིན་པ་” ཞེས་པའི་ཚིག་ནི་རྟོགས་རྒྱུ་ཧ་ཅང་ལས་སླ་པོ་ཞིག་མེད། ང་ཚོར་འཇིགས་པ་འདི་སྐྱེ་གི་ཡོད། 

འཛིན་པ།

ད་ང་ཚོས་ “འཛིན་པ་” ཞེས་པའི་ཚིག་འདི་འཚོལ་ཞིབ་བྱ་རྒྱུ་ཡིན། ངའི་སེམས་ནང་རྟག་ཏུ་འབྱུང་བའི་སྣང་བརྙན་ནི་ཙི་ཙི་ཞིག་རྫིང་བུའི་ནང་འབྱིང་བཞིན་པ་དང་དེའི་ཉེ་འཁོར་དུ་འཕྱོ་བཞིན་པའི་དངོས་པོ་གང་ཞིག་ལ་ཙི་ཙི་དེས་འཛིན་རྒྱུ་ཡིན་པ་དང་། གང་ལྟར་ཡང་དེ་ལ་བཟུང་ནས་རང་ཉིད་ཆུས་མི་ཁྱེར་བར་བྱེད་ཀྱི་ཡོད་པ་དེ་རེད། ང་ཚོས་འཛིན་པའི་སྐོར་ཤོད་སྐབས། དེར་འ་ཆད་འུ་ཐུག་གི་གནས་སྟངས་ཤིག་ཡོད་པ་དང་ང་ཚོར་ཉེན་སྲུང་མེད་པ་དང་རྨོངས་པ་ཧ་ཅང་ཤུགས་ཆེན་ཡོད། བྱས་ཙང་། ང་ཚོས་གནས་སྟངས་བརྟན་པོ་བཟོ་བའི་ཕྱིར། རྫིང་བུའི་ནང་འབྱིང་བཞིན་པའི་ཙི་ཙི་དེ་དང་འདྲ་བར་ག་རེ་ཡིན་ནའང་དེ་ལ་འཛིན་གི་རེད། དཔེ་ཆ་བཞག་ན། ང་ཚོ་མི་ཞིག་དང་མཉམ་དུ་གནས་སྟངས་ཁག་པོའི་ནང་ཡོད་པའི་སྐབས། མི་དེས་གང་བྱེད་པ་དེར་ང་ཚོས་འཛིན་པ་དང་ “ཨ་ཙི། དེའི་དོན་ནི་ཁྱེད་ཀྱིས་ང་ལ་དངོས་གནས་བརྩེ་བ་མེད་པ་རེད་” ཅེས་བསམ་པའམ། ཡང་ན་ “དེའི་དོན་ནི་ཁྱེད་ཀྱིས་ང་ལ་བརྩེ་བ་རྩ་བ་ཉིད་ནས་མེད་པ་རེད་” ཅེས་བསམ་གྱི་ཡོད། 

ཡང་ན་ང་ཚོ་འབྲེལ་ལམ་ཁག་པོ་ཞིག་གི་ནང་ཡོད་པ་དང་མི་གཞན་དེས་རྟག་ཏུ་ང་ཚོར་དཀའ་ངལ་བཟོ་བ་དང་ཆོ་མེད་པའི་ལས་ཀ་ཧ་ཅང་སྡུག་ཅག་དེ་འདྲ་བྱེད་ཀྱི་ཡོད་པ་ལྟ་བུ་རེད། འོན་ཀྱང་ང་ཚོས་དེ་ངོས་ལེན་བྱེད་འདོད་མེད་པ་དང་ང་ཚོ་འདོར་གྱི་རེད་བསམ་པའི་ཞེད་སྣང་དེ་ཡོད། བྱས་ཙང་། ང་ཚོས་གཅིག་ལ་འཛིན་གྱི་ཡོད། དཔེར་ན། ང་ཚོས་མཉམ་དུ་འཁྲིག་པ་སྤྱོད་པ་དང་མི་དེས་རང་ཉིད་འཁྲིག་པའི་བདེ་བས་ཚིམ་པ་ཁོ་ནའི་ཆེད་དུ་ང་ཚོ་བཀོལ་སྤྱོད་བྱེད་ཀྱིན་ཡོད་ན། ང་ཚོས་དེ་ལ་འཛིན་པ་དང་ “མ་མཐར་ཡང་ང་དང་མཉམ་དུ་འཁྲིག་པ་སྤྱོད་པ་དེས་མི་དེ་ང་ལ་དངོས་གནས་བརྩེ་བ་ཡོད་པ་སྟོན་གྱི་ཡོད་” ཅེས་བསམ་གྱི་ཡོད། ང་ཚོས་དེ་ལ་ཙི་ཙི་རྫིང་ཆུའི་ནང་འབྱིང་བཞིན་པ་ནང་བཞིན་དམ་པོར་འཛིན་གྱི་ཡོད། གང་ཡིན་ཞེ་ན། གལ་ཏེ་ང་ཚོས་བློས་གཏོང་བྱས་ན། ང་ཚོ་ཆུས་འཁྱེར་རྒྱུ་ཡིན་པ་དང་འདོར་རྒྱུ་ཡིན་པར་ཞེད་སྣང་སྐྱེ་གི་ཡོད། 

མི་ཚེ་ནི་དེ་དང་འདྲ་པོ་རེད། དེ་ནི་དངངས་སྐྲག་ཅན་ཞིག་རེད། ང་ཚོས་གང་བྱེད་དགོས་མིན་ཤེས་ཀྱི་མེད། དེ་ནི་མགོ་རྙོག་ཚ་པོ་རེད། ང་ཚོར་བརྟན་པོ་ཞིག་དགོས་ཀྱི་ཡོད་པ་སོང་ཙང་། ང་ཚོས་རྟོག་འཆར་སྐྲུན་པའི་རྟོག་སྒྲུང་འགའ་ཞིག་ལ་འཛིན་གྱི་ཡོད། ང་ཚོར་བརྟན་པ་དང་ཉེན་སྲུང་ཆེ་བ་བཟོ་རྒྱུ་ཡིན་པ་དང་། ང་ཚོར་བདེན་པར་གྲུབ་པའི་ཆོས་ཤིག་ལ་ཡིད་ཆེས་བྱེད་ས་ཞིག་ལ་འཛིན་གྱི་ཡོད། དཔེར་ན། ང་ཚོས་བསམ་བློའི་ནང་གི་སྒྲ་སྐད་ལ་འཛིན་པ་དང་ “དེ་ནི་ང་རེད་” ཅེས་བསམ་པའམ། ཡང་ན་ང་ཚོས་རང་གི་ལུས་པོ་དང་། འཚོ་ལས། སྣུམ་འཁོར། གཅེས་ཁྱི་སོགས་གང་ལའང་འཛིན་ཆོག །དེ་ནི་ཧ་ཅང་རྙོག་འཛིངས་ཅན་གྱི་རྒྱུད་རིམ་ཞིག་རེད། ང་ཚོས་དེའི་སྐོར་འདིར་རྒྱས་བཤད་བྱ་རྒྱུའི་དུས་ཚོད་མེད། ཡིན་ནའང་གཏིང་ཟབ་པའི་ཚོར་བ་ནི་དྲན་ཤེས་དང་ལྡན་རུང་མི་ལྡན་རུང་གལ་ཏེ་ང་ཚོས་གཅིག་ལ་མ་བཟུང་བ་ཡིན་ན། རང་ཉིད་ཆུས་འཁྱེར་རྒྱུ་རེད། 

ང་ཚོར་སྒྲིག་ཁྲིམས་ཀྱི་ཐད་བསམ་བློ་འདི་དང་འདྲ་མཚུངས་ཤིག་ཡོད། ང་ཚོས་ “གང་བྱེད་དགོས་པ་དང་མི་དགོས་པར་” འཛིན་གྱི་ཡོད། གང་ཡིན་ཞེ་ན། གལ་ཏེ་ང་ཚོར་སྒྲོམ་གཞི་དེ་མེད་པ་དང་སྟངས་འཛིན་ནང་མེད་ན། ཆུས་འཁྱེར་རྒྱུ་ཡིན་པ་ང་ཚོས་ཚོར་གྱི་ཡོད། དངོས་ཡོད་གནས་ཚུལ་ལ་ང་ཚོས་རྐྱལ་རྒྱག་ཐུབ་ཀྱི་ཡོད། ང་ཚོར་རྐྱལ་རྒྱག་པའི་གདམ་ཀ་དེ་ཡོད་པ་དང་ང་ཚོས་རྐྱལ་རྒྱག་ཐུབ། ང་ཚོས་གང་ལའང་འཛིན་པ་སྐྱེ་དགོས་དོན་མེད། ང་ཚོས་མི་ཚེ་ཧ་ཅང་རྩོལ་མེད་རང་བཞིན་དང་གུ་ཡངས་ཀྱི་སྒོ་ནས་སྟངས་འཛིན་བྱེད་ཐུབ། འདི་ནི་གང་ཕན་ཐོགས་ཅན་དང་གང་གནོད་གཞི་ཅན་ཡིན་པའི་བར་རྣམ་པར་འབྱེད་པའི་ཤེས་རབ་ལ་བརྟེན་ནས་ཡིན་ངེས་པ་རེད། ཡིན་ནའང་གང་ཕན་ཐོགས་ཅན་དང་གནོད་གཞི་ཅན་ཡིན་པའི་ཤེས་བྱ་དེ་ནི་རྡོ་ལ་བརྐོས་པའི་རྡོག་རྡོག་ཚུགས་ཐུབ་ཀྱིས་སྒྲིག་ཁྲིམས་དེ་འདྲ་མ་རེད། 

ངག་གི་རྣམ་པར་རྟོག་པ།

སེམས་ཀྱིས་ཚིག་གི་སྒྲ་ལ་བརྟེན་ནས་མི་འགའ་ཞིག་ལ་རྟོག་པའི་སྒོ་ནས་བྱ་བ་བྱེད་ཀྱི་ཡོད། འགྲིག་གི་རེད། དེ་གང་ཡིན་པ་དེ་ག་རང་རེད། གནས་ཚུལ་ཆེན་པོ་གང་ཡང་མིན། དེ་ནི་ས་འགུལ་བ་ལྟ་བུའི་གནད་དོན་ཆེན་པོ་གང་ཡང་མིན། ཚིག་དེ་དག་ཤོད་མཁན་གྱི་དེར་ཡོད་པའི་གཟུགས་རྣམ་ཆུང་ངུ་འགའ་ཡོད་པ་ལྟར་སྣང་གི་ཡོད་ནའང་། དེ་འདྲ་ཞིག་ནི་མེད། ང་ཚོའི་བསམ་བློའི་ནང་གི་སྒྲ་སྐད་དེ་ནི་ང་ཚོའི་སེམས་ཀྱི་བྱ་བ་བྱེད་ཚུལ་ཙམ་ཞིག་རེད། དེ་ཡང་ནམ་རྒྱུན་དེ་དང་འབྲེལ་ནས་ཡོད་པའི་ཚིག་གི་སྒྲ་སྐད་ཡོད་པ་ལ་བརྟེན་ནས་བྱ་བ་བྱེད་ཀྱི་ཡོད། 

ང་ཚོས་ད་དུང་ཡང་ཐག་གཅོད་བྱེད་ཆོག་པ་དང་ཚིག་ལ་བརྟེན་ནས་བསམ་བློ་གཏོང་བར་གཞི་བྱས་ནས་ཀྱང་ཐག་གཅོད་བྱེད་ཆོག །འོན་ཀྱང་དེ་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” ཞེས་བྱ་བ་ཞིག་ང་ཚོའི་བསམ་བློའི་ནང་ཡོད་པ་དང་དེས་ “ངས་གང་བྱེད་དགོས་སམ་” ཞེས་སྐད་ཆ་ཤོད་པའམ་སེམས་འཁྲལ་བྱེད་པའི་བསམ་བློར་གཞི་མི་བྱེད་པའི་སྒོ་ནས་ཐག་གཅོད་བྱེད་ཀྱི་ཡོད་པ་དང་། དེ་ནི་བྱ་སྤྱོད་ནོར་བ་ཞིག་སྤེལ་བར་ཧ་ཅང་ཞེད་སྣང་སྐྱེ་གི་ཡོད། དེ་ནི་བྱེད་དགོས་པ་ཙམ་རེད། གང་ཞིག་ཕན་ཐོགས་ཅན་དང་གནོད་གཞི་ཅན་ཡིན་པའི་བར་རྣམ་པར་འབྱེད་པ་ལ་བརྟེན་ནས་མི་ཚེའི་ནང་བྱ་སྤྱོད་སྤེལ་དགོས། ང་ཚོས་གནོད་གཞི་ཅན་གྱི་ལས་བྱེད་འདོད་མེད་ངེས་རེད། ཡིན་ནའང་ང་ཚོས་རང་གིས་རང་ལ་སྤྲོས་བཤད་བྱ་རྒྱུ་མང་མི་དྲག་པར་འབད་བརྩོན་བྱེད་དགོས་པ་དང་། གནས་ཚུལ་གང་འབྱུང་བ་ཡིན་ནའང་དེ་ལ་འགན་འཁྲི་ཡོད་པའི་གང་ཟག་དེ་ནི་མཐའ་གཅིག་ཏུ་ང་ཡིན་ཞེས་བསམ་དགོས། ང་ཚོ་མིན། ང་ཚོས་གནས་སྟངས་ཤིག་ལ་མཐུན་རྐྱེན་སྦྱོར་ཆོག་ཀྱང་། ང་ཚོ་ནི་རྒྱུ་ཁོ་ན་དེ་མིན། ང་ཚོ་གནོད་པ་སྐྱེལ་བར་འཇིགས་པ་སྐྱེ་ཆོག་ནའང་། དེ་ལ་ཞེད་སྣང་སྐྱེ་རྒྱུ་མེད། 

ང་ཚོས་ཤུགས་ཆེན་པོའི་སྒོ་ནས་གནོད་འཚེ་བྱེད་འདོད་མེད་སྲིད་པ་དང་དེ་ནི་ཞེད་སྣང་སྐྱེ་བ་དང་མི་འདྲ་བ་ཡིན། དེ་ནི་ “ངས་གནོད་འཚེ་བྱེད་འདོད་མེད། ངས་གནོད་འཚེ་མི་བྱ་རྒྱུ་ཐབས་ཤེས་བྱེད་ཀྱི་ཡིན། ངས་རང་གཞན་གཉིས་ཀར་གནོད་འཚེ་བྱེད་འདོད་མེད་” ཅེས་པའི་ཀུན་སློང་དང་འདུན་སེམས་ཤུགས་ཆེན་དེ་རེད། གནས་སྟངས་འདི་དག་ཐམས་ཅད་ལ་ཞེད་སྣང་གིས་འདར་བཞིན་པའི་སེམས་ནང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” ཆུང་ཆུང་ཞིག་ནི་མེད། འོན་ཀྱང་དེ་རྟོགས་པའི་སྒོ་ནས་ང་ཚོས་ཀུན་རྫོབ་ཀྱི་ “ང་” འདི་དགག་པ་མི་རྒྱག་རྒྱུར་གཟབ་ནན་བྱེད་དགོས། དཔེར་ན། “ང་འདིར་ཡོད། ངས་འདི་བྱེད་བཞིན་ཡོད། ཕ་གི་བྱེད་འདོད་མེད་” ཅེས་པ་ལ་སོགས་པ་ལྟ་བུ་དང་། “ང་རང་སྡུག་བསྔལ་མྱོང་འདོད་མི་འདུག་” ཟེར་བ་ལྟ་བུ་རེད། ཀུན་རྫོབ་ཀྱི་ “ང་” ནི་ “ང་” ཟེར་བའི་ཚིག་དེ་གང་ལ་གོ་བ་དེའི་ཚུལ་དུ་གྲུབ་པ་ཙམ་རེད། དེ་ནི་ང་ཚོ་སོ་སོ་སྒེར་གྱི་མྱོང་བའི་རྒྱུན་ལ་གཞི་བྱས་ནས་བཏགས་པ་ཞིག་རེད། 

མདོར་ན་དེ་ནི་ལས་སླ་པོ་ཞིག་མེད་ཀྱང་། འཇིགས་པ་ལས་ཐར་བའི་ཐབས་གཅིག་རང་ཡོད་པ་ནི། སྟོང་པ་ཉིད་རྟོགས་རྒྱུ་དེ་རེད། ཕྱོགས་གཅིག་ནས་ཞེད་སྣང་སྐྱེ་དགོས་པ་གང་ཡང་མེད་པ་དང་སུ་ལའང་ཞེད་སྣང་སྐྱེ་དགོས་པ་མེད། ཕྱོགས་གཞན་ཞིག་ནས་ང་ཚོ་གྲུབ་མེད་པ་ལྟ་བུར་རང་གིས་རང་ལ་ཡོངས་སུ་ནུས་མེད་མི་བཟོ་རྒྱུར་གཟབ་ནན་བྱེད་དགོས། ང་ཚོར་ཞེད་སྣང་གི་མཐའ་ཞིག་གམ། ཡང་ན་ “ངས་གང་བྱེད་པར་ཁྱད་པར་མེད། གང་ཡིན་ཞེ་ན། ང་ནི་དངོས་གནས་གྲུབ་མེད་” ཅེས་པའི་མཐའ་ཞིག་ལ་མི་ལྷུང་བའི་དབུ་མའི་ལམ་ཞིག་ཡོད་དགོས་ངེས་རེད། “ངས་གང་བྱེད་དགོས་སམ་” ཞེས་དང་ “ང་རང་བཟང་པོ་ཆགས་འདོད་འདུག །ངན་པ་ཆགས་འདོད་མི་འདུག་” །ཅེས་པ་འདི་ལ་ཧ་ཅང་སེམས་འཁྲལ་བྱེད་པའི་སྐབས་དང་དེ་འདྲ་ཞིག་མྱོང་བཞིན་པའི་སྐབས། དེ་ནི་ང་ཚོའི་སེམས་ནང་ཡོད་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” ཆུང་ཆུང་དེས་ “ངས་གང་བྱེད་དགོས་སམ་” ཞེས་ངུ་འབོད་བྱེད་བཞིན་པའི་ཕྲུ་གུ་ཆུང་ངུ་ཞིག་ཡོད་པའི་གོ་བ་ལོག་སྒྲུབ་འདི་ལས་འབྱུང་གི་ཡོད། 

སངས་རྒྱས་ཀྱི་ཆོས་གསུང་པའི་ཐབས་ལམ།

“ང་” ཞེས་བྱ་བ་འདིའི་གོ་རྟོགས་ལ་གཞི་བྱས་པའི་སངས་རྒྱས་ཀྱིས་ཆོས་གསུང་པའི་དཔེ་མཚོན་ཞིག་ནི། ཨ་མ་ཞིག་ཐེངས་ཤིག་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་འདས་གྲོངས་སུ་གྱུར་བའི་རང་གི་ཕྲུ་གུ་མ་འབྱར་ཞིག་དང་མཉམ་དུ་བཅར་བའི་སྐོར་དེ་རེད། ཨ་མ་དེས་སངས་རྒྱས་ལ་ཞུ་འབོད་དང་བཅས་ཏེ། “སངས་རྒྱས་ཁྱེད་མཁྱེན། བདག་ལ་གཟིགས་སུ་གསོལ། ངའི་ཕྲུ་གུ་འདི་གསོན་པོར་འགྱུར་བ་མཛད་རོགས་” ཞེས་ཞུས་པས། དེ་ལ་སངས་རྒྱས་ཀྱིས། “དང་པོ་ཁྱེད་ཀྱིས་སྔོན་འཆི་བ་ནམ་ཡང་བྱུང་མེད་པའི་ཁྱིམ་ཚང་ཞིག་ནས་ཡུངས་དཀར་གྱི་ས་བོན་ཞིག་ཁྱེར་ཤོག །དེ་ནས་ང་ཚོས་ཕྲུ་གུར་སླར་ཡང་གསོན་པོར་འགྱུར་རྒྱུའི་སྐོར་ཤོད་ཀྱི་ཡིན་” ཞེས་གསུངས། དེ་ལྟར་ཨ་མ་དེས་ཁྱིམ་ཚང་གཅིག་ནས་གཉིས་བརྒྱུད་དེ་ཕྱིན་པས་འཆི་བ་མ་བྱུང་བའི་ཁྱིམ་ཚང་གཅིག་ཀྱང་མེད་པ་སོང་ཙང་། ཁོ་མོས་འཆི་བ་ནི་གཅིག་ཀྱང་མ་ལུས་པར་ཚང་མར་བྱུང་ཡོད་པ་ཤེས་པ་རེད། དེ་འདྲའི་སྒོ་ནས་ཁོ་མོས་རང་གི་ཕྲུ་གུ་མ་འབྱར་ཤི་བ་དེ་ཞི་བའི་ངང་ནས་གདོང་ལེན་བྱེད་ཐུབ་པ་བྱུང་ཡོད། ཁོ་མོས་རང་ངོས་ནས་དེ་ལེགས་པར་རྟོགས་པ་རེད། སངས་རྒྱས་ཀྱིས། “ཁྱེད་ཀྱིས་ང་ལ་དྲི་བ་འདི་འདྲི་མི་ཉན། དེ་ནི་གླེན་རྟགས་ཅན་རེད། གང་ཡིན་ཞེ་ན། མི་ཚང་འཆི་རྒྱུ་རེད། མི་རྟག་པ་དང་འཆི་བ་དྲན་དགོས། ཁྱེད་ཀྱིས་དྲི་བ་དེ་དྲིས་པ་སྡུག་ཅག་རེད་” ཅེས་གང་ཡང་གསུངས་མེད། དེ་ག་ནང་བཞིན་སངས་རྒྱས་ཀྱིས། “ཨོ། ཁྱེད་ཀྱི་ཕྲུ་གུ་འདི་ལྷ་ཡུལ་ལམ་སངས་རྒྱས་ཀྱི་ཞིང་འགའ་ཞིག་ཏུ་ཕྱིན་ཟིན་པ་སོང་ཙང་། དེ་ནི་འགྲིག་གི་རེད་” ཅེས་ཀྱང་གསུངས་མེད། དེ་ལས་ལྡོག་སྟེ། སངས་རྒྱས་ཀྱིས་ཨ་མ་དེས་སོ་སོ་རང་ངོས་ནས་འཆི་བ་ཟེར་བ་དེ་རྟོགས་ཐུབ་པའི་ཆེད་དུ་གནས་སྟངས་དེ་བསྐྲུན་གནང་ཡོད། 

དེ་མཚུངས་སུ་ང་ཚོས་སོ་སོ་རང་ངོས་ནས་ཆོས་ཀྱི་ལྷུ་སྒྲིག་མགོ་རྙོག་ཅན་དེ་མཉམ་དུ་སྒྲིག་པའི་སྐབས། དེས་བག་ཆགས་གཏིང་ཟབ་པ་ཞིག་འཇོག་གི་ཡོད། གལ་ཏེ་ང་ཚོས་དགེ་བའི་བཤེས་གཉེན་གྱི་མདུན་དུ་ “ངས་གང་བྱེད་དགོས་སམ། ང་ལ་བཀའ་ལན་གནང་རོགས། དེ་ལྟར་བྱུང་ན། ངས་རང་ངོས་ནས་བསམ་བློ་གཏོང་དགོས་ས་མ་རེད་ལ། རང་ངོས་ནས་ཐག་གཅོད་དེ་འདྲ་བྱེད་དགོས་ས་མ་རེད། གང་ཡིན་ཞེ་ན། ང་རང་ཐག་གཅོད་ནོར་བ་བྱེད་པར་ཞེད་སྣང་སྐྱེ་གི་འདུག་” ཅེས་པའི་དྲི་བ་དང་མཉམ་དུ་ཕྱིན་ན། དེས་ང་ཚོས་ནང་ཆོས་ལ་བརྟེན་ནས་འཚོལ་བཞིན་པའི་ཆོས་ཕྱོགས་ཀྱི་ལམ་ཡོངས་སུ་རྫོགས་པར་ཉེན་ཁ་བཟོ་གི་ཡོད། དེའི་ཚབ་ལ་ངས་ཞུས་དང་ཞུ་མུས་ལྟར། ང་ཚོས་གང་བྱེད་ཀྱི་ཡོད་པ་དང་། སོ་སོའི་བྱ་སྤྱོད་ལ་འགན་འཁྲི་ཡོད་ཤག་བྱེད་པ། དེ་བཞིན་རང་ངོས་ནས་གོ་རྟོགས་རྙེད་པའི་ཆེད་བག་ཡོད་པར་བྱེད་དགོས། བག་ཡོད་པར་བྱེད་པ་དང་གཟབ་ནན་ཡོད་པ་ནི་ཞེད་སྣང་གི་བྱེད་ལས་ཤིག་མིན། གཟབ་ནན་ཡོད་པ་ནི་སེམས་འཁུར་ཡོད་པ་དང་ང་ཚོས་རང་དང་གཞན་ལ་བྱ་སྤྱོད་སྤེལ་བའི་རྗེས་འབྲས་ལ་གཟབ་ནན་བྱེད་པའི་བྱེད་ལས་ཤིག་རེད། དེ་ལྟ་བུའི་བག་ཡོད་དང་གཟབ་ནན་ནི་སྡུག་བསྔལ་ལས་འབྲལ་བར་འདོད་པའི་སྙིང་རྗེའི་རང་བཞིན་དེ་ཡིན། བག་ཡོད་པར་བྱེད་པ་ནི་ཀུན་རྫོབ་ཀྱི་ “ང་” ཡོད་པར་སྒྲུབ་པའི་རྒྱབ་གནོན་དེ་ཡིན། དེ་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ “ང་” དེ་མིན། དེ་ནི་ང་ཚོས་གང་བྱ་རྒྱུར་གདམ་ཀ་བྱེད་པའི་འབྲས་བུ་མྱོང་བར་འགྱུར་བ་དེ་རེད།།

Top