དཀའ་ངལ་ཅན་གྱི་གནས་སྟངས་ལ་གདོང་ལེན་བྱེད་པ།
ང་ཚོས་གང་བྱེད་དགོས་པ་དང་མི་དགོས་པའི་སྐོར་གྱི་གནད་དོན་ཡོངས་སུ་རྫོགས་པའི་སྐོར་དང་། དེ་ལས་བྱུང་བའི་ཞེད་སྣང་སོགས་ཀྱི་སྐོར་ལ་བཤད་དང་ཤོད་མུས་རེད། ང་ཚོས་གནད་དོན་ཡོངས་སུ་རྫོགས་པ་དེ་རང་གིས་རང་ལ་ཡོད་པའི་གོ་བ་ལོག་སྒྲུབ་ཀྱི་ཐོག་ལ་ཡོད་པ་མཐོང་ཡོད། ང་ཚོས་ཀུན་རྫོབ་ཏུ་རང་ཉིད་ནམ་རྒྱུན་དུ་ནས་གྲུབ་པ་དང་ང་ཚོའི་ཉེ་འཁོར་དུ་ཡོད་པའི་ཆོས་རྣམས་དང་དོན་ངོ་མར་གྲུབ་མེད་པའི་རྡོག་རྡོག་ཚུགས་ཐུབ་ཏུ་ཡོད་པའི་ཆོས་རྣམས་ཀྱི་དབར་ལ་ཁྱད་པར་གསལ་པོ་ཞིག་འབྱེད་དགོས། སྟོང་པ་ཉིད་ཀྱི་སྐོར་ཤོད་པའི་སྐབས། ང་ཚོས་རྩ་བ་ནས་མ་གྲུབ་པའི་ཆོས་ཏེ། ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པས་སྟོང་པ་ཞིག་གི་སྐོར་ཤོད་ཀྱིན་ཡོད།
འོན་ཀྱང་ཆོས་རྣམས་དོན་ངོ་མར་ཇི་ལྟར་གྲུབ་ཡོད་དམ། ནང་ཆོས་ཀྱི་ནང་ང་ཚོས་ཆོས་ཐམས་ཅད་རྒྱུ་དང་། རྐྱེན། ཆ་ཤས། བློའི་བཏགས་པ། དེ་དག་ལ་ཡོད་པའི་རྟོག་དོན་སོགས་ལ་རྟེན་ཅིང་འབྲེལ་བའི་སྒོ་ནས་གྲུབ་ཡོད་ཅེས་ཤོད་ཀྱི་ཡོད། ད་ང་ཚོ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཆོས་རྣམས་འབྱུང་བ་དང་གནས་པ་རང་གི་ཐོག་ལ་ལྟ་གི་ཡིན། ལྟ་ཚུལ་འདི་ལ་གཞིགས་ན་ང་ཚོས་ཆོས་རྣམས་རྡོག་རྡོག་ཚུགས་ཐུབ་ཏུ་ཡོད་པ་མིན་ཞེས་བརྗོད་ཆོག །རྡོག་རྡོག་ཚུགས་ཐུབ་ཅེས་པའི་དོན་ནི་རང་ངོས་ནས་རྒྱུ་གཅིག་ཁོ་ནར་བརྟེན་ནས་འབྱུང་བ་མེད། དེ་ལས་ལྡོག་སྟེ། ཆོས་ཐམས་ཅད་ཧ་ཅང་རྙོག་འཛིངས་ཅན་ཡིན་པ་དང་དེ་དག་ཀྱང་ཕན་ཚུན་གཅིག་ལ་གཅིག་འབྲེལ་གྱི་དུ་མ་འདུས་པ་ལས་འབྱུང་གི་ཡོད།
དཔེ་ཆ་བཞག་ན། ང་ཚོས་གནས་སྟངས་ཀྱི་རིགས་དང་འཕྲད་པའི་སྐབས། གནད་དོན་རྣམས་ “ཁྱེད་ཀྱིས་འདི་བྱེད་དགོས་པ་དང་ཕ་གི་བྱ་མི་ཉན་” ཞེས་དཀར་པོ་དཀར་རྐྱང་དང་ནག་པོ་ནག་རྐྱང་དེ་འདྲ་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཡང་དག་པའི་བྱ་སྤྱོད་སྤེལ་སྟངས་གཅིག་ཁོ་ན་ཡོད་པ་དང་གཞན་དེ་ནོར་བ་ཡིན་པ་རེད། དོན་ངོ་མར་ང་ཚོ་དཀའ་ངལ་ཅན་གྱི་གནས་སྟངས་གང་འདྲ་ཞིག་གི་ནང་དུ་ཡོད་ནའང་། དེ་ནི་ཧ་ཅང་རྙོག་འཛིངས་ཅན་ཞིག་དང་ང་ཚོར་ཡོད་པའི་དཀའ་ངལ་དེ་སེལ་བའི་ཐབས་ནི་རྒྱུ་རྐྱེན་དུ་མར་རག་ལུས་ཡོད། བྱས་ཙང་། གང་བྱེད་དགོས་པ་ཐག་གཅོད་བྱེད་པར་ཚོར་བ་སྐྱེན་པོའི་རང་བཞིན་དང་ཤེས་རྒྱ་ཆེན་པོ་དགོས་ཀྱི་ཡོད། ང་ཚོ་ “དགོས་དང་མི་དགོས་” ཀྱི་མངོན་རྟགས་དེ་ལས་ཐར་འགོ་ཚུགས་པ་དང་དབྱེ་བ་དང་གོ་རིམ་མེད་པའི་སྒོ་ནས་སྒྲིག་ཁྲིམས་ཀྱི་རྗེས་སུ་འབྲང་བའི་སྐབས། དེ་ནི་ང་ཚོས་གང་ཐག་གཅོད་བྱེད་པའམ་ཡང་ན་ང་ཚོས་གང་བྱེད་ཀྱི་ཡོད་པར་ཁྱད་པར་མེད་པའི་དོན་མིན། གང་ཡིན་ཞེ་ན། དེ་དག་ཐམས་ཅད་ང་ཚོའི་བསམ་བློའི་ནང་དུ་ཡོད། དེའི་དོན་གང་རེད་ཅེ་ན། དཀའ་ངལ་ཅན་གྱི་གནས་སྟངས་སེལ་བའི་ང་ཚོའི་ནུས་པ་བརྟན་པོ་ཡོད་པ་དེ་ལས་ལྡོག་སྟེ། “སྒྲིག་ཁྲིམས་ཀྱི་དེབ་འདི་ན་ཡོད་པས། ངས་དེར་བལྟས་ནས་དེའི་རྗེས་སུ་འབྲང་གི་ཡིན་” ཞེས་པའི་དོན་རེད། དེ་ནི་ “དགོས་དང་མི་དགོས་” ལ་གཞིགས་པའི་བརྟན་པོ་དང་རྡོག་རྡོག་ཚུགས་ཐུབ་ཀྱི་ཡ་ལན་སྤྲོད་སྟངས་དེ་ཡིན་ངེས་རེད། ང་ཚོས་གནས་སྟངས་ལ་རན་ཞིང་འཚམ་པའི་དཀའ་ངལ་སེལ་བའི་ཐབས་ལམ་ཞིག་རྙེད་པའི་ཕྱིར། རྣམ་པར་འབྱེད་པའི་ཤེས་རབ་དང་ཉམས་མྱོང་ཡོངས་སུ་རྫོགས་པ་བཀོལ་སྤྱོད་བྱེད་ཀྱི་ཡོད། འདི་ལ་སྟབས་བསྟུན་ཧ་ཅང་བདེ་བའི་རང་བཞིན་ཞིག་དགོས་ཀྱི་ཡོད། ང་ཚོས་དཀའ་ངལ་སེལ་བའི་ཐབས་སུ་ཆ་རྐྱེན་ཇི་ཙམ་མང་བར་དང་དུ་བླངས་བ་དེའི་ཚོད་ཀྱིས་དཀའ་ངལ་དེ་ཐབས་མཁས་པོའི་སྒོ་ནས་སེལ་བའི་གོ་སྐབས་མང་བ་ཡོད་པ་རེད། ང་ཚོས་ཆ་རྐྱེན་ཧ་ཅང་མང་པོ་བསམ་བློ་མི་གཏོང་བའི་སྐབས། དཀའ་ངལ་དངོས་གནས་མི་སེལ་བའི་ཐབས་ལམ་ཞིག་ང་ཚོར་འབྱུང་གི་ཡོད།
བྱས་ཙང་། ང་ཚོས་གནས་སྟངས་ཚང་མ་དཀར་ནག་གཉིས་མིན་ཞེས་ཟེར་དུས་དེས་ང་ཚོར་དཀའ་ངལ་སེལ་བའི་ཐབས་ལམ་ཕན་ནུས་ཅན་ཞིག་དང་ཕན་ནུས་མེད་པ་བཅས་གང་རུང་ཡོད་ཆོག་ཅེས་པའི་བདེན་དོན་དེ་དགག་གི་མེད། འདི་སེམས་ནང་བཅང་རྒྱུ་གལ་ཆེན་པོ་རེད། དེར་མ་ཟད། ང་ཚོ་ནི་བྱེད་པོ་དཀོན་མཆོག་མིན་པ་དེ་དྲན་དགོས། ང་ཚོས་སེ་གོལ་གཅིག་བརྡབས་ནས་དཀའ་ངལ་ཡོད་དོ་ཅོག་སེལ་མི་ཐུབ།
སྟོང་པ་ཉིད་རྟོགས་པའི་ཆེད་དགེ་བའི་ནུས་པ་ (བསོད་ནམས་) གསོག་པ།
ང་ཚོ་རང་ངོས་ནས་སྒོམ་རྒྱག་པའི་སྐབས་སྟོང་པ་ཉིད་རྟོགས་ཐུབ་པ་ཞིག་ཡོང་སྲིད་དམ། དེ་ཇི་ལྟར་འཐོབ་བམ། ཡང་ན་ང་ཚོར་དགེ་བའི་བཤེས་གཉེན་ཞིག་གིས་སྟོང་པ་ཉིད་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་ཁོ་ན་ལ་བརྟེན་ནས་དེའི་དོན་རྟོགས་སྲིད་པ་ཞིག་རེད་དམ།
རྗེ་ཙོང་ཁ་པ་ཆེན་པོ་ནི་གླེན་རྟགས་ཅན་ཞིག་མིན། ཁོང་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པ་དང་ཁོང་ནས་སྐུ་ངལ་འཛེམ་མེད་ཀྱིས་ང་ཚོ་མང་ཆེ་བ་ལས་ཀྱང་སྟོང་པ་ཉིད་ཀྱི་སྐོར་ལ་གོ་རྟོགས་མ་ནོར་བ་དང་ཡང་དག་པ་མངའ་བ་ཞིག་ཡིན་ངེས་རེད། གང་ལྟར་ཡང་། རྟོག་མེད་ཀྱིས་ཡང་དག་པའི་སྟོང་ཉིད་རྟོགས་པར་གང་བྱེད་དགོས་ཀྱི་ཡོད་ཅེ་ན། བསོད་ནམས་ཀྱི་ཚོགས་སམ་དགེ་བའི་ནུས་པ་གང་མང་གསོག་རྒྱུ་དེ་ཡིན་པ་ཁོང་གིས་མཁྱེན་གྱི་ཡོད། དགེ་བའི་ནུས་པ་ཞེས་པ་ནི་ཨིན་སྐད་ནང་ནམ་རྒྱུན་ (merit) ཞེས་བསྒྱུར་ཡོད། ལམ་གྱི་རིམ་པའི་སྨད་ཀྱི་ཆར་ཙམ་ནས་ཁོང་གིས་ཕྱག་འབུམ་ཚར་སུམ་ཅུ་སོ་ལྔ་དང་མཎྜལ་འབུམ་ཚར་བཅོ་བརྒྱད་འབུལ་དགོས་ངེས་ཡིན་པ་ཐག་གཅོད་གནང་ཡོད། དེ་དག་ཐམས་ཅད་བསྒྲུབས་པའི་རྗེས་སུ་ཁོང་ནས་སྟོང་པ་ཉིད་ཀྱི་དོན་དེ་ཡང་དག་པ་དང་རྟོག་མེད་ཀྱི་སྒོ་ནས་རྟོགས་ཐུབ་པ་བྱུང་ཡོད། དེ་ནི་ངའི་བསམ་པར། ཧ་ཅང་གལ་ཆེ་བའི་ཆོས་ཤིག་རེད། ང་ཚོས་རང་ངོས་ནས་མར་བསྡད་དེ་སྟོང་པ་ཉིད་ཀྱི་དོན་རྟོགས་ཐབས་བྱེད་པའམ་ཡང་ན་དགེ་བའི་བཤེས་གཉེན་ཞིག་གིས། “ཨེ་ལེགས། ཉོན་ཨང་། འདི་ནི་སྟོང་པ་ཉིད་རེད། སྟོང་པ་ཉིད་ཉོན་ཨང་། འདི་ནི་ཨེ་ལེགས་རེད། ངས་ཁྱེད་ལ་ངོ་སྤྲོད་བྱེད་ཀྱི་ཡིན་” ཞེས་གསུངས་པ་དང་། གལ་ཏེ་ང་ཚོར་བསོད་ནམས་ཀྱི་ཚོགས་སམ་དགེ་བའི་ནུས་པ་དེ་མེད་ན། འབྲས་བུ་གང་ཡང་འབྱུང་གི་མ་རེད།
ང་ཚོས་རྟག་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་པོ་གསོག་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད། དེ་ངོས་ནས་ཨིན་སྐད་ནང་གི་ (collections of merit and insight) ཞེས་བསྒྱུར་བ་དེའི་ཚབ་ལ་ (store or networks of positive potential or positive force and deep awareness) ཞེས་བསྒྱུར་གྱི་ཡོད། ང་ཚོས་དེ་ལ་གང་བརྗོད་རུང་ཚོགས་གཉིས་པོ་གསོག་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་དང་ངས་གང་ཤེས་པ་དེ་དངོས་གནས་བདེན་པ་ཡིན་པ་ང་རང་སྒེར་གྱི་ཉམས་མྱོང་ཐོག་ནས་ཤོད་ཀྱིན་ཡོད། ང་ཚོས་གནད་དོན་ཞིག་རྟོགས་ཐབས་བྱེད་པའམ་ཡང་དོན་དག་ཅིག་བསྒྲུབ་ཐབས་བྱེད་པའི་སྐབས། དེ་སྒོམ་ཡིན་ནའང་འདྲ་དཔེ་དེབ་ཅིག་འབྲི་བཞིན་པའི་སྐབས་ཡིན་ནའང་འདྲ་སྟེ། དཀའ་ངལ་དེ་ཤེས་རྟོགས་བྱ་རྒྱུ་དེ་སྐབས་འགར་ང་ཚོ་སེམས་ཀྱི་འགོག་རྐྱེན་དེ་འདྲ་ཡོད་པའི་མཚམས་སུ་བསླེབ་ཀྱི་ཡོད། ང་ཚོ་དེ་ལས་ལྷག་འགྲོ་མི་ཐུབ། ང་ཚོ་རིམ་པ་གཅིག་ལ་འཁར་ནས་གང་ཡང་བྱ་ནུས་མེད་པ་ལྟ་བུ་ཆགས་ཀྱི་ཡོད། དཀའ་ངལ་ནི་ང་ཚོ་ད་ལྟ་དེ་ལས་ལྷག་འགྲོ་བར་ནུས་པ་དེ་ཧ་ཅང་ཞན་པོ་ཡོད་པ་རེད། ད་དུང་དེ་ལ་ལྷག་འགྲོ་བར་ང་ཚོར་དགེ་བའི་སྟོབས་སམ་ནུས་པ་དགོས་ཀྱི་ཡོད། དེ་ནི་བསོད་ནམས་ཞེས་པའི་སྐོར་དེ་རེད། དེ་ནི་ང་ཚོ་རྩེད་མོ་ཞིག་ལས་རྒྱལ་ཁ་ཐོབ་ཕྱིར་གྲངས་ཀ་མང་བ་དགོས་པ་ནང་བཞིན་འདིར་གྲངས་ཀ་མང་བ་དགོས་པ་དེ་འདྲ་མ་རེད། ང་ཚོ་འགོག་རྐྱེན་བྱུང་བའི་གནས་སྟངས་དེ་འདྲའི་ནང་། ང་ཚོས་གང་བྱེད་བཞིན་པ་དེ་ཟུར་དུ་བཞག་ནས་གཞན་ཕན་བསྒྲུབ་པ་ལྟ་བུའི་དགེ་བའི་ལས་ཤིག་བྱས་ན། དེས་ཕན་ཐོགས་ཀྱི་རེད།
འདི་ནི་ཐམས་ལམ་སྣ་ཚོགས་པའི་སྒོ་ནས་བྱ་ཆོག །དེ་དག་ལས་ངས་གནད་དོན་ཞིག་རྟོགས་མི་ཐུབ་པའི་སྐབས་སུ་རྟག་ཏུ་བེད་སྤྱོད་བྱས་ཏེ། ང་རང་གནད་དོན་དེ་རྟོགས་ཐུབ་པ་དང་ངའི་སེམས་པ་མྱུར་དུ་གསལ་པོ་ཆགས་འདོད་ཡོད་པའི་ཐབས་ལམ་སྟབས་བདེ་ཤོས་ནི། ངས་དེར་མཚམས་འཇོག་བྱས་ནས་འཇམ་དབྱངས་ཀྱི་སྔགས་དེ་དམིགས་རྣམ་ཡང་དག་པར་བརྟེན་ནས་བསྐྱར་ཟློས་བྱ་རྒྱུ་དེ་རེད། དཔེ་ཆ་བཞག་ན། ངས་ཡི་གེ་ཞིག་འབྲི་བཞིན་པའི་སྐབས། ཚིག་མ་ནོར་བ་ཞིག་བསམ་བློའི་ནང་འཁོར་ཐུབ་ཀྱི་མེད་པའམ་ཡང་ན་གནད་དོན་ཞིག་ཁ་གསལ་པོའི་ཐོག་ཇི་ལྟར་བརྗོད་དགོས་མི་ཤེས་པའི་སྐབས་ལྟ་བུ་རེད། ངས་དེ་ནི་ཧ་ཅང་ཕན་ཐོགས་ཅན་དུ་མཐོང་སོང་། གལ་ཏེ་ང་ཚོས་སྔགས་ལྟ་བུ་ཞིག་བསྐྱར་ཟློས་མི་བྱེད་པར། རང་གིས་རང་ལ་ཨུ་ཚུགས་བྱས་ནས། “ངས་ཤེས་དགོས་ཀྱི་འདུག །ངས་ཤེས་དགོས་ཀྱི་འདུག་” ཅེས་བརྗོད་ན། དེ་ནས་སྣང་བརྙན་དེ་ལ་དགོངས་སེལ་ཞུ་དགོས། ཡིན་ནའང་དེ་ནི་ང་ཚོ་གསང་སྤྱོད་ནང་སྡོད་པའི་སྐབས། བཤང་བ་འདོར་བར་རྩ་ཆུ་འགགས་པ་དང་ངལ་དུབ་ཚོར་བཞིན་པའི་སྐབས་དང་ཅུང་ཟད་འདྲ་པོ་ཡོད། བཤང་བ་ནས་ཕྱིར་གང་ཡང་འདོར་མི་ཐུབ་པར་ཧ་ཅང་མི་བདེ་བ་ཆགས་ཀྱི་ཡོད།
ཧ་ཅང་གལ་ཆེན་པོ་དེ་གང་རེད་ཅེ་ན། ང་ཚོ་ཧ་ཅང་གསལ་དུ་འགྲོ་བའི་ཕྱིར་དལ་ལྷོད་བྱ་དགོས་པ་དང་། དེའི་ཆེད་དུ་འདི་ལྟ་བུའི་སྔགས་ཉམས་ལེན་ནི་ཧ་ཅང་ཕན་ནུས་ཅན་ཞིག་རེད། དམིགས་བསལ་ངའི་སེམས་ནི་ཧ་ཅང་རྣོན་པོ་དང་གསལ་པོ་ཆགས་འདོད་ཡོད་པ་སོང་ཙང་། ངས་དེ་འདྲ་ཞིག་ཡོང་བར་འདུན་པ་དང་ཡིད་སྨོན་ཤུགས་ཆེན་ཞིག་སྐྲུན་པའི་སྐབས། སྔགས་དེའང་ཕན་ནུས་ཆེ་རུ་འགྲོ་གི་ཡོད། དེ་ནི་ངས་སྔགས་འདོན་རྒྱུ་དེ་དམིགས་རྣམ་དང་མཉམ་འགྲོགས་བྱེད་པ་དང་དེས་ངའི་སེམས་གྲུང་པོའི་སྒོ་ནས་དམིགས་པ་གཏད་པར་ཕན་གྱི་ཡོད་པའི་སྐབས་དེ་ལས་ཀྱང་ལྷག་པར་ཕན་ནུས་ཆེ་བ་ཆགས་ཀྱི་ཡོད། གནས་སྟངས་དེའི་ནང་ང་ཚོས་གང་བྱེད་ཀྱིན་ཡོད་ཅེ་ན། མན་ངག་གང་ཡོད་པ་དེའི་སྟེང་ལ་གནད་དོན་ཞིག་ཁ་སྣོན་བྱེད་ཀྱིན་ཡོད། ང་ཚོའི་སེམས་ཀྱི་འགོག་རྐྱེན་དེ་ལས་ཐར་བའི་ཆེད་དུ་སྔགས་བཟླས་བརྗོད་འདི་ལ་བརྟེན་ནས་དགེ་བའི་ནུས་པ་ཁ་སྣོན་བྱེད་ཀྱིན་ཡོད། དེས་དོན་གོ་ཆོད་ཀྱི་ཡོད་པ་ངས་ཤེས་ཀྱི་ཡོད། དེ་ནི་གནས་སྟངས་མང་ཆེ་བའི་ནང་གང་འཚམ་གྱི་ཕན་ནུས་ལྡན་པ་རེད། གལ་ཏེ་ང་ཚོ་ཧ་ཅང་གུ་ཡངས་དང་ཁ་བསང་པོ་ཡོད་ན། དཀའ་ངལ་སེལ་བའི་ཐབས་ལམ་ནི་བཙན་སྐུལ་བྱ་མི་དགོས་པར་བསླེབ་ཀྱི་ཡོད།
དེ་ནི་ང་ཚོར་དེ་མ་ཐག་ཏུ་དཀའ་ངལ་སེལ་བའི་ཐབས་ལམ་ཞིག་དགོས་པའི་གནས་སྟངས་གཅིག་རེད། དཔེར་ན། ངས་སྐད་བསྒྱུར་བྱེད་པའི་སྐབས་སུ་ཚིག་ཏག་ཏག་དེ་མ་དྲན་པའམ་མ་ཤེས་པ་ལྟ་བུ་རེད། ཡང་གནས་སྟངས་གཞན་འགའ་ཞིག་གི་ནང་ང་ཚོའི་ནུས་པ་དེ་ཅུང་ཟད་གྲུང་པོ་མེད་པ་དང་ཉོབ་ཏོ་ཆགས་ཀྱི་ཡོད། ང་རང་སྒེར་གྱི་ཉམས་མྱོང་ལས་གང་ཤེས་ཀྱི་འདུག་ཅེ་ན། ང་རང་གང་སར་འགྲིམ་འགྲུལ་འགྲོ་བ་དང་ཆོས་ཁྲིད་བྱེད་པའི་སྐབས། ངས་འདི་ལ་བྱང་ཆུབ་སེམས་ཀྱི་མཚམས་ལྟ་བུར་ལྟ་གི་ཡོད། དེས་རང་ཉིད་ལ་ཕན་གྱི་འདུག །ངས་དེ་ལ་ “འདི་ནི་ངའི་རྩོམ་བྲིས་ལས་རྣམ་པར་གཡེང་བ་ཆེན་པོ་ཞིག་རེད་” ཟེར་བ་ལྟ་བུར་ལྟ་ཆོག་པ་དང་། ངས་ཡིག་ཅོག་དང་གློག་ཀླད་བེད་སྤྱོད་གཏོང་གི་མེད་ཅེས་དུས་ཚོད་ལ་འདོད་བློ་མི་ཚིམས་པ་ལྟ་བུ་རེད། ཡང་མིན་ན་ངས་རྩོམ་བྲིས་དེ་སྔར་ལས་གསལ་བའི་སྒོ་ནས་འབྲི་བར་ཕན་པའི་ཧ་ཅང་བཟང་ཕྱོགས་ཀྱི་གནད་དོན་ཐོག་ནས་ལྟ་ཆོག
ངས་དཔེ་མཚོན་དེ་དག་རང་ཉིད་སྒེར་གྱི་མི་ཚེ་ལ་གཞི་བྱས་ནས་བེད་སྤྱོད་བྱེད་ཀྱིན་ཡོད། འོན་ཀྱང་ཐབས་ཚུལ་དེ་དག་ནི་མི་སུ་འདྲ་ཞིག་གི་མི་ཚེར་བེད་སྤྱོད་བྱེད་ན་ཆོག །དེ་ཡང་ང་ཚོས་སོ་སོའི་ནང་མི་ཁྱིམ་ཚང་དུ་གནས་སྟངས་ཤིག་ལ་གདོང་ལེན་བྱེད་བཞིན་ཡོད་པའམ་ཡང་ན་འབྲེལ་ལམ་ཞིག་གི་ནང་ང་ཚོར་འགོག་རྐྱེན་དེ་འདྲ་ཡོད་སྲིད་པ་རེད། གལ་ཏེ་ང་ཚོས་སྨན་ཁང་ལ་སོགས་པའི་ནང་དྭང་བླངས་ཞབས་ཞུ་སོགས་གནས་སྟངས་ལ་དཔག་པའི་ལས་ཀ་བྱས་ན། དེས་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་གསོག་པར་ཁྱད་པར་ཆེན་པོ་བཟོ་གི་རེད།
བསོད་ནམས་ཀྱི་ཚོགས་གསོག་པའི་ཐབས་ཚུལ་འདི་ནི་ང་ཚོར་སེམས་ཀྱི་འགོག་རྐྱེན་ཡོད་པའི་སྐབས་ཙམ་ལ་ཚད་བཀག་ཡོད་པ་ཞིག་མིན། དཔེར་ན། ཆོས་ཁྲིད་གཏམ་བཤད་ཀྱི་འགྲུལ་བཞུད་འདིའི་ཆེད་དུ་མ་འགྲོ་སྔོན་ལ་ངའི་རྩོམ་བྲིས་ཧ་ཅང་ཡག་པོ་ཡོད། དེར་འགོག་རྐྱེན་རྩ་ནས་མེད། འོན་ཀྱང་ང་རང་ད་དུང་དེ་ལས་བཟང་བ་ཞིག་ཡོང་ན་འདོད་ཀྱི་ཡོད། དེ་ནི་ད་དུང་ཡང་ནུས་པ་དེ་ལས་མང་བ་ཡོད་པར་འདོད་ཀྱི་ཡོད། རྗེ་ཙོང་ཁ་པ་ཆེན་པོ་འགོག་རྐྱེན་ཞིག་ལ་སླེབས་ནས་ཁོང་གིས་གང་ཡང་མཁྱེན་མི་ཐུབ་པ་དེ་འདྲ་བྱུང་ཡོད་ཀྱི་རེད་བསམ་གྱི་མི་འདུག །དེ་ལས་ལྡོག་སྟེ། ཁོང་གིས་དངོས་གནས་ཁྱད་པར་དུ་འཕགས་པ་ཞིག་ཉམས་སུ་མྱོང་བ་དང་། རྟོག་མེད་ཀྱི་ཡང་དག་པའི་སྟོང་ཉིད་རྟོགས་པའི་ཤེས་པ་དེ་འཐོབ་པར། ད་དུང་ཡང་དེ་ལས་མང་བའི་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་གསོག་དགོས་པ་དེ་ཁོང་གིས་མཁྱེན་གྱི་ཡོད།
བསོད་ནམས་སམ་དགེ་བའི་ནུས་པ་གསོག་པར། ང་ནང་བཞིན་འགྲུལ་བཞུད་དང་ཆོས་ཁྲིད་བྱེད་པའི་སྐབས་སུ་རྩོམ་བྲིས་རྒྱབ་ལ་བཞག་ནས་འགྲོ་བ་ལྟ་བུ་བྱང་ཆུབ་སེམས་ཀྱི་བསྙེན་མཚམས་སུ་འགྲོ་དགོས་པའི་ངེས་པ་མེད། ང་ཚོས་སྒོམ་རྒྱག་རྒྱུ་དང་གཞན་དོན་བསྒྲུབ་རྒྱུ་དེ་གཉིས་མཉམ་དུ་བྱ་ཆོག །ང་ཚོར་འགོག་རྐྱེན་ཞིག་ཡོད་པ་སོང་ཙང་། སྟོང་པ་ཉིད་ལ་སྒོམ་རྒྱག་རྒྱུ་དེ་མཚམས་འཇོག་བྱེད་པའི་དོན་མིན། འོན་ཀྱང་ང་ཚོས་བསོད་ནམས་ཀྱི་ཚོགས་གང་མང་ཁ་སྣོན་བྱེད་དགོས། ང་ཚོས་དེ་སྒོམ་རྒྱག་བཞིན་པའི་བར་ལ་བྱ་ཆོག །འདི་ནི་དངོས་གནས་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག །དེ་ནི་མར་བསྡད་དེ་སྒོམ་རྒྱག་པ་ཙམ་དེ་མ་རེད། དེ་འདྲ་ཞིག་གིས་འདང་གི་མེད། ང་ཚོ་ད་དུང་ཧ་ཅང་གྲུང་པོ་དང་ཧུར་བརྩོན་ལྡན་པ་དགོས་ཤིང་། བསོད་ནམས་དགེ་བའི་ནུས་པ་གང་མང་གསོག་དགོས་པ་དང་གཞན་དོན་དུ་བྱ་བ་བརྩམ་དགོས་ཀྱི་ཡོད།
དགེ་བའི་བཤེས་གཉེན་ཞིག་ཡོད་པའི་གལ་གནད།
དགེ་བའི་བཤེས་གཉེན་གྱི་གལ་གནད་ལ་བརྟེན་ནས་དགེ་བའི་བཤེས་གཉེན་ཞེས་པའི་བརྗོད་གཞི་ཡོངས་སུ་རྫོགས་པ་དེ་ཡོང་གི་ཡོད། རྒྱུད་རིམ་འདིའི་ནང་དགེ་བའི་བཤེས་གཉེན་གྱི་ལས་འགན་གང་རེད་དམ། ང་ཚོར་རང་སངས་རྒྱས་ཀྱི་དཔེ་མཚོན་ཡོད་ངེས་རེད། ང་ཚོས་རང་སངས་རྒྱས་རྣམས་དྲན་པ་བརྗེད་རྒྱུ་མེད། སངས་རྒྱས་ཀྱིས་གསུངས་པའི་ལམ་གྱི་རིགས་ཤིག་ཡོད། དེ་དག་ནི་སྐྱབས་འགྲོའི་བྱུང་རིམ་གྱི་ནང་ལ་ཡོད། རང་སངས་རྒྱས་རྣམས་ནི་སངས་རྒྱས་མེད་པའི་གནས་སྐབས་དང་དགེ་བའི་བཤེས་གཉེན་མེད་པའི་སྐབས་ཀྱི་དུས་ངན་སྙིགས་མའི་ནང་བཞུགས་པའི་ཉམས་ལེན་པ་རྣམས་རེད། སྒོམ་རྒྱག་པ་དང་ཡར་རྒྱས་གཏོང་བར། ཁོང་ཚོས་སྐྱེ་བ་སྔོན་མའི་ནང་སངས་རྒྱས་ཀྱི་ཆོས་དང་ཕྲད་པའི་སྐབས་བསགས་པའི་ཆོས་དང་འབྲེལ་བའི་རང་སོ་སོའི་ལྷན་སྐྱེས་ཀྱི་རིག་པ་ལ་ཡང་དག་པར་བསྟེན་དགོས་ཀྱི་ཡོད།
གལ་ཏེ་ང་ཚོས་རང་སངས་རྒྱས་རྣམས་ལ་བསམས་ན། དེ་དག་ནི་ཧ་ཅང་སྙིང་སྟོབས་དང་བློ་ཁོག་ཡངས་པ་རེད། མི་གཞན་ཚང་མ་ཆོས་ཕྱོགས་ཀྱི་ཡར་རྒྱས་ལ་དོ་སྣང་མེད་པའམ་ཡང་ན་མཐའ་གཅིག་ཏུ་ཞེ་སྡང་ཅན་གང་རུང་ཡིན་པའི་སྐབས། རང་སངས་རྒྱས་རྣམས་ཀྱིས་རང་གི་སེམས་ནང་ལྷན་སྐྱེས་སུ་གང་འབྱུང་བའི་ཆོས་ཉམས་སུ་ལེན་ཐབས་བྱེད་ཀྱི་ཡོད། ཁོང་ཚོར་རང་གིས་རང་ལ་ཐེ་ཚོམ་དེ་འདྲ་ཡོད་སྐབས། སུ་ལའང་བློ་ཁ་བསྒྱུར་ས་དང་བསྟེན་ས་མེད། དེ་དག་ནི་དངོས་གནས་གུས་ཞབས་བྱེད་རིན་ཆོག་པ་རེད། ང་ཚོས་ “ཨོ། བྲག་ཕུག་ནང་རང་ངོས་ནས་འགྲོ་མཁན་གྱི་མི་ཞེད་སྣང་དང་རང་དོན་ཚ་པོ་རེད་” ཅེས་བསམ་མི་ཉན། ཡིན་ནའང་དེང་སང་གི་དུས་སུ་ང་ཚོའི་ཉེ་འཁོར་དུ་སངས་རྒྱས་དང་དགེ་བའི་བཤེས་གཉེན་རྣམས་ཡོད་པའི་སྐབས། “ང་ཚོས་དེ་དག་ལ་བསྟེན་དགོས་སམ་མི་དགོས། དེ་དག་ལ་བསྟེན་པའི་དོན་ངོ་མ་གང་རེད་དམ་” ཞེས་པའི་དྲི་བ་དེ་རེད། དགེ་བའི་བཤེས་གཉེན་གྱི་བརྗོད་གཞི་འདི་ནི་གོ་ཚོད་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་ཞིག་རེད་བསམ་གྱི་འདུག
ལྟ་ཚུལ་སྣ་ཚོགས་པའི་སྒོ་ནས་དགེ་བའི་བཤེས་གཉེན་དང་སློབ་མའི་དབར་ཀྱི་འབྲེལ་ལམ་གྱི་སྐོར་ལ་མང་པོ་ཤོད་རྒྱུ་ཡོད་ནའང་། སྐབས་འདིར་དེ་དག་ཐམས་ཅད་ལ་རེ་རེ་བཞིན་འགྲོ་མི་དགོས། ཁ་ཡོད་ལག་ཡོད་ཀྱི་གནད་དོན་ཐོག་ནས་དགེ་བའི་བཤེས་གཉེན་གྱི་རིགས་གང་སར་ཕྱིན་ནས་བསྟན་བཤིག་སློང་མཁན་ལྟ་བུར་དགེ་བའི་བཤེས་གཉེན་ཡིན་ཁུལ་བྱེད་མཁན་ཙམ་མིན་པར། མཚན་ཉིད་ཡོངས་སུ་ཚང་བའི་དགེ་བའི་བཤེས་གཉེན་ལ་ཧ་ཅང་གལ་འགངས་ཆེ་བའི་གནད་དོན་ཞིག་ནི། དགེ་བའི་བཤེས་གཉེན་དེས་ཆོས་དེ་འགྲོ་བ་མི་ལ་ཕན་པ་ཞིག་བཟོ་གནང་གི་ཡོད། འདིར་ཨིན་སྐད་ཀྱི་ཚིག (real) ཟེར་བ་འདི་ཏོག་ཙམ་ལྗིད་ཅན་ཞིག་རེད། དགེ་བའི་བཤེས་གཉེན་གྱིས་ཆོས་དེ་འགྲོ་བ་མི་ལ་ཕན་པ་ཞིག་བཟོ་གནང་གི་ཡོད། གལ་ཏེ་ང་ཚོར་དགེ་བའི་བཤེས་གཉེན་མེད་པ་དང་། དཔེ་དེབ་ཁོ་ན་ལ་བརྟེན་ནས་སློབ་སྦྱོང་བྱས་ཡོད་ན། ཆོས་དེ་དག་རྟོགས་པ་དང་དེ་དག་མི་ཚེའི་ནང་བསྒྱུར་བའི་དོན་དག་གང་ཡིན་པའི་པར་རིས་སམ་བསམ་བློ་ནི་མཐའ་གཅིག་ཏུ་ང་ཚོའི་བློའི་འཆར་སྒོ་ལ་གཞི་བྱས་ཡོད་པ་ཞིག་རེད། ཕྱོགས་གཞན་ཞིག་ནས་ཆོས་ཀྱི་དོན་དངོས་གནས་རྟོགས་པ་ཁོ་ན་ཙམ་མིན་པར། དེ་དག་མི་ཚེའི་ནང་ལག་བསྟར་བྱེད་པའི་དོན་གང་ཡིན་མངོན་གསལ་དོད་པའི་དཔེ་མཚོན་ཞིག་ང་ཚོར་མེད། དོན་ངོ་མའི་དཔེ་མཚོན་ཞིག་མཐོང་བ་དེས་རང་ངོས་ནས་ཆོས་རྣམས་རང་རྒྱུད་ལ་སྦྱོར་ཐབས་དང་གོ་རྟོགས་རྙེད་ཐབས་ཆེད་སེམས་སྐུལ་ཆེ་ཤོས་སྤྲོད་ཀྱི་རེད།
ཆོས་སྦྱོང་བར་ཆ་རྐྱེན་གཉིས་ཚང་ཡོད་པ་རེད། གཅིག་ནི་སྟོང་པ་ཉིད་ལྟ་བུ་ཆོས་བྱེ་བྲག་ཅིག་གི་ཐུན་མིན་གྱི་གོ་རྟོགས་འཁྲུལ་མེད་ཏག་ཏག་འཐོབ་པ་དེ་རེད། དེ་ནི་གནད་དོན་གཅིག་ཡིན་པ་དང་དགེ་བའི་བཤེས་གཉེན་གྱིས་དཔེ་དེབ་ཀྱིས་ལན་འདེབས་མི་ཐུབ་པའི་དྲི་བར་ལན་འདེབས་གནང་ཐུབ་ཀྱི་ཡོད། འོན་ཀྱང་གོ་རྟོགས་ཀྱི་ནང་ཐུན་མིན་གྱི་འཁྲུལ་བ་མེད་པ་ཞིག་གི་སྟེང་ལ་དགེ་བའི་བཤེས་གཉེན་གྱིས་མི་ཚེའི་ནང་གོ་རྟོགས་དེའི་འགྲེལ་བརྗོད་ཀྱི་དཔེ་མཚོན་གསོན་ཉམས་དོད་པོ་ཞིག་གནང་གི་ཡོད། དེ་ནི་ངའི་བསམ་པར། ཧ་ཅང་གི་གལ་ཆེན་པོ་རེད།
ང་ཚོས་༧གོང་ས་མཆོག་ལྟ་བུར་བལྟས་ནས་ཁོང་ལ་ཆེས་མཐོ་བའི་སྟོང་ཉིད་ཀྱི་གོ་རྟོགས་ཡོད་པ་དང་བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་རྟོགས་ཡོད་ཅེས་ཤོད་ཐུབ་ངེས་རེད། ང་རང་གི་བསམ་ཚུལ་ལྟར་ན། ང་ཚོས་དེ་ལ་མོས་མཐུན་བྱེད་དགོས་ངེས་རེད། “ཁོང་བྱང་ཆུབ་སེམས་དཔའི་རིམ་པ་དེའི་ཐོག་ལ་ཡོད་དམ་” ཞེས་ཐོབ་གྲངས་བྱང་བུར་བཀོད་ནས་ཚོད་ལྟ་བྱེད་པ་ནི་བྱིས་པ་ཅོལ་ཆུང་གི་བྱ་བ་ཞིག་རེད། དེ་ལ་སུས་ཀྱང་དོ་གལ་བརྩི་གི་རེད་དམ། འོན་ཀྱང་ང་ཚོས་ཁོང་གིས་མཛད་པ་སྐྱོང་ཚུལ་ནས་ཤེས་ཐུབ་པ་ཞིག་ནི། ཆོས་ཀྱི་གོ་རྟོགས་དེ་སྟོང་ལྷང་ལྷང་གི་རྣམ་པར་གཡེང་བའི་གང་ཟག་ཅིག་མི་ཚེའི་ནང་བྱ་བ་བྱེད་མི་ཐུབ་པ་ཞིག་ལ་འགྲེལ་བརྗོད་བྱེད་ཀྱི་མེད། ཤེས་རབ་དང་སྙིང་རྗེ་ཟུང་དུ་འབྲེལ་བ་ཞེས་པའི་དོན་ངོ་མ་གང་ཡིན་དེ་ནི་༧གོང་ས་མཆོག་གི་དཔེ་མཚོན་ལ་བརྟེན་ནས་ཧ་ཅང་གསལ་པོ་རེད། ང་ཚོས་ཆོས་ལ་ངོ་སྤྲོད་བྱེད་པའམ་དམིགས་བཀར་སྟོང་པ་ཉིད་ལ་ངོ་སྤྲོད་བྱེད་པའི་སྐོར་ཤོད་སྐབས། འདི་ནི་ཧ་ཅང་གལ་གནད་ཆེ་བའི་རྣམ་པ་ཞིག་ཡིན་ངེས་རེད།
ཆོས་ལ་ངོ་སྤྲོད་བྱེད་པ།
ཆོས་ལ་ངོ་སྤྲོད་བྱེད་པའི་རིམ་པ་མང་པོ་ཡོད། རིམ་པ་གཅིག་ནི་དགེ་བའི་བཤེས་གཉེན་གྱིས་གནས་སྟངས་ཤིག་སྐྲུན་པ་དང་། དེའི་ནང་ང་ཚོ་རྟོགས་པ་བརྙེས་པའི་ཕྱིར་སོ་སོའི་རིམ་པ་ལ་བརྟེན་ནས་ཧོན་འཐོར་བའི་དོན་དུ་སེམས་ཚོར་གྱི་སྒོ་ནས་སེམས་འགུལ་ཐེབས་པ་དེ་རེད། དེ་ནི་བོད་ཀྱི་དགེ་བའི་བཤེས་གཉེན་འགའ་ཞིག་ལ་ཡོད་པའི་ཛེན་བསམ་གཏན་པའི་ལུགས་ལྟ་བུ་ཞིག་རེད། ཡིན་ནའང་དེ་འདྲ་མང་པོ་མེད། ཨ་རིའི་ནང་ཡོད་པའི་སོག་པོ་ཁལ་མུག་གི་དགེ་བའི་བཤེས་གཉེན་དགེ་བཤེས་དབང་རྒྱལ་ལགས་ཀྱིས་ཐབས་ལམ་འདི་ཧ་ཅང་མཁས་པོའི་སྒོ་ནས་བཀོལ་སྤྱོད་གནང་གི་རེད། ཁོང་ལོ་མང་སྔོན་ནས་འདས་གྲོངས་སུ་ཕྱིན་པ་རེད། འོན་ཀྱང་ཁོང་གིས་རང་གི་སློབ་མ་རྣམས་ལ་ཁོང་གི་ཆེད་དུ་དང་སློབ་མ་སོ་སོ་རང་ཉིད་ཀྱི་ཆེད་དུ་ཁང་པའམ་ལྷ་ཁང་ལྟ་བུ་ཞིག་བཞེངས་བཅུག་ཡོད། ཐེངས་ཤིག་ཁོང་གི་སློབ་མ་ཞིག་ནས་ཧ་ཅང་དཀའ་ལས་རྒྱག་ནས་རང་གི་བྷཀྴིའམ་ (དེ་ནི་སོག་སྐད་དུ་དགེ་བའི་བཤེས་གཉེན་ཞེས་ཁོང་གི་སློབ་མ་ཚོས་འབོད་ཀྱི་ཡོད་) དགེ་བའི་བཤེས་གཉེན་གྱི་ཆེད་དུ་ཁང་པ་ཞིག་བཞེངས་བཞིན་པ་དང་སློབ་མ་དེས་ཁང་པའི་ཐོག་ལ་ལས་ཀ་བྱེད་བཞིན་ཡོད། ཁོང་གི་དགེ་བའི་བཤེས་གཉེན་དེ་ཐོག་ལ་འཛེགས་ནས་སློབ་མ་དེ་ལ། “ཁྱེད་རང་ག་རེ་བྱེད་བཞིན་ཡོད་དམ། ཁྱེད་ཀྱིས་རྦད་དེ་ནོར་བ་ཞིག་བྱེད་བཞིན་འདུག །ཁྱེད་ཀྱིས་ཚང་མ་རྩ་མེད་གཏོང་བཞིན་འདུག །འདི་ནས་མར་རྒྱུགས་” ཞེས་གསུངས་པས། དེ་ལ་སློབ་མ་དེས། “ངས་ནོར་ནས་བྱེད་བཞིན་འདུག་ཅེས་པའི་དོན་དག་གང་རེད་དམ། ངས་ཁྱེད་ཀྱིས་གང་གསུངས་པ་ནང་བཞིན་ཏག་ཏག་བྱེད་བཞིན་ཡོད་པ་དང་། འདི་བཞིན་ངས་ཟླ་བ་མང་པོའི་རིང་བྱས་དང་བྱེད་མུས་ཡིན་” ཞེས་བརྗོད་པ་རེད། དེ་ལ་དགེ་བཤེས་དབང་རྒྱལ་གྱིས་དེ་མ་ཐག་ཏུ་ “འོ་རེད། དགག་བྱའི་ “བདག་” ཞེས་བྱ་བ་དེ་རེད་” ཅེས་གསུངས། དགེ་བའི་བཤེས་གཉེན་གྱི་ངོས་ནས་ང་ཚོར་སྟོང་པ་ཉིད་ཀྱི་དོན་ངོ་སྤྲོད་བྱེད་པར་གནས་སྟངས་དེ་འདྲ་སྐྲུན་ཆོག་པ་དང་། དེ་ཡང་ང་ཚོས་སེམས་ཚོར་གྱི་སྒོ་ནས་མཐོང་ཐུབ་པ་དང་ནང་རྟོགས་པ་ཞིག་རྙེད་ཐུབ་པའི་གནས་སྟངས་ཤིག་སྐྲུན་པའི་དོན་རེད། ཡིན་ནའང་དེ་ཡང་དག་པར་བྱེད་ཐུབ་པར་ཐབས་རྩལ་ཧ་ཅང་མཁས་པོ་དགོས་ཀྱི་ཡོད། བྱས་ཙང་། ཆོས་ཀྱི་ནང་གནད་དོན་འགའ་ཞིག་ལ་ངོ་སྤྲོད་བྱེད་པའི་རིམ་པ་དེ་འདྲ་ཞིག་ཡོད། དེ་ནི་དཔེ་དེབ་ཀྱིས་བྱེད་མི་ཐུབ།
ངོ་སྤྲོད་བྱེད་པའི་ཐབས་ཚུལ་གཉིས་པ་ནི། འགྲེལ་བརྗོད་ཧ་ཅང་གསལ་པོ་བྱེད་པ་དེ་རེད། དཔེ་དེབ་ཀྱིས་དེ་བྱེད་ཐུབ། དགེ་བའི་བཤེས་གཉེན་གྱི་འགྲེལ་བརྗོད་ཧ་ཅང་གསལ་པོ་དེ་དཔེ་དེབ་ནང་འབྲི་ཆོག །ཡིན་ནའང་གནད་དོན་ཞིག་ག་ཚོད་ཀྱིས་གསལ་པོ་ཡོད་ནའང་འདྲ་སྟེ། གལ་ཏེ་ང་ཚོར་སེམས་ཀྱི་འགོག་རྐྱེན་ཞིག་ཡོད་ན། ང་ཚོས་དེ་ཤེས་རྟོགས་ཐུབ་ཀྱི་མ་རེད། བྱས་ཙང་། དེ་ལ་ཐབས་ལམ་གཞན་ཞིག་ཡོད་དེ། དགེ་བའི་བཤེས་གཉེན་གྱིས་ཆོས་ཀྱི་ལྷུ་སྒྲིག་མགོ་སྙོག་ཅན་དེ་ང་ཚོ་ལྟ་བུ་སློབ་མ་སོ་སོའི་ངོས་ནས་ཤེས་སུ་འཇུག་དགོས་རྒྱུ་དེ་རེད། དེ་ཡང་ང་ཚོར་ཆོས་དེ་ཕྲུ་གུ་མ་འབྱར་ཞིག་ལ་ཐུར་མ་བརྒྱུད་ནས་ཁའི་ནང་བཟའ་མ་སྟེར་བ་ཙམ་མིན་པར། ཐེངས་མ་གཅིག་ལ་ཆོས་ཀྱི་དུམ་ཚན་གཅིག་སྤྲོད་དགོས་ཀྱི་ཡོད།
ཡང་ངོ་སྤྲོད་བྱེད་པའི་ཐབས་ལམ་གཞན་ཞིག་ཡོད་པ་ནི་དེ་རྟོགས་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་མཐོང་བའི་དཔེ་མཚོན་གྱི་སྒོ་ནས་ངོ་སྤྲོད་བྱེད་པ་དེ་རེད། གང་ལྟར་ཡང་། ཐ་ན་ང་ཚོས་འགྲེལ་བརྗོད་གསལ་པོ་ཞིག་དཔེ་དེབ་ནང་བཀླགས་ནའང་། མི་ཞིག་གིས་དཔེ་དེབ་དེ་བྲིས་པ་ཞིག་དགོས་ཀྱི་ཡོད། བྱས་ཙང་། ང་ཚོས་དགེ་བའི་བཤེས་གཉེན་དེ་དང་མཇལ་ཡོད་མེད་ལ་མ་ལྟོས་པར། དེར་དགེ་བའི་བཤེས་གཉེན་ཞིག་ཡོད་དགོས། གང་ཟག་དེ་འདས་གྲོངས་སུ་གྱུར་ནས་ཡུན་རིང་ཕྱིན་ཡོད་ནའང་། ང་ཚོས་དགེ་བའི་བཤེས་གཉེན་དང་མཇལ་གྱི་ཡོད། གང་ཡིན་ཞེ་ན། ང་ཚོས་དཔེ་དེབ་ཀློག་པའི་སྒོ་ནས་དགེ་བའི་བཤེས་གཉེན་གྱི་གསུང་དེ་དང་མཇལ་གྱི་ཡོད། ང་ཚོ་རང་སངས་རྒྱས་མིན་ན། ང་ཚོས་སླར་ཡང་འཁོར་ལོ་གསར་གཏོད་བྱེད་མི་དགོས་ཤིང་། ང་ཚོ་རང་ངོས་ནས་གོ་རྟོགས་འདི་ལ་བརྟེན་ནས་ཡོང་མི་དགོས། དེ་ནི་གཞན་ཞིག་ལས་ཡོང་གི་ཡོད་དེ། དགེ་བའི་བཤེས་གཉེན་ཞིག་ནས་འབྱུང་གི་ཡོད། གལ་ཏེ་ང་ཚོས་དེའི་སྐོར་བསམ་བློ་བཏང་ན། ཐ་ན་རང་སངས་རྒྱས་རྣམས་ལ་ཡོད་པའི་ཆོས་ཀྱི་བག་ཆགས་དེ་དག་ཀྱང་སྐྱེ་བ་སྔོན་མ་ཞིག་གི་ནང་དགེ་བའི་བཤེས་གཉེན་ཞིག་ནས་ཐོས་པ་ཞིག་རེད།
གནད་དོན་དེའི་ཐོག་ནས་བསམས་ན་དགེ་བའི་བཤེས་གཉེན་ནི་ཧ་ཅང་གལ་ཆེན་པོ་རེད། ང་ཚོར་དོན་ངོ་མར་དེ་དག་ཐམས་ཅད་དགེ་བའི་བཤེས་གཉེན་དང་ཟུང་དུ་འབྲེལ་བ་ཞིག་དགོས། ང་ཚོར་གནས་ཚུལ་མ་ནོར་བ་ཡང་དག་པ་དང་གསལ་པོར་སྤྲོད་ཐུབ་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་དགོས་ཤིང་། དགེ་བའི་བཤེས་གཉེན་དེ་ང་ཚོས་གང་སྦྱོང་ཐབས་བྱེད་བཞིན་པ་ལ་དོན་ངོ་མའི་མངོན་གསལ་དོད་པའི་དཔེ་མཚོན་ཞིག་ཡིན་པ་དང་། དེས་ང་ཚོར་སེམས་སྐུལ་ལམ་བྱིན་རླབས་གནང་ཐུབ་མཁན་ཞིག་དགོས། དེར་མ་ཟད། ང་ཚོར་ནང་གི་རྟོགས་པ་འཐོབ་པ་དང་མཐུན་པའི་གནས་སྟངས་སྐྲུན་ཐུབ་མཁན་ཞིག་དང་། ཐེངས་གཅིག་ལ་ཆོས་ཀྱི་ལྷུ་སྒྲིག་མགོ་རྙོག་ཅན་དུམ་བུ་གཅིག་ཡང་དག་པར་སྤྲོད་མཁན་ཞིག་དགོས།
ཕྱོགས་རིས་བྲལ་བའི་སྒེར་གྱི་འབྲེལ་ལམ།
ང་ཚོས་བླ་སློབ་བམ་དགེ་བའི་བཤེས་གཉེན་དང་སློབ་མའི་བར་གྱི་འབྲེལ་ལམ་དང་འབྲེལ་བའི་སྐོར་གནད་དོན་མང་པོ་ཤོད་རྒྱུ་ཡོད། འོན་ཀྱང་ནུབ་ཕྱོགས་པ་རྣམས་ལ་རྟག་ཏུ་འབྱུང་བའི་གནད་དོན་ཞིག་ནི་ང་ཚོར་སྒེར་གྱི་དོ་སྣང་དགོས་ཀྱི་ཡོད། ང་ཚོར་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས་ཤུགས་ཆེན་ཞིག་དགོས་ཀྱི་ཡོད། མི་ཚང་མས་ “ང་རང་དམིགས་བསལ་ཡིན་པ་དང་ང་ལ་དམིགས་བསལ་གྱི་དོ་སྣང་སྤྲོད་དགོས་” ཞེས་བསམ་གྱི་ཡོད། དེའི་དཔེ་མཚོན་ནི་ང་ཚོ་སེམས་ཁམས་རིག་པ་བ་ལྟ་བུ་ཞིག་ཐུག་ཏུ་ཕྱིན་ནས་དངུལ་སྤྲོད་པ་དང་ང་ཚོར་སྒེར་གྱི་སྨན་བཅོས་འཐོབ་ངེས་རེད། ཡིན་ནའང་དེ་ནི་ནང་པའི་སྐབས་དོན་གྱི་ནང་རྟག་ཏུ་ཐོབ་སླ་བ་ཞིག་མེད། དེ་ནི་ཁྱད་མཚར་རེད། ང་ཚོས་ “ང་རང་ལ་དམིགས་བསལ་ཞིག་ཆགས་རྒྱུ་ཡིན་པའི་ངའི་དགེ་བའི་བཤེས་གཉེན་” དེ་འཚོལ་བཞིན་ཡོད་པ་དང་། ད་དུང་ཡང་ང་ཚོར་འབྲེལ་ལམ་དེ་གང་འདྲ་ཞིག་ཆགས་རྒྱུ་ཡིན་པའི་གློག་བརྙན་འཁྲབ་སྟོན་གྱི་སྣང་བརྙན་ཞིག་ཡོད། ང་ཚོར་རྗེ་བཙུན་མི་ལ་རས་པ་དང་མར་པ་ལོ་ཙཱ་བའི་འབྲེལ་བ་ལྟ་བུ་ཞིག་དགོས་འདོད་བྱེད་ཀྱི་མེད། ང་ཚོར་ཧུར་བརྩོན་དང་དཀའ་བ་སྤྱད་དུ་འཇུག་མཁན་གྱི་དགེ་བའི་བཤེས་གཉེན་ཞིག་འདོད་ཀྱི་མེད།
ངའི་ངོས་ནས་ང་དང་༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེའི་བླ་སློབ་འབྲེལ་ལམ་གྱི་དཔེ་མཚོན་ཞིག་ཞུ་རྒྱུ་ཡིན། ཁོང་དང་མཉམ་དུ་བློ་ཐག་ཉེ་པོ་ཡོད་པ་དང་ཁོང་ལ་ལོ་ངོ་དགུ་ཙམ་གྱི་རིང་གསུང་བསྒྱུར་དང་། ཨིན་དྲུང་། ཕྱི་སྐྱོད་འགྲུལ་བཞུད་ཁག་ལ་གྲ་སྒྲིག་གི་ཞབས་འདེགས་བསྒྲུབས་པ་ལ་སོགས་པ་ཁོང་གི་དངོས་སློབ་ཅིག་ཡིན་པ་དེ་ནི་ཧང་སངས་དགོས་པའི་དམིགས་བསལ་གྱི་ཐོབ་ཐང་དང་གོ་སྐབས་ཤིག་ཐོབ་པ་རེད། དེ་ཡང་ཕྱི་ལོ་ ༡༩༨༣ ལོར་ཁོང་སྐུ་མ་གཤེགས་ཀྱི་བར་དུ་དེ་ལྟ་བུའི་འབྲེལ་ལམ་བཟང་པོ་དེ་ཡོད། གང་ལྟར་ཡང་། འབྲེལ་བ་གང་ཡོད་པ་ཐམས་ཅད་ཕྱོགས་རིས་མེད་པའི་སྒེར་གྱི་འབྲེལ་བ་ཞིག་རེད་ཅེས་ངས་བརྗོད་ངེས་རེད། ཁོང་གིས་ངའི་སྒེར་གྱི་མི་ཚེ་ལ་དུས་ནམ་ཡང་ཐེ་བྱུས་མི་གནང་ཞིང་། སྒེར་གྱི་མི་ཚེའི་སྐོར་སྐད་ཆ་འདྲི་གནང་གི་མེད། ཁོང་གིས་ངའི་ནང་མི་སོགས་ཀྱི་སྐོར་ལ་ནམ་ཡང་འདྲི་གནང་གི་མེད། ངས་ཀྱང་ཁོང་ལ་སོ་སོའི་སྒེར་གྱི་མི་ཚེའི་སྐོར་ཤོད་དགོས་བསམ་པའི་ཚོར་བ་དེ་འདྲ་བྱུང་མ་སོང་། འོན་ཀྱང་ད་ལྟ་ད་ལྟའི་དུས་སྐབས་སུ་གདོང་ལེན་བྱེད་ཕྱོགས་ཐད་རྟག་ཏུ་ངེད་གཉིས་བར་འབྲེལ་ལམ་ཧ་ཅང་ཐེག་ཉེ་པོ་ཡོད།
བྱས་ཙང་། ང་ཚོས་མཉམ་དུ་ལས་ཀ་བྱས་ཡིན། དེ་ཡང་དམིགས་བསལ་ཐབས་ཚུལ་གྱི་སྒོ་ནས་ལས་ཀ་བྱས་ཡིན། དེ་ལ་ངས་ “ཕྱོགས་རིས་མེད་པའི་སྒོ་ནས་སྒེར་དོན་” བརྗོད་ངེས་རེད། དེའི་དོན་ནི་ “ང་དང་ཁྱོད་མཉམ་དུ་ལས་ཀ་བྱེད་ཀྱི་ཡིན་” ཞེས་བརྗོད་པའི་ངར་འཛིན་ཆེན་པོ་གཉིས་ལ་བརྟེན་པའི་འབྲེལ་བ་དེ་མིན། དེ་ནི་ངས་ངའི་སྐོར་ཚང་མ་ཁྱོད་ལ་ཤོད་པ་དང་ཁྱོད་ཀྱི་སྐོར་ཚང་མ་ང་ལ་ཤོད་པ་ལྟ་བུ་ཐ་ཉ་སོ་འཁྲུད་ཀྱང་ཕན་ཚུན་མཉམ་སྤྱོད་བྱེད་པའི་སྒེར་གྱི་འབྲེལ་བ་དེ་འདྲ་ཞིག་མ་རེད། དེ་ནི་ང་ཚོས་སོ་སོའི་ནང་གྱོན་བཙོག་པ་དེ་མི་ཞིག་ལ་སྟོན་པ་འདྲ་པོ་རེད། གོ་དོན་དེ་ལ་ཆ་བཞག་ན། འབྲེལ་ལམ་དེ་ནི་ཕྱོགས་རིས་མེད་པ་ཞིག་རེད། འོན་ཀྱང་དེ་ནི་ད་དུང་ཡང་སྒེར་དང་འབྲེལ་བ་ཞིག་ཡིན་ཏེ། ཁོང་གིས་ངའི་སྤྱོད་པ་དང་རང་གཤིས་དེ་ཤེས་ཀྱི་ཡོད་པ་དང་། དེ་ལ་གུས་ཞབས་བྱེད་པ་གཞི་ལ་བཞག་སྟེ་ང་ཚོས་མཉམ་དུ་ལས་ཀ་བྱས་ཡིན། ངས་ཁོང་གི་དགུང་ལོའི་ཚད་དང་། དགོས་མཁོའམ་ཉེར་མཁོའི་རིགས་ཀྱང་ཤེས་ཀྱི་ཡོད། དེ་ལ་གཞི་བཞག་ན་དེ་ནི་སྒེར་གྱི་འབྲེལ་བ་ཡིན་ནའང་། ཕྱོགས་རིས་མེད་པ་རེད།
འབྲེལ་ལམ་དེའི་ལམ་ལྷོང་ལེགས་གྲུབ་ཀྱི་རྨང་གཞི་གཙོ་བོའི་ནང་གི་གཅིག་ནི། ཕན་ཚུན་གཉིས་ཀའི་ངོས་ནས་གུས་ཞབས་ཆེན་པོ་ཞིག་ཡོད་པ་དང་གཉིས་ཀས་རྒན་ཚད་ལོངས་པའི་ཚུལ་གྱིས་ལས་ཀ་མཉམ་དུ་བྱེད་པ་དེ་རེད་སྙམ། དར་མ་ཞིག་ཡིན་པའི་ཆ་ནས་ངས་ཁོང་ལ་བྱིས་པའི་ངང་ཚུལ་གྱིས་ངོས་ལེན་ཐོབ་འདོད་དང་། ཁོང་ལ་སྟངས་འཛིན་བྱེད་པ་ལྟ་བུ་སྟེ། ངའི་མི་ཚེའི་ནང་གང་འབྱུང་བའི་འགན་འཁྲི་ཆ་ཚང་ཁོང་གིས་བཞེས་དགོས་འདོད་དང་བཅས་རྗེས་སུ་འཇུག་མེད། འོན་ཀྱང་དེ་ནི་ངས་མཐའ་གཞན་དེར་ཕྱིན་པའི་དོན་མིན། མཐའ་གཞན་དེ་ནི་ “ང་ནི་རང་གིས་རང་སྟངས་འཛིན་བྱེད་འདོད་ཡོད་པས། ག་རེ་བྱེད་དགོས་མིན་ཁྱེད་ཀྱིས་ཤོད་མི་ཐུབ་” ཅེས་པ་དེ་རེད། ངས་ཁོང་ལ་མི་ཚེའི་ནང་གི་གདམ་ཀ་དཀའ་ལས་ཁག་པོ་རྣམས་ལ་བཀའ་སློབ་ལམ་སྟོན་ཞུས་ཡིན། ངས་ཁོང་ལ་ལམ་སྟོན་གནང་རོགས་ཞེས་ཞུས་ནའང་། ངས་རང་ངོས་ནས་ཐག་གཅོད་བྱས་ཡིན། དེ་ནི་བྱིས་པ་ནང་བཞིན་ “ངས་གང་བྱེད་དགོས་སམ་” ཞེས་སྐད་ཆ་འདྲི་གི་མེད། དེ་ནི་སླར་ཡང་ “དགོས་” ཞེས་པའི་སྒང་ལ་རང་འཇགས་བསླེབ་ཀྱི་ཡོད་པས། དེའི་རྒྱུ་ཚབ་ལ་ངས་འདི་བྱས་ན་བཟང་བ་དང་ཕན་ཐོགས་ཆེ་བ་འདུག་གམ་ཡང་ན་དེ་བྱས་ན་ཕན་ཐོགས་ཆེ་བ་འདུག་ཅེས་འདྲི་ངེས་རེད།
དཔེ་ཆ་བཞག་ན། རིན་པོ་ཆེ་དང་ང་ཚོ་འཛམ་གླིང་ཡུལ་གྲུ་གང་སར་ཆོས་ཁྲིད་འགྲུལ་བཞུད་མཐའ་མཇུག་དེའི་སྐབས་སུ། ངས་ཁོང་ལ་ “ང་རང་ཨ་རིའི་ནང་བསྡད་ནས་ངའི་ནང་མི་དང་མཉམ་དུ་དུས་ཚོད་བསྐྱལ་ན་ལེགས་པ་འདུག་གམ་ཡང་ན་ཁྱེད་དང་ལྷན་དུ་རྒྱ་གར་ལ་རང་འཇགས་ཕྱིན་ནས་༧གོང་ས་མཆོག་གིས་དབུ་ཁྲིད་པའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེར་བཅར་ན་ལེགས། དེ་གཉིས་ལས་གང་ལེགས་པ་དང་ཕན་ཐོགས་ཆེ་བ་ཡོད་དམ་” ཞེས་ཞུས་ཡོད། གལ་ཏེ་ངས་རང་ངོས་ནས་ཐག་གཅོད་བྱ་མི་ཐུབ་པའི་རིགས་དེ་འདྲ་ཡོད་ན། ངས་ཁོང་ལ་བཀའ་འདྲི་ཞུ་གི་ཡོད། དེའི་སྐབས་རིན་པོ་ཆེ་ནས་ང་རང་སྨོན་ལམ་ལ་འགྲོ་ན་ལེགས་ཚུལ་གསུངས་ཡོད། གང་ཡིན་ཞེ་ན། དེ་ནི་ལོ་རྒྱུས་དང་ལྡན་པའི་དུས་སྐབས་གནད་འགགས་ཅན་ཞིག་ཡིན་པ་རེད། ངས་ཀྱང་ཁོང་གི་བཀའ་སློབ་ལམ་སྟོན་ལྟར་ཕྱིན་ཡིན། འོན་ཀྱང་ཁོང་གིས་ང་ལ་བཀོད་མངགས་བཏང་མེད། དེ་ལ་ངས་གུས་འདུད་དང་བཅས་ “ལགས་སོ་” ཞེས་ཞུས་ཡིན། ངས་ཁོང་ལ་བཀོད་མངགས་གཏོང་རོགས་ཞེས་ཞུས་མེད། ཁོང་གིས་གནས་སྟངས་དེ་ཅུང་ཟད་གསལ་ཁ་དོད་པོ་དང་རྒྱ་ཆེ་བའི་ལྟ་ཚུལ་གྱི་སྒོ་ནས་གསལ་བཤད་གནང་གི་རེད། དེ་ལ་བརྟེན་ནས་ངས་ཀྱང་སོ་སོའི་ཤེས་རབ་ལ་སྤྱད་དེ་རང་གི་སེམས་བཟོ་བཅོས་གཏོང་ཐུབ་ཀྱི་འདུག །གནས་སྟངས་གཞན་གྱི་ནང་། གང་བྱེད་ན་ཡག་ཤོས་ཡིན་པའི་ང་རང་གི་སྒེར་གྱི་བསམ་ཚུལ་ཡོད་པའི་སྐབས། གལ་ཏེ་ཁོང་གིས་སྔོན་ནས་ངས་དེ་ལྟར་བྱེད་པར་དཀའ་ངལ་གཟིགས་ནའང་། ངས་ད་དུང་ཁོང་ལ་བཀའ་འདྲི་ཞུ་ངེས་རེད།
དེ་ནི་དགེ་བའི་བཤེས་གཉེན་དང་མཉམ་དུ་འབྲེལ་བ་ཡོད་པའི་སྐབས་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག །གལ་ཏེ་འབྲེལ་བ་དེ་ཧ་ཅང་སྒེར་དོན་ཆགས་རྒྱུ་ཡིན་པའི་རེ་འདུན་འདི་ང་ཚོར་ཡོད་ན། དེ་ཕྱོགས་གཅིག་ནས་ང་ཚོས་ཚོགས་གསོག་སྲིད་པ་ལས་ཏོག་ཙམ་མང་བ་སོ་སོ་རང་ཉིད་ལ་གལ་གནད་བརྩི་བཞིན་ཡོད། གལ་ཏེ་ང་ཚོས་དགོས་དོན་དེ་སོ་སོ་སྒེར་གྱི་དོན་དུ་སྟོན་གྱིན་ཡོད་ན། ང་ཚོས་རང་གིས་རང་ལ་ཧ་ཅང་གལ་ཆེན་དུ་བརྩི་བཞིན་ཡོད། དེ་ག་ནང་བཞིན་གལ་ཏེ་ང་ཚོས་དགོས་དོན་དེ་སྟོན་བཞིན་ཡོད་ན། ང་ཚོས་སོ་སོ་རང་ཉིད་བྱིས་པ་ནང་བཞིན་ལྟ་བ་དང་དགེ་བའི་བཤེས་གཉེན་དེ་ང་ཚོའི་ཕ་མ་ནང་བཞིན་ལྟ་བའམ། ཡང་ན་སོ་སོ་རང་ཉིད་བཅུ་ཐོག་ན་གཞོན་ནང་བཞིན་ལྟ་བ་དང་དགེ་བའི་བཤེས་གཉེན་དེ་དར་སྲོལ་ཆེ་བའི་པོབ་རོལ་གཞས་གྲགས་ཅན་ཞིག་ཏུ་ལྟ་བའི་མགོ་སྐོར་སླུ་ཐབས་ཀྱི་ནང་ལྷུང་རྒྱུ་ལས་སླ་པོ་རེད། བརྩེ་དགའི་ཉམས་ཚོར་གྱི་རྟོག་འཆར་དེ་འདྲ་ཞིག་ཀྱང་དེར་ཡོད་པ་རེད།
མེ་ཏོག་དང་སྦྲང་མའི་མཚུངས་དཔེ།
ང་ཚོས་སྒེར་གྱི་ཕྱོགས་རིས་མེད་པའི་སྒོ་ནས་དགེ་བའི་བཤེས་གཉེན་ཞིག་དང་མཉམ་དུ་འབྲེལ་བར་ཇི་ལྟར་འཇུག་ཚུལ་དེ་ནི་དོན་ངོ་མར་ལས་སླ་པོ་ཞིག་མེད། དེ་ལྟར་བྱེད་པའི་གལ་གནད་ནི་ང་ཚོའི་དགེ་བའི་བཤེས་གཉེན་དང་མཉམ་དུ་ཡོད་པའི་འབྲེལ་ལམ་ཙམ་ལ་ཚད་བཀག་ཡོད་པ་ཞིག་མིན། གལ་ཏེ་ང་ཚོ་ཐབས་ཚུལ་འདི་གང་ཟག་སུ་དང་འབྲེལ་བ་བྱས་ཀྱང་དེའི་ཐུན་མིན་གྱི་ཁྱད་ཆོས་ཡིན་ན། དེ་ནི་ཕན་ཐོགས་ཅན་ཆགས་ངེས་རེད། སློབ་དཔོན་ཆེན་པོ་ཞི་བ་ལྷའི་ཞལ་སྔ་ནས། ང་ཚོའི་གཞན་དང་མཉམ་དུ་འབྲེལ་བ་བྱེད་པའི་སྐབས། མེ་ཏོག་གཅིག་ནས་གཞན་དུ་བབས་ནས་འགྲོ་བཞིན་པའི་སྦྲང་མས་མེ་ཏོག་གི་སྙིང་བཅུད་ཙམ་དང་འབྲེལ་བ་བྱེད་པ་ལས་མེ་ཏོག་གང་རུང་གཅིག་རང་ལ་འཁར་ནས་མི་སྡོད་པ་ནང་བཞིན་དགོས་རྒྱུ་དེ་ནི་ཕན་ཐོགས་ཆེ་ཤོས་དེ་ཡིན་ཞེས་གསུངས་ཡོད།
འདིར་སླར་ཡང་ངོས་ནས་༧སྐྱབས་རྗེ་སེར་ཀོང་རིན་པོ་ཆེའི་དཔེ་མཚོན་དང་འབྲེལ་ནས་ཞུ་རྒྱུ་ཡིན། ཁོང་ལ་གྲོགས་པོ་ཡག་ཤོས་ཟེར་བ་དེ་འདྲ་མེད། དེ་ལས་ལྡོག་སྟེ། ཁོང་གང་ཟག་སུ་འདྲ་ཞིག་དང་ལྷན་དུ་ཡོད་ནའང་། དུས་སྐབས་དེའི་རིང་གང་ཟག་དེ་ཁོང་གི་གྲོགས་པོ་ཡག་ཤོས་ཡིན་པ་རེད། དེ་ལྟ་བུའི་ཁྱད་ཆོས་དང་ལྡན་པ་དེ་དག་ཐམས་ཅད་ནི་ང་ཚོས་ཐུན་དང་པོའི་སྐབས་བཤད་པའི་བློ་སྒོ་འབྱེད་པའི་གུ་ཡངས་ཀྱི་བྱེད་ལས་ཤིག་ཡིན་པ་རེད། དཔེར་ན། མི་ཚང་མ་སོ་སོའི་གྲོགས་པོ་ཡག་ཤོས་ཡིན་པ་ནང་བཞིན་ལྟ་ཚུལ་འཛིན་པ་ལྟ་བུ་རེད། ང་ཚོས་དེ་འདྲའི་སྒོ་ནས་མི་ཞིག་དང་མཉམ་དུ་ཡོད་པའི་སྐབས། ང་ཚོའི་སེམས་དེ་མཐའ་གཅིག་ཏུ་མི་དེ་ག་རང་ལ་དམིགས་ཀྱི་ཡོད། ང་ཚོ་མི་དེ་ལ་མཐའ་གཅིག་ཏུ་སྒེར་འདྲིས་ཆེན་པོའི་ཐོག་སེམས་གཏིང་ནས་འབྲེལ་གཏུགས་བྱེད་ཀྱིན་ཡོད། འོན་ཀྱང་ངས་ངའི་ནང་གྱོན་བཙོག་པ་དེ་ཁྱེད་ལ་སྟོན་པ་དང་ཁྱེད་ཀྱི་ནང་གྱོན་དེ་ང་ལ་སྟོན་དགོས་ངེས་ཅན་དེ་འདྲ་མ་རེད། ང་ཚོས་སྒེར་སོ་སོའི་ཞིབ་ཕྲའི་གནས་ཚུལ་ཁག་རེ་རེ་བཞིན་འགྲོ་དགོས་ངེས་ཤིག་མིན། དེའི་དོན་དག་ཅིག་ནི་ང་ཚོར་སོ་སོའི་མགོ་བོ་བྱིལ་བྱིལ་གཏོང་མཞན་ཞིག་དགོས་འདོད་བྱེད་པ་ལྟ་བུ་རེད།
གལ་ཏེ་ང་ཚོས་ཞིབ་ཕྲ་དེ་དག་ཚང་མའི་ནང་ཕྱིན་ན། དེ་ནི་ང་ཚོས་ཕ་རོལ་པོ་དེའང་དཀའ་རྙོག་ནང་འཛུད་པའི་ཆེད་སོ་སོའི་དཀའ་རྙོག་དེ་མི་གཞན་གྱི་སྟེང་དུ་འཇོག་བཞིན་པ་འདྲ་པོ་རེད། ང་ཚོ་ཚང་མར་མི་ཚེའི་ནང་གདོང་ལེན་བྱེད་དགོས་པའི་སྒེར་སོ་སོའི་གྲ་མ་འགྲིག་པ་དང་དཀའ་བའི་གནད་ཆུང་ངུའི་རིགས་ཡོད། འོན་ཀྱང་དེ་ནི་མི་གཞན་དང་དེ་དག་ལ་ཡོད་པའི་ང་ཚོའི་འབྲེལ་ལམ་ལ་རྡོག་ཁྲེས་ལྟ་བུ་ཆགས་རྒྱུ་མེད། ང་ཚོས་གང་ཟག་དེ་ལ་མཐའ་གཅིག་ཏུ་བློ་སྒོ་འབྱེད་པའི་གུ་ཡངས་དང་བཅས་རང་གི་གྲོགས་པོ་ཡག་ཤོས་ནང་བཞིན་འབྲེལ་བ་བྱེད་ཆོག །ང་ཚོས་མི་དེ་ལ་བློ་སྙིང་བྲང་གསུམ་གྱི་སྒོ་ནས་འབྲེལ་བ་བྱ་ཆོག་ཀྱང་། ང་ཚོའང་དེ་དང་འདྲ་བར་གཞན་ཚང་མར་གུ་ཡངས་བྱེད་ཐུབ་པའི་ཆེད་ང་ཚོ་དེའི་ནང་མ་ཚུད་པར་བྱེད་དགོས། དཔེར་ན། མེ་ཏོག་གཅིག་ནས་གཅིག་བརྒྱུད་དེ་འཕུར་མཁན་གྱི་སྦྲང་མ་ནང་བཞིན་དགོས་ཏེ། རང་གི་གྲོགས་ལ་འདྲིས་གཤིབ་ཆེན་པོ་དང་སེམས་གཏིང་ནས་འབྲེལ་བ་བྱེད་དགོས་ནའང་དེ་རང་ལ་འཁར་ནས་སྡོད་རྒྱུ་མེད།
ང་ཚོ་ལའང་དགེ་བའི་བཤེས་གཉེན་དང་མཉམ་དུ་འབྲེལ་བ་དེ་འདྲ་ཞིག་དགོས་ཀྱི་ཡོད། ང་ཚོ་དགེ་བའི་བཤེས་གཉེན་དང་མཉམ་དུ་ཡོད་པའི་སྐབས། ཁ་ཞེ་གཉིས་མེད་ཀྱི་ཐད་ཀའི་འབྲེལ་བ་ཞིག་ཡོད་ནའང་། ང་ཚོ་དེ་ནས་ལོགས་སུ་འགྲོ་བ་དང་མི་གཞན་དེ་བསླེབ་ཀྱི་ཡོད། གལ་ཏེ་ང་ཚོར་ “ང་རང་ལ་ངའི་བླ་མ་དགོས་” ཞེས་པའི་བློའི་ཁྱེར་སོ་ཞིག་ཡོད་ན། ང་ཚོ་ཧ་ཅང་ཕྲག་དོག་ཅན་དང་གཅེས་འཛིན་ཅན་ཆགས་པ་དང་། དེ་ནི་མཐའ་གཅིག་ཏུ་མནར་གཅོད་ཅིག་རེད། དཔེར་ན། “དགེ་བའི་བཤེས་གཉེན་གྱི་མཐའ་སྐོར་དུ་ངོ་བོ་གཅིག་པའི་ཚོགས་སྡེ་འདི་འདུག །ང་རང་ཚོགས་སྡེ་འདིའི་ཁོངས་སུ་གཏོགས་ཀྱི་མེད་” ཅེས་དང་། ཨ་ཙི། སྡུག་བསྔལ་བ་ལ་ཞེས་བསམ་གྱི་ཡོད། འོན་ཀྱང་ང་ཚོ་ཚང་མས་སོ་སོ་རང་ཉིད་ཀྱི་ནང་གྱོན་བཙོག་པ་དེ་བཀྲུ་དགོས་ཀྱི་ཡོད། སོ་སོའི་གྲ་མ་འགྲིག་པའི་དཀའ་རྙོག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། དགེ་བའི་བཤེས་གཉེན་གྱིས་དེ་ལ་གདོང་ལེན་གནང་གི་རེད་བསམ་པའི་རེ་འདུན་བྱེད་དགོས་དོན་མེད།
གཞན་ལ་ཚོར་མེད་དངོས་པོ་ལྟར་ལྟ་ཚུལ་འཛིན་པའི་མཐའ་སྤོང་བ།
ང་ཚོས་ཐབས་ཚུལ་འདིའི་སྒོ་ནས་མི་ཞིག་ལ་གདོང་ལེན་དང་འབྲེལ་བ་བྱེད་པའི་སྐབས། ཕྱོགས་རིས་མེད་པའི་སྒེར་གྱི་འབྲེལ་བ་འདིའི་བརྒྱུད་དེ་དགེ་བའི་བཤེས་གཉེན་ཡིན་ནའང་འདྲ་གྲོགས་པོ་ཡིན་ནའང་འདྲ་སྟེ། དེ་ལ་རིམ་པ་གཉིས་ཡོད། དེ་ཡང་དོན་དམ་པའི་རིམ་པ་དང་ཀུན་རྫོབ་ཀྱི་རིམ་པ་གཉིས་རེད། དོན་དམ་པའི་རིམ་པའི་དབང་དུ་བྱས་ན། ཚང་མ་མཉམ་པའམ་གཅིག་པ་ཡིན་པ་དང་སུ་གཅིག་ཀྱང་དམིགས་བསལ་མིན། བྱས་ཙང་། འདིས་འབྲེལ་བ་གང་འདྲ་ཞིག་ཡིན་ནའང་ཕྱོགས་རིས་མེད་པའི་རྣམ་པ་མཚོན་གྱི་ཡོད། ཀུན་རྫོབ་ཀྱི་རིམ་པའི་དབང་དུ་བྱས་ན། གང་ལྟར་ཡང་མི་རྣམས་སྒེར་སོ་སོ་ཡིན་པ་སོང་ཙང་། འདིས་སྒེར་གྱི་འབྲེལ་བའི་རྣམ་པ་མཚོན་གྱི་ཡོད།
དོན་དམ་གྱི་རིམ་པ་ནས་མི་ཞིག་ལ་འབྲེལ་བ་བྱེད་པ་ཙམ་གྱི་མཐའ་རུ་མི་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ད་དུང་ཡང་གང་ཟག་དེ་སྒེར་པ་ཞིག་ཡིན་པར་མཐོང་བར་ནམ་ཡང་སྣང་མེད་གཏོང་ཐབས་བྱ་མི་ཉན། ཤོད་སྟངས་གཞན་ཞིག་ནས་བཤད་ན། གལ་ཏེ་ངས་ཁྱེད་ལ་ཐལ་དྲགས་པ་དང་ཕྱོགས་རིས་མེད་པའི་སྒོ་ནས་འབྲེལ་བ་བྱས་ན། འབྲེལ་བ་དེ་སྦ་གསང་མེད་པ་ཞིག་ཡིན་ནའང་ངས་འབྲེལ་བ་རྩ་ནས་བྱེད་ཀྱི་མེད་པའི་དོན་ཞིག་ཀྱང་ཡོད། “ཁྱེད་རང་སེམས་རྒྱུད་ཨང་ ༡༤༧༦༢ ཡིན་པ་དང་། མི་གཞན་འདི་སེམས་རྒྱུད་ཨང་ ༡༤༧༦༣ རེད། ངས་སེམས་རྒྱུད་གང་འདྲ་ཞིག་གི་ཨང་གྲངས་གང་འདྲ་ཞིག་ཡིན་ནའང་དེ་དང་མཉམ་དུ་མཉམ་པར་ཁ་སངས་པོ་དང་སེམས་ཚོར་གྱི་སྒོ་ནས་འདྲིས་གཤིབ་བྱེད་ཐུབ་” ཅེས་ཚོར་རྒྱུ་དེ་ང་ཚོས་སྤོང་དགོས། དེ་ནི་ནོར་འཁྲུལ་ཞིག་ཆགས་ངེས་རེད། དེ་ནི་ཆོས་ཀྱི་ནང་ཡོད་པའི་སེམས་ཅན་ཐམས་ཅད་ཀྱི་སྐོར་གྱི་གནད་དོན་འདི་གཞན་ལ་ཚོར་མེད་དངོས་པོ་ལྟར་ལྟ་ཚུལ་འཛིན་པའི་མཐའ་རུ་འཁྲིད་ངེས་རེད། ང་ཚོས་ཕ་རོལ་གྱི་མི་དེའི་ངོས་ནས་ཁོ་རང་རང་ཉིད་ལ་ཧ་ཅང་སྒེར་གྱི་སྒོ་ནས་ལྟ་བཞིན་ཡོད་པ་དེ་རྟག་ཏུ་དྲན་དགོས། ང་ཚོས་དེ་ལ་འབད་བརྩོན་བྱེད་དགོས།
ངའི་ཨ་མ་ལོ་སྔོན་མའི་ནང་འདས་གྲོངས་སུ་ཕྱིན་པའི་དཔེ་ཞིག་ཞུ་རྒྱུ་ཡིན། ཁོང་ཐོག་མར་འདས་གྲོངས་སུ་འགྱུར་བའི་སྐབས། ངས་ཁོ་མོའི་ཆེད་དུ་སྨོན་ལམ་དང་ཉམས་ལེན་སྣ་ཚོགས་བྱེད་བཞིན་པའི་སྐབས་རེད། འོན་ཀྱང་ཕྱོགས་རིས་མེད་པའི་སྒོ་ནས་ཁོང་ལ་སེམས་རྒྱུད་ཀྱི་ཨང་གྲངས་གང་རུང་ཞིག་གི་ཐོག་ནས་བལྟས་ཡིན། ཆགས་སེམས་ཀྱི་སྡུག་བསྔལ་དེ་སྤོང་བའི་ཕྱིར། ངས་ཁོ་མོར་ངའི་ཨ་མ་ཙམ་དུ་མ་བལྟས་པར། གཞན་ཚང་མ་དང་གཅིག་མཚུངས་སུ་སྐྱེ་བ་སྔོན་མ་མང་པོ་དང་ཕྱི་མ་མང་པོ་བརྒྱུད་དེ་མུ་མཐུད་ནས་འགྲོ་བཞིན་པ་ཞིག་ལ་བལྟས་ཡིན། དེ་ལྟ་ནའང་། ནང་ཆོས་ནས་སེམས་ཅན་ཐམས་ཅད་སྐབས་གཅིག་ལ་ང་ཚོའི་ཨ་མ་བྱས་མྱོང་ཡོད་པར་གསུང་གི་ཡོད། བྱས་ཙང་། ངའི་ཁོ་མོར་བར་དོའི་ནང་འབྲེལ་བ་བྱེད་ཚུལ་དེ་དངོས་མེད་བསམ་བློ་ཞིག་རེད།
དེ་ནས་ངའི་གྲོགས་པོ་ཉེ་པོ་ཞིག་དང་མཉམ་དུ་ངའི་ཉམས་མྱོང་གོ་བསྡུར་བྱས་རྗེས་གནས་སྟངས་ལ་རང་ཉིད་སྐྱེ་བ་སྔ་མ་དང་། ད་ལྟའི་སྐྱེ་བ། རྡོག་རྡོག་ཚུགས་ཐུབ་ཀྱི་ངོ་བོར་མེད་པ་སོགས་ཀྱི་སྐོར་གོ་རྟོགས་འགའ་ཡོད་མཁན་གྱི་ཆོས་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་སོ་སོའི་བསམ་ཚུལ་དེ་ལས་བར་དོའི་ནང་ཨ་མའི་བསམ་ཚུལ་ནང་བཞིན་བལྟ་རྒྱུ་དེ་ཕན་ཐོགས་རྦད་དེ་ཆེ་བ་ཡོད་པ་ངས་ཤེས་རྟོགས་བྱུང་། བར་དོའི་ནང་ངའི་ཨ་མའི་ལྟ་ཚུལ་ལྟར་བྱས་ན། ཁོ་མོ་ད་དུང་ཡང་རང་གི་ངོ་བོ་རྙིང་པ་རོས྄་བྷར་ཛིན་ཞེས་པའི་མིང་དེར་ཞེན་འཛིན་ཡོད་པ་དང་ང་ལ་ཁོ་མོའི་བུ་ཡིན་པར་ལྟ་བཞིན་ཡོད།
ངས་ཁོང་གི་བར་དོའི་དུས་སྐབས་ལ་ཕན་ཐབས་སུ་རང་གི་བྱེད་བཞིན་པའི་ཉམས་ལེན་དེ་འགྱུར་བ་བཏང་ནས་ཁོང་ལ་ཐད་ཀར་སྐད་ཆ་བཤད་ཡིན། དེའི་སྐབས་སུ་ངས་ཅཱི་ལི་ (chile) དང་ཏ་ཧི་ཏི་མཚོ་གླིང་ (tahiti) ལ་ཆོས་ཁྲིད་བྱེད་བཞིན་ཡོད། བྱས་ཙང་། ཁོང་ཆོས་ཐུན་རེ་རེའི་ནང་ང་དང་མཉམ་དུ་ཕེབས་ཤོག་ཅེས་ཞུས་ཡིན། ངས་ཀྱང་ཁོ་མོར་དགའ་ས་དང་བདེ་པོ་ཚོར་བའི་གནད་དོན་དང་སྨོན་ལམ་གྱི་རིགས་རྣམས་འདོན་པ་ཡིན། ཤོད་སྟངས་གཞན་ཞིག་གི་ཐོག་ནས་བཤད་ན། ངས་ཁོ་མོར་ཡོད་སྲིད་པའི་ཞེད་སྣང་དེ་ཚོར་ཐབས་བྱེད་བཞིན་ཡོད་པ་དང་ཁོ་མོར་རན་ཞིང་འཚམ་པའི་སྒོ་ནས་ཞི་འཇམ་བཟོ་ཐབས་བྱེད་བཞིན་ཡོད།
དཔེ་ཆ་བཞག་ན། ངའི་ཨ་མ་ནང་པའི་སྔགས་འདོན་རྒྱུ་དགའ་པོ་ཡོད། དེས་ཁོང་ལ་ཧ་ཅང་ཞི་འཇམ་གྱི་ཚོར་བ་ཞིག་སྟེར་གྱི་ཡོད། ང་རང་བར་དོའི་ནང་ཡོད་པའི་དབང་དུ་བཏང་ན། དེས་སོ་སོ་རང་ཉིད་ལ་ཏག་ཏག་ཅིག་ཕན་ཐོགས་པ་ཞིག་མི་ཡོང་ནའང་། ངས་ཁོ་མོར་ཧ་ཅང་ཞི་འཇམ་དུ་ཚོར་གྱི་ཡོད་པ་ཤེས་པའི་སྔགས་འདོན་འགོ་ཚུགས་ཡིན། དེ་ལྟར་བྱེད་པ་བརྒྱུད་ཁོང་དང་མཉམ་དུ་འབྲེལ་བ་མཐུད་ཀྱི་ཡོད་པ་ཚོར་སོང་། ངས་ཁོང་གི་ཆེད་དུ་གང་བྱེད་བཞིན་པ་དེ་ལེགས་བཅོས་བཏང་ཡིན། ངས་ཁོ་མོ་རང་ཉིད་ཀྱི་དངོས་ཡོད་གནས་ཚུལ་གྱི་ཀུན་རྫོབ་ཀྱི་རིམ་པའི་ཉམས་མྱོང་དེ་དོ་གལ་ཆེན་པོའི་སྒོ་ནས་དང་ལེན་བྱས་ཡིན། དོན་སྙིང་དེ་རང་རེད། གལ་ཏེ་ངས་ཨ་མས་ཡེ་ཤུ་དང་འཇིའུ་ཆོས་ལུགས་ཀྱི་འདོན་བྱའི་སྨོན་ལམ་འགའ་ཞིག་ཞི་འཇམ་དུ་ཚོར་གྱི་ཡོད་ན། ངས་དེ་བྱེད་ངེས་རེད། ཡིན་ནའང་ངའི་ཨ་མས་སྔགས་རྣམས་ཧ་ཅང་དལ་པོའི་ངང་ནས་དབྱངས་སུ་འདོན་པར་དགའ་མོས་གནང་གི་རེད། ངས་གོང་དུ་ཞུས་པ་ལྟར། ངས་དེ་ལྟར་བྱེད་འགོ་ཚུགས་པའི་སྐབས། ངས་འགྱུར་ལྡོག་ཆེན་པོ་ཞིག་ཚོར་སོང་།
དེའི་སྔོན་ལ་ང་རང་དངོས་མེད་ལྟར་གྱུར་ནས་ “ཁྱེད་རང་སྐྱིད་པོ་ཡོང་བ་དང་། ང་ཚོ་ཚེ་རབས་ཀུན་ཏུ་འབྲེལ་བ་ཡོང་བར་ཤོག །ཁྱེད་ལ་རྟག་ཏུ་མི་ལུས་རིན་ཆེན་འཐོབ་པར་ཤོག །ངས་ཁྱེད་རང་ཚེ་རབས་ཀུན་ཏུ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་ཤོག་” ཅེས་བརྗོད་པ་སོགས་འདི་ལྟ་བུའི་དངོས་མེད་ཀྱི་མན་ངག་དང་བསམ་བློ་ཡག་པོ་འདི་དག་ཐམས་ཅད་ཀྱི་སྐོར་བསམ་པའི་སྐབས། ངས་ཁོ་མོར་སྒེར་གྱི་ངོས་ནས་འབྲེལ་བ་ཞིག་དངོས་གནས་མཐུད་ཀྱི་མི་འདུག །འོན་ཀྱང་ཐབས་ཚུལ་གཞན་དེ་ངས་ཕན་ནུས་རྦད་དེ་ཆེ་བ་མཐོང་སོང་། ངས་རང་གི་སྤྱིར་བཏང་གི་སྨོན་ལམ་རྣམས་ཁ་འདོན་བྱས་ནའང་། དེས་ཁོ་མོར་དངོས་གནས་ཕན་གྱི་ཡོད་པར་ཚོར་སོང་། མདོ་ན་ང་ཚོས་མི་ཞིག་ལ་ཕྱོགས་རིས་མེད་པའི་སྒེར་གྱི་འབྲེལ་བ་ཞིག་བྱེད་པའི་སྐབས། དེ་ནི་སྒེར་ཞིག་གི་ངོས་ནས་མི་དེ་ལ་འབྲེལ་བ་བྱེད་པ་དང་ཁོང་ཚོ་སྒེར་སུ་ཡིན་པའི་ཉམས་མྱོང་ལ་གུས་ཞབས་བྱེད་པའི་བདེན་དོན་ལ་དགག་པ་རྒྱག་གི་ཡོད་པའི་དོན་མིན་ཞེས་ངས་གོང་དུ་འགྲེལ་བརྗོད་བྱས་ཟིན།
དེ་དམིགས་སུ་བཀར་ནས་བཤད་ན། “ང་རང་ཁྱེད་ལ་མཐའ་གཅིག་ཏུ་སྦ་གསང་མེད་པ་དང་ནང་ཚགས་བྱེད་ཀྱི་ཡོད། འོན་ཀྱང་དེ་ནི་ཞེན་པ་མེད་པའི་སྒོ་ནས་ཡིན་པ་དང་། ང་དང་ཁྱོད་ཀྱི་སྒེར་གྱི་རྙོག་འཛིངས་ནང་མི་འགྲོ་བའི་སྒོ་ནས་བྱེད་ཀྱི་ཡོད། ཡིན་ནའང་སྤྱིར་བཏང་གི་སྐབས་དོན་འདིའི་ནང་། ང་རང་ཁྱེད་ཀྱི་གཞན་ལས་ཁྱད་པར་འབྱེད་པའི་ཁྱད་ཆོས་དང་ཁྱེད་རང་སོ་སོ་རང་ཉིད་ལ་ལྟ་ཚུལ་འཛིན་སྟངས་ལ་ཚོར་བ་སྐྱེན་པོ་སོགས་ཡིན་པས། ངས་ཁྱེད་ཀྱི་སེམས་ཚོར་ལ་བསམ་ཤེས་དང་བཅས་ཁྱེ་ཀྱིས་གང་རྟོགས་རུང་ཡིན་པར་གཞིར་བཞག་ཐོག་ངས་འབྲེལ་བ་མཐུད་ཆོག་” ཅེས་པ་དེ་རེད། དེ་ནི་གང་ཟག་དེར་འབྲེལ་བར་བྱེད་པར། ཡེ་ཤེས་ལྔ་བེད་སྤྱོད་བྱེད་ཕྱོགས་ཀྱི་བརྗོད་གཞིའི་སྒང་ལ་བསླེབ་ཀྱི་ཡོད། འོན་ཀྱང་ང་ཚོས་དེའི་སྐོར་དུས་ཚོད་གཞན་ཞིག་གི་ནང་ཞུ་རྒྱུར་འཇོག་གི་ཡིན།
ངས་འདི་དག་ཐམས་ཅད་རྒྱུ་མཚན་མང་པོ་ལ་བརྟེན་ནས་འཛུབ་སྟོན་བྱེད་ཀྱི་ཡོད། འོན་ཀྱང་ལྷག་པར་དུ་ང་ཚོས་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སེམས་ནང་བསམ་བློ་གཏོང་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སྙིང་རྗེ་སྒོམ་པ། དེ་བཞིན་ “སེམས་ཅན་ཐམས་ཅད་བདེ་བ་ལྡན་གྱུར་ཅིག་” ཅེས་པའི་རིམ་པའི་སྒང་ལ་སྒོམ་ཉམས་ལེན་བྱེད་པའི་སྐབས། ཐེག་ཆེན་ཉམས་ལེན་གྱི་ནང་ང་ཚོར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད། ང་ཚོས་ཁྱོད་དམ་ཁྱོད་ཅེས་པ་ལྟ་བུ་རང་གི་མདུན་དུ་ཐད་ཀར་སྒེར་གྱི་སྐབས་དོན་གྱི་གང་ཟག་ཅིག་ཏུ་ “སེམས་ཅན་ཐམས་ཅད་” ཅེས་ཐབས་མཁས་པོའི་སྒོ་ནས་བསྒྱུར་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་ཡོད། གལ་ཏེ་ང་ཚོས་ “སེམས་ཅན་ཐམས་ཅད་” ཀྱི་རིམ་པའི་ཐོག་ནས་ཉམས་ལེན་བྱེད་པ་ཙམ་ཡིན་ན། དེ་ནས་ང་ཚོས་སྐབས་རེར་དེ་སྒེར་གྱི་སྒོ་ནས་གཞན་སུའི་ཁོངས་སུ་མི་གཏོགས་པའི་སྙད་འདོགས་ས་ལྟ་བུ་ཞིག་ཏུ་བེད་སྤྱོད་བྱེད་ཆོག
ད་གལ་ཏེ་སྒེར་གྱི་ཐེ་གཏོགས་ཟེར་བ་དེ་ཞེན་འཛིན་དང་དེ་དང་མཉམ་དུ་འགྲོགས་པའི་བེད་མེད་ཀྱི་གད་སྙིགས་ཚང་མའི་དོན་ཡིན་ན། དེ་སྤོང་བར་ཕན་པའི་ཐབས་ལམ་འགའ་ཞིག་ང་ཚོར་དགོས་ཀྱི་ཡོད། འོན་ཀྱང་ང་ཚོས་མ་མཐར་ཡང་འདོད་ཆགས་དང་ཁོང་ཁྲོ་རགས་པ་དང་། དེ་བཞིན་གནད་དོན་གཞན་ཚང་མར་གཟབ་ནན་བྱས་ཡོད། དེ་ནི་ལེགས་གྲུབ་ལས་སླ་པོ་ཞིག་མིན། ང་ཚོར་སྒེར་གྱི་ཐེ་གཏོགས་དེ་དགོས་ཀྱི་ཡོད། ཡིན་ནའང་དེ་ནི་ཕྱོགས་རིས་མེད་པའི་སྒེར་དོན་ཡིན་པའི་ཐེ་གཏོགས་ཏེ། ཞེན་འཛིན་མེད་པའི་སྒེར་སོ་སོ་བ་དེ་རེད།
ད་ལྟ་བར་དུ་ངས་དགེ་བའི་བཤེས་གཉེན་དང་འབྲེལ་བའི་སྐོར་གང་བཤད་དང་ཤོད་མུས་ཚང་མ་ནི། ང་ཚོས་དགེ་བའི་བཤེས་གཉེན་དེ་སངས་རྒྱས་ལྟར་མཐོང་དང་མི་མཐོང་གི་གནད་དོན་ཡོངས་སུ་རྫོགས་པར་རག་ལུས་ཀྱི་མེད། ང་ཚོས་ཐ་ན་དགེ་བའི་བཤེས་གཉེན་དེ་སངས་རྒྱས་ནང་བཞིན་མ་མཐོང་ནའང་། དགེ་བའི་བཤེས་གཉེན་དེ་དང་མཉམ་དུ་དོན་སྙིང་དང་ལམ་ལྷོང་ལྡན་པའི་འབྲེལ་བ་གང་འདྲ་ཤིག་ཡོང་བའི་ཆེད་ངས་འགྲེལ་བརྗོད་བྱས་པ་དེ་དགོས་ངེས་ཅན་ཆགས་ཀྱི་ཡོད། བླ་མའམ་དགེ་བའི་བཤེས་གཉེན་དེ་སངས་རྒྱས་ནང་བཞིན་ལྟ་བའི་སྐབས་དོན་དེའི་ནང་། ང་ཚོས་འབྲེལ་བ་དེ་མི་དར་མ་ཞིག་ཡིན་པའི་ཆ་ནས་འཇུག་དགོས་པ་དང་། དགེ་བའི་བཤེས་གཉེན་དེའང་རྒན་ཚད་ལོངས་པ་ཞིག་ལྟར་བལྟ་དགོས་པ་ལས། རང་གི་ཡབ་དང་པོབ་རོལ་གཞས་པ་གྲགས་ཅན་ཞིག་ཏུ་ལྟ་རྒྱུ་མེད། ང་ཚོས་དེ་དག་གི་སྟེང་དུ་མི་ཞིག་གིས་ང་དང་མཉམ་དུ་འབྲེལ་བ་དམིགས་བསལ་འདི་ཡོད་དགོས། གང་ཡིན་ཞེ་ན། ང་རང་ཧ་ཅང་དམིགས་བསལ་ཞིག་ཡིན་ཞེས་རྟོག་འཆར་སྐྲུན་པར་འདོད་པའི་ཁྱད་མཚར་བའི་གནད་དོན་དེ་དག་ལ་ལྟ་རྒྱུ་མེད།
དགེ་བའི་བཤེས་གཉེན་ཞིག་དང་མཉམ་དུ་འབྲེལ་བ་གཏིང་ཟབ་ཡོད་པའི་ཞེད་སྣང་།
ངས་སོ་སོ་རང་ཉིད་དགེ་བའི་བཤེས་གཉེན་ཧ་ཅང་མང་པོ་ཡོད་མཁན་གྱི་སློབ་ཚོགས་མང་པོའི་ནང་གི་མིང་མེད་པའི་མི་ཞིག་ཏུ་བལྟ་ཐབས་བྱེད་ཀྱི་ཡོད། དགེ་བའི་བཤེས་གཉེན་གང་རུང་གཅིག་ལ་ཐད་ཀར་འབྲེལ་བ་ཡོད་པ་ལས་ལྡོག་སྟེ། ང་རང་ལ་དགེ་བའི་བཤེས་གཉེན་མང་པོ་ཡོད་ཅེས་བརྗོད་ངེས་རེད།
འདིར་དཀའ་ངལ་འགའ་ཞིག་ཡོད་སྲིད། དཀའ་ངལ་དེ་དག་ལས་གཅིག་ནི་ཁས་ལེན་གྱི་འཇིགས་སྐྲག་དང་དགའ་ཉེའི་འཇིགས་སྐྲག་རེད། དེ་ལ་བརྟེན་ནས་ང་ཚོས་ “ངས་དགེ་བའི་བཤེས་གཉེན་གཅིག་ལ་གུ་ཡངས་དང་བློ་སྒོ་འབྱེད་མི་དགོས། གང་ཡིན་ཞེ་ན། ང་རང་སྟངས་འཛིན་བྲལ་བ་ཆགས་ཀྱི་རེད་” ཅེས་བསམ་སྲིད། འཇིགས་སྐྲག་ལས་འདི་ལམ་ལྷོང་ལྡན་པར་ཐར་ཐུབ་པར། སྟོང་པ་ཉིད་ཀྱི་གོ་རྟོགས་ངེས་ཅན་ཞིག་དགོས་ཀྱི་ཡོད། ང་ཚོས་དགེ་བའི་བཤེས་གཉེན་ཞིག་ལ་ཁ་སངས་པོ་བྱ་རྒྱུར་ཞེད་སྣང་སྐྱེ་མི་དགོས། གང་ཡིན་ཞེ་ན། ང་ཚོས་ཁ་སངས་པའི་སྐབས། “བདག་” ཅེས་བྱ་བ་ཐབས་སྐྱོ་ལ་སྲུང་སྐྱོབ་མེད་པ་ཞིག་ལ་གནོད་རྒྱུ་ཡིན་པ་དེ་འདྲ་མ་རེད། ཡང་ན་ “ང་རང་བསྐྱུར་ནས་བློ་ཕམ་དུ་འཇུག་གི་རེད་” ཟེར་བ་དེ་འདྲ་མ་རེད། ཡང་སོ་སོས་ཁ་སངས་པ་དང་དེར་གང་ཡང་མེད་པ་སོང་ཙང་། སོ་སོ་མགོ་འཐོམས་པ་དང་དེ་ནི་མཐའ་གཅིག་ཏུ་མགོ་རྙོག་པོ་དེ་འདྲའང་མ་རེད། དགེ་བའི་བཤེས་གཉེན་ལ་ཁ་སངས་པོ་བྱེད་པར། ང་ཚོ་ཇི་ལྟར་ཡོད་པའི་གོ་རྟོགས་ལ་ཚོར་བ་རྣོན་པོ་དགོས་ཀྱི་ཡོད། དགེ་བའི་བཤེས་གཉེན་དང་མཉམ་དུ་འབྲེལ་བ་ལམ་ལྷོང་ཡོང་བར། དེ་ནི་ཚད་ལོངས་པ་ཞིག་དགོས་ཤིང་། གང་ཕན་ཐོགས་ཅན་དང་གང་གནོད་གཞི་ཅན་ཡིན་པ་དང་། གང་ཡང་དག་པ་དང་གང་ཡང་དག་མིན་པའི་བར་ལ་རྣམ་པར་འབྱེད་ཐུབ་མཁན་གྱི་ཀུན་རྫོབ་པའི་བདག་ཡང་དག་པར་གྲུབ་པ་ཞིག་ལ་བརྟེན་དགོས། དེ་མིན་ཚད་མ་ལོངས་པའི་འབྲེལ་ལམ་དེ་གང་ལ་གང་འཚམ་གྱི་བཀྲ་མི་ཤིས་པ་ཞིག་ཆགས་སྲིད་པ་རེད།
དལ་ལྷོད་ངང་ནས་དགེ་བའི་བཤེས་གཉེན་ཞིག་དང་མཉམ་དུ་འབྲེལ་བ་ཞིག་སྐྲུན་པ།
དགེ་བའི་བཤེས་གཉེན་ཞིག་ལ་ཁྱེད་སྐྱབས་སུ་མ་འགྲོ་སྔོན་ལ་བརྟག་ཞིབ་ཡང་དག་པར་བྱེད་དགོས། འོན་ཀྱང་ད་ལྟ་སེམས་རྣམ་པར་མ་དག་པའི་སྒོ་ནས་ངས་དགེ་བའི་བཤེས་གཉེན་ཞིག་ལ་ཡང་དག་པའི་སྒོ་ནས་ཇི་ལྟར་བརྟག་ཞིབ་བྱེད་ཐུབ་བམ། དགེ་བའི་བཤེས་གཉེན་དེ་སངས་རྒྱས་ཡིན་དང་མིན་ངས་ཇི་ལྟར་བརྟག་ཞིབ་བྱེད་ཐུབ་བམ།
ང་ཚོས་དགེ་བའི་བཤེས་གཉེན་ཞིག་དང་འབྲེལ་བ་དེ་དངོས་གནས་ཡང་དག་པ་ཞིག་ཡོང་བར། སྨིན་ཚད་ལོངས་པ་ཞིག་དགོས་ཞེས་བརྗོད་པའི་སྐབས། དེ་ནི་ང་ཚོ་ད་དུང་ཡང་སྨིན་ཚད་ལོངས་པ་ཞིག་མིན་པའི་སྐབས་སུ་ང་ཚོས་དགེ་བའི་བཤེས་གཉེན་ཞིག་ལ་ཁ་ཕྱོགས་བརྒྱུར་རྒྱུ་མེད་ཅེས་པའི་དོན་མིན། ང་ཚོས་དགེ་བའི་བཤེས་གཉེན་ལ་འབྲེལ་བ་མ་བྱས་སྔོན་ལ་དངོས་གནས་རྨིན་ཚད་མ་ལོངས་བར་དུ་སྒུག་དགོས་པའི་དོན་མིན། གལ་ཏེ་དེ་འདྲ་ཡིན་པའི་དབང་དུ་བཏང་ན། ང་ཚོས་དུས་ཚོད་ཧ་ཅང་རིང་པོ་ཞིག་གི་བར་དུ་སྒུག་དགོས་ཐུག་སྲིད། ཐབས་ལ་མཁས་པའི་དགེ་བའི་བཤེས་གཉེན་ཞིག་གིས་ང་ཚོ་སྔར་ལས་རྨིན་ཚད་ལོངས་པ་ཞིག་ཡོང་བར་རོགས་བྱེད་ཐུབ་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་ཐབས་ལ་མཁས་པོ་མེད་པའི་དགེ་བའི་བཤེས་གཉེན་ཞིག་གིས་ང་ཚོའི་རྨིན་ཚད་ལོངས་མེད་པའི་རང་བཞིན་ལས་ཁེ་བཟང་ལེན་པ་དང་དམའ་འབེབས་བྱེད་སྲིད། བྱས་ཙང་། ཕན་ནུས་ལྡན་པའི་དགེ་བའི་བཤེས་གཉེན་ཞིག་གཏུགས་པར། ང་ཚོས་གང་ཟག་དེ་མཚན་ཉིད་ཚང་བ་ཞིག་ཡིན་དང་མིན་ཤེས་ཀྱི་མེད་པ་དེ་ངོས་ལེན་བྱེད་དགོས། ང་ཚོས་ཧ་ཅང་གཟབ་ནན་དང་དལ་ལྷོད་ངང་ནས་མདུན་སྐྱོད་བྱེད་དགོས།
དགེ་བའི་བཤེས་གཉེན་ཞིག་དང་མཉམ་དུ་འབྲེལ་བ་དེ་ནི་ནམ་རྒྱུན་དལ་ལྷོད་ངང་ནས་རིམ་བཞིན་དུ་ཡར་རྒྱས་གཏོང་དགོས་ཤིང་། དེ་ཡང་རིམ་པ་འགའ་ཞིག་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད། ཐ་ན་དགེ་བའི་བཤེས་གཉེན་དེ་སངས་རྒྱས་ནང་བཞིན་མཐོང་བ་དེའང་ཐོག་མའི་རིམ་པའི་སྐབས་སུ་ནམ་ཡང་ཡོང་གི་མེད་པར། དེའི་ཡར་རྒྱས་ཀྱི་ནང་རིམ་པ་འགའ་ཞིག་བརྒྱུད་ནས་འགྲོ་དགོས། ད་ལྟ་ངས་བརྗོད་གཞི་དེའི་སྐོར་ཧ་ཅང་ཞིབ་ཅིང་ཕྲ་བར་འགྲོ་འདོད་མེད། གང་ཡིན་ཞེ་ན། དེ་ངོ་སྤྲོད་དང་འགྲེལ་བརྗོད་བྱེད་པར་དུས་ཚོད་ཏོག་ཙམ་འགོར་གྱི་རེད། ཡིན་ནའང་ང་ཚོས་སོ་སོའི་དགེ་བའི་བཤེས་གཉེན་དེ་སངས་རྒྱས་ནང་བཞིན་མཐོང་བའི་འབྲེལ་བ་དེའི་རིགས་ནི། ང་ཚོ་ཧ་ཅང་ཚད་མཐོ་བའི་གསང་སྔགས་བླ་མེད་ཀྱི་ཉམས་ལེན་བྱེད་པའི་སྐབས་ཁོ་ནར་འབྲེལ་བ་ཆགས་ཀྱི་ཡོད།
རྗེ་ཙོང་ཁ་པ་ཆེན་པོ་ཉིད་ཀྱི་ལམ་རིམ་ཆེན་མོའི་ནང་། དགེ་བའི་བཤེས་གཉེན་ཞིག་དང་མཉམ་དུ་ཡང་དག་པའི་འབྲེལ་བ་ནི་ལམ་གྱི་རྩ་བ་ཡིན་ཞེས་གསུངས་པ་དང་། དེ་ལ་ཁོང་གིས་བླ་མ་དགེ་བའི་བཤེས་གཉེན་གྱི་ངོ་བོར་ལྟ་བའི་འབྲེལ་བའི་སྐོར་མདོར་བསྡུས་སུ་གསུངས་ཡོད། འོན་ཀྱང་ང་ཚོས་རྟོགས་དགོས་པ་དེ་གང་རེད་ཅེ་ན། རྗེ་ཙོང་ཁ་པ་ཆེན་པོས་སྐབས་དོན་གང་གི་ནང་དེ་གསུངས་ཡོད་པ་དང་གསུངས་དགོས་པའི་རྒྱུ་མཚན་རྟོགས་དགོས། རྗེ་ཙོང་ཁ་པ་ཆེན་པོས་གནད་དོན་འདི་གསང་སྔགས་ཉམས་ལེན་གྱི་ནང་ཞུགས་པའི་དགེ་འདུན་པ་རྣམས་ལ་དམིགས་ནས་གསུངས་པ་གསལ་པོ་རེད། སྐྱབས་སུ་འགྲོ་བ་ནི་ཁོང་གིས་འགྲེལ་བརྗོད་གནང་བའི་ལམ་གྱི་རྗེས་སུ་བསླེབ་ཀྱི་ཡོད་པ་སོང་ཙང་། ང་ཚོས་རྗེས་སུ་དཔོག་ཐུབ། གལ་ཏེ་ང་ཚོས་སྐྱབས་སུ་མ་འགྲོ་བ་དང་ཐ་ན་སངས་རྒྱས་གང་ཡིན་མ་ཤེས་པ་ཡིན་ན། དགེ་བའི་བཤེས་གཉེན་དེ་སངས་རྒྱས་ནང་བཞིན་བལྟས་ཏེ། འབྲེལ་བ་ཞིག་ཇི་ལྟར་བྱེད་ཐུབ་བམ། རང་གི་བླ་མའམ་དགེ་བའི་བཤེས་གཉེན་སངས་རྒྱས་ནང་བཞིན་ལྟ་བའི་གདམས་ངག་འདི་བཞིན་སྐྱབས་འགྲོའི་སྡོམ་པ་བླངས་ཟིན་པ་དང་གསང་སྔགས་ཀྱི་ཉམས་ལེན་ལ་ཞུགས་ཟིན་པ་ཞིག་གི་ཆེད་དུ་ཡིན་པ་གསལ་པོ་རེད། འདིའི་རྒྱུ་མཚན་ནི་རྗེ་ཙོང་ཁ་པ་ཆེན་པོས་བླ་མ་སངས་རྒྱས་སུ་ལྟ་བའི་རྒྱབ་རྟེན་གྱི་ལུང་ཡོངས་སུ་རྫོགས་པ་ནི་གསང་སྔགས་ཀྱི་གཞུང་ནས་དྲངས་ཡོད། བྱས་ཙང་། འདི་ནི་གཙོ་བོ་གསང་སྔགས་ཀྱི་བརྗོད་གཞི་ཞིག་ཡིན་པ་གསལ་པོ་རེད། གསང་སྔགས་བླ་མེད་ཀྱི་ཉམས་ལེན་ནང་ཞུགས་ཟིན་པའི་དགེ་འདུན་དང་བཙུན་མ་ཡིན་པའི་རྒྱབ་ལྗོངས་ཤིག་ནས་སླེབས་མེད་ན། ང་ཚོས་སྐྱབས་འགྲོ་ལྟ་བུའི་གནད་དོན་དེ་དག་ཡིན་ཤག་དང་འགྲིག་ཤག་བྱ་མི་ཉན་པའི་བརྡ་མཚོན་ཞིག་ང་ཚོར་ཤུགས་ཀྱིས་སྟོན་གྱི་ཡོད། ང་ཚོས་ལམ་གྱི་རིམ་པ་འགོ་སྟོད་ནས་འགོ་འཛུགས་བྱེད་དགོས་ཀྱི་ཡོད།
ང་ཚོས་ཐོག་མར་དགེ་བའི་བཤེས་གཉེན་ཞིག་དང་མཉམ་དུ་སློབ་གཉེར་བྱེད་པའི་སྐབས། ལྷག་པར་དུ་ནུབ་ཕྱོགས་པ་ཞིག་ཡིན་པའི་ཆ་ནས། “བླ་མའམ་དགེ་བའི་བཤེས་གཉེན་འདི་སངས་རྒྱས་རེད་དམ་མ་རེད་” ཅེས་པའི་གནད་དོན་དེ་ནི་དངོས་གནས་འབྲེལ་བ་རྩ་ནས་མེད་པ་ཞིག་རེད། ང་ཚོས་དང་པོ་དགེ་བའི་བཤེས་གཉེན་དེ་ཡག་པོ་ཞིག་ཡིན་དང་མིན་ལྟ་དགོས། ཁོང་ཚོས་ཡང་དག་པ་དང་གསལ་པོར་འགྲེལ་བརྗོད་གནང་ཐུབ་ཀྱི་འདུག་གམ་མི་འདུག་ལྟ་དགོས། ཁོང་ཚོས་གང་འགྲེལ་བརྗོད་གནང་བ་དེ་སྔ་རབས་ཀྱི་གཞུང་ལུགས་དང་མཐུན་གྱི་འདུག་གམ་མི་འདུག །ཁོང་ཚོས་གང་འགྲེལ་བརྗོད་གནང་བ་དེ་ངའི་མི་ཚེར་རན་འཚམ་འདུག་གམ་མི་འདུག་ཅེས་སོགས་ང་ཚོས་དགེ་བའི་བཤེས་གཉེན་གང་འདྲ་ཞིག་ཡིན་ནའང་ཚོད་ལྟ་ཇི་ལྟར་བྱེད་ངེས་པ་ལྟ་བུ་རེད། དཔེར་ན། གལ་ཏེ་ང་ཚོས་སྐད་ཡིག་ཅིག་སྦྱོང་རྩིས་ཡོད་ན། ཁོང་ཚོས་ང་ཚོར་སྐད་ཡིག་དེ་ཕན་ནུས་ལྡན་པའི་སྒོ་ནས་བསླབ་ཐུབ་བམ་ཞེས་པ་ལྟ་བུ་རེད།
ང་ཚོ་གང་ཟག་འདི་དང་མཉམ་དུ་ཡོད་པའི་སྐབས། ང་ཚོར་སྤྱིར་བཏང་གི་ཚོར་བ་གང་འདྲ་ཞིག་ཡོང་གི་ཡོད་པ་དེ་ང་ཚོས་ཀྱང་ཤེས་ཀྱི་ཡོད། ང་ཚོ་གང་ཟག་དེ་དང་མཉམ་དུ་ཡོད་པའི་སྐབས། གང་ཚོར་བ་དེ་ལ་བརྟེན་ནས་འབྲེལ་བ་གང་འདྲ་ཞིག་ཡོང་ཐུབ་པའི་ཚོར་བ་སྐྱེན་པའི་རང་བཞིན་ཞིག་ཡོད་ཆོག །གང་ཟག་འདི་ནི་ང་ལ་སེམས་སྐུལ་སྦྱིན་མཁན་དེ་རེད་དམ་ཡང་ན་ང་ཚོར་ཉོབ་སྣང་སྦྱིན་མཁན་དེ་རེད། ང་ཚོར་དངོས་གནས་འབྲེལ་འདྲིས་བྱེད་མཁན་དེ་རེད་དམ་ཡང་ན་ང་ཚོས་འབྲེལ་བ་བྱེད་མི་ཐུབ་ས་དེ་རེད། དེ་ནི་གོ་རྒྱུ་ཡོད་སྲིད་པ་ཞིག་རེད། དེ་ལ་མངོན་ཤེས་དང་ཧ་ཅང་སྨིན་ཚད་ལོངས་པའི་རིམ་པ་དེ་འདྲ་མི་དགོས།
དེ་ནས་ང་ཚོས་ཅུང་ཟད་གཟབ་ནན་གྱིས་གང་ཟག་འདིའི་བཟང་སྤྱོད་ལྟ་བུའི་གནད་དོན་ལ་བརྟག་དཔྱད་བྱེད་འགོ་བཙུག་དགོས་པ་སྟེ། ཁོང་ཚོ་བཟང་སྤྱོད་དང་ལྡན་པའི་གང་ཟག་རེད་དམ། ཁོང་ཚོ་ལས་སླ་པོ་དང་ཡང་སེ་ཁོང་ཁྲོ་ཟ་མཁན་རེད་དམ། ཡང་ན་རང་གི་སློབ་ཕྲུག་ཚོར་ཧ་ཅང་གཅེས་འཛིན་ཅན་དང་དེ་དག་གི་མི་ཚེ་ལ་སྟངས་འཛིན་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་དམ། དེ་ནས་དགེ་བའི་བཤེས་གཉེན་འདིས་སློབ་མ་གཞན་དང་མཉམ་དུ་བྱ་སྤྱོད་སྤེལ་སྟངས་འཚོལ་ཞིབ་བྱེད་དགོས་ཞེས་ང་ཚོས་གཞན་རྣམས་ལ་སྐད་ཆ་འདྲི་ཆོག །འདི་དག་ནི་ང་ཚོས་དགེ་བའི་བཤེས་གཉེན་ཞིག་ལ་ཞིབ་བཤེར་ཇི་ལྟར་བྱེད་པའི་ཚུལ་རྣམས་རེད། ཐ་ན་ང་ཚོས་དགེ་བའི་བཤེས་གཉེན་དེ་དག་མཉམ་དུ་སློབ་གཉེར་བྱ་འདོད་ཡོད་དང་མེད་ཅེས་ཐག་གཅོད་བྱེད་པ་ཙམ་དེའང་རེད།
ང་ཚོས་གང་ཟག་དེ་སངས་རྒྱས་སུ་ལྟ་བའི་འབྲེལ་བ་ཞིག་གི་ནང་འཚུད་འདོད་ཡོད་དང་མེད་ནི་གནས་ཚུལ་རྦད་དེ་མི་འདྲ་བ་ཞིག་ཡིན་པ་དང་། ཧ་ཅང་ཚད་མཐོ་པོ། ཐོག་མའི་རིམ་པའི་སྐབས་ལ་དེ་ཙམ་གྱི་འབྲེལ་བ་མེད་པ་ཞིག་རེད། གལ་ཏེ་ང་ཚོས་སྐྱབས་འགྲོའི་སྡོམ་པ་བླངས་ཟིན་པ་དང་། ལམ་གྱི་རིམ་པའི་གཞི་རྩའི་རྒྱུད་རིམ་རྣམས་འགྲིམས་ཟིན་པ། དེ་བཞིན་གསང་སྔགས་བླ་མེད་ཀྱི་ཉམས་ལེན་ནང་ཞུགས་ཟིན་པ་ཞིག་ཡིན་ཞིང་། དེའི་སྒང་ལ་དགེ་བའི་བཤེས་གཉེན་དང་མཉམ་དུ་འབྲེལ་བ་དམ་ཟབ་ཅིག་ཡོད་ན། དེ་ནས་ང་ཚོས་དེའི་དོན་གང་ཡིན་པའི་སྐབས་དོན་ཡོངས་སུ་རྫོགས་པའི་ནང་བླ་མའམ་དགེ་བའི་བཤེས་གཉེན་དེ་སངས་རྒྱས་ཀྱི་ངོ་བོར་ལྟ་ཆོག །དེ་ནས་སླར་ཡང་ང་ཚོས་ལམ་གྱི་ཐོག་མའི་བར་དུ་རིམ་པ་ཡོངས་སུ་རྫོགས་པ་བརྒྱུད་ནས་རང་འཇགས་ཕྱིན་ཏེ། དགེ་འདུན་པ་ཞིག་གི་གནས་སྟངས་ལ། གསང་སྔགས་ཀྱི་དབང་འཐོབ་པའི་གྲ་སྒྲིག་གི་ཆེད་དུ་རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་ཆེན་མོར་ཉན་བཞིན་པའི་སྐབས། ལམ་གྱི་རིམ་པ་ཡོངས་སུ་རྫོགས་པར་བསྐྱར་ཞིབ་བྱས་ན། དེ་ལྟ་བུའི་དགེ་བའི་བཤེས་གཉེན་དེ་སངས་རྒྱས་ནང་བཞིན་གྱི་འབྲེལ་བ་དེ་ལམ་ཡོངས་སུ་རྫོགས་པར་འབད་བརྩོན་བྱེད་པའི་རྒྱུད་རིམ་གྱི་ནང་ལམ་ལྷོང་ལེགས་གྲུབ་ཡོང་བའི་རྩ་བ་ཆགས་ཀྱི་རེད། དེས་ཁྱད་པར་ཆེན་པོ་བཟོ་གི་ཡོད།
ལེགས་ཉེས་འབྱེད་པའི་ནུས་པ་མ་བརླག་པ།
ང་ཚོས་གནད་དོན་རྣམས་དེ་དག་གི་སྐབས་དོན་མ་ནོར་བའི་ནང་རྟོགས་དགོས་ཀྱི་ཡོད། དེ་ནི་ལས་སླ་པོ་མེད། འོན་ཀྱང་དམིགས་བསལ་ཐོག་མའི་སྐབས། དགེ་བའི་བཤེས་གཉེན་གྱི་ཕྱོགས་སུ་གནད་འགག་ཅན་གྱི་བསམ་བློའི་ཁྱེར་སོ་ཞིག་མི་བརླག་པར་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་བསམ་གྱི་འདུག །ཕྱིས་སུ་ང་ཚོས་དགེ་བའི་བཤེས་གཉེན་དེ་སངས་རྒྱས་ནང་བཞིན་འབྲེལ་བ་བྱེད་པའི་སྐབས། འདི་ནི་ང་ཚོ་དགེ་བའི་བཤེས་གཉེན་དང་མཉམ་དུ་ཡོད་པའི་དམིགས་བསལ་གྱི་གན་རྒྱ་ཞིག་ཡིན་པ་དང་། དེ་ལ་སེམས་ཚོར་གྱི་ཆ་ནས་ཧ་ཅང་གནས་ཚད་ལོངས་པ་དགོས་ཀྱི་ཡོད། ང་ཚོས་གན་རྒྱ་འདི་ལྟ་བུ་ལ་བརྟེན་ནས་གང་བརྗོད་ཀྱི་ཡོད་ཅེ་ན། གཞི་རྩའི་ཆ་ནས་ “ཁྱེད་རང་སངས་རྒྱས་རེད། དེའི་དོན་ནི་ཁྱེད་ཀྱིས་གང་བྱེད་ཀྱི་ཡོད་ནའང་། ཁྱེད་ཀྱིས་ང་ལ་གཅིག་བསླབ་ཐབས་བྱེད་བཞིན་པའི་སངས་རྒྱས་ནང་བཞིན་ངས་ཁྱེད་ལ་ལྟ་གི་རེད་” ཅེས་པའི་དོན་རེད། ཆོས་རྣམས་རང་ངོས་ནས་གཞན་ལ་ལྟོས་མི་དགོས་པའི་ཚུལ་དུ་གྲུབ་མེད་པ་དེ་དྲན་དགོས། བྱས་ཙང་། དགེ་བའི་བཤེས་གཉེན་དང་མཉམ་དུ་འབྲེལ་བ་འདི་ལྟ་བུ་ཡོད་པ་ནི་ “ཁྱེད་ཀྱིས་ང་རང་ཡར་རྒྱས་འགྲོ་བར་རོགས་བྱེད་ཀྱིན་ཡོད་” པའི་གནས་སྟངས་དང་འབྲེལ་ནས་གྲུབ་པ་ཞིག་རེད།
གཞི་རྐང་ནས་ང་ཚོའི་སེམས་ནང་དགེ་བའི་བཤེས་གཉེན་ལ། “ཁྱེད་ཀྱི་ཀུན་སློང་གང་ཡིན་ང་རང་ལ་ཁྱད་པར་མི་འདུག །དེ་བཞིན་ཁྱེད་རང་བསྒྲུབ་བྱ་མཐར་ཐུག་གི་ཆ་ནས་དངོས་གནས་སངས་རྒྱས་ཟིན་པ་ཡིན་དང་མིན་ཁྱད་པར་མེད་” ཅེས་བརྗོད་ཀྱིན་ཡོད། དེ་ལས་ལྡོག་སྟེ། ངས་རྒྱུན་ཆད་མེད་པར་གོང་ནས་གོང་དུ་འཕེལ་བ་དང་སློབ་གཉེར་བྱ་ཕྱིར། ངས་ཁྱེད་དང་མཉམ་དུ་འབྲེལ་བ་འདིའི་ནང་གོ་སྐབས་བེད་སྤྱོད་གཏོང་རྩིས་ཡོད། གལ་ཏེ་ཁྱེད་ཀྱིས་ང་ལ་གླེན་རྟགས་ཅན་གྱི་ལས་ཤིག་བྱེད་དགོས་ཞེས་བརྗོད་ན། ངས་ཁྱེད་ལ་དེའི་ལན་དུ་ “ཁྱེད་རང་གླེན་པ་རེད་” ཅེས་བརྗོད་ནས་ཁོང་ཁྲོ་སྟོན་གྱི་མ་རེད། དེའི་ཚབ་ལ་ངས་དེ་ནི་ “ཁྱེད་ཀྱིས་ང་ལ་གླེན་རྟགས་ཅན་གྱི་ལས་ཤིག་བྱེད་དགོས་ཞེས་བརྗོད་པ་སོང་ཙང་། ངས་སོ་སོ་རང་ཉིད་ཀྱི་རྣམ་དཔྱོད་དང་བསམ་བློ་བཀོལ་སྤྱོད་བྱས་ནས་བསླབ་བྱ་དེ་སྦྱོང་ངེས་རེད་” ཅེས་པ་ནང་བཞིན་ལྟ་རྒྱུ་ཡིན། ཤོད་སྟངས་གཞན་ཞིག་གི་ཐོག་ནས་བཤད་ན། ཁོང་ཚོས་གང་གནང་གི་ཡོད་ནའང་དེ་ལ་ང་ཚོས་ཆོས་སུ་ངོས་འཛིན་བྱེད་རྩིས་ཡོད་པ་དང་། དེ་ལས་གཅིག་ཤེས་འདོད་དང་སྦྱོང་འདོད་བྱེད་ཀྱི་ཡོད། ཁོང་ཚོའི་ངོས་ནས་གང་འབྱུང་བཞིན་པ་ལ་ཁྱད་པར་མེད།
ང་ཚོས་ཚང་མ་སངས་རྒྱས་ནང་བཞིན་ལྟ་དགོས་ཤེས་བརྗོད་པའི་སྐབས། དེའི་དོན་ནི་འདི་ཡིན་ངེས་རེད། ང་ཚོས་ཚང་མ་བསླབ་བྱའམ་སློབ་གསོ་ཞིག་ལྟར་མཐོང་གི་ཡོད། བྱས་ཙང་། ང་ཚོས་ཕྲུ་གུ་ཞིག་ནས་ཀྱང་ཤེས་བྱ་བླང་ཆོག །ཕྲུ་གུ་དེས་སྤྱོད་པ་ཚུལ་མཐུན་མིན་པ་དང་གླེན་རྟགས་ཅན་དེ་འདྲ་བྱེད་པའི་སྐབས། ང་ཚོས་དེ་འདྲའི་བྱ་སྤྱོད་མི་སྤེལ་རྒྱུ་དེ་སྦྱོང་ཆོག །དེའི་སྐབས་སུ་ཕྲུ་གུ་དེ་ང་ཚོའི་དགེ་རྒན་ཆགས་པ་རེད། ཁྱིས་ཀྱང་ང་ཚོར་བསླབ་ཐུབ། མི་སུ་འདྲ་ཞིག་ཡིན་ནའང་ང་ཚོར་ཤེས་བྱའི་གནས་ཤིག་བསླབ་ཐུབ། གང་ལྟར་ཡང་། དེ་ལྟར་ཁོང་ཁྲོ་མི་ཟ་བ་དང་དཔྱད་ཁྲ་གཏོང་མཁན་མི་ཆགས་པའི་ཆེད་སེམས་ཚོར་གྱི་ཆ་ནས་ཧ་ཅང་གནས་ཚད་ལོངས་པ་ཞིག་དགོས་ཀྱི་ཡོད། མ་རེད་དམ། དེ་ནི་ཧ་ཅང་ཚད་མཐོ་བའི་ཉམས་ལེན་ཞིག་རེད། དེ་ཡང་ང་ཚོ་ལས་དང་པོ་བ་ཡིན་པའི་ཆ་ནས་བྱེད་ཐུབ་པ་ཞིག་མིན།
ང་ཚོས་རིམ་པ་དེ་དང་འབྲེལ་བ་བྱེད་ཐུབ་པའི་ཆེད། དགེ་བའི་བཤེས་གཉེན་འདི་དང་མཉམ་དུ་གན་རྒྱ་འདི་འདྲ་ཞིག་གི་ནང་འཇུག་ཐུབ་དང་མི་ཐུབ་ཐད་བརྟག་དཔྱད་ཧ་ཅང་མང་པོ་བྱེད་དགོས་ཀྱི་ཡོད། དཔེར་ན། དགེ་བའི་བཤེས་གཉེན་དེ་མཚན་ཉིད་ཚང་བ་ཞིག་རེད་འདུག་གམ་མི་འདུག །སོ་སོ་རང་ཉིད་སྣོད་ལྡན་མཚན་ཉིད་ཚང་བ་ཞིག་རེད་འདུག་གམ་མི་འདུག་ཅེས་དཔྱད་པ་ལྟ་བུ་རེད། ང་ཚོར་དགེ་བའི་བཤེས་གཉེན་ཞིག་དང་མཉམ་དུ་སྒེར་གྱི་འབྲེལ་བ་དེ་ཙམ་མེད་པའི་འབྲེལ་བའི་རིགས་ཤིག་ཀྱང་ཡོད་ཆོག །དགེ་བའི་བཤེས་གཉེན་ཆེན་པོ་ཞིག་གིས་འདུས་ཚོགས་ཆེན་པོ་ལ་ཆོས་ཁྲིད་གནང་བཞིན་པའི་སྤྱིར་བཏང་གི་ཆོས་ཉན་དུ་འགྲོ་བའི་སྐབས། ང་ཚོས་དེ་དང་གཅིག་མཚུངས་སུ་འབྲེལ་བ་བྱེད་ཆོག་པ་སྟེ། “ཁྱེད་ཀྱིས་གང་བརྗོད་པ་དང་གང་བྱེད་པ་དེ་ལས་ངས་སྦྱོང་གི་ཡིན་” ཞེས་པ་དེ་རེད། འོན་ཀྱང་འདི་ནི་ “ལགས་སོ། ངས་ག་རེ་བྱེད་དགོས་སམ། བཀོད་མངགས་གཏོང་ཤོག །ཡིན་ད་ཡིན། ངས་དེ་བྱེད་ཀྱི་ཡིན་” ཞེས་ཟེར་བ་ལྟ་བུ་དམག་དཔུང་ནང་གི་དམག་དཀྱུས་དང་དམག་སྤྱིའི་དབར་གྱི་འབྲེལ་བ་ཞིག་མིན། དེ་འདྲ་ཞིག་རྩ་བ་ནས་མིན།།