ནང་པའི་ལམ་གྱི་རིམ་པར་འཇུག་པའི་ཚུལ་དང་འཇུག་པའི་དགོས་པ།

ལམ་རིམ་ཟེར་ན་ག་རེ་རེད། སངས་རྒྱས་ཀྱི་ཆོས་ནས་ལམ་རིམ་གང་འདྲ་བྱུང་བ་ཡིན་ནམ།

ལམ་རིམ་ནི། ནང་ཆོས་ཀྱི་རྨང་གཞི་དེ་ཚོ་ང་ཚོའི་མི་ཚེའི་ནང་སླེབ་ཐབས་དང་མཉམ་སྡེབ་བྱེད་པའི་ཐབས་ལམ་ཞིག་རེད། སངས་རྒྱས་བཅོམ་ལྡན་འདས་ནི་སྔོན་འདས་པའི་ལོ་ངོ་ ༢༥༠༠ གོང་ལ་ཐོག་མར་རབ་བྱུང་དགེ་འདུན་གྱི་སྡེ་དང་ལྷན་དུ་བཞུགས་གནང་ཡོད་པ་དང་། དེའི་རྗེས་རབ་བྱུང་བཙུན་མའི་སྡེའི་ལྷན་དུ་བཞུགས་གནང་བ་རེད། ཁོང་གིས་རབ་བྱུང་དང་བཙུན་མ་གཅིག་པོ་ལ་ཆོས་གསུངས་པ་ཙམ་མིན་པར། ནམ་རྒྱུན་ཁྱིམ་པ་མི་ནག་ཚོས་སོ་སོའི་ནང་དུ་ཞལ་ལག་གདན་འདྲེན་ཞུས་ནས་སངས་རྒྱས་ཀྱིས་ཞལ་ལག་བཞེས་ཚར་བའི་རྗེས་ཁོང་ཚོ་ལའང་ཆོས་གསུངས་ཀྱི་ཡོད་པ་རེད།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུས་རྟག་ཏུ་ “ཐབས་མཁས་པོའི་” སྒོ་ནས་ཆོས་གསུངས་ཀྱི་ཡོད། དེའི་དོན་ནི། ཁོང་གི་གཞན་ལ་ཆོས་གསུངས་པའི་ཐབས་ལམ་དེ་ཉན་པ་པོ་རྣམས་ཀྱིས་ཧ་གོ་ཐུབ་པའི་ཆོས་གསུང་གི་ཡོད་པ་རེད། དེ་འདྲ་ཞིག་དགོས་ངེས་རེད། གང་ཡིན་ཟེར་ན། མི་སོ་སོའི་རྣམ་དཔྱོད་ཀྱི་རིམ་པ་མི་འདྲ་བ་དང་ཆོས་ཀྱི་གནས་ཚད་མི་འདྲ་བ་ནི་མནའ་སྔ་མོ་ནས་ཡོད་པ་མ་ཟད། དུས་ལྟའང་ཡོད་པ་བཤད་མི་དགོས་པ་རེད། དེ་འདྲ་ཡིན་ཙང་། སངས་རྒྱས་ཀྱི་ཆོས་དེ་གནས་ཚད་མི་འདྲ་བ་དང་བསྟུན་སྟེ་བརྗོད་གཞི་རྒྱ་ཆེ་ལ་སྣ་ཚོགས་པ་མང་པོ་ཞིག་ཡོད་པ་རེད།

སངས་རྒྱས་ཀྱི་རྗེས་འཇུག་སློབ་མ་མང་པོ་ལ་དྲན་ཤེས་ཁྱད་པར་དུ་འཕགས་པ་དང་ལྡན་པ་དེ་འདྲ་ཡོད་པ་རེད། སངས་རྒྱས་ཞལ་བཞུགས་པའི་སྐབས་སུ་ཡིག་ཐོག་ཏུ་བྲིས་པའི་ཆོས་གཅིག་ཀྱང་མེད། གང་གསུངས་པ་དེ་ཚོ་སློབ་མ་ཚོས་བློ་ལ་འཇི༹ན་ནས་མི་རབས་རྗེས་མ་ཚོ་ལ་ངག་ཐོག་ནས་གཅིག་ལ་གཅིག་བརྒྱུད་དེ་སླེབས་པ་ཡིན། ཕྱིས་སུ་རིམ་པས་སངས་རྒྱས་ཀྱི་བཀའ་དེ་དག་ཡིག་ཐོག་ལ་ཕབ་ནས་མདོ་ཞེས་གྲགས་པ་བྱུང་བ་རེད། དེ་ནས་བརྒྱ་ཕྲག་ཁ་ཤས་རྗེས་སུ་རྒྱ་གར་མཁས་པ་ཚོས་བཀའ་དེ་དག་སྡེ་ཚན་དུ་དབྱེ་ནས་དེ་དག་ལ་འགྲེལ་བ་བྲིས་གནང་བ་རེད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞུ་བ་རྒྱ་གར་མཁས་པ་ཁོང་བོད་དུ་ཕེབས་ནས་དུས་རབས་བཅུ་གཅིག་ནང་ལམ་རིམ་གྱི་མ་དཔེ་ཞིག་མཛད་གནང་བ་རེད།

ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བསྟན་བཅོས་དེའི་ནང་ལ་ཐབས་ལམ་ལ་བརྟེན་ནས་མི་རང་ཉིད་ཡར་རྒྱས་བཏང་ནས་སངས་རྒྱས་ཀྱི་ས་ལ་འགྲོ་ཐུབ་ཀྱི་ཡོད་པ་སྟོན་ཡོད། མདོ་ཀློག་པ་ཙམ་གྱིས་ཆོས་ཀྱི་ལམ་གསལ་པོ་ག་ནས་མགོ་བཙུགས་དགོས་ཡོད་པ་དང་། སངས་རྒྱས་ཀྱི་གོ་འཕང་གང་འདྲ་འཐོབ་ཀྱི་ཡོད་པ་ཡག་པོ་བྱས་ནས་ཤེས་པའི་ངེས་པ་མེད། མདོའི་ནང་ཆ་རྐྱེན་ཚང་མ་ཡོད་པ་རེད། ཡིན་ནའང་དེ་དག་ཚང་མ་མཉམ་སྡེབ་བྱེད་རྒྱུ་ལས་སླ་པོ་ཞིག་མེད།

དེ་ལྟ་བུའི་ཆ་རྐྱེན་རྣམས་གོ་རིམ་བཞིན་ཏག་ཏག་ཅིག་ལམ་རིམ་ནས་བསྟན་ཡོད། དཔལ་ལྡན་ཨ་ཏི་ཤའི་རྗེས་སུ་བོད་ལ་མཁས་སྒྲུབ་མང་པོས་ལམ་རིམ་སྐོར་འགྲེལ་ཚུལ་རྒྱས་པ་དང་མི་འདྲ་བ་མང་པོ་མཛད་གནང་ཡོད་པ་རེད། སྐབས་འདིར་ང་ཚོས་དུས་རབས་བཅོ་ལྔ་པའི་ནང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་གྱི་གསུང་ཚུལ་ལ་བལྟ་རྒྱུ་ཡིན། དེ་ནི་ཕལ་ཆེར་ལམ་རིམ་ལ་དགོས་པའི་ཆ་རྐྱེན་རྒྱས་སྤྲོས་ཆེ་ཤོས་ཀྱི་བསྟན་བཅོས་ཤིག་ཡིན། རྗེ་ཙོང་ཁ་པའི་ལམ་རིམ་གྱི་ཁྱད་ཆོས་དམིགས་བསལ་ཞིག་ནི། དེའི་ནང་དུ་མདོ་དང་རྒྱ་གཞུང་གི་ལུང་འདྲེན་མང་པོ་ཡོད་པ་རེད། དེ་འདྲ་ཡིན་ཙང་། ལམ་རིམ་དེ་ཁོང་གིས་ད་ག་སེ་ཁུངས་མེད་པ་ཞིག་མཛད་བཞག་པ་མ་ཡིན་པར་ཡིད་ཆེས་སླེབས་ཐུབ།

ཁྱད་ཆོས་དམིགས་བསལ་གཞན་ཞིག་ནི། རྗེ་ཙོང་ཁ་པ་ཆེན་པོས་གནད་དོན་སྣ་ཚོགས་པ་གྲ་རྒྱས་ལ་རྒྱུ་མཚན་རིགས་པའི་སྒོ་ནས་གསལ་སྟོན་གནང་ཡོད། དེ་ལ་བརྟེན་ནས་ང་ཚོ་ལའང་ཆོས་དེ་རྒྱུ་མཚན་རིགས་པ་གཞིར་བཞག་པའི་ཁུངས་ཐུབ་ཀྱི་རང་བཞིན་ཞིག་ཡིན་པའི་ཡིད་ཆེས་དང་གདེང་ཚོད་ཇེ་བརྟན་དུ་འགྲོ་གི་ཡོད། དེར་མ་ཟད། རྗེ་ཙོང་ཁ་པ་ཆེན་པོས་སྔོན་གྱི་མཁས་པ་ཚོ་དང་མི་འདྲ་བ་གནད་དོན་དཀའ་གནད་ཆེ་ཤོས་དེ་དག་མི་གཡོལ་བའི་སྒོ་ནས་དེ་དག་ལ་དམིགས་བཀར་གྱིས་ཐུགས་སྣང་གནང་ཡོད་པ་ནི་ཁོང་ལ་ཡོད་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན།

བོད་བརྒྱུད་ནང་པའི་ཆོས་བརྒྱུད་ཆེན་པོ་བཞིའི་ཡ་གྱལ་རྗེ་ཙོང་ཁ་པ་ནས་མར་བརྒྱུད་དེ་བྱུང་བ་དེ་ལ་“དགེ་ལུགས་པ་”ཞེས་ཟེར་བ་ཡིན།

ཆོས་ཀྱི་ལམ་གྱི་གོ་དོན་གང་ཡིན་པ་དང་དེ་གང་འདྲ་བཟོ་བཅོས་རྒྱག་དགོས་སམ།

དྲི་བ་དངོས་གནས་དེ་ནི་ཆོས་ཀྱི་ལམ་དེ་གང་འདྲ་བྱས་ནས་བཟོ་བཅོས་རྒྱག་དགོས་པ་དེ་རེད། སྤྱིར་བཏང་རྒྱ་གར་ནང་དེའི་ཐད་ཐབས་ལམ་མང་པོ་གསུངས་ཡོད་པ་རེད། རྩེ་གཅིག་པའི་ཏིང་ངེ་འཛིན་གོང་འཕེལ་གཏོང་སྟངས་ལ་དཔེ་ཆ་བཞག་ན། སྔོན་སངས་རྒྱས་ཞལ་བཞུགས་པའི་དུས་སུ་དེ་ནི་རྒྱ་གར་གྱི་ཆོས་ལུགས་གཞན་དག་དང་གཅིག་པ་ཡིན་པ་ལས། ཁོང་གིས་གསར་དུ་བཟོས་བཞག་པ་དང་རྙེད་པ་ཞིག་མ་རེད། སོ་སོ་རང་ཉིད་ཡར་རྒྱས་གཏོང་ཚུལ་དང་འབྲེལ་བའི་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། ཆོས་བྱེད་པའི་ཆ་རྐྱེན་གཞན་ཚང་མ་ང་ཚོས་གང་འདྲ་བྱས་ནས་ཆོས་ཀྱི་ལམ་དུ་ཁྱེར་ཐུབ་ཀྱི་ཡོད་པའི་ཐད་ལ་ཚང་མས་མོས་མཐུན་བྱས་ཡོད་པ་རེད།

སངས་རྒྱས་བཅོམ་ལྡན་འདས་ལ་རང་ཉིད་ཡར་རྒྱས་གཏོང་སྟངས་ཀྱི་ཆེད་གནད་དོན་མང་པོ་རྟོགས་པ་ལ་འགྲེལ་བཤད་གནང་སྟངས་མི་འདྲ་བ་མང་པོ་རང་ཆས་སུ་མངའ་བ་ཡིན་ནའང་། དེའི་ནང་ནས་ཁོང་གི་ཆོས་ཀྱི་དམིགས་ཡུལ་ལ་གོ་བ་ལེན་སྟངས་དེ་ནི་དངོས་གནས་དམིགས་བསལ་ཞིག་རེད། ཆོས་ཀྱི་དམིགས་ཡུལ་དང་དེ་དག་རིམ་པ་མི་འདྲ་བའི་ནང་ག་རེ་ལག་བསྟར་བྱེད་པའི་རྩ་འཛིན་གཙོ་བོ་ནི་སོ་སོའི་ཀུན་སློང་ཡིན་པ་རེད།

བསྟན་བཅོས་དེ་ལ་ལམ་རིམ་ཞེས་ཐ་སྙད་བཏགས་ཡོད་པ་རེད། “ལམ་” ནི་ཆོས་ཀྱི་ལམ་དང་ “རིམ་” ནི་ལམ་དེའི་གོ་རིམ་ལ་གོ་བ་ཡིན། ལམ་དེ་ཡང་སེམས་ཀྱི་གནས་བབས་མི་འདྲ་བ་ང་ཚོས་གོ་རིམ་བཞིན་ཡར་རྒྱས་གཏང་ནས་འབྲས་བུ་ལ་སླེབས་ཐབས་ཤིག་ཡིན་པ་རེད། དེ་ནི་འགྲིམ་འགྲུལ་བྱེད་པ་འདྲ་པོ་ཡོད་རེད། དཔེར་ན། གལ་ཏེ་ང་ཚོ་ས་ཐོག་བརྒྱུད་ཡུ་རོབ་ནས་རྒྱ་གར་ལ་འགྲོ་དགོས་ཡོད་ན། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ལམ་འགྲོ་ཡུལ་དེ་རྒྱ་གར་རེད། ཡིན་ནའང་དང་པོ་ང་ཚོ་རྒྱལ་ཁབ་གཞན་ཊར་ཀི་དང་ཨཱི་རན་སོགས་བརྒྱུད་དེ་མཐའ་མ་རྒྱ་གར་ལ་སླེབས་ཀྱི་ཡོད་པ་ལྟ་བུ་རེད།

ཆོས་ཀྱི་ཀུན་སློང། ང་ཚོའི་མི་ཚེ་དོན་སྙིང་ལྡན་པ་བཟོ་བ།

ལམ་རིམ་སྐབས་གཙོ་བོ་དེ་གང་རེད་ཅེ་ན། དེ་ནི་ཀུན་སློང་རེད། ནང་ཆོས་ནས་བཤད་ན། དེ་ནི་ཆ་ཤས་གཉིས་སུ་དབྱེ་གི་ཡོད། ཀུན་སློང་ནི་སོ་སོར་ཡོད་པའི་དམིགས་ཡུལ་བྱེ་བྲག་པ་ཞིག་དང་འབྲེལ་བ་ཡོད་པ་ཞིག་རེད། དེའི་སྒང་ལ་དམིགས་ཡུལ་དེ་སྒྲུབ་པར་བྱེད་པའི་སེམས་ཚོར་ཞིག་ཀྱང་རེད། ད་དུང་མར་བསྡུས་ནས་བཤད་ན། ང་ཚོར་དམིགས་ཡུལ་དེ་འཐོབ་པར་འདོད་པའི་རྒྱུ་མཚན་ཡོད་པ་མ་ཟད། དེའི་ཕྱོགས་སུ་ཁྲིད་པར་བྱེད་པའི་སེམས་ཚོར་ཞིག་ཀྱང་ཡོད་པ་རེད།

དེ་ནི་ང་ཚོའི་ཉིན་རེའི་འགྲོ་སྟངས་དང་མཐུན་པ་ཞིག་རེད། ང་ཚོ་མི་ཚེའི་རིམ་པ་མི་འདྲ་བ་རེ་རེ་ལ་དམིགས་ཡུལ་མི་འདྲ་བ་ཡོང་གི་ཡོད། དཔེར་ན། སོ་སོར་ཤེས་ཡོན་འཐོབ་འདོད་ཀྱི་དམིགས་ཡུལ་དང་། རང་གི་མི་ཚེའི་འདུག་རོགས་བཟའ་ཟླ་འཚོལ་བའི་དམིགས་ཡུལ། དེ་བཞིན་ལས་ཀ་ཡག་པོ་འཚོལ་བའི་དམིགས་ཡུལ་སོགས་ཡོད་པ་རེད། སྐབས་དེ་དུས་མི་སོ་སོ་ལ་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་བསམ་བློ་གཉིས་ཀ་ཡོང་ཆོག་པ་དང། དེ་ནི་མི་སོ་སོ་ལ་ལྟོས་ནས་མི་འདྲ་བ་ཡིན། གང་ལྟར་ཡང། ཀུན་སློང་གི་རིམ་པ་བཤད་སྟངས་འདི་ནི་ང་ཚོའི་མི་ཚེ་དཀྱུས་མའི་ནང་ལ་ལག་ལེན་བསྟར་གྱི་ཡོད།

དེ་དང་ཆ་མཚུངས་པ་ཆོས་བྱེད་པའི་ཀུན་སློང་དེ་ཡང་གཅིག་པ་རེད། སེམས་ཀྱི་གནས་བབས་དེ་དག་ནི་ང་ཚོའི་ཉིན་རེའི་མི་ཚེ་ལ་མཐའ་གཅིག་ཏུ་འབྲེལ་བ་ཡོད་པ་རེད། ང་ཚོས་མི་ཚེའི་ནང་གང་བྱེད་ཀྱི་ཡོད་དམ། རེད། “འཇིག་རྟེན་པའི་བྱ་བཞག་གི་རིམ་པའི་” ཐོག་ནས་བཤད་ན། ང་ཚོ་ལ་ཁྱིམ་ཚང་དང་ལས་ཀ་སོགས་ཡོད་པ་རེད། ཡིན་ནའང་ང་ཚོས་ཆོས་ཀྱི་རིམ་པའི་ཐོག་ནས་གང་བྱེད་ཀྱི་ཡོད་དམ། དེ་དག་གིས་ཀྱང་ང་ཚོ་འཚོ་བ་བསྐྱེལ་སྟངས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། ང་ཚོས་མི་ཚེའི་རྣམ་པ་དེ་གཉིས་གཅིག་ལ་གཅིག་ལྟོས་མིན་པའམ་རྒྱབ་འགལ་མི་འགྲོ་བ་མཉམ་དུ་མཐུན་པ་བཟོ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དེ་གཉིས་མཉམ་དུ་མཐུན་པ་ཙམ་མིན་པ་གཅིག་ཕན་གཅིག་གྲོགས་དགོས་ཤིང་། ང་ཚོའི་ཆོས་ཕྱོགས་ཀྱི་བྱ་བཞག་དེས་མི་ཚེ་འཚོ་ཐུབ་ཡག་གི་ནུས་ཤུགས་སྤྲོད་ཐུབ་པ་ཞིག་དགོས་པ་དང་། མི་ཚེའི་བྱ་བཞག་གིས་ཆོས་བྱེད་ཡག་ལ་ཆ་རྐྱེན་སྒྲུབ་ཐུབ་པ་ཞིག་དགོས། ལམ་རིམ་ནས་གང་སྦྱངས་པ་དེ་དག་སོ་སོའི་ཉིན་རེའི་མི་ཚེའི་ནང་ལག་ལེན་བསྟར་དགོས།

མི་བཟང་པོ་ཞིག་ཆགས་པ།

འོ་ན་ང་ཚོས་འདིར་བསྟན་པའི་ནང་ཆོས་ཀྱི་ཉམས་ལེན་སྐབས་ག་རེ་བྱེད་ཀྱིན་ཡོད་དམ། ནང་པས་ཉམས་ལེན་དེ་དག་སྤྱིར་བཏང་ཚིག་ཁ་ཤས་ནང་བསྡུས་ནས་བཤད་ཐུབ་ཀྱི་ཡོད། ཚིག་ལས་སླ་པོའི་སྒོ་ནས་ཞུས་ན། ང་ཚོ་མི་བཟང་པོ་ཞིག་བཟོ་ཡག་གི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད། “མི་བཟང་པོ་” ཞེས་པའི་ཐ་སྙད་དེ་ནི་ཚད་ལས་བརྒལ་བའི་ཚོད་དཔག་ཅིག་ཡིན་པར་གོ་སྲིད་ཀྱི་ཡོད། ཡིན་ནའང་དེ་ནི་ཚད་ལས་བརྒལ་བའི་ཚོད་དཔག་ཅིག་རྩ་བ་ནས་མ་རེད། ང་ཚོ་ལ་ཡོད་པའི་ཉོན་མོངས་འདོད་ཆགས་དང་། ཞེད་སྡང་། རང་འདོད་དོན་གཉེར་ལ་སོགས་པ་དེ་དག་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད།

དམིགས་ཡུལ་དེ་འདྲ་ཞིག་ལ་དམིགས་པ་ནི་ནང་པའི་ཆོས་སམ། ལྟ་གྲུབ། ཉམས་ལེན་གཅིག་པུ་མིན་པར། ཁ་ཆེ་དང་། ཡེ་ཤུ། ཧིན་དྷུ། དེ་བཞིན་འཇིའུ་ཆོས་ལུགས་ནང་དམིགས་ཡུལ་དེ་འདྲ་ཡོད་པ་མ་ཟད། འགྲོ་བ་མིའི་བདེ་སྡུག་ལ་སེམས་འཁུར་རིང་ལུགས་ནང་ལའང་དེ་ལྟར་ཡོད་པ་རེད། བྱས་ཙང། དེ་ནི་ག་ས་ག་ལ་ཡོད་པ་རེད། ཆོས་ལུགས་གཞན་དག་ནང་ཡོད་པ་ནང་བཞིན་ནང་ཆོས་ཀྱི་ཐབས་ལམ་རྣམས་ཀྱིས་མི་བཟང་པོ་ཆགས་པའི་ལམ་གོ་རིམ་བཞིན་སྟོན་པའི་སྒོ་ནས་དམིགས་ཡུལ་དེ་སྒྲུབ་པ་ལ་ཕན་ཐོགས་ཀྱི་ཡོད།

“མི་བཟང་པོ་” ཆགས་པ་ལ། དང་པོ་ང་ཚོས་གཞན་ལ་གནོད་པའི་མི་དགེ་བའི་ལས་བརྩོམ་རྒྱུ་དེ་འགོག་དགོས། དེ་ཡོང་བ་ལ་སོ་སོས་རང་ཉིད་རང་སྡོམ་གྱི་སྟངས་འཛིན་ལ་སྦྱོང་བརྡར་བྱེད་དགོས། དེ་ལས་གཏིང་ཟབ་པའི་དབང་དུ་བཏང་ན། ང་ཚོས་དེ་ལྟར་བྱེད་ཐུབ་པའི་དུས་སྐབས་དེ་ནས་ཁོང་ཁྲོ་དང་། འདོད་ཆགསདང་། འདོད་རྔམ། ཆགས་སེམས། ཕྲག་དོག ཞེ་སྡང་སོགས་ཀྱིས་གཞན་ལ་གནོད་པའི་ལས་བྱེད་དུ་འཇུག་པར་བྱེད་མཁན་དེ་དག་འགོག་ཐབས་བྱེད་དགོས། དེ་འདྲ་བྱེད་པ་ལ་ང་ཚོས་ཉོན་མོངས་དེ་དག་གང་འདྲ་ཡོང་གི་ཡོད་པ་དང་དེའི་དབང་གིས་ལས་གང་གསོག་གི་ཡོད་པ་ཤེས་དགོས།དེ་འདྲ་བྱས་ནས་ང་ཚོས་གོ་རྟོགས་ངེས་ཅན་ཞིག་བསྐྱེད་ནས་དེས་ཉོན་མོངས་རྣམས་ཉུང་དུ་གཏོང་བའམ་མེད་པ་བཟོ་བ་ལ་ཕན་གྱི་ཡོད།

དེ་ནས་དེ་ལས་གཏིང་ཟབ་ཏུ་འགྲོ་ཐུབ་ནས་དངོས་གནས་ཉོན་མོངས་པ་དེ་ཚོ་ལ་རྨང་གཞིར་བྱས་པའི་རྒྱུ་རང་འདོད་དོན་གཉེར་དང་བདག་འཇི༹ན་གྱིས་རང་དོན་ཁོ་ནར་བསམ་བློ་བཏང་ནས་ཡོང་གི་ཡོད་པ་ཤེས་ཀྱི་ཡོད། སྤྱིར་བཏང་ང་ཚོས། “ང་རང་གིས་གང་བསམ་པ་ནང་བཞིན་སྒྲུབ་དགོས་པ་” བསམ་གྱི་ཡོད། དེ་ལྟར་མ་སྒྲུབ་ན་རླུང་ལངས་ཀྱི་ཡོད་རེད། ང་ཚོས་དུས་རྟག་ཏུ་སོ་སོའི་འདོད་པ་ལ་གང་ཡོད་པ་དང་གང་བསམ་པ་ནང་བཞིན་སྒྲུབ་དགོས་ཀྱི་ཡོད་ཀྱང་། དེ་འདྲ་ཞིག་ཡོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ང་ཚོས་བསམ་པ་ནང་བཞིན་སྒྲུབ་དགོས་ཀྱི་ཡོད་པ་ཙམ་ལས་གཞན་པའི་རྒྱུ་མཚན་ཡང་དག་པ་གང་ཡང་མེད། མི་ཚང་མས་དེ་ལྟར་གཅིག་པ་བསམ་གྱི་ཡོད། ང་ཚོ་ཚང་མ་འགྲིག་བསྡད་པ་ཞིག་དང་ནོར་འཁྲུལ་མེད་པ་ཞིག་ཡོང་མི་སྲིད་པ་རེད།

དེ་ཚོའི་སྒང་ལ་བསམ་བློ་གཏང་པའི་མཐའ་མ་དུས་ཚོད་གང་མཚམས་སོང་རྗེས་དཀའ་རྙོག་བཟོ་མཁན་ལྟེ་བ་དེ་མེད་པ་བཟོ་ཐུབ་ཀྱི་རེད། ང་ཚོས་དཔྱད་པ་བྱེད་སྐབས་ “རང་འདོད་དོན་གཉེར་” དེ་ནི་ “ང་” དང་ “ངའི་” ཞེས་པའི་བསམ་བློ་ནས་ཡོང་གི་ཡོད། ཚིག་གཞན་ཞིག་ནས་ཞུས་ན། ང་ཚོ་ཇི་ལྟར་གནས་ཡོད་པའི་བསམ་བློ་དེ་ “སོ་སོ་དམིགས་བསལ་ཞིག་ཡིན་” པའི་བསམ་ཚུལ་ལ་གཞིར་བྱས་ཡོད། དེ་ཡང་ང་ཚོ་རེ་རེ་བཞིན་དུ་འཇ༹མ་གླིང་ནང་གི་གཙོ་བོ་དང་། གལ་ཆེ་ཤོས། སུ་གཅིག་ལ་བརྟེན་མི་དགོས་པ་རང་དབང་བ་ཞིག་ཡིན་པ་བསམ་གྱི་ཡོད། ང་ཚོས་འཛིན་སྟངས་འདི་ལ་དཔྱད་པ་བྱེད་དགོས་ཀྱི་འདུག གང་ཡིན་ཟེར་ན། དེ་ལ་དངོས་གནས་སྐྱོན་དང་ནོར་འཁྲུལ་ཡོད་པ་རེད། འདི་ནི་ལམ་རིམ་གྱིས་གནད་ལ་སྨིན་པའི་ཐོག་ནས་གང་གསུང་གནང་གི་ཡོད་པ་དེ་རེད།

ཀུན་སློང་ཡར་ཐོན་ཅན་གྱི་རིམ་པ། ཆོས་ཡངས་པ།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཐབས་ལམ་དེ་དག་ནི་དམིགས་ཡུལ་དེ་འདྲ་ལ་ཕན་ཐོགས་ཆེན་པོ་ཡོད་པ་རེད། གཞི་རྩའི་ང་ཚོས་མི་དགེ་བའི་སྤྱོད་ལམ་དང་ཉོན་མོངས་པ་ཁོང་ཁྲོ་དང་རང་འདོད་དོན་གཉེར་དེ་དག་མེད་པ་བཟོ་དགོས་པའི་རྒྱུ་མཚན་ཡོད་པ་རེད། རྒྱུ་མཚན་དེ་ནི་ཉོན་མོངས་དེ་དག་གི་དབང་འོག་ཏུ་ཤོར་ནས་བྱ་སྤྱོད་སྤེལ་བའི་སྐབས་སྐྱིད་པོ་ཞིག་མེད་པ་དང་། དེས་རང་གཞན་ཚང་མ་ལ་དཀའ་ངལ་བཟོ་གི་ཡོད་པ་ཤེས་པ་སོང་ཙང་ཡིན་སྲིད། ང་ཚོ་ལ་དཀའ་རྙོག་དེ་དག་མི་དགོས་པ་ཡིན། དཀའ་རྙོག་དེ་ལ་ང་ཚོས་རིམ་བཞིན་དུའང་འཇུག་ཐུབ་ཀྱི་ཡོད། གལ་སྲིད་ངས་བྱ་སྤྱོད་བྱེད་སྟངས་ཤིག་ལ་བརྟེན་ནས་ད་ལྟ་རང་དཀའ་རྙོག་བཟི་གི་འདུག་ན། དཔེར་ན། གལ་སྲིད་ངས་འཁྲུག་འཇི༹ངས་ཆེན་པོ་ཞིག་བརྒྱབས་ནས་གཞན་ལ་རྨས་སྐྱོན་བཏང་བ་ཡིན་ན། སོ་སོ་རང་ཉིད་ལའང་རྨས་སྐྱོན་ཕོག་པའམ། ཡང་ན་བཙོན་ཁང་དུ་འགྲོ་དགོས་པ་ཆགས་སྲིད་ཀྱི་རེད། དེ་ལས་གཏིང་ཟབ་ཏུ་བལྟས་པ་ཡིན་ན། ང་ཚོའི་མི་དགེ་བའི་སྤྱོད་ལམ་གྱི་ཕུགས་རྒྱང་རིང་པོའི་མཇུག་འབྲས་ཀྱི་རྙོག་དྲ་ག་རེ་ཡོང་མིན་ལའང་བལྟ་ཆོག་པ་ཡིན། གང་ཡིན་ཟེར་ན། ང་ཚོ་ད་ལྟ་ཙམ་དུ་མ་ཟད་མ་འོངས་པའི་དུས་སུའང་རྙོག་དྲ་མི་ཡོང་བར་འདོད་ཀྱི་ཡོད། དེ་འདྲ་ཡིན་པ་སོང་ཙང་། ད་དུང་མུ་མཐུད་ནས་བསམ་བློ་གཏོང་བ་ཡིན་ན། སོ་སོའོ་ཁྱིམ་ཚང་དང་གྲོགས་པོ། དགའ་ས། དེ་བཞིན་སྤྱི་ཚོགས་ནང་དཀའ་ངལ་བཟོ་རྒྱུ་འདོད་པ་མེད། དེ་ཚོ་ཚང་མ་མི་ཚེ་འདིའི་མཚམས་ཀྱི་ནང་དུ་ཚུད་ནས་ཡོད་པ་རེད། དེ་ལས་ལྷག་པ་འགྲོ་ན། མི་ཐོག་རྗེས་མ་ལའང་དཀའ་ངལ་སྤྲོད་འདོད་མེད་པའི་ཐོག་ལའང་བསམ་བློ་གཏོང་ཆོག དཔེར་ན། གོ་ལའི་ཚ་དྲོད་འཕེལ་ཚད་ཀྱི་སྒང་ལ་བསམ་བློ་གཏོང་བ་ལྟ་བུ་རེད།

ཀུན་སློང་དེ་དག་གིས་ཀུན་སློང་ཕྱི་མ་ཕྱི་མ་ཡོང་དུས་སྔ་མ་སྔ་མ་གཡུགས་བཞག་རྒྱུ་མེད། ཕྱི་མ་ཕྱི་མ་དེ་དག་སྒང་ལ་སྔ་མ་སྔ་མ་བསྣོན་བྱས་ནས་གསོག་རྒྱུ་ཡོད་པ་ཡིན། འདི་ནི་ལམ་གྱི་རིམ་པའི་སྤྱི་ཡོངས་ཀྱི་རྣམ་གཞག་ཅིག་རེད། གོང་དུ་གང་བཤད་པ་དེ་དག་ཚང་མ་ལ་ངས་ “ཆོས་ཡངས་པ་” ཞེས་ཟེར་གྱི་ཡོད། དེ་ནི་ནང་ཆོས་ཚེ་འདི་ཁོ་ནའི་དོན་དུ་སྟོན་པ་མ་གཏོགས་ཚེ་ཕྱི་མའི་དོན་དུ་བཤད་མེད། ངས་“ཆོས་ཡངས་པ་”དང་“ཆོས་ངོ་མ་”ཞེས་བཏུང་བ་གྲང་མོ་ཀོ་ཀ་ཀོ་ལ་ཡངས་པ་དང་ཀ་ར་ཡོད་པའི་ཀོ་ཀ་ངོ་མ་ཡོད་པ་ནང་བཞིན་དཔེ་དེ་འདྲ་པོ་བཟོས་པ་ཡིན།

ཚེ་འདི་གཅིག་པུའི་དོན་དུ་བསམས་ནས་ཚེ་ཕྱི་མ་ཡོད་པར་དོགས་གཞིའི་ཁེ་ཕན་སྤྲོད་པ།

“དྷརྨ།” ནི་ལེགས་སྦྱར་གྱི་ཚིག་རེད། དེ་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལ་གོ་གི་ཡོད། ཨིན་སྐད་ཀྱི་ཚིག་ “lite” འདི་བདེ་སྤྱོད་བྱས་པ་ལ་སྐྱོན་གང་ཡང་ཡོད་མ་རེད། ཡིན་ནའང་ཚིག་འདི་ནུས་པ་དང་ལྡན་པ་དང་ངོ་མ་ཞིག་མ་རེད། བོད་པའི་ལུགས་ཀྱི་ལམ་རིམ་གྱི་རྣམ་གཞག་འདི་ངོ་མ་དེ་རེད། ཡིན་ནའང་ང་ཚོ་མང་པོ་ཞིག་ལ་དང་པོ་འདི་དཀའ་ལས་ཁག་པོ་མཐོང་སྲིད། དེའི་རྒྱུ་མཚན་གཙོ་བོ་ནི་ང་ཚོས་སྐྱེ་བ་ཕྱི་མ་ལ་མཐའ་གཅིག་ཏུ་ཡིད་ཆེས་བྱེད་ཀྱི་ཡོད་པའི་ཚོད་འཛིན་དེ་དང་། དེའི་ནང་ལ་གསུངས་པའི་བརྗོད་བྱ་ཚང་མ་སྐྱེ་བ་ཕྱི་མ་དང་འབྲེལ་ནས་གསུངས་ཡོད། ལྟ་ཚུལ་འདི་གཞིར་བཞག་ཐོག་ནས་ང་ཚོས་དཀའ་ངལ་མི་ཡོང་བ་དང་ཚེ་ཕྱི་མ་ཡག་པོ་ཡོང་བ་བྱེད་འགོ་བཙུག་གི་ཡོད།

གལ་ཏེ་ང་ཚོས་སྐྱེ་བ་ཕྱི་མ་ལ་ཡིད་ཆེས་མེད་ན། དེ་ཚོ་ཡར་རྒྱས་གཏོང་ཡག་ལ་ཀུན་སློང་རྣམ་དག་ཅིག་གང་འདྲ་ཡོང་གི་རེད་དམ། དེ་ནི་མི་སྲིད་པ་རེད། ང་ཚོ་ལ་སྐྱེ་བ་སྔ་ཕྱིའི་ལྟ་ཚུལ་ཐད་ལ་དྭོགས་འདྲི་ཡོད་པ་དང་། ཡིད་ཆེས་མ་བརྙེད་པའམ། ཡང་ན་དེ་ཚོའི་སྐོར་གང་ཡང་མི་ཤེས་པའི་སྐབས་སུ་ང་ཚོ་ཆོས་ཡངས་པ་ཞེས་པ་ནས་འགོ་བཙུག་དགོས་ཀྱི་ཡོད། ང་ཚོ་ཆོས་ཉམས་ལེན་བྱེད་པའི་དམིགས་ཡུལ་གང་ཡིན་པ་དེའི་ཐད་སོ་སོ་རང་ལ་དྲང་པོ་བྱེད་དགོས།

ང་ཚོ་མང་ཆེ་བས་ཚེ་འདི་ཏོག་ཙམ་བཟང་དུ་གཏང་ཡག་ལ་དམིགས་ཀྱི་ཡོད་སྲིད། དེ་ནི་ཡང་དག་པའི་དམིགས་ཡུལ་ཞིག་རེད། དེ་ནི་འགོ་བཙུག་ས་དང་ཤེས་དགོས་ངེས་ཀྱི་གོམ་པ་ཞིག་རེད། ང་ཚོ་ཆོས་ཡངས་པའི་གནས་རིམ་ལ་ཡོད་དུས་ངེས་པར་དུ་ཤེས་དགོས་པ་ནི། འདི་ཆོས་ཡངས་པ་ཡིན་པ་དང་ཆོས་ངོ་མ་མིན་པ་ཤེས་དགོས། དེ་གཉིས་གང་ཡིན་མིན་ལ་རྨོངས་པ་ལ་བརྟེན་ནས་ང་ཚོས་ནང་ཆོས་དེ་སོ་སོ་གསོ་ཐབས་སམ། ཡང་ན་འཚོ་ཐབས་ཙམ་ཞིག་ལ་གོ་འགྲོ་གི་ཡོད། དེ་ནི་ནང་ཆོས་ཀྱི་གོ་བ་ཆུང་དུ་བཟོས་པ་དང་དྲང་པོ་མ་བྱས་པ་འདྲ་པོ་ཆགས་ཀྱི་ཡོད། ང་ཚོས་དེ་འདྲ་ཡང་ཤེས་པར་བྱེད་དགོས་ཏེ། གལ་ཏེ་ང་ཚོས་ཆོས་ངོ་མ་དེ་གང་གི་ཆེད་དུ་ཡིན་པ་མ་ཤེས་ན། དེ་བདེན་པ་ཡིན་པ་ཡིད་ཆེས་ནི་ཕར་བཞག ང་ཚོ་བསམ་བློ་གཏོང་སྟངས་གུ་ཡངས་པོ་དགོས་ཡོད་པའི་ཐོགས་ནས། “ངས་སྐྱེ་བ་ཕྱི་མ་དང་ཐར་པ་ཞེས་པ་དེ་ཚོ་དངོས་ཡོད་ཡིན་པ་ངེས་པ་མེད། ཡིན་ནའང་ད་ལྟ་ངས་ཆོས་ཡངས་པའི་ཐོག་ནས་འབད་བརྩོན་བྱེད་ཀྱི་ཡིན། ངས་སྒོམ་དང་སློབ་སྦྱོང་མང་ཙམ་བྱས་ནས་ཡར་རྒྱས་ཕྱིན་སོང་ན། ཕལ་ཆེར་ངས་ཆོས་ངོ་མའི་སྐོར་ལ་མང་བ་ཧ་གོ་གི་རེད།” ཅེས་བསམ་དགོས་ཀྱི་ཡོད། དེ་ནི་དངོས་གནས་ཚད་ལྡན་དང་ཡང་དག་པའི་ཐབས་ལམ་ཞིག་རེད། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་གུས་ཞབས་དང་ཁོང་གིས་དོན་སྙིང་མེད་པའི་ཆོས་གསུང་གི་མེད་པ་ལ་ཡིད་ཆེས་ཡོད་པ་ལ་གཞི་བཞག་པ་ཞིག་རེད།

ང་ཚོས་དེ་འདྲ་ཡང་ངོས་ལེན་བྱེད་དགོས་ཀྱི་ཡོད་དེ། སོ་སོ་རང་ཉིད་ཐར་པ་དང་སྐྱེ་བ་ཕྱི་མའི་བསམ་ཚུལ་ཁ་ཤས་མཐའ་གཅིག་ཏུ་ནོར་བ་ཡིན་སྲིད་པ་དང་། ནང་ཆོས་ཀྱིས་ཀྱང་སྔོན་ཚུད་ནས་ཡོད་པའི་མཚན་ཉིད་དམ་འགྲེལ་བརྗོད་དེ་དག་ཁས་ལེན་གྱི་མེད། དེ་འདྲ་ཡིན་ཙང་། ང་ཚོས་ཆོ་མེད་པ་བསམ་པ་དེ་ཚོ་སངས་རྒྱས་ཀྱིས་ཀྱང་ཆོ་མེད་པ་གཟིགས་སྲིད་པ་རེད། གང་ཡིན་ཟེར་ན། དེ་ནི་གོ་བ་མཐའ་གཅིག་ཏུ་ལོག་པ་རེད། དཔེར་ན། ང་ཚོའི་རྣམ་ཤེས་ལ་གཤོག་པ་ཡོད་པ་དང་། ང་ཚོ་ཤི་སྐབས་རྣམ་ཤེས་དེ་སོ་སོའི་ལུས་ནས་ཐོན་ཏེ་ལུས་གཞན་ཞིག་ལ་ཞུགས་འགྲོ་གི་ཡོད་པ་བསམ་གྱི་ཡོད། དེ་ནི་སངས་རྒྱས་ཀྱིས་ཀྱང་ཁས་ལེན་བྱེད་ཀྱི་མ་རེད། སངས་རྒྱས་ཀྱིས་ང་ཚོ་དཀོན་མཆོག་མཐུ་བོ་ཆེ་ཆགས་ཀྱི་ཡོད་པའི་བསམ་ཚུལ་དེའང་ཁས་ལེན་ཀྱི་ཡོད་མ་རེད།

སྐྱེ་བ་ཐོག་མ་མེད་པའི་ཐོག་ནས་བསམ་པའི་ཁེ་ཕན།

ལམ་རིམ་ནང་གི་ཐབས་ལམ་མང་ཆེ་བ་དེ་ཚོ་ཆོས་ཡངས་པ་དང་ཆོས་ངོ་མ་ལ་བེད་སྤྱོད་བྱེད་ཆོག་གི་རེད། ཡིན་ནའང་ཐབས་ལམ་ཁ་ཤས་དངོས་སུ་སྐྱེ་བ་ཕྱི་མའི་གོ་རྟོགས་ལ་རག་ལས་ཡོད་པ་རེད། དཔེར་ན། སེམས་ཅན་ཐམས་ཅད་ལ་བྱམས་པ་མཉམ་པ་བསྐྱེད་པ་དང་། ཡང་ན་སེམས་ཅན་ཐམས་ཅད་ལ་སྐྱེ་བ་ཐོག་མ་མེད་པ་དང་སེམས་ཅན་གྱི་གྲངས་ལ་ཚད་ཡོད་པ་ཤེས་པ་དེ་ནི་ཐབས་ལམ་གཅིག་རེད། འགོ་དེ་ནས་བཙུགས་ཏེ་འགྲོ་བ་གཅིག་ཀྱང་རང་དང་གཞན་གྱི་ཨ་མ་བྱས་མ་མྱོང་བ་མེད་པ་དེ་ནི་རྒྱུ་མཚན་རིག་པའི་རྗེས་སུ་འབྲང་གི་ཡོད། ང་ཚོ་ཡང་གཞན་སེམས་ཅན་ཐམས་ཅད་ཀྱི་ཨ་མ་བྱས་ཡོད། རྒྱུ་མཚན་འདི་ཐོག་མ་མེད་པ་དང་འགྲོ་བའི་གྲངས་ལ་ཚད་ཡོད་པའི་རིགས་པ་འདི་ནི་རྩིས་རིག་གི་ཐོག་ནས་ཁུངས་སྐྱེལ་བྱེད་ཐུབ་ཀྱི་ཡོད། གལ་སྲིད་དུས་དཔག་ཏུ་མེད་པ་དང་སེམས་ཅན་གྱི་གྲངས་དཔག་ཏུ་མེད་ན། ང་ཚོས་འདི་འདྲ་སྒྲུབ་ཐུབ་ཀྱི་མ་རེད།

བརྗོད་གཞི་འདི་ནི་དཀའ་ལས་ཁག་པོ་རེད། དམིགས་བསལ་གྱིས་ང་ཚོས་སྐྱེ་བ་སྔོན་མ་གྲངས་ལས་འདས་པ་ཡིན་པ་ནམ་ཡང་བསམ་བློ་འཁོར་མེད་ན་ཁག་པོ་ཡོད་རེད། སྐྱེ་བ་གྲངས་ལས་འདས་པ་ཡོད་པ་གཞིར་བཞག་ཐོག་ནས་ང་ཚོར་འགྲོ་བ་སེམས་ཅན་ཡོངས་ཀྱིས་ཨ་མའི་བྱམས་པས་སྐྱངས་པ་དྲན་པ་དང་། དེ་ལ་ཡི་རངས་བྱེད་པ། བྱམས་པའི་སེམས་ཀྱི་སྒོ་ནས་དྲིན་གསོ་བའི་འདོད་པ་ཡོང་གི་ཡོད། དེ་ལ་གཞིར་བཅོལ་བའི་ཡར་རྒྱས་ཀྱི་རྒྱུད་རིམ་ཆ་ཚང་བ་ཞིག་ཡོད་རེད། རྒྱུད་རིམ་དེའི་ཆ་ཤས་ནི། དུས་ཚོད་རིང་ཐུང་གི་ཁྱད་པར་ཡིན་པ་ཙམ་མ་གཏོགས་གང་ཟག་བྱེ་བྲག་བ་དེ་སོ་སོའི་ཨ་མ་ག་དུས་བྱས་པ་ལྟ་རྒྱུ་རེད། ང་རང་ཚོས་སོ་སོའི་ཨ་མ་དེ་སྐར་མ་བཅུའམ། ཉི་མ་བཅུ་ཡང་ན་ལོ་བཅུ་མ་མཐོང་ཡང་ད་དུང་ང་ཚོའི་ཨ་མ་རེད། དེ་ག་ནང་བཞིན་ང་ཚོས་ཁོང་སྐྱེ་བ་བཅུའི་ནང་དུ་མ་མཐོང་ཡང་ད་དུང་ཁོང་ང་ཚོའི་ཨ་མ་རེད། བསམ་བློ་གཏོང་སྟངས་འདི་ནི་ང་ཚོ་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་ཡོད་ན་ཕན་ཐོགས་ཆེན་པོ་ཡོད་རེད། ཡིད་ཆེས་མེད་ན་འདི་ནི་ཆོ་མེད་པ་ཞིག་རེད།

དེ་ཡང་འགྲོ་བ་མི་ཙམ་མ་ཡིན་པར། དམིགས་བསལ་གྱིས་ང་ཚོས་དུག་སྦྲང་ལ་བསམ་བློ་གཏང་བ་ཡིན་ན་དེ་འདྲ་བྱེད་དགོས། དུག་སྦྲང་འདི་ནི་ཚེ་སྔོན་མ་ང་ཚོའི་ཨ་མ་རེད། གང་ཡིན་ཟེར་ན། སྐྱེ་བ་ཟེར་མཁན་དེ་སེམས་ཀྱི་བྱེད་ལས་ཡོད་མཁན་སུ་ལ་ཡིན་ཡང་ལེན་སྲིད་ཀྱི་རེད། འདི་ལ་ཆོས་ཡངས་པའི་ཐོག་ནས་བཤད་ཚུལ་ཞིག་ཀྱང་ཡོད་རེད། སུ་ཡིན་ནའང་ང་ཚོ་ནང་ལ་འཁྲིད་ནས་བྱམས་སྐྱོངས་བྱས་ནས་ཟས་ལ་སོགས་པ་སྤྲོད་པ་སོགས་བྱེད་སྲིད་ཀྱི་རེད། དེ་འདྲ་སུ་ཡིན་ཡང་བྱེད་ཐུབ་ཀྱི་རེད། ང་ཚོ་འགྲུལ་བསྐྱོད་བྱེད་སྐབས་མི་གསར་པ་རྩ་བ་ནས་ངོ་མ་ཤེས་པ་ཞིག་གིས་ང་ཚོ་ལ་དཔེ་ཡག་པོ་དང་སྣེ་ལེན་བྱེད་མཁན་ཡོང་གི་ཡོད་པ་རེད། མི་དེ་ནི་ཕོ་མོ་ཁྱད་པར་མེད་པ་སུས་ཀྱང་ང་ཚོ་ལ་ཨ་མ་ནང་བཞིན་བྱམས་སྐྱོངས་གནང་མཁན་ཡོང་སྲིད་ཀྱི་ཡོད། ཕྲུ་གུ་ཆེན་པོ་ཆགས་ཏེ་ང་ཚོ་ལ་ཕན་ཐོགས་བྱེད་ཀྱི་ཡོད་པ་རེད། དེ་ནི་དཔེ་ཕན་ཐོགས་ཀྱི་ཡོད་པ་རེད། ཕན་ཐོགས་ཆུང་ཆུང་ཡིནའང་ཕན་ཐོགས་ཡོད་རེད། གང་ཡིན་ཟེར་ན། དུག་སྦྲང་འདིས་ང་ཚོ་ནང་ལ་ཁྲིད་ནས་ང་ཚོ་ལ་ཨ་མ་ནང་བཞིན་བྱམས་སྐྱོངས་བྱེད་ཐུབ་ཀྱི་རེད་བསམ་རྒྱུ་ཁག་པོ་ཡོད་རེད།

ཆོས་ཡངས་པ་དང་ཆོས་ངོ་མ་གཉིས་ལ་དཔེ་མཚོན་དེ་ཚོས་གང་འདྲ་བྱེད་ནས་ཐབས་ལམ་གྱིས་བེད་སྤྱོད་གཏང་ཐུབ་ཀྱི་ཡོད་པ་ཏོག་ཙམ་སྟོན་ཡོད་པ་རེད། ཆོས་དེ་གཉིས་ཀས་སོ་སོའི་ཐོག་ནས་ཕན་ཐོགས་ཡོད་པ་རེད། ཡིནའང་ཆོས་ཡངས་པའི་ལྟ་ཚུལ་ལ་ཐབས་ལམ་ཉུང་ཉུང་ཡོད་པ་རེད། ཆོས་ངོ་མ་ལ་ཐབས་ལམ་རྒྱ་ཆེ་ལ་སྣ་ཚོགས་པ་ཧ་ཅང་མང་པོ་ཡོད་རེད། ང་ཚོས་དེ་གཉིས་ག་རེ་ལག་བསྟར་བྱེད་ནའང་ཁྱད་པར་ཡོད་མ་རེད། དོན་དག་གཙོ་བོ་ནི། འདི་ཉིན་རེའི་མི་ཚེའི་ནང་བེད་སྤྱོད་བྱེད་མ་བྱེད་ཀྱི་ཁྱད་པར་རེད། ང་ཚོ་སྣུམ་འཁོར་འཚང་འགག་ནང་འཁར་བའི་སྐབས་སམ། ཡང་ན་གྲལ་རིང་པོའི་ནང་སྒུག་ནས་སྡོད་པའི་སྐབས་སུ་ང་ཚོས་གཞན་ལ་རླུང་ལངས་པ་དང་བཟོད་བསྲན་བརླག་འགྲོ་གི་ཡོད་ན། དེའི་སྐབས་སུ་ང་ཚོས་གཞན་རྣམས་རང་གི་ཨ་མ་ལྟ་བུར་བལྟ་ཆོག ཁོང་ཚོ་ཚང་མ་ཚེ་སྔོན་མ་ཡང་ན་ཚེ་འདི་ལ་ང་ཚོའི་ཨ་མ་རེད་བསམ་པས་ང་ཚོ་རླུང་ལངས་པ་དེ་མར་ཞི་བ་དང་བཟོད་པ་སྒོམ་རྒྱུར་ཕན་ཐོགས་ཡོད་པ་རེད། གལ་སྲིད་ང་ཚོའི་ཨ་མ་ལགས་གྲལ་གྱི་སྔོན་ལ་ཡོད་ན། ངའི་བསམ་པར། ང་ཚོས་ཁོང་གི་ལས་ཀ་སྔོན་ལ་ཚར་བཅུག་པ་དེ་ལ་དགའ་ཚོར་སྐྱེ་གི་རེད་བསམ་གྱི་འདུག་མ་གཏོགས་མ་དགའ་བ་བྱེད་ཀྱི་མ་རེད། བསམ་ཤེས་དེ་འདྲ་བེད་སྤྱོད་བྱེད་རྒྱུ་ཐབས་ཤེས་བྱེད་ཆོག་པ་ཡིན། དེའི་རིགས་ནི་ང་ཚོ་སྒོམ་གདན་སྟེང་དུ་སྒོམ་རྒྱག་པའི་སྐབས་སུ་སེམས་ཀྱི་གནས་བབས་དེ་དག་བསྐྱེད་པ་ཙམ་མ་ཡིན་པར། ང་ཚོའི་ཉིན་རེའི་བྱ་བཞག་ནང་འཁྱེར་ཡོང་ཐུབ་པ་བྱེད་དགོས།

སྒོམ་ནི་སོ་སོ་རང་ཉིད་ཡར་རྒྱས་གཏོང་བའི་ཐབས་ལམ་ཞིག་ཡིན།

ཆོས་ཀྱི་རྒྱུད་རིམ་དེ་སོ་སོ་རང་ཉིད་ཡར་རྒྱས་གཏོང་རྒྱུ་དེ་ཡིན་པར་འགྲེལ་བཤད་རྒྱག་པའི་སྐབས་སུ་དེ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། ང་ཚོས་སོ་སོའི་ཉལ་ཁང་ནང་ལ་ཁ་ཁུ་སིམ་པོའི་ཁོར་ཡུག་ཅིག་ལ་སྒོམ་རྒྱག་དུས། ང་ཚོས་གོ་རྟོགས་ཀྱི་རིགས་དང་སེམས་ཀྱི་གནས་བབས་གང་བཟང་བ་དེ་དག་སྐྱེད་པའི་ཆེད་དུ་ཉམས་ལེན་བྱེད་ཀྱི་ཡོད། ང་ཚོས་མི་གཞན་དག་ཚོར་བསམ་བློ་བཏང་ནས་ཁོང་ཚོ་ལ་བཟང་ཕྱོགས་ཀྱི་བསམ་བློའི་ཁྱེར་སོ་གོང་འཕེལ་གཏོང་གི་ཡོད། སྤྱིར་བཏང་འདི་ནི་སྲོལ་རྒྱུན་གྱི་ཐབས་ལམ་ཞིག་མ་རེད། ཡིན་ནའང་ངས་བྱས་ན་ང་ཚོའི་སྒོམ་ནང་ལ་མིའི་འདྲ་པར་བློ་ལ་ཤར་བ་བྱས་པ་དེ་ནི་འགྲིག་ཐག་ཆོད་རེད་བསམ་གྱི་འདུག ལོ་༢༥༠༠གོང་ལ་མིའི་འདྲ་པར་ཡོད་མ་རེད། ད་ལྟ་སྒོམ་ནང་ང་ཚོས་དེང་དུས་ཀྱི་འཕྲུལ་ཆས་དང་ལེན་བྱེད་ན་སྐྱོན་གང་ཡང་ཡོད་མ་རེད་བསམ་གྱི་འདུག

ང་ཚོ་དགེ་བའི་སེམས་ཀྱི་གནས་བབས་ལ་གོམས་པ་འདང་ངེས་བཞིན་པ་སླེབས་སོང་ན། དེ་སོ་སོའི་ཉིན་རེའི་མི་ཚེའི་ནང་ལག་ལེན་བསྟར་ཐབས་བྱེད་དགོས། འདི་ནི་དོན་དག་གཙོ་བོ་རེད། ཁྱེད་རང་གདན་སྟེང་དུ་ལྷོད་ལྷོད་སྡོད་པའི་སྐབས་སུ་སེམས་བཟང་པོའི་ངང་བསམ་བློ་གཏོང་དགོས། དེ་མ་ཡིན་པ་སོ་སོའི་ནང་མི་དང་གྲོགས་པོ་ཚོ་ལ་རླུང་ལངས་པ་ཡིན་ན་ང་ཚོ་ལ་དགོས་རྒྱུའི་འབྲས་བུ་དེ་མ་རེད། དེ་འདྲ་ཡིན་དུས། ང་ཚོས་སྒོམ་དེ་ནམ་ཡང་སོ་སོའི་མི་ཚེ་ལས་གཡོལ་ནས་སོ་སོ་རང་ཉིད་སྐར་མ་ཁ་ཤས་རིང་ལ་ཞི་འཇམ་ངང་སྡོད་པའི་ཐབས་ཡིན་པ་བརྩི་རྒྱུ་མེད། ང་ཚོ་རྟོག་པའི་འཆར་སྣང་གི་ཞིང་ཁམས་ནང་ཕྱིན་ནས་ཧ་ལས་དགོས་པའི་གནས་སྟངས་ལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་འཁོར་ནས་སྡོད་པ་ཡིན་ན། དེ་ནི་གཡོལ་ཐབས་ཀྱི་རྣམ་པ་ཞིག་རེད། སྒོམ་རྒྱག་ཡག་དེ་ནི་ཏོག་ཙམ་མི་འདྲ་བ་ཞིག་དགོས། ང་ཚོས་མི་ཚེའི་ནང་གི་དཀའ་ངལ་རྣམས་ལ་གདོང་ལེན་བྱེད་རྒྱུའི་སྦྱོང་བརྡར་བྱེད་ཀྱི་ཡོད་རེད།

འདི་ནི་དཀའ་ལས་ཁག་པོའི་ལས་ཀ་ཞིག་རེད། ང་རང་ཚོ་སོ་སོ་མགོ་སྐོར་ཐེབས་པའམ། ཡང་ན་གཞན་གྱིས་དེ་མགྱོགས་པོ་དང་ལས་སླ་པོ་ཡིན་ཞེས་སྒྲོགས་པ་ལ་བརྟེན་ནས་རང་ཉིད་མགོ་སྐོར་ཐེབས་འཇུག་རྒྱུ་ཡོད་མ་རེད། རང་འདོད་དོན་གཉེར་གྱི་བློ་དང་ཉོན་མོངས་པ་དེ་དག་སྤོང་རྒྱུ་ལས་སླ་པོ་ཞིག་མ་རེད། གང་ཡིན་ཟེར་ན། དེ་དག་ང་ཚོའི་གཤིས་ཀའི་ནང་ལ་གཏིང་ཟབ་པོ་གཞི་ཚུགས་ནས་གནས་ཡོད་པ་རེད། དེ་དག་མེད་པ་བཟོ་ཡག་གི་ཐབས་ལམ་གཅིག་ཁོ་ན་ཡོད་པ་ནི། ང་ཚོའི་བསམ་བློའི་ཁྱེར་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་དང་ཉོན་མོངས་པའི་གཞི་རྟེན་བྱེད་པའི་རྨོངས་པ་དེ་རྩ་མེད་བཟོ་དགོས་ཀྱི་ཡོད།

བརྙན་པར། མེ་ཐིའུ་རི་ཁརྡ། “སྙིང་རྗེ་ལག་ལེན་དུ་བསྟར་བ།”

ཕྱོགས་བསྡོམས།

ནང་ཆོས་ཉམས་ལེན་དེ་ནི་ཆོས་ཡངས་པ་དང་ཆོས་ངོ་མ་གཉིས་སུ་ཁག་ཁག་དབྱེ་ཆོག་གི་ཡོད། ཆོས་ཡངས་པ་ནི། ང་རང་ཚོའི་མི་ཚེའི་སྤུས་ཚད་ཡར་རྒྱས་གཏོང་འདོད་ཀྱི་བསམ་བློ་གཏོང་སྟངས་བཟོ་བཅོས་བྱས་ཏེ། མི་ཚེ་ནང་དཀའ་ངལ་བྱུང་མཚམས་སུ་དེ་ལ་གདོང་ལེན་བྱེད་ཀྱི་ཡོད། ཆོས་ཡངས་པ་དེ་ལ་སྐྱོན་གང་ཡང་ཡོད་མ་རེད། དཔེར་ན། བཏུང་བ་གྲང་མོ་ཀོ་ཀ་ཀོ་ལ་ཡངས་པ་དེ་ནི་ཀོ་ཀ་ཀོ་ལ་ངོ་མ་ནང་བཞིན་ཞིམ་པོ་མེད་པ་འདྲ་པོ་རེད།

སྲོལ་རྒྱུན་ལྟར་ན། ལམ་རིམ་གྱིས་གོང་དུ་བཤད་པའི་ཆོས་ཡངས་པའི་གནས་ཚུལ་ལ་འབྲེལ་སྦྱོར་གང་ཡང་བྱས་མེད། གང་ཡིན་ཟེར་ན། དེས་ཚེ་སྔོན་མ་དང་ཕྱི་མ་ལ་ཡིད་ཆེས་ཡོད་པར་བསམ་གྱི་ཡོད་རེད། ད་དུང་ཡང་མི་ཚེ་ཡར་རྒྱས་གཏོང་འདོད་དང་མི་བཟང་པོ་ཆགས་རྒྱུ་དེ་ནི་ཆོས་ངོ་མའི་ཉམས་ལེན་གྱི་ལམ་དུ་འཇུག་པར་དགོས་ངེས་ཅན་གྱི་གོམ་པ་དང་པོ་རེད།།

Top