ལམ་རིམ་ནང་ཀུན་སློང་གི་རིམ་པ་གསུམ་བསྟན་པ་ནི།
- ཀུན་སློང་གི་རིམ་པ་ཐོག་མ། ང་ཚོས་ངེས་ཤེས་སྐྱེད་པའི་སྒོ་ནས་སྐྱེ་བ་ཕྱི་མ་ཙམ་དུ་མ་ཟད། མ་འོངས་ཚེ་རབས་ཐམས་ཅད་ཀྱི་ནང་སྐྱེ་བ་བཟང་པོ་ནང་ནས་གཅིག་འཐོབ་རྒྱུ་ཡོད་ཅེས་བསམ་གྱི་ཡོད།
- ཀུན་སློང་གི་རིམ་པ་བར་མ། ང་ཚོའི་ཀུན་སློང་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་ལས་ཡོངས་སུ་ཐར་འདོད་དང་། ཐར་པའི་གོ་འཕང་འཐོབ་འདོད་ཡོད་པ་རེད།
- ཀུན་སློང་གི་རིམ་པ་གོང་མ། ང་ཚོས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་དེ་དག་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་ལས་ཐར་བའི་ཆེད་དུ་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་དམིགས་ཀྱི་ཡོད།
ཀུན་སློང་གི་རིམ་པ་དེ་དག་རེ་རེ་སྐྱེ་བ་ཕྱི་མའི་ཚོད་དཔག་ལ་གཞི་རྟེན་བྱས་ཡོད་པ་གང་ལ་གང་འཚམས་ཀྱི་གསལ་པོ་རེད། ད་དུང་ང་ཚོས་གོང་དུ་བཤད་པའི་ཀུན་སློང་གི་རིམ་པ་གསུམ་པོ་དེ་དག་གི་ནང་དུ་བསྟན་པའི་ཐབས་ལམ་རེ་རེ་བཞིན་ཆོས་ཡངས་པ་ལའང་བེད་སྤྱོད་བྱེད་ན་འགྲིག་གི་ཡོད། ང་ཚོས་ཀུན་སློང་དེ་ཚོ་ལ་གལ་གནད་མེད་པ་བརྩི་རྒྱུ་མེད། གང་ཡིན་ཟེར་ན། གལ་སྲིད་ང་ཚོས་ལྷག་བསམ་རྣམ་དག་གིས་ཀུན་སློང་དེ་དག་གོང་འཕེལ་གཏོང་ཐུབ་ན། དེ་ཚོ་དངོས་གནས་ཧ་ལས་དགོས་པ་དང་བསྟོད་འོས་པ་ཞིག་ཡོད།
མི་ལུས་རིན་ཆེན་ལ་ཡི་རངས་བྱས་ནས་རང་ཉིད་ཐབས་སྡུག་པོ་ཡིན་བསམ་པ་ལས་ཐར་བ།
ཀུན་སློང་གི་རིམ་པ་དང་པོ་དེ་ཡོད་པའི་ཐོག་ནས་ང་ཚོར་ཐོབ་པའི་ “མི་ལུས་རིན་པོ་ཆེ་” ཟེར་བ་དེ་ལ་དགའ་ཚོར་དང་ཡི་རངས་བྱ་རྒྱུ་དེ་ཤེས་དགོས། འདི་ནི་ཆོས་ཡངས་པའི་དབང་དུ་བྱས་ནའང་སོ་སོ་རང་ཉིད་ཐབས་སྡུག་པོ་ཡིན་པ་དང་འཇོན་ས་མ་རེད་བསམ་པ་ལས་བྱུང་བའི་ཡིད་ཞུམ་པའི་ཚོར་བ་ལས་ཐར་བར་བྱེད་པ་ལ་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་གནས་སྟངས་ཧ་ཅང་སྡུག་པོ་དེ་འདྲ་འཕྲད་སྲིད་པ་ལ་བསམ་ཞིབ་བྱས་ནས་སོ་སོ་རང་ཉིད་གནས་སྟངས་སྡུག་པོ་དེ་འདྲའི་ནང་མེད་པ་དེ་ཡག་ག་ལ་བསམས་ནས་ཡི་རངས་བྱེད་ཐབས་ལ་འབད་དགོས།
ཚད་ལྡན་ལམ་རིམ་གྱི་གཞུང་ལུགས་ལྟར་ན། གནས་སྟངས་ཧ་ཅང་སྡུག་པོ་ཡོད་པའི་དཔེ་ཧ་ལས་པ་མང་པོ་བཞག་རྒྱུ་ཡོད། ཡིན་ནའང་སྐབས་འདིར་དེ་ཚོའི་སྐོར་འགྲོ་དགོས་དོན་མི་འདུག གང་ཡིན་ཟེར་ན། ང་ཚོས་སྤྱི་ཡོངས་ཀྱི་ཆ་ནས་བསམ་བློ་གཏོང་ཆོག་གི་རེད། དཔེར་ན། ང་ཚོ་དམག་འཁྲུག་གི་ས་ཆར་སྡོད་ཀྱི་མེད་པ་དང་། མུ་གེ་ཤོར་བའི་སྒང་ལ་ལྟོགས་ཤི་ཐེབས་ནས་སོ་སོའི་ཕྲུ་གུ་ཚོར་གསོ་སྐྱོང་བྱེད་མི་ཐུབ་པ་སོགས་ཀྱི་གནས་སྟངས་དེ་ང་ཚོ་ལ་མེད་པ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཡིན་པ་བསམ་པ་དང་། ང་ཚོ་ཚད་བཀག་གི་སྤྱི་ཚོགས་ནང་ཚབས་ཆེན་གྱི་སྲིད་དབང་སྒེར་འཛིན་གྱི་དབང་འོག་ཏུ་གནས་མེད་པ་དེ་སྐལ་བ་བཟང་པོ་ཡིན་བསམ་གྱི་ཡོད། འདི་ག་ཡུ་རོབ་རོ་མེནྱའི་ནང་ཡོད་པའི་མི་རྒན་རབས་ཚོ་ལ་དཔེ་བཞག་ན་ཏོག་ཙམ་ཧ་གོ་རྒྱུ་ལས་སླ་བ་ཡོད་སྲིད། ང་ཚོ་ལུས་དང་སེམས་གང་གི་ཆ་ནས་ཚབས་ཆེན་གྱི་དབང་པོ་སྐྱོན་ཅན་མ་ཡིན་པ་དེ་སྐལ་བ་བཟང་པོ་ཡིན། ནང་པའི་ལྟ་ཚུལ་ཐོག་ནས་བཤད་ན། ང་ཚོ་མི་སུས་མཐོང་ནའང་རྡོག་རྫིས་བཏང་ནས་གསོད་འདོད་བྱེད་ས་འབུ་ཞུ་ལུ་མ་ལྟ་བུར་སྐྱེས་མེད་པ་སྐལ་བ་བཟང་པོ་ཡིན་པའི་ཐད་ལའང་བསམ་བློ་གཏོང་གི་ཡོད།
བསམ་བློ་གཏོང་སྟངས་དེ་འདྲའི་རིགས་དཔེ་མང་པོ་ཡོད་རེད། ང་ཚོས་དྲང་པོ་དྲང་གཞག་ཐོག་སོ་སོ་རང་ལ་དངོས་གནས་བལྟས་པའི་སྐབས་ང་ཚོ་ལ་རང་དབང་དེ་འདྲ་ཡོད་པ་ནི་དཔེ་མི་སྲིད་པའི་སྐལ་བ་བཟང་པོ་རེད། དེ་དག་ལས་ཐར་བའི་རང་དབང་དེ་འདྲ་ཡོད་པ་ཙམ་མིན་པར། རང་དབང་དེ་ཚོ་དུས་ཚོད་ཅིག་ལ་མེད་པ་ཆགས་སྲིད་པ་ཡིན་པའང་ཤེས་དགོས། དཔེར་ན། དྲན་ཤེས་ཉམས་པའི་ནད་ན་བའི་སྐབས་ལྟ་བུ་དང་། ད་ལྟ་དཔལ་འབྱོར་གྱི་དཀའ་ཉེན་ཧ་ཅང་ཆེན་པོ་ཡོད་པས་གནས་སྟངས་རྣམས་དེ་ལས་སྡུག་ཏུ་འགྲོ་སྲིད་པ་རེད། ང་ཚོའི་གནས་སྟངས་དེ་འདྲའི་ནང་ཡོད་པ་དེ་ཨིན་སྐད་ཀྱི་ཚིག་ “respite” ཞེས་ “གནས་སྐབས་ཀྱི་ཐར་པ་” ཞེས་པ་དེ་བེད་སྤྱོད་བཏང་ནས་འགྲེལ་བཤད་རྒྱག་གི་ཡོད། དེའི་དོན་དག་ནི། གནས་སྟངས་ཧ་ཅང་སྡུག་པོ་ཞིག་ལས་ཐོབ་པའི་བར་གསེང་ཞིག་ལ་གོ་གི་ཡོད། འདི་ལྟ་བུའི་བར་གསེང་ནི་དུས་གང་འདྲ་ཞིག་ལ་ཡོང་སྲིད་པ་རེད།
རང་དབང་དེ་ཚོའི་སྒང་ལ་ང་ཚོའི་མི་ཚེ་ལེགས་བཅོས་གཏོང་རྒྱུའི་ཆ་རྐྱེན་སྣ་ཚོགས་ཡོད་པ་དེ་ཚོ་ལ་བསམ་བློ་གཏོང་དགོས། དཔེར་ན། ང་ཚོ་མང་ཆེ་བ་ལྟོས་ས་ལྟོས་ཕྱོགས་ཀྱི་ཆ་ནས་བདེ་ཐང་ཡོད་པ་རེད། ང་ཚོ་མང་པོ་ཞིག་ན་གི་ཡོད་ཤག་རེད། འོན་ཀྱང་ད་ལྟའི་གནས་སྐབས་ལ་ང་ཚོ་བདེ་པོའི་ངང་ལས་ཀ་བྱེད་ཐུབ་ཀྱི་ཡོད། སྔོན་སངས་རྒྱས་ཀྱིས་གསུངས་པའི་ཆོས་དེ་ཚོ་གཅིག་གིས་གཅིག་ལ་བརྒྱུད་ནས་དེང་སང་ཡང་ང་ཚོས་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད། ང་ཚོ་ལ་སློབ་སྦྱོང་བྱེད་སའི་དེབ་དང་དགེ་རྒན་མང་པོ་ཡོད་པས། ང་ཚོ་ལ་གོ་སྐབས་མང་པོ་ཡོད་པ་གསལ་པོ་རེད། གནས་སྟངས་འདི་འདྲའི་ནང་ང་ཚོས་རང་དབང་དང་ལེགས་བཅོས་ཀྱི་རིན་ཐང་ཡོད་པ་ཤེས་ནས་ང་རང་ཚོ་ག་ཚོད་ཀྱི་སྐལ་བ་བཟང་པོ་ཡིན་པ་དེ་ལ་སེམས་གཏིང་ནས་ཡི་རངས་བྱེད་དགོས།
ང་ཚོའི་གོ་སྐབས་བཟང་པོ་འཕྲོག་བརླག་མི་འགྲོ་བའི་ཆེད་འཆི་བ་དང་མི་རྟག་པ་ལ་བསམ་པ།
ཀུན་སློང་གི་རིམ་པ་དང་པོའི་གནད་དོན་གཅིག་ནི་ང་ཚོར་ཐོབ་ཡོད་པའི་མི་ལུས་བཟང་པོ་འདི་དུས་རྟག་ཏུ་གནས་ཀྱི་མེད་པ་དེ་དངོས་གནས་ཤེས་རྒྱུ་དེ་ཡིན། དེ་ནི་ང་རང་ཚོའི་མི་ཚེ་འདིའི་རིང་ལ་གནས་སྟངས་འགྱུར་བ་འགྲོ་གི་ཡོད་པ་ཙམ་མ་ཡིན་པར། ཉིན་གཅིག་ང་ཚོ་ཤི་རྒྱུ་ཡིན་པ་ངེས་པ་དེ་རེད། དེ་འདྲ་ཡིན་པ་སོང་ཙང་། ང་ཚོས་འཆི་བའི་སྐོར་ལ་སྒོམ་རྒྱག་རྒྱུ་མང་པོ་ཡོད་པ་ཧ་གོ་གི་ཡོད། སྤྱི་ཚོགས་མང་པོའི་ནང་མི་མང་པོ་ཞིག་གིས་འཆི་བ་ལ་སྣང་མེད་གཏོང་ཐབས་བྱེད་པ་དེ་ནམ་རྒྱུན་ཤོད་མི་ཆོག་པའི་བརྗོད་གཞི་ཞིག་ཆགས་བསྡད་ཡོད། ང་ཚོ་ཙམ་མིན་པར་ང་ཚོའི་དགའ་རོགས་དང་ངོ་ཤེས་སུ་འདྲ་ཞིག་ཡིན་ནའང་ཉིན་གཅིག་ཚང་མ་འཆི་རྒྱུ་ཡིན་པའི་དངོས་ཡོད་གནས་ལུགས་དེ་ངོས་ལེན་བྱེད་ཀྱི་མེད།
ང་ཚོ་འཆི་རྒྱུ་ངེས་པ་ཡིན་པའི་དངོས་ཡོད་ཀྱི་གནས་སྟངས་དེ་ལ་རྒྱུ་མཚན་རིག་པའི་རྒྱབ་རྟེན་མང་པོ་ཡོད་རེད། སྔོན་བྱོན་པའི་སྐྱེས་བུ་སུ་གཅིག་ཀྱང་གནས་མེད་པ་ཚང་མ་ཤི་ཚར་བ་ཡིན་ན། ང་ཚོ་ལ་ག་རེ་བྱས་ནས་ཁོ་ཚོ་དང་མི་འདྲ་བའི་མི་ཤི་བའི་དམིགས་བསལ་ཡོད་དམ། ང་ཚོ་འཆི་བའི་རྒྱུ་ངོ་མ་ནི་ང་ཚོ་སྐྱེས་པ་དེ་རེད། བྱས་ཙང། སྐྱེས་པའི་མཐའ་མ་འཆི་རྒྱུ་རེད། ང་ཚོ་ལོ་ན་རྒས་འགྲོ་དུས་ང་ཚོའི་ལུས་པོ་སྐྱོ་རུ་ཕྱིན་ནས་འཇིག་འགྲོ་ཡག་འགོ་བཙུག་གི་ཡོད། ང་ཚོས་ནམ་རྒྱུན་བསམ་པ་བཞིན་ལུས་པོ་འདི་ནུས་པ་དང་ལྡན་པ་ཞིག་མེད་པར། ལས་སླ་པོའི་སྒོ་ནས་གནོད་སྐྱོན་དང་རྨས་སྐྱོན་ཤོར་ཆོག་ཆོག་ཡིན། ང་ཚོས་ག་ལེར་ག་ལེར་སེམས་ཚོར་གྱི་སྟེང་ནས་རྟོགས་པའི་ཆེད་དུ་རྒྱུ་མཚན་དང་ལྡན་པའི་ཐོག་ནས་སོ་སོ་ལ་ཡིད་ཆེས་རྙེད་པ་བཟོ་དགོས།
ང་ཚོ་འཆི་རྒྱུ་ངེས་པའི་བདེན་དོན་དེའི་སྟེང་དུ་གནད་དོན་གཉིས་པ་དེ་ནི། ང་ཚོ་ག་དུས་ཤི་གི་ཡོད་མེད་ནམ་ཡང་ཤེས་མི་ཐུབ་པ་དེ་རེད། ང་ཚོ་འཆི་བ་ལ་ཡིན་གཅིག་མིན་གཅིག་རྒན་འཁོགས་ཆགས་པ་དང་ནད་པ་ཆགས་དགོས་ཀྱི་མེད། ལོ་ན་གཞོན་གཞོན་དང་གཟུགས་པོ་བདེ་ཐང་ཡིན་པའི་མི་མང་པོ་ཞིག་ནི་རྒས་འཁོགས་དང་ནད་ན་ཚ་ཡོད་པའི་མི་ལས་སྔ་བ་ཤི་གི་ཡོད། ཉེ་ཆར་གནམ་གྲུ་ཞིག་བརྡབ་སྐྱོན་ཆེན་པོ་ཤོར་ཡོད། ཡིན་ནའང་གནམ་གྲུའི་ནང་ཡོད་མཁན་མི་དེ་ཚོས་གནམ་གྲུའི་ནང་ཞུགས་སྐབས་སུ་གཅིག་གིས་བརྡབ་སྐྱོན་ཤོར་གྱི་ཡོད་པའི་རེ་བ་བྱས་ཡོད་མ་རེད། ནམ་རྒྱུན་ང་ཚོ་དུས་ཚོད་ངེས་མེད་ལ་སྤྱི་སྤྱོད་རླངས་འཁོར་སོགས་ལ་བརྡབ་སྐྱོན་ཐེབ་སྲིད་པ་རེད། དཔེར་ན། གཟའ་འཁོར་གཉིས་སྔོན་ལ་ངའི་གྲོགས་པོ་ཉེ་ཤོས་ལོ་ན་༥༤ལ་སླེབས་པ་ཁོང་གཟུགས་པོ་ཐང་ཐག་ཆོད་ཡོད་ཀྱང་གློ་བུར་དུ་སྙིང་ཁྲག་དགག་ནས་ཤི་བ་ལྟ་བུ་རེད།
འཆི་བ་ག་དུས་ཡིན་ན་ཡོང་སྲིད་པའི་རྒྱུ་མཚན་མང་པོ་ཡོད་རེད། འཆི་བས་ང་ཚོ་ཁ་ལག་ཟས་མ་ཚར་བར་དུ་དང་། ལས་ཀ་བྱས་མ་ཚར་བར་དུའམ། ང་ཚོས་ལས་ཀ་ག་རེ་བྱེད་ནའང་དེ་མ་ཚར་བར་དུ་ནམ་ཡང་སྒུག་གི་མ་རེད། ང་ཚོས་ཀྱང་འཆི་བ་ལ་“ང་ལ་སྐར་མ་གཅིག་སྒུག་དང་། ང་ལས་ཀ་འདི་ཚར་བཅུག་དང་”ཞེས་ཤོད་ཐབས་མེད། འཆི་བ་ཡོང་དུས་ང་ཚོའི་མི་ཚེའི་མཇུག་རྫོགས་པ་རེད། ང་ཚོའི་དུས་ཚོད་རྫོགས་ཚར་ན། དེ་ལ་ཕར་འགྱང་བྱེད་རྒྱུའི་ཐབས་ལམ་སོགས་གང་ཡང་མེད། འཆི་བ་ལ་ལྐོག་རྔན་སྤྲོད་ས་མེད། ང་ཚོའི་ལུས་པོ་འདི་འཚོ་ཐབས་འཕྲུལ་ཆས་ཀྱི་སྟེང་ལ་འཚོ་སྐྱོང་བྱེད་ཐུབ་ཀྱང། དྲན་པ་ཡོད་ཀྱང་ཤེས་པའི་གནས་ཚད་མ་ལོངས་བའི་གནས་སྟངས་ལ་སྡོད་པའི་དོན་དག་གང་ཡོད་དམ། གང་ཡིན་ཞེ་ན། ང་ཚོ་ཉིན་མ་གཅིག་མི་ཚེ་རྫོགས་རྒྱུ་རེད། འཆི་བའི་སྐོར་གནད་དོན་གསུམ་པ་ནི། འཆི་བའི་གནས་སྐབས་སུ་ང་ཚོ་ལ་གང་གིས་ཕན་ཐོགས་ཀྱི་ཡོད་པར་དཔྱད་པ་བྱ་རྒྱུ་དེ་ཡིན། འཆི་བའི་སྐབས་ང་ཚོས་སོ་སོའི་གྲོགས་པོ་གྲོགས་མོ་དང་དངུལ་དེ་བཞིན་ནང་མི་སོགས་མཉམ་དུ་འཁྱེར་མི་ཐུབ། ང་ཚོས་བང་སོ་འདྲ་བའི་ཁང་པ་ཆེ་ལ་དབྱིབས་དང་ལྡན་པ་བཟོས་ནས་འཆི་བའི་སྐབས་དེ་སོ་སོའི་གཟུགས་པོ་ལ་བཏགས་ནས་སྡོད་ནའང་། དེ་དག་ང་ཚོ་མཉམ་དུ་ཡོང་གི་མ་རེད། ནང་ཆོས་ནས་གསུངས་པ་ལྟར་ན། འཆི་བའི་སྐབས་སུ་ང་ཚོར་ག་རེས་རོཌ་རམ་བྱེད་ཀྱི་རེད་ཟེར་ན། འཚོ་བའི་སྐབས་སུ་སོ་སོའི་སེམས་རྒྱུད་ནང་བསགས་པའི་དགེ་བའི་ལས་བཟང་པོ་གང་བྱས་ཡོད་པ་དེ་ཚོས་ཕན་གྱི་ཡོད་ཅེས་གསུངས་ཡོད།
གཅིག་བྱས་ན། ང་ཚོས་ལས་བཟང་པོ་དང་གཞན་ལ་ཕན་མང་པོ་བཏགས་ཡོད་སྲིད་ལ། ང་ཚོས་ཆོས་ཀྱི་ལམ་ཧ་ཅང་གོང་འཕེལ་བཏང་ནས་སོ་སོའི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དེ་ཚོ་ཉུང་དུ་བཏང་ཡོད་སྲིད་ཀྱི་རེད། དེ་ཚོས་རང་གི་སེམས་རྒྱུན་ལ་ཚོར་བའམ་བག་ཆགས་གཏིང་ཟབ་པོ་ཞིག་བཞག་གི་ཡོད། ཆོས་ཡངས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ན། ང་ཚོ་འཆི་སྐབས་འགྱོད་པ་མེད་པ་སོ་སོའི་མི་ཚེ་བཟང་པོ་དང་དོན་དང་ལྡན་པ་སྐྱེལ་ཡོད་པ་དང་། ལྷག་པར་དུ་ང་ཚོས་སོ་སོའི་དགའ་ཉེ་སྤུན་མཆེད་རྣམས་ལ་བྱམས་སྐྱོངས་ཡག་པོ་བྱས་ཡོད་པ་དང་། དེ་ལས་རྒྱ་ཆེ་བར་བསམ་ན། སྤྱི་ཚོགས་ནང་ཞབས་འདེགས་ཁ་ཤས་ཞུས་ཡོད་ན་འགྱོད་པ་ཡོང་གི་མེད། སོ་སོའི་སེམས་ཞི་བདེ་དང་བཅས་“ངས་མི་ཚེ་བཟང་པོ་དང་དོན་དང་ལྡན་པ་ཞིག་སྐྱེལ་ཡོད་”་བསམ་པའི་ཚོར་བ་ཡོང་གི་ཡོད།
ཆོས་ངོ་མའི་དབང་དུ་བྱས་ནས་བཤད་པ་ཡིན་ན། ང་ཚོའི་སེམས་རྒྱུད་ལ་ཡོད་པའི་བག་ཆགས་དང་གོམས་གཤིས་བཟང་པོ་དེ་ཚོས། སྐྱེ་བ་ཕྱི་མར་མུ་མཐུད་དེ་འགྲོ་གི་རེད། ཅེས་གདེང་ཚོད་ཀྱི་ངང་ནས་འཆི་ཐུབ་པ་དེ་རེད། “ང་ཚོ་མུ་མཐུད་སྐྱེ་བ་ཕྱི་མར་མི་ལུས་རིན་ཆེན་འཐོབ་ཀྱི་རེད་ལ། ང་རང་བག་ཆགས་བཟང་པོ་ཡོད་པའི་ཕྲུ་གུ་ཞིག་ལ་སྐྱེ་གི་རེད་” བསམ་པའི་ཚོར་བ་དང་བཅས་འཆི་གི་རེད། གནས་ཚུལ་འདི་འདྲ་ང་ཚོ་རང་ཉིད་ཀྱིས་མཐོང་ཐུབ་ཀྱི་ཡོད། ཕྲུ་གུ་ཁ་ཤས་ཆུང་ཆུང་ནས་རླུང་ཚ་པོ་དང་ངུ་རང་སྡོད་ཀྱི་ཡོད། ཡང་ཁ་ཤས་ནི་སེམས་བཟང་པོ་དང་ཞི་ཞིང་དུལ་བ་ཡོད། དེ་ཚོ་ནི་སྐྱེ་བ་སྔོན་མ་གོམས་གཤིས་བཟང་པོའི་བག་ཆགས་བསགས་པའི་འབྲས་བུ་རེད། འཆི་བའི་སྐབས་སེམས་ཀྱི་གནས་བབས་ཞི་ཞིང་དུལ་བ་ཞིག་ཡོད་ན། དེས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། དངུལ་ཁང་ནང་དངུལ་ག་ཚོད་མང་པོ་ཡོད་ནའང་འཆི་བའི་སྐབས་ང་ཚོ་ལ་བདེ་བ་སྤྲོད་ཀྱི་མ་རེད། གང་ཡིན་ཟེར་ན། དེ་དག་ནི་ང་ཚོ་འཆི་བའི་སྐབས་སུ་གློག་ཀླད་ཀྱི་ངོས་སུ་ཤར་བའི་ཨང་གྲངས་ཙམ་ཞིག་རེད།
འཆི་བ་སྒོམ་པ།
གོང་གི་གནས་ཚུལ་དེ་ལ་བརྟེན་ནས་ང་ཚོས་འཆི་བ་སྒོམ་དགོས་ཀྱི་ཡོད། དེ་ཡང་སྒོམ་སྟངས་ནི། དེ་རིང་ནི་ངའི་མི་ཚེའི་ནང་གི་ཉིན་མཐའ་མ་ཡིན་བསམས་ནས་སྒོམ་རྒྱུ་དེ་ཡིན། ང་ཚོ་ག་དུས་ཤི་ན་ཤི་ཆོག་ཆོག་གི་གྲ་སྒྲིག་ཡིན་ནམ་ཞེས་དང་། གལ་ཏེ་དེ་རིང་ང་ཚོ་ཤི་བ་ཡིན་ན། རང་ཉིད་ཀྱི་མི་ཚེ་གང་འདྲ་སྐྱེལ་བ་ལ་འགྱོད་པ་ཡོད་དམ་ཞེས་རང་གིས་རང་ལ་དྲི་བ་འདྲི་དགོས། དེ་འདྲ་སྒོམ་དགོས་དོན་ནི་ང་ཚོ་སེམས་ཤུགས་གཅོག་རྒྱུ་ཙམ་ཞིག་རྩ་ནས་མིན་པར། ང་ཚོ་ལ་ཐོབ་པའི་མི་ལུས་རིན་ཆེན་འདི་ལས་ཁེ་ཕན་ལེན་རྒྱུ་དང་གོ་སྐབས་ཡོད་ཚད་ལེན་དགོས་པའི་སེམས་ཤུགས་སྤར་རྒྱུ་དེ་ཡིན། དེ་ནི་འཆི་བ་སྒོམ་པའི་དམིགས་ཡུལ་གཙོ་བོ་རེད། འདི་ནི་ཉིན་མ་རེ་རེ་བཞིན་རང་ཉིད་ལོ་ན་རྒས་འགྲོ་གི་ཡོད་པ་ཙམ་དུ་མ་ཟད། དུས་རྟག་ཏུ་འཆི་བ་ལ་ཐག་ཉེ་རུ་ཉེ་རུ་འགྲོ་གི་ཡོད་རེད། ཉིན་མ་རེ་རྫོགས་དུས་ང་ཚོ་འཚོ་རྒྱུ་ཉིན་གཅིག་ཉུང་དུ་འགྲོ་གི་ཡོད། དུས་ཚོད་རྫོགས་འགྲོ་གི་ཡོད་པ་དང་ང་ཚོ་ལ་འཚོ་རྒྱུའི་དུས་ཚོད་ག་ཚོད་ཡོད་པ་ཤེས་ཀྱི་མེད། དེ་འདྲ་ཡིན་པ་སོང་ཙང་། ང་ཚོས་སོ་སོའི་མི་ཚེ་འདི་འཕྲོ་བརླག་རང་གཏོང་ནས་མ་བསྡད་པར་བེད་སྤྱོད་ཡག་ཤོས་སུ་གཏོང་ཐབས་བྱེད་དགོས། འཆི་བའི་གནས་སྐབས་སུ་སོ་སོས་མི་ཚེ་དངོས་གནས་འཕྲོ་བརླག་བཏང་ཡོད་པ་དང་མི་ཚེའི་ནང་ད་དུང་བསྒྲུབ་རྒྱུ་ཧ་ཅང་མང་པོ་ལྷག་ཡོད་པ་རྟོགས་པའི་སེམས་ཀྱི་གནས་བབས་ཤིག་འབྱུང་ན། དེ་དུས་དངོས་གནས་དྲང་གནས་སྣང་ཚ་པོ་ངང་འཆི་དགོས་ཐུག་གི་ཡོད།
ང་ཚོས་ “ངས་གོ་སྐབས་ཡོད་པ་རྣམས་འཕྲོ་བརླག་གཏོང་གི་མིན་” ཞེས་པའི་ཆ་སྙོམ་གྱི་སྒོ་ནས་སེམས་ཀྱི་གནས་བབས་ཤིག་བསྐྲུན་དགོས་ཀྱི་ཡོད། ང་ཚོ་རྨོངས་ཞེན་ཅན་ཆགས་པ་དང་། ཞེད་སྣང་གི་གནས་བབས་ནང་གནས་པ། དུས་རྟག་ཏུ་སྒོམ་རྒྱག་རྒྱུ་དང་ལས་ཀ་བྱེད་རྒྱུ་མཚམས་བཞག་པ་ལ་ཞེད་སྣང་ཡོད་པ་རྣམས་ངེས་པར་དུ་སྤོང་དགོས་ཀྱི་ཡོད། ང་ཚོ་ལ་དངོས་གནས་དགོས་ངེས་ཡོད་ན། སེམས་ལྷོད་ལྷོད་བྱེད་དགོས་པ་དང་ངལ་གསོ་རྒྱག་དགོས་ཀྱི་ཡོད། དེ་འདྲ་བྱས་པ་ལ་བརྟེན་ནས་ང་ཚོ་སེམས་ཤུགས་འཕར་ཏེ་མུ་མཐུད་ལས་ལ་འཇུག་ཐུབ་ཀྱི་ཡོད། ངའི་ཛཻན་བསམ་གཏན་པའི་ཆོས་ལུགས་ཀྱི་གཏམ་དཔེ་དགའ་ཤོས་ཤིག་ནི། “འཆི་བ་ནི་ག་དུས་ཡིན་ན་ཡོང་སྲིད་པས། སེམས་ལྷོད་ལྷོད་བྱོས།”ཞེས་པ་འདི་ཡིན། གལ་ཏེ་ཁྱེད་རང་གིས་འདིའི་སྒང་ལ་བསམ་བློ་བཏང་བ་ཡིན་ན། འདིས་དོན་དག་ཆེན་པོ་སྟོན་གྱི་ཡོད། རེད། ང་ཚོ་ག་དུས་ཡིན་ན་འཆི་སྲིད་པ་རེད། ཡིན་ནའང་དེ་ལ་རྨོངས་ཞེན་བྱེད་པ་དང་བསམ་བློ་གུ་དོག་པོ་བྱེད་པ་ནི་སོ་སོ་རང་ཉིད་ཀྱི་གནས་སྟངས་དེ་སྡུག་ཏུ་གཏོང་གི་ཡོད།
བརྡ་ལན་གྱི་བསླབ་བྱ་གཙོ་བོ་ནི། ང་ཚོར་ཐོབ་པའི་མི་ལུས་རིན་པོ་ཆེན་འདི་ལས་ཁེ་ཕན་ལེན་དགོས་པ་ཡིན། འོན་ཀྱང་དེ་ཆ་སྙོམ་པོའི་སྒོ་ནས་ཁེ་ཕན་ལེན་ཐུབ་པ་བྱེད་དགོས། ང་ཚོར་ལྷོད་ལྷོད་དགོས་ཀྱི་འདུག་ན་ལྷོད་ལྷོད་བྱེད་ནའགྲིག་ལ། དངོས་གནས་ཐང་ཆད་ཀྱི་མེད་ནའང་ལེ་ལོ་ཡོང་བའི་སྐབས་སུ་རང་གིས་རང་ལ་དྲང་པོ་བྱེད་དགོས། ང་ཚོས་ཀུན་སློང་གང་ཡིན་པ་དེ་སེམས་ནང་བཞག་རྒྱུ་འབད་བརྩོན་བྱེད་དགོས།
འཆི་བ་དྲན་པའི་སྒོམ་ནི་ཆོས་ཡངས་པ་དང་ཆོས་ངོ་མ་གཉིས་ཀར་ལག་ལེན་བསྟར་ཆོག དཔེར་ན། ང་ཚོས་ལས་ཀ་བྱ་རྒྱུ་ལྷག་བསྡད་ཡོད་པ། མི་ཞིག་གིས་ལས་ཀ་ཡག་པོ་བྱས་ཡོད་པ་དེ་ལ་དགའ་པོ་དང་རྗེས་སུ་ཡི་རངས་ཞུ་རྒྱུ། ཡང་ན་དགོངས་དག་ཞུ་རྒྱུ། ཕན་ཚུན་འགྲིག་པ་བཟོ་རྒྱུ་སོགས་ལ་སྒུག་མ་བསྡད་པར་ལམ་སང་བྱེད་དགོས། དེ་གང་ཡིན་ཟེར་ན། མི་དེ་སང་ཉིན་ང་ཚོའི་ཉེ་འཁོར་དུ་མེད་པ་ཆགས་པའམ་འཆི་སྲིད་པ་ཡིན་ལ་ང་རང་ཚོ་ཡང་སང་ཉིན་ཤི་སྲིེད་པ་ཡིན། འདི་ནི་འཆི་བ་དྲན་པ་ལས་ཐོབ་པའི་ཆོས་ཡངས་པའི་སློབ་གསོ་ཡིན། འདི་ནི་གནས་སྟངས་གང་འདྲ་ཞིག་ཡིན་རུང་ཕན་ཐོགས་ཆེ་བས། འཆི་བ་ཁས་མི་ལེན་པ་བྱ་རྒྱུ་མེད་པར། དེ་ལ་གྲ་སྒྲིག་ཨང་བསར་ཡོད་དགོས། ང་ཚོས་སོ་སོ་རང་ཉིད་ཤི་ནས་དུར་ས་སྐྱེལ་བ་སོགས་དམིགས་རྣམ་དུ་བྱེད་ཆོག་ཅིང་། དེས་ང་ཚོ་ལ་ཏོག་ཙམ་དངོས་གནས་ཡིན་པའི་ཚོར་བ་སྟེར་གྱི་རེད། ཡིན་ནའང་ངེས་དགོས་པ་ཞིག་ནི། གནས་སྟངས་དེ་འདྲ་རང་ལ་གནས་ནས་སེམས་ཞུམ་པའམ་སྦུབས་སུག་དོག་པོ་མི་ཆགས་པ་བྱེད་དགོས།
ང་ཚོ་འཆི་ནས་ངན་སོང་དུ་སྐྱེ་བའི་སྡུག་བསྔལ་མྱོང་བ་ལ་དངངས་སྐྲག་སྐྱེད་པ།
ང་ཚོ་ཤི་བའི་རྗེས་སུ་ག་རེ་ཡོང་གི་ཡོད་པ་ལ་དཔྱད་པ་བྱེད་པའི་ཐོག་མུ་མཐུད་འགྲོ་གི་ཡོད། འདིར་ཚེ་ཕྱི་མ་སྐྱེ་བ་ངན་སོང་གི་གནས་སུ་སྐྱེས་ནས་སྡུག་བསྔལ་མྱོང་སྲིད་པའི་སྐོར་གསུངས་ཡོད་པ་དང་། འདི་ལ་ཛ་དྲག་བརྩིས་ནས་དོ་ནན་གང་འདྲ་བྱེད་དགོས་སམ། འདི་ནི་ལས་སླ་བོ་ཞིག་རྩ་བ་ནས་མ་རེད། གང་ཡིན་ཟེར་ན། ནང་ཆོས་ནང་ང་ཚོའི་ད་ལྟའི་སྐྱེ་བ་དེ་ལས་སྡུག་ག་དུད་འགྲོ་ཙམ་མིན་པར། ང་ཚོས་དངོས་སུ་མཐོང་མི་ཐུབ་པའི་སེམས་ཅན་ཡང་ཚུད་ཡོད་པ་གསུངས་ཡོད།
ང་ཚོས་དུད་འགྲོའི་སྐྱེ་བ་ལ་བསམ་བློ་གཏོང་དུས་དེ་དང་མཉམ་དུ་ཉ་དང་འབུ་སྲིན་སྲོག་ཆགས་ཀྱི་རིགས་ཡོངས་སུ་རྫོགས་པ་ཚུད་ཀྱི་ཡོད་པ་དྲན་དགོས། དུད་འགྲོ་ལ་སྐྱེ་བ་ལེན་པ་ཡིན་ན། དེ་དག་གིས་མྱོང་བའི་སྡུག་བསྔལ་དང་འཇིགས་སྐྲག་རྣམས་ཞེད་སྣང་ཚ་པོ་ག་འདྲ་ཡོད་པའི་དཔེ་མཚོན་མང་པོ་ཡོད། ང་ཚོས་དུད་འགྲོར་སྐྱེ་བ་ལ་བསམ་བློ་གཏོང་དུས་མི་འབྱོར་ལྡན་གྱི་ཁང་པའི་ནང་གི་ཁྱིའི་གནས་སྟངས་སེམས་ནང་ཤར་བ་ཙམ་དེ་མ་ཡིན་པར། དེ་ལས་ལྡོག་ཏེ་མི་མང་ཆེ་བ་ཞེན་ལོག་སྐྱེ་སའི་འབུ་ཞུ་ལུ་མ་དང་ཙི་ཙི། དུད་འགྲོ་སྲོག་ཆགས་ཆེ་བ་རྣམས་ཀྱིས་གསོན་པོར་ཟས་སུ་ཟ་བའི་འབུ་སྲིན་ཆུང་ཆུང་གི་རིགས་དང་ཉ། དེ་བཞིན་དུད་འགྲོ་སེམས་ཅན་བཟོ་ལས་ནང་གསོ་སྐྱོང་བྱས་ནས་མིས་སྡེབ་གསོད་བྱེད་པ་སོགས་ལ་བསམ་བློ་གཏོང་དགོས་པ་དེ་ཡིན།
སྐབས་འདིར་མ་འོངས་པར་ཡོང་ངེས་ཀྱི་སེམས་ཚོར་བསྐྱེད་པ་དེ་ལ་ཨིན་སྐད་ནང་ “fear” ཞེད་སྣང་ཞེས་བསྒྱུར་ཡོད། ཡིན་ནའང་ཚིག་འདི་བསྒྱུར་ཡག་ཤོས་ཡིན་པའི་ངེས་པ་མེད། གང་ཡིན་ཟེར་ན། ཚིག་འདིས་ང་ཚོས་གང་ཡང་བྱེད་མི་ཐུབ་པ་ལྟ་བུ་རེ་བ་མེད་པའི་གོ་དོན་སྟོན་གྱི་ཡོད། ཡིན་ནའང་ང་ཚོས་དེ་སྤོང་བ་ལ་གཅིག་བྱེད་ཐུབ་ཀྱི་ཡོད། དེ་འདྲ་ཡིན་པ་སོང་ཙང་། ངས་ཨིན་སྐད་ཀྱི་ཚིག་ “dread” དངངས་སྐྲག་ཅེས་པ་དེ་དགའ་འདེམས་བྱས་ཡོད། ཚིག་འདིའི་དོན་དག་ནི། ང་ཚོ་གནས་ཚུལ་གཅིག་དངོས་གནས་དྲང་གནས་རྩ་བ་ཉིད་ནས་ཡོང་བ་འདོད་ཀྱི་མེད་ཟེར་གྱི་ཡོད།
དཔེར་ན། ང་ཚོ་ཚོང་ལས་དང་འབྲེལ་བའི་ཚོགས་འདུ་དཔེ་ཉོབ་ཏོ་ཞིག་ལ་འགྲོ་དགོས་ཀྱི་ཡོད་ན། ང་ཚོ་འགྲོ་འདོད་མེད། ཚོགས་འདུ་འགྲོ་ན་ཉོབ་སྣང་ཡོང་བ་ལས་ང་ཚོ་དེ་ལ་འགྲོ་རྒྱུ་ཞེད་སྣང་ཡོང་གི་མེད། སེམས་ཚོར་དེ་འདྲ་ཞིག་ང་ཚོས་བསྐྱེད་དགོས་ཀྱི་ཡོད། ང་ཚོ་ལ་མི་ལུས་བཟང་པོ་འདི་ཐོབ་ཡོད་པ་འདི་ནི་དུས་ངེས་མེད་ཅིག་ལ་མེད་པ་ཆགས་སྲིད་པ་རེད། བྱས་ཙང་། ང་ཚོས་འདི་ལས་ཁེ་ཕན་ལེན་ནས་སྐྱེ་བ་ཕྱི་མར་འབུ་ཞུ་ལུ་མ་ལྟ་བུར་མི་སྐྱེ་བའི་ངེས་བརྟན་བཟོ་དགོས། ང་ཚོ་འབུ་ཞུ་ལུ་མར་སྐྱེས་སོང་ན་ཧ་ལས་པའི་ཐབས་སྡུག་པོ་ཞིག་ཡིནཔ་དང་དེ་འདྲ་ཞིག་ལ་སྐྱེ་འདོད་རྩ་ནས་མེད་པས། དེ་ལས་གཡོལ་ཐབས་ཤིག་བྱེད་དགོས་ངེས་རེད།
ཆོས་ངོ་མའི་ནང་ང་ཚོས་འབུ་དང་དུད་འགྲོའི་སྐྱེ་བ་ཙམ་མ་ཟད། ཡི་དྭགས་དང་དམྱལ་བའི་ཁམས་ཀྱི་སྐྱེ་བ་རྣམས་ཀྱང་ཤོད་ཀྱི་ཡོད། ང་ཚོ་དེ་ཚོ་བཤད་པ་ལ་བཟོད་མ་བདེ་བ་བྱ་རྒྱུ་མེད། གནད་དོན་དེ་དག་གསང་བའི་གནས་ཤིག་ལ་སྦས་བཞག་པ་ཡིན་ན་དེ་ནང་ཆོས་ལ་དྲང་པོ་ཞིག་ཆགས་ཀྱི་ཡོད་མ་རེད། དེ་ལས་ལྡོག་ཏེ་ང་ཚོས་སེམས་གུ་ཡངས་དང་ཁ་སངས་བའི་ཐོག “ངས་འདི་དངོས་གནས་ཤེས་ཀྱི་མི་འདུག་” ཅེས་ཤོད་དགོས།
མི་མ་ཡིན་པའི་སྐྱེ་གནས་ཇི་ལྟར་ཤེས་སམ།
ང་ཚོས་དོན་གནད་འདི་སེམས་ཀྱི་བྱེད་ལས་དང་འབྲེལ་བ་བྱེད་ཐུབ། ཡང་ན་ཕྱོགས་གཞན་ཞིག་ནས་བཤད་ན། སྐད་ཅིག་རེ་རེའི་ནང་ཚོར་བ་མི་འདྲ་བ་རེར་མྱོང་གི་ཡོད། དེ་བཞིན་སྐད་ཅིག་རེ་རེ་ལ་ང་ཚོ་ལ་སེམས་ཀྱི་ཆ་ཚད་གསུམ་པའི་གཟུགས་བརྙན་ཞིག་ཤར་གྱི་ཡོད། དེས་ང་ཚོ་གང་ཡང་རུང་བ་མཐོང་བ་དང་། ཐོས་པ། བསམ་པ་ལ་སོགས་པའི་དོན་ཡིན། སྐད་ཅིག་རེ་རེའི་ནང་གི་མྱོང་བ་དང་མཉམ་དུ་འགྲོགས་ནས་ཚོར་བ་བདེ་བ་དང་སྡུག་བསྔལ་ཡོང་གི་ཡོད། དེས་ང་ཚོ་གློག་ཀླད་དང་མི་འདྲ་བའི་ཁྱད་པར་འབྱེད་ཀྱི་ཡོད་པའི་བཟོ་འདྲ་ཞིག་རེད། གློག་ཀླད་ནང་གནས་ཚུལ་ཡོད་པ་དེ་ཚོ་ཤེས་ནས་ལས་ཀ་བྱེད་ཀྱི་ཡོད། ཡིན་ནའང་གློག་ཀླད་ཀྱིས་ཚོར་བ་བདེ་སྡུག་མྱོང་ཐུབ་ཀྱི་མེད་ལ་གནས་ཚུལ་རྣམས་མྱོང་གི་མེད། ང་ཚོར་བདེ་སྡུག་ཀྱི་ཚོར་བ་ཡོད་པ་དེས་མྱོང་བ་ཡོད་པར་སྟོན་གྱི་ཡོད་པ་དང་བདེ་སྡུག་གི་ཚོར་བའི་རྒྱ་ཁྱོན་ནི་ཧ་ཅང་རྒྱ་ཆེན་པོ་ཡོད། ཚོར་བ་རྒྱ་ཆེན་པོ་དེ་མྱོང་ཐུབ་པ་དེ་རང་ཚོའི་ལུས་རགས་པ་ལ་རག་ལུས་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། དེ་ནི་ང་ཚོའི་ལུས་གང་འདྲ་ཡོད་པ་ལ་རག་ལུས་ཡོད།
འདི་ནི་ཚོར་བ་བདེ་སྡུག་ཙམ་མིན་པར། ང་ཚོའི་དབང་པོའི་ཤེས་པ་མི་འདྲ་བ་རེ་རེའི་སྒོ་ནས་རྟོགས་ཐུབ། མི་ཁ་ཤས་ཀྱིས་མི་གཞན་དག་ལས་ཐག་རིང་བ་མཐོང་ཐུབ་པ་དང་། ཁ་ཤས་ཀྱིས་གཞན་ལས་ཡག་ག་གོ་ཐུབ་པ། ཡང་མི་ཁ་ཤས་གནམ་གཤིས་ཚ་པོ་ལ་གཞན་ལས་བཟོད་བསྲན་ཆེ་བ་འཚོ་ཐུབ་པ་དང་ཁ་ཤས་གནམ་གཤིས་གྲང་ངར་ནང་གཞན་ལས་བཟོད་བསྲན་ཆེ་བ་འཚོ་ཐུབ་ཀྱི་ཡོད། དུད་འགྲོ་སེམས་ཅན་ལ་ཆ་མཚོན་ན། ཁྱི་རྣམས་ལ་ཡོད་པའི་གོ་ཐོས་ཀྱི་ཤུགས་ཚད་དེ་མི་ལས་ཡག་ག་ཡོད། གང་ཡིན་ཟེར་ན། ཁོང་ཚོར་ལུས་མི་འདྲ་བ་ཡོད་ཙང་ལུས་ཀྱི་གྲུབ་སྟངས་ཀྱི་སྒོ་ནས་ཐོས་རྒྱ་ཡང་ཆེ་བ་ཡོད་རེད། དེ་བཞིན་བྱ་གླག་གི་མིག་གིས་མིའི་མིག་ལས་རྒྱང་ཐག་རིང་བ་མཐོང་ཐུབ་ཀྱི་ཡོད། གལ་སྲིད་དབང་པོའི་ཤེས་པ་མི་འདྲ་བ་དེ་ཚོ་ལ་ཤེས་སྟོབས་དེ་འདྲ་མི་འདྲ་བ་ཡོད་ན། ཚོར་བ་བདེ་སྡུག་གི་རྒྱ་ཁྱོན་ལའང་དེ་ལྟར་ག་རེ་བྱས་ནས་བདེན་པ་མིན་ནམ།
ང་ཚོས་ཚོར་བ་དགའ་བ་དང་གདུང་བ་གཉིས་པོ་གཅིག་པ་གཅིག་ཀྱང་མིན་ནའང་བགྲོ་གླེང་འདིའི་ནང་འཚུད་པར་བྱེད་ཆོག་གི་ཡོད། ཚོར་བ་བདེ་བ་དང་སྡུག་བསྔལ་གཉིས་ནི་སེམས་ཀྱིས་མྱོང་གི་ཡོད་པ་དང་ཚོར་བ་དགའ་བ་དང་གདུང་བ་གཉིས་ཞེས་ང་ཚོའི་ཨིན་ཡིག་ནང་ “pleasure and pain” ཡོད་པ་མང་ཆེ་བ་ནི་ལུས་ཀྱིས་མྱོང་གི་ཡོད། ང་ཚོ་མིའི་ལུས་རགས་པའི་གནས་སྟངས་ལ་མཚོན་ན། ལུས་ཀྱི་སྡུག་བསྔལ་ཧ་ཅང་ཆེན་པོ་ཆགས་ཡོང་དུས་ང་ཚོ་དྲན་ཤེས་མེད་པ་ཆགས་འགྲོ་གི་ཡོད། སེམས་ཚོར་གྱི་དཀའ་སྡུག་བྱུང་བ་ལ་ང་ཚོ་ཧོན་འཐོར་ནས་ལུས་ཀྱིས་བྱ་བ་བྱེད་མི་ནུས་པ་ཆགས་ཀྱི་ཡོད།
ཚོར་བ་དགའ་བདེ་ནི་ཡིད་ལ་འཐད་པོ་ཞིག་ཡོད། དཔེར་ན། ང་ཚོས་ཟ་འཕྲུག་ལངས་པ་དེ་ལ་དཔྱད་པ་བྱེད་ན། དེ་ལ་ཧ་ཅང་སྐྱིད་སྣང་ཞིག་ཡོད། ཟ་འཕྲུག་ལངས་བ་དེ་གདུང་བ་རང་མེད་པ་དགའ་བདེའི་ཚོར་བ་ཞིག་ཡིན་པ་རེད། བདེ་བ་དེ་ཧ་ཅང་ཆེན་པོ་ཡོད་ཙང་ང་ཚོས་རང་བཞིན་གྱིས་ཟ་འཕྲུག་དེར་འབྲད་འབྲད་བཏང་ནས་མེད་པ་བཟོ་བཞག་གི་ཡོད། དེ་ཟ་འཕྲུག་ཧ་ཅང་ཆེན་པོ་ཡོད་པའི་རྒྱུན་གཅོང་གི་ལྤགས་ནད་ན་བའི་སྐབས་ཀྱི་གདོང་ལེན་བྱེད་སྟངས་ཤིག་རེད། དེའི་སྐབས་སུ་ཟ་འཕྲུག་དེ་ནི་དགའ་བདེའི་ཚོར་བ་འདྲ་པོ་བརྩིས་པ་དེ་རེད། ཟ་འཕྲུག་དེ་ལ་ལྷོད་ལྷོད་ངང་སྐྱིད་པོ་གཏོང་ཐབས་ཙམ་བྱ་རྒྱུ་ནི་ཧ་ཅང་ཚད་མཐོ་པོ་དང་དཀའ་ལས་ཁག་པོ་ཞིག་ཡིན། དམིགས་བསལ་འབྲད་འབྲད་བཏང་བ་དེ་ལ་བརྟེན་ནས་གནོད་སྐྱོན་ཕོག་རྒྱུ་ཡིན་ན་དཔེ་ཁག་པོ་རེད། ཡིན་ནའང་མི་སྲིད་པ་མ་རེད། གང་ལྟར་ཡང་། གལ་སྲིད་ང་ཚོས་འཁྲིག་སྤྱོད་ཀྱི་བདེ་བ་ལ་བསམ་བློ་གཏོང་བ་ཡིན་ན། བདེ་བ་དེ་ཇི་ཙམ་གྱི་ཆེ་རུ་འགྲོ་བ་དེ་ཚོད་ཀྱིས་འཁྲིག་སྦྱོར་གྱི་ཚོར་བ་མཐར་ཐུག་ལ་མགྱོགས་པོ་སླེབས་འདོད་སྐྱེས་ནས་བདེ་བ་དེ་མེད་པ་བཟོ་གི་ཡོད།
དེ་འདྲ་ཡིན་པ་སོང་ཙང་། ང་ཚོ་མིའི་ལུས་པོ་རགས་པ་འདིས་ཚོར་བ་བདེ་སྡུག་དང་དགའ་བ་དང་གདུང་བའི་ཆ་ཁ་ཤས་ལས་མྱོང་ཐུབ་ཀྱི་མེད་པ་ང་ཚོས་ཤེས་ཐུབ། དུད་འགྲོ་སེམས་ཅན་དེ་ཚོས་དབང་ཤེས་མི་འདྲ་བའི་དབང་གིས་ང་ཚོ་ལས་ལྷག་པའི་ཡུལ་ལ་མཐོང་རྒྱ་དང་རྣ་བ་ལ་ཐོས་རྒྱ་ཆེ་བ་ཡོད་པའང་ང་ཚོས་ངོས་ལེན་བྱས་པ་རེད། དེ་ཡིན་ཙང་། གདུང་བ་དང་། དགའ་བ། བདེ་བ། སྡུག་བསྔལ་བཅས་ལ་མང་བ་མྱོང་ཐུབ་པའི་ལུས་རགས་པའི་རིགས་གཞན་ཡོད་པ་རྒྱུ་མཚན་རིགས་པའི་སྒོ་ནས་ཡོང་སྲིད་པ་ཡིན། ག་རེ་བྱས་ནས་མི་སྲིད་དམ།
འདི་ནི་ང་ཚོས་བཤད་པའི་མི་ཚེ་ནས་མི་ཚེ་བརྒྱུད་ནས་སླེབས་པའི་སེམས་ཀྱི་བྱེད་ལས་དེ་ཡིན་པས། ཚོར་བ་སྡུག་བསྔལ་དང་གདུང་བ་ཚབས་ཆེན་ནས་བཟུང་ཚོར་བ་ཤིན་ཏུ་བདེ་བ་དང་དགའ་བའི་བར་གྱི་རྒྱ་ཁྱོན་ཡོངས་རྫོགས་མྱོང་མི་ཐུབ་པའི་རྒྱུ་མཚན་མེད་པ་རེད། འདི་ནི་སོ་སོའི་སྐྱེ་བ་རེ་རེའི་ནང་ལུས་རྟེན་གང་ཞིག་ལེན་པ་ལ་རག་ལས་ཡོད། འདི་ནི་རྒྱུ་མཚན་དང་ལྡན་ཞིང་སེམས་གུ་ཡངས་པོའི་ཐོག་ནས་ནང་ཆོས་ནས་གསུངས་པའི་སེམས་ཅན་གཞན་ང་ཚོས་མཐོང་མི་ཐུབ་པའི་ཐད་ལ་བསམ་བློ་གཏོང་དགོས་པ་ཡིན། ང་ཚོས་གཤེར་གནས་སྐྱེ་ལྡན་གྱི་སྲོག་ཆགས་ཕྲ་མོ་སྦུབ་གཅིག་དུམ་སྐྱེས་ (amoeba) ཟེར་བ་དེ་མཐོང་མི་ཐུབ། ཡིན་ནའང་ཚན་རིག་ཡར་རྒྱས་ལ་བརྟེན་ནས་ཕྲ་མཐོང་ཆེ་ཤེལ་ལས་དེ་མཐོང་ཐུབ་པ་དང་ང་ཚོས་དེ་སྲོག་ལྡན་གྱི་གྲས་ཤིག་ལ་ཁས་ལེན་གྱི་ཡོད། དེ་ག་ནང་བཞིན་ང་ཚོས་ཡི་དྭགས་མཐོང་མི་ཐུབ་ཀྱང་། ཤེས་པ་ཡར་རྒྱས་བཏང་ནས་མཐོང་སྲིད་པ་ཡིན།
ཆོས་ཡངས་པ་དེས་སེམས་ཅན་གྱི་ཁམས་གཞན་ཚང་མ་མིའི་མྱོང་བའི་རིགས་ཙམ་གྱི་ནང་ཚད་བཀག་བྱས་ནས་སྐད་ཆ་བཤད་ཀྱི་ཡོད། དཔེར་ན། མི་ཞིག་དམྱལ་བའི་ཁམས་སུ་གནས་ཡོད་པ་ལྟ་བུའི་ཧ་ཅང་སེམས་མི་བདེ་བ་ཆགས་སྲིད་པ་ཡིན། འདིས་ཁོང་ཚོར་ཤ་ཚ་སྙིང་རྗེ་སྐྱེད་པ་ལ་ཕན་ཐོགས་ཀྱི་ཡོད་པ་དང་མ་འོངས་པར་དེ་འདྲ་བ་མི་ཡོང་བའི་ཡིད་སྨོན་བྱེད་ཀྱི་རེད། འདི་ནི་ཆོས་ཡངས་པའི་ཐོག་ནས་བྱ་བ་བྱེད་པ་ལ་འགྲིག་གི་ཡོད་པ་རེད། ཡིན་ནའང་ཆོས་ངོ་མས་མིའི་ཚོར་བ་ཙམ་གྱི་སྐོར་བཤད་ཀྱི་མེད་པར། སེམས་ཀྱི་རྒྱུན་ཞིག་ཡོད་པ་ལ་གཞི་བཅོལ་ནས་ང་ཚོ་དང་གཞན་ཚང་མ་ལ་ཡོང་ཆོག་པ་ཞིག་ཡིན། སེམས་ཀྱི་བྱེད་ལས་འདི་ལ་ཚོར་བ་བདེ་བ་ནས་སྡུག་བསྔལ་དང་དགའ་བ་ནས་གདུང་བའི་བར་གྱི་ཚོར་གང་ཡང་རུང་བ་དང་མཉམ་དུ་ཡོང་ཆོག་པ་ཡིན།ང་ཚོར་ཚད་བཀག་ཡོད་པ་དང་མ་འོངས་པར་ཧ་ལས་པའི་གདུང་བ་དྲག་པོ་མྱོང་རྒྱུ་གཅིག་པུ་ལ་ཕན་པའི་གཞི་རྟེན་དགོས་ཀྱི་མེད་པ་ནི་གསལ་པོ་རེད།
དེ་སྤོང་བའི་ཐབས་ལམ་ཞིག་ཡོད་དམ། འདི་ནི་དྲི་བ་གལ་ཆེན་པོ་དེ་རེད། དང་པོ་ང་ཚོ་སོ་སོའི་མི་ཚེའི་ནང་ཁ་ཕྱོགས་བཟང་པོ་ཞིག་ཡོད་དགོས། དེ་ལ་བརྟེན་ནས་སྐྱེ་བ་ཕྱི་མ་ངན་སོང་གི་གནས་སུ་མི་སྐྱེ་བ་བྱེད་ཐུབ། དོན་ངོ་མར་འདིའི་བྱེད་ལས་དེ་་ཙམ་མ་ཡིན་པར། དེས་ང་ཚོ་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་འཁྲིད་པར་བྱེད་ཀྱི་རེད།
མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་བཟོ་བ། སྐྱབས་སུ་འགྲོ་བ།
ང་རང་ཨིན་ཚིག་ refuge སྐྱབས་ཞེས་པ་ལ་དོ་སྣང་ཞེ་དྲག་རང་མེད། དེ་ནི་ཧུར་བརྩོན་མེད་པའི་རང་བཞིན་ཞིག་ལ་གོ་ནས་ཏོག་ཙམ་གོ་ལོག་ཐེབས་ཀྱི་ཡོད་པ་འདྲ་པོ་འདུག དཔེར་ན། ང་ཚོས་སངས་རྒྱས་དེ་སྐྱོབ་མཁན་ལྟ་བུར་བརྩིས་ནས། “སངས་རྒྱས་མཁྱེན། ང་སྐྱོབ་རོགས་གནང་།” ཞེས་ལབ་ནས་སྐྱབས་སུ་འགྲོ་གི་ཡོད་པ་འདྲ་པོ་འདུག ཡང་ང་ཚོ་ཚང་མ་དུད་འགྲོ་འདྲ་པོ་བཟོས་ནས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཁང་དུ་འཁྲིད་ཀྱི་ཡོད་པ་འདྲ་པོ་ཞིག་ཀྱང་མ་རེད། འདིར་ང་ཚོས་ཧུར་བརྩོན་གྱི་རང་བཞིན་དང་ལྡན་པའི་སྐོར་བཤད་ཀྱི་ཡོད་པ་ལས། ཧུར་བརྩོན་མེད་པ་ཞིག་གི་སྐོར་བཤད་ཀྱི་མེད། ངས་འདི་ལ་ང་ཚོའི་མི་ཚེའི་ནང་ (safe direction) ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་བཟོ་བ་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད། ང་ཚོས་ཁ་ཕྱོགས་འདིའི་ཕྱོགས་སུ་འགྲོ་ན། དེ་ནས་ང་ཚོས་སྐྱེ་བ་ཕྱི་མ་ངན་སོང་གི་སྡུག་བསྔལ་མྱོང་བ་ལས་སྐྱོབ་པ་དང་། དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ལས་སྐྱོབ་པ། དེ་བཞིན་གཞན་སེམས་ཅན་ལ་གང་ཐུབ་ཅི་ཐུབ་ཀྱིས་གནད་ལ་སྨིན་པའི་ཕན་འདོགས་མི་ཐུབ་པ་ལས་སྐྱོབ་ཀྱི་ཡོད།
དྷརྨ་ཞེས་པའི་ཚིག་འདི་ནམ་རྒྱུན་ཨིན་སྐད་དུ་སངས་རྒྱས་ཀྱི་ཆོས་ཞེས་བསྒྱུར་ཡོད། དངོས་གནས་བྱས་ན་དེ་ནི་སྔོན་འགོག་གི་ཐབས་ལམ་ཞིག་ལ་གོ་གི་ཡོད། འདི་ནི་མ་འོངས་པར་དཀའ་ངལ་དང་སྡུག་བསྔལ་མི་ཡོང་བའི་སྔོན་འགོག་གི་ཆེད་ང་ཚོས་རང་སོ་སོའི་རྒྱུད་ལ་མཉམ་སྡེབ་བྱ་རྒྱུ་ཞིག་ཡིན། དེ་ཡང་ཕྱི་མ་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་མི་དགོས་པ་དང་གཞན་སེམས་ཅན་རྣམས་ལ་ཕན་ཐོགས་ཆ་ཚང་བ་ཞིག་བྱེད་ནུས་པའི་ཆེད་དུ་ང་ཚོས་ཐབས་ལམ་དེ་ཚོ་ང་ཚོའི་མི་ཚེ་ནང་བེད་སྤྱོད་བྱེད་ཀྱི་ཡོད།
སངས་རྒྱས་ཀྱིས་བསྟན་པའི་ཁ་ཕྱོགས་འདི་ག་རེ་ཡིན་ནམ། ཁ་ཕྱོགས་དེ་ནི་སངས་རྒྱས་རང་ཉིད་ཀྱིས་གང་ཐོབ་པ་དེ་ཡིན་ཞིང་། དེ་ནི་བར་ཆད་དང་། སྐྱོན་གྱི་ཆ། རྨོངས་པ། ཉོན་མོངས་དང་བཅས་པ་ཡོངས་སུ་རྫོགས་པ་མེད་པ་བཟོས་པའི་འགོག་པ་དེ་ཡིན། དེ་དང་མཉམ་དུ་སངས་རྒྱས་ཀྱིས་སེམས་ལ་ཡོད་པའི་བཟང་ཕྱོགས་དགེ་བའི་ནུས་པ་མ་ཚང་བ་མེད་པ་རྟོགས་ཡོད། ང་ཚོས་སྐད་ཆ་ཤོད་བཞིན་པའི་ཁ་ཕྱོགས་འདི་རེད། འདི་ནི་ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་རིན་པོ་ཆེ་གསུམ་གྱི་ཉེན་མེད་ཀྱི་ཁ་ཕྱོགས་བཤད་པ་དེ་ལ་གོ་གི་ཡོད། ཆོས་ནི་སངས་ཀྱིས་གང་ཞིག་མཐར་ཕྱིན་པ་ཐོབ་པ་དང་ང་ཚོས་ཀྱང་དེ་དང་གཅིག་པ་འཐོབ་ཐུབ་པའི་ཁོང་གི་ཆོས་དེ་ཡིན། དེར་བརྟེན་སངས་རྒྱས་ཀྱིས་དེ་དག་ཡོངས་སུ་རྫོགས་པ་ཐོབ་ཡོད་པ་བསྟན་གྱི་ཡོད། དགེ་འདུན་ནི་དགོན་པ་དང་ཆོས་ཚོགས་ཁག་གི་ནང་ཡོད་པའི་མི་དེ་ཚོ་ཙམ་མིན་པར། དེ་དག་ནི་དགེ་འདུན་གྱི་སྡེ་ཞིག་ལ་གོ་གི་ཡོད། དངོས་གནས་བྱས་ན་འདི་ཡང་ང་ཚོའི་ཉེན་མེད་ཀྱི་ཁ་ཕྱོགས་མ་རེད། དཀོན་མཆོག་གསུམ་གྱི་ཆ་ཤས་སུ་གཏོགས་པའི་དགེ་འདུན་ནི་རྟོགས་པ་མཐོ་བོར་སླེབས་པའི་སྐྱེས་བུ། དེ་དག་གིས་སངས་རྒྱས་ཀྱིས་ཡོངས་སུ་རྫོགས་པ་རྟོགས་པ་དེའི་ཆ་ཤས་ཤིག་ཐོབ་ཡོད་པའི་སྐྱེས་བུ་རྣམས་ལ་གོ་བ་ཡིན།
དེ་བཞིན་ང་ཚོས་ཐོག་མར་བྱེད་དགོས་པ་ནི་འདི་དག་རེད། ང་ཚོས་ལྷག་བསམ་རྣམ་དག་གིས་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་བཟོ་དགོས་ཤིང་། དེའི་ཕྱོགས་སུ་ང་ཚོས་འབད་བརྩོན་བྱེད་བཞིན་པ་ཡིན། དེ་ཡང་སངས་རྒྱས་ཀྱིས་གང་ཡོངས་སུ་རྫོགས་པའི་ཚུལ་གྱིས་ཐོབ་པ་དང་དགེ་འདུན་གྱིས་དེའི་ཆས་ཙམ་ཐོབ་པ་དེ་ང་ཚོས་འཐོབ་པའི་འབད་བརྩོན་བྱེད་ཀྱི་ཡོད། སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་བསྐྲུན་པ་དེས་གནས་སྐབས་གང་གི་ཆ་ལའང་ཧང་སངས་ཡག་གི་ཁྱད་པར་ཆེན་པོ་ཞིག་བཟོ་གི་ཡོད། གང་ཡིན་ཟེར་ན། ད་ང་ཚོའི་མི་ཚེ་ལ་དངོས་གནས་དོན་སྙིང་དང་ཁ་ཕྱོགས་ཡོད་པ་ཡིན། ང་ཚོ་སོ་སོའི་ཞན་ཆ་དེ་ཚོ་མེད་པ་བཟོས་ནས་སོ་སོའི་ནུས་པ་གང་ཡོད་པ་དེ་རྟོགས་པར་བྱེད་ཀྱི་ཡོད། དེ་འདྲ་བྱས་ན། ང་ཚོ་སྤྱིར་བཏང་སེམས་སྐྱིད་པ་ཡོང་གི་ཡོད། གང་ཡིན་ཟེར་ན། ང་ཚོས་ “མི་ཚེ་འདི་གང་གི་ཆེད་དུ་ཡིན་ནམ། མི་ཚེའི་ནང་ངས་གང་བྱེད་ཀྱི་ཡོད་པ་ཤེས་ཀྱི་མི་འདུག ངའི་མི་ཚེ་ལ་དོན་སྙིང་མི་འདུག་” ཅེས་བསམ་གྱི་མ་རེད། དེ་འདྲ་བསམ་པ་ནི་སེམས་ཀྱི་གནས་བབས་ཞེད་སྣང་ཚ་པོ་དང་ཐབས་སྐྱོ་པོ་ཞིག་རེད་ལ། ང་ཚོ་དེ་འདྲའི་བསམ་བློ་ཞིག་ཡོད་པའི་སྐབས་སོ་སོའི་མི་ཚེའི་ནང་དངུལ་ལ་མགོ་འཁོར་ནས་སྡོད་ཀྱི་ཡོད་པ་ལ་ཡང་སེ་གོ་གི་ཡོད། ནམ་རྒྱུན་འཆར་ཅན་ལྟར། དོན་ངོ་མར་ “དངུལ་གྱིས་ང་ཚོ་ལ་བདེ་བ་ཉོ་མི་ཐུབ་” ཟེར་བའི་གཏམ་དཔེ་དེ་བདེན་པ་རེད།
མི་དགེ་བའི་སྤྱོད་ལམ་སྤོང་བ།
ད་ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་རག་པ་རེད། དེ་ལ་གཞི་རྟེན་བྱས་ནས་ངན་སོང་གི་སྐྱེ་བ་མི་ལེན་པའི་ཐབས་ལམ་གང་ཡིན་ནམ། ཐབས་ལམ་ནི་ལུས་ངག་ཡིད་གསུམ་གང་རུང་གི་སྒོ་ནས་མི་དགེ་བའི་ལས་སྤོང་རྒྱུ་དེ་ཡིན། དེའི་དོན་ནི་ང་ཚོས་ཁོང་ཁྲོ་དང་། འདོད་རྔམ། འདོད་ཆགས། རྨོངས་པ། ཕྲག་དོག ཁེངས་དྲེགས་ལ་སོགས་པ་ཉོན་མོངས་པ་མང་པོའི་དབང་དུ་སོང་ནས་ལུས་ངག་ཡིད་གསུམ་གྱི་ལས་གང་རུང་ཞིག་བྱེད་རྒྱུ་དེ་སྤོང་ཐབས་བྱེད་པའི་དོན་ཡིན། ད་ལྟ་ང་ཚོས་མི་ལུས་རིན་ཆེན་འདི་ལས་ཁེ་ཕན་ཡག་ཤོས་ལེན་རྒྱུ་ནི། ཐོག་མར་མི་དགེ་བའི་སྒོ་ནས་ལས་བྱེད་པ་དང་། སྐད་ཆ་བཤད་པ། བསམ་བློ་གཏོང་བ་བཅས་སྤོང་དགོས་པ་ཡིན།
གང་ལྟར་ཡང་། ང་ཚོས་ནང་པ་སངས་རྒྱས་པའི་སྒྲོམ་གཞིའི་ནང་ནས་དེ་དག་བྱེད་དགོས་ཀྱི་ཡོད། སྤྱིར་བཏང་ཆོས་ལུགས་ཚང་མས་མི་དགེ་བའམ་གཞན་ལ་གནོད་པའི་སྒོ་ནས་ལས་ཀ་བྱེད་རྒྱུ་མེད་ཅེས་སློབ་སྟོན་བྱེད་ཀྱི་ཡོད། དཔེར་ན། སྲོག་གཅོད་དང་མ་བྱིན་པར་ལེན་པ་སོཌ་སྤོང་དགོས་རེད་ཅེས་གསུང་གི་ཡོད། ཡིན་ནའང་མི་འདྲ་བའི་ཁྱད་པར་ནི། ནང་པ་སངས་རྒྱས་པའི་གཞི་འཛིན་ས་དེ་ཁྲིམས་སྲོལ་ལྟ་བུ་ཞིག་མིན། བྱེད་པོ་དཀོན་མཆོག་ལྟ་བུས་བཟོས་པའམ། ཡང་ན་གཞུང་དང་ཁྲིམས་བཟོ་བ་ལྟ་བུས་བཟོས་པའི་ཁྲིམས་ལུགས་ཤིག་མེད། ནང་པའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དེ་ “ཁྲིམས་ལ་བརྩི་སྲུང་བྱེད་དགོས། དེ་མིན་ཁྱེད་རང་ལ་ཉེས་ཆད་གཏོང་གི་རེད་” ཅེས་ཁྲིམས་ལ་བཀའ་བརྩི་དང་ལེན་བྱེད་དགོས་པ་ལ་གཞི་བཅོལ་གྱི་མེད། མི་མང་གི་ཁྲིམས་ལ་ང་ཚོས་ལྐོག་རྔན་སྤྲོད་པའམ། ཡང་ན་ཁྲིམས་ཞིབ་པ་ཡག་པོ་ཞིག་གླས་ནས་ཉེས་ཆད་ལས་ཐར་ཐུབ་ཀྱི་ཡོད། དེ་ག་ནང་བཞིན་ང་ཚོས་ཁྲིམས་ལ་བརྩི་སྲུང་བྱེད་པའི་སྐབས་ང་ཚོ་མི་ཡག་པོ་དང་བརྩི་སྲུང་མི་བྱེད་པའི་སྐབས་སུ་ང་ཚོ་་མི་སྡུག་ཅག་གམ་ཁྲིམས་འགལ་གྱི་ནག་ཉེས་ཅན་ལྟ་བུ་མིན། དེར་བརྟེན་བཀའ་བརྩི་དང་ལེན་བྱེད་པ་དེ་ནི་ནང་པའི་ཚུལ་ཁྲིམས་ཀྱི་གཞི་རྟེན་མ་རེད།
དགེ་བའི་སྤྱོད་ལམ་ལ་འཇུག་པ།
ནང་པའི་ཆོས་ཀྱི་ནང་དགེ་བའི་སྤྱོད་ལམ་ཟེར་ན་ག་རེ་ཡིན་པ་ཤེས་རྒྱུ་གལ་ཆེན་པོ་ཡིན། འདི་ལ་ང་ཚོས་མི་དགེ་བའི་སྤྱོད་ལམ་ལ་བལྟས་ནས་ཧ་གོ་བ་བྱེད་ཐུབ། དཔེ་ཆ་བཞག་ན། སྲོག་གཅོད་ཀྱི་བྱ་བའི་ཐབས་གཅིག་ནི་ཁྱི་ར་བརྒྱག་རྒྱུ་དེ་རེད། ཡིན་ནའང་གལ་སྲིད་ང་ཚོས་དེ་སྔོན་ཁྱི་ར་ནམ་ཡང་རྒྱག་མྱོང་མེད་པ་དང་དེ་ལ་དབྱིངས་མེད་ན། ང་ཚོས་ཁྱི་ར་གརྒྱག་གི་མེད་པ་དེ་ནི་ཡག་པོ་ཞིག་ཡིན་ནའང་དགེ་བའི་སྤྱོད་ལམ་གྱི་གྲངས་སུ་མི་བརྩི་བ་ཡིན། དགེ་བའི་སྤྱོད་ལམ་ཟེར་བ་ནི། དུག་སྦྲང་ཞིག་གསོད་ཡག་ལ་ལེབ་ལྕག་གཞུ་འདོད་སྐྱེ་བའི་སྐབས་སུ་ང་ཚོས་ཚོར་བ་ནང་བཞིན་དུག་སྦྲང་དེ་གསོད་ཀྱི་མེད། གལ་སྲིད་བསད་པ་ཡིན་ན། དེ་ནི་ཁོང་ཁྲོ་དབང་གིས་སོ་སོ་རང་ཉིད་གཅིག་པུའི་དོན་དུ་བསམས་ནས་གསོད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། དེའི་སྒང་ལ་གལ་སྲིད་ང་ཚོས་དུག་སྦྲང་བསད་པ་ཡིན་ན། ང་ཚོ་མི་དགའ་ས་གང་འདྲ་ཞིག་ཡིན་ན་དེ་ལ་གོམས་གཤིས་ངན་པ་ཤུགས་ཆེན་ཞིག་བཟོས་ནས་དེ་གསོད་པའི་སྒོ་ནས་གདོང་ལེན་བྱེད་ཐབས་བྱེད་ཀྱི་རེད། དེ་འདྲ་སོང་ཙང་། ང་ཚོས་དུག་སྦྲག་དེ་ལ་ལེབ་ལྕག་གཞུས་ནས་གསོད་རྒྱུའི་ཚབ་ལ་ག་ལེར་ཤེལ་དམ་དང་ཕོར་པ་འདྲ་པོ་ཞིག་གི་ནང་བཟུང་ནས་ཕྱི་ལོགས་ལ་འཁྱེར་བ་སོགས་ཞི་བའི་ལམ་ནས་གདོང་ལེན་བྱེད་ཐབས་ཤིག་རྙེད་པ་རེད། དེར་བརྟེན་དགེ་བའི་སྤྱོད་ལམ་ཞེས་པ་ནི། སེམས་ཅན་གཞན་ཞིག་དངོས་གནས་གསོད་འདོད་ཡོད་པའི་སྐབས་གསོད་རྒྱུ་སྤོང་བ་དེ་ཡིན། ང་ཚོས་དེ་གསོད་རྒྱུ་སྤོང་གི་ཡོད། གང་ཡིན་ཟེར་ན། ང་ཚོས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཤེས་ཀྱི་ཡོད། དགེ་བའི་སྤྱོད་ལམ་དེའི་རིགས་ཀྱིས་ང་ཚོའི་སེམས་ནང་དགེ་བའི་ནུས་པ་དང་བག་ཆགས་བཟང་པོ་བཞག་གི་ཡོད།
ད་དུང་དགེ་བའི་སྤྱོད་ལམ་དེ་ལས་ཀྱང་ཤུགས་ཆེ་བ་དེ་འདྲ་ཡོད། དེ་ནི་དུག་སྦྲང་མི་གསོད་པ་ཙམ་མིན་པར། དུག་སྦྲང་ལ་ཁྲག་བྱིན་པ་དེ་རེད། གང་ལྟར་ང་ཚོའི་གཟུགས་པོ་ལ་ཁྲག་མང་པོ་ཡོད་པ་ནས་དུག་སྦྲང་ལ་བྲོ་བ་ཏོག་ཙམ་མྱོང་བཅུག་ནའང་འགྲིག་པ་རེད། དེ་འདྲ་གནང་ཐུབ་མཁན་གྱི་མི་ཁ་ཤས་ང་ལ་དངོས་སུ་ཐུག་སོང་། བྱས་ཙང་། དངོས་ཡོད་ཀྱི་གནས་སྟངས་ཐོག་ནས་བཤད་ན། ང་ཚོ་ཁྱི་ར་མི་བརྒྱག་པ་དེ་ང་ཚོས་བསམ་སྲིད་པ་ནང་བཞིན་དགེ་བའི་ལས་ནུས་པ་དང་ལྡན་པ་ཞིག་མ་རེད།
ནང་པའི་ཚུལ་ཁྲིམས་ཀྱི་གཞི་རྟེན་ནི་སྤྱོད་ལམ་གྱི་རྒྱུ་དང་འབྲས་བུ་ཤེས་པ་དེ་ཡིན།
ནང་ཆོས་ནང་ཚུལ་ཁྲིམས་ཀྱི་གཞི་རྟེན་ཡོངས་རྫོགས་ནི། ལས་བྱེ་བྲག་པ་བྱེད་པ་ལས་འབྲས་བུའང་ངེས་ཅན་ཞིག་ཡོང་གི་ཡོད་པ་དང་། གནོད་པའི་ལས་གང་ཡིན་པ་དང་ཕན་པའི་ལས་གང་ཡིན་པ་གཉིས་ཀྱི་དབར་ལ་རྣམ་པར་འབྱེད་ཤེས་པ་དེ་ལ་ཟེར་གྱི་ཡོད། དཔེར་ན། གལ་སྲིད་ང་ཚོས་མི་དགེ་བའི་ལས་ངན་པ་བྱས་ན། དེས་སོ་སོ་རང་ཉིད་ལ་སྡུག་བསྔལ་དང་སེམས་ནང་དཀྲོག་རྐྱེན་བཟོ་གི་ཡོད། ང་ཚོས་མི་དགེ་བའི་ལས་ངན་པ་བྱེད་དགོས་དོན་ནི་ང་ཚོའི་གཞི་རྩའི་མི་ཤེས་པའམ་རྨོངས་པའི་དབང་གིས་བྱེད་ཀྱི་ཡོད། ཐོག་མར་ང་ཚོས་མི་དགེ་བའི་ལས་ངན་པ་བྱེད་ན་དངོས་གནས་རང་གིས་རང་ལ་གནོད་ཀྱི་ཡོད་པ་ཤེས་ཀྱི་མེད་སྲིད། དཔེར་ན། ཆང་རག་དང་བཟི་སྨན་ཟ་རྒྱུར་ལང་ལ་ཤོར་བ་ལྟ་བུ་རེད། དེའི་སྟེང་ལ་ང་ཚོས་རྟག་ཏུ་ཆང་རག་འཐུང་བ་དང་བཟི་སྨན་ལ་ལོངས་སུ་སྤྱོད་ནས་ར་བཟི་བ་ཡིན་ན། ང་ཚོ་དཀའ་ངལ་ལས་ཐར་གྱི་རེད་ཅེས་ནོར་ནས་བསམ་བློ་དེ་འདྲ་འཁོར་སྲིད་པ་རེད།
དེ་འདྲ་ཡིན་པ་སོང་ཙང་། ནང་པའི་ཚུལ་ཁྲིམས་ཀྱི་གཞི་རྩ་ཤེས་པའི་ཐོག་ནས་ང་ཚོས་ཧ་གོ་བ་ཞིག་རེད་ལ། ང་ཚོས་མི་དགེ་བའི་ལས་ངན་པ་བྱེད་དུས་ང་ཚོ་སྡུག་ཅག་རེད་ཟེར་གྱི་མེད་པར། ང་ཚོས་མི་ཤེས་པའམ་རྨོངས་བསྡད་ཡོད་པ་ཤེས་ཀྱི་ཡོད། མི་གཞན་གྱིས་མི་དགེ་བའི་ལས་ངན་པ་བྱེད་དུས་ཁོང་ཚོ་སྡུག་ཅག་རེད། ཉེས་ཆད་གཏོང་འོས་པ་རེད་ཟེར་གྱི་མེད་པར། ཁོང་ཚོའི་སེམས་ནང་དཀྲོག་རྐྱེན་ཐེབས་པ་དང་རྨོངས་པ་རེད་ཟེར་གྱི་ཡོད། དེ་ལྟར་ཁོང་ཚོ་སྙིང་རྗེའི་ཡུལ་ཞིག་ཆགས་ནས་ང་ཚོས་ཁོང་ཚོའི་རྨོངས་པ་མེད་པ་བཟོ་བའི་ཆེད་དུ་རོགས་རམ་བྱེད་དགོས། ཁོ་ཚོས་མི་གཞན་ལ་མུ་མཐུད་གནོད་པ་བསྐྱེལ་སྲིད་པ་ཡོད་ན། ང་ཚོས་ཁོང་ཚོ་བཙོན་དུ་འཇུག་དགོས་ཐུག་སྲིད་ཀྱང་། དེ་ལ་བསམ་བློའི་འཁྱེར་ཕྱོགས་མི་འདྲ་ཞིག་གི་ཐོག་ནས་བྱེད་དགོས། ཁོང་ཚོ་ལ་ཉེས་ཆད་བཏང་ནས་རྨས་སྐྱོན་བཟོ་རྒྱུ་མེད་པར་རོགས་པ་བྱེད་ཐབས་ཀྱི་སྒོ་ནས་བྱེད་དགོས། ཁོང་ཚོ་ལ་རྒྱུན་ཆད་མེད་པའི་སེམས་ཀྱི་རྒྱུན་ཞིག་ཡོད་པ་དང་། གལ་སྲིད་ང་ཚོས་ཁོང་ཚོ་ཐབས་ལམ་ཡག་པོའི་ཐོག་ནས་བསྐྱར་དུ་བཅོས་ཐབས་མ་བྱེད་ན། མ་འོངས་པ་ལའང་ཁོང་ཚོས་མུ་མཐུད་མི་དགེ་བའི་ལས་ངན་པ་བྱེད་ཀྱི་རེད།
གང་ལྟར་ཡང་རིམ་པ་ཐོག་མ་འདིའི་སྐབས་ལ། ང་ཚོས་སོ་སོ་རང་གི་ཐོག་ལ་དམིགས་པ་བྱས་ནས་མ་འོངས་པའི་གནས་སྟངས་སྡུག་ཅག་རིགས་མི་ཡོང་བར་བྱེད་ཀྱི་ཡོད། དེ་ཡང་ཆོས་ཡངས་པའི་དབང་དུ་བྱས་ནས་ཚེ་འདིའི་ནང་ངམ། ཡང་ན་ཆོས་ངོ་མའི་དབང་དུ་བྱས་ནས་ཚེ་རབས་ཕྱི་མའི་ནང་དུའང་ཡིན་ཆོག གནས་རིམ་འདིའི་སྐབས་སུ་ང་ཚོས་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་འཚོལ་ནས་མི་ལུས་རིན་ཆེན་འདི་གང་འདྲ་བེད་སྤྱོད་བྱེད་དགོས་པ་དེ་ཡིན། ང་ཚོས་མི་ཚེ་འདི་ལ་མཐོང་དང་རིན་ཐང་བརྩི་ཡག་འགོ་བཙུག་གི་ཡོད། གང་ཡིན་ཞེ་ན། མི་ཚེ་འདི་ཉིན་གཅིག་བརླག་འགྲོ་རྒྱུ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད་ལ་སྐྱེ་བ་ཕྱི་མ་མུ་མཐུད་དེ་མི་ལུས་རིན་ཆེན་འཐོབ་པར་ངེས་བརྟན་བཟོ་འདོད་ཡོད། ང་ཚོ་མི་ལུས་དེ་ཚོ་ཐོབ་དགོས་ཀྱི་ཡོད། གང་ཡིན་ཟེར་ན། ང་ཚོའི་བསྒྲུབ་བྱ་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་དུས་ཚོད་རིང་པོ་འགོར་རྒྱུ་ཡིན་པ་རེད། ཆོས་ཡངས་པ་དེ་ཆོས་ངོ་མའི་ཐེམ་སྐས་ཡིན་པ་ནང་བཞིན། ང་ཚོས་བལྟས་ཟིན་པའི་ཐོག་མའི་རིམ་པ་དེ་ནི་གནས་རིམ་བར་མ་དང་གོང་མར་བགྲོད་པའི་ཐེམ་སྐས་ཡིན།
ཕྱོགས་བསྡོམས།
ཀུན་སློང་གི་ཐོག་མ་ནི་ང་ཚོ་ལ་འཐོབ་པར་དཀའ་བའི་མི་ལུས་རིན་ཆེན་འདི་ཐོབ་པ་ལ་ཡི་རངས་བྱེད་པ་ནས་འགོ་བཙུག་གི་ཡོད། ང་ཚོ་ལ་ལུས་འདི་ཡོད་པ་དང་གོ་སྐབས་བཟང་པོ་ཡོད་པ་མ་ཟད། དེ་ལས་ལྷག་པའི་ང་ཚོར་མིའི་རྣམ་དཔྱོད་དེ་ཡོད་པས། གལ་སྲིད་ང་ཚོས་སེམས་གཏད་ནས་འབད་བརྩོན་བྱེད་ན་སྒྲུབ་མི་ཐུབ་པ་གཅིག་ཀྱང་ཕལ་ཆེར་མེད་པ་རེད།
ང་ཚོར་ཧ་ལས་པའི་གནས་སྟངས་འདི་འདྲ་ཡོད་པ་འདི་ནི་དུས་རྟག་ཏུ་གནས་ཀྱི་མ་རེད། དེ་འདྲ་གནས་ནས་སྡོད་མཁན་སུ་གཅིག་ཀྱང་བྱུང་ཡོད་མ་རེད། ང་ཚོ་ཕྱུག་པོ་ག་ཚོད་ཡིན་ན་འདྲ། སྐད་གྲགས་ཆེན་པོ་ག་ཚོད་ཡིན་ནའང་འདྲ། ང་ཚོ་ལ་གྲོགས་པོ་ག་ཚོད་མང་པོ་ཡོད་ནའང་འདྲ། ཡང་ན་ང་ཚོའི་ལུས་པོ་འདི་ག་ཚོད་ཀྱི་ནུས་སྟོབས་ལྡན་པ་ཡིན་ནའང་འདྲ་སྟེ། མཐར་དེ་ཚོ་ཚང་མ་བཞག་ནས་འཆི་རྒྱུ་ལས་མེད། འདི་ནི་སུ་གཅིག་གིས་འགོག་ཐབས་མེད་པ་མ་ཟད། ང་ཚོ་ག་དུས་ཤི་གི་ཡོད་ཧ་གོ་ཡག་རྩ་བ་ནས་མེད། བཤད་སྲོལ་ལྟར་ན། གལ་ཏེ་ང་ཚོས་དངོས་གནས་འཆི་བ་རྟོགས་པ་ཡིན་ན། དེ་ནས་ང་ཚོས་ནམ་རྒྱུན་གྱི་མི་ཚེ་དཀྱུས་མ་ཞིག་སྐྱེལ་ཐུབ་ཀྱི་མ་རེད་ཅེས་བཤད་ཡོད།
ང་ཚོས་མི་ཚེ་བརྟན་པོ་མེད་པ་དང་དུས་ངེས་མེད་ནང་རྫོགས་རྒྱུ་ཡིན་པ་ཤེས་པའི་སྐབས་ཤི་བའི་རྗེས་ལ་གང་ཡོང་གི་ཡོད་པར་བསམ་བློ་གཏོང་འགོ་བཙུག་གི་རེད། ཤི་བའི་རྗེས་ལ་སྐྱེ་གནས་མང་པོ་ཡོད་སྲིད་པ་ལས་མང་པོ་ཞིག་ནི་ཞེད་སྣང་ཚ་པོ་ཡོད་པས། དེའི་ནང་ང་ཚོ་སྐྱེ་བ་ལེན་སྲིད་པ་རེད། བྱས་ཙང་། ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་བཟོ་དགོས་ཀྱི་ཡོད།
ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་འདིས་མ་འོངས་པར་སྡུག་བསྔལ་གྱི་རྒྱུ་མི་དགེ་བའི་ལས་ངན་པ་སྤོང་བར་ནན་སྐུལ་བྱེད་པ་དང་། མ་འོངས་པར་བདེ་སྐྱིད་ཀྱི་རྒྱུ་བྱེད་པའི་དགེ་བའི་ལས་ལ་འཇུག་པར་བྱེད་ཀྱི་ཡོད། དེ་འདྲ་བྱས་ནས་མ་འོངས་པའི་སྐྱེ་བ་ཕྱི་མར་ང་ཚོ་ལ་སྐྱེ་བ་བཟང་པོ་འཐོབ་པའི་ངེས་བརྟན་བཟོ་གི་ཡོད།།