ངེས་འབྱུང་དང་། རང་གཅེས་འཛིན་གྱི་ཁ་གཏད་དུ་གཞན་གཅེས་འཛིན།

སྤྱི་བཤད་དང་བསྐྱར་ཞིབ། 

སྤྱིར་སངས་རྒྱས་པའི་ཆོས་ལ་མཐའ་མེད་པ་དང་སེམས་ཅན་གྱི་ཁམས་དང་མོས་པ་མཐའ་ཡས་པར་གསུངས་ཡོད། དེ་དག་ཀྱང་བསྡུས་ན་ཐེག་པ་རིམ་པ་གསུམ་ནང་བསྡུས་ཡོད་དེ། ཐེག་དམན་དང་། ཐེག་པ་ཆེན་པོའི་མདོ། ཐེག་པ་ཆེན་པོའི་སྔགས་བཅས་ཡིན། མདོ་དང་སྔགས་ཀྱི་ཐེག་པ་དེ་དག་ཚང་མ་བོད་ནང་ཆ་ཚང་མ་ཉམས་པར་བཞུགས་ཡོད་ཅིང་། དེ་དག་ལས་བོད་ནང་དར་བའི་སྤྱིར་ཆོས་བརྒྱུད་ཁག་རྣམས་རྙིང་མ་དང་གསར་མ་ཞེས་གཉིས་སུ་ཕྱེས་ཡོད། གསར་མའི་ནང་ས་སྐྱ་དང་། བཀའ་བརྒྱུད། བཀའ་གདམས་བཅས་དང་། ཕྱི་མ་བཀའ་གདམས་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལས་དར་ཞིང་ཕྱིས་སུ་རི་བོ་དགེ་ལུགས་ཀྱི་སྲོལ་རྒྱུན་ཆགས། 

བཀའ་གདམས་རྒྱུད་པ་ནི་བྱང་ཆུབ་སེམས་སྦྱོང་གི་ཆོས་སྣ་ཚོགས་ཀྱིས་ཤུགས་རྐྱེན་གཏིང་ཟབ་པོ་ཐེབས་ཡོད། དགེ་ལུགས་སྲོལ་རྒྱུན་ནང་གཙོ་བོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ཁོང་གི་རྒྱ་གར་བའི་སློབ་མ་རྣམས་ཀྱི་རྒྱུད་པ་ལས་ཐད་ཀར་བྱུང་བའི་རྒྱ་ཆེན་སྤྱོད་རྒྱུད་ཐོག་དམིགས་བསལ་གཙོ་འདོན་གནང་སྲོལ་ཡོད། 

ང་ཚོས་གོང་དུ་བརྗོད་པ་བཞིན། ཆོས་ཉམས་ལེན་གྱི་ཐོག་ལ་སླེབས་སྐབས། ང་ཚོའི་སེམས་དང་སེམས་རྒྱུད་ཀྱིས་བསྡུས་པ་ཐམས་ཅད་མཐའ་གཅིག་ཏུ་ཆོས་དང་མཐུན་པ་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཡིན། འདུལ་བ་འཛིན་པའམ་ཆོས་བྱེད་མཁན་ཟེར་དུས་ཁ་ཙམ་ཚིག་ཙམ་བྱ་རྒྱུ་མེད་པར་ཉམས་ལེན་པ་སོ་སོའི་ཁམས་དང་མོས་པ་དང་མཐུན་པའི་ཐོག་ནས་ངེས་པར་དུ་སེམས་ནང་ཉམས་ལེན་དུ་འགེལ་ཐུབ་པ་བྱེད་དགོས། ནང་པའི་སངས་རྒྱས་པའི་ཆོས་བརྒྱུད་བྱེ་བྲག་པ་ཞིག་ཆོས་ངོ་མ་རེད་ཅེས་པའི་ཚོར་བའི་ཐོག་ནས་ཕྱོགས་ཞེན་གྱི་མཐར་མི་ལྷུང་བ་བྱེད་རྒྱུ་ཤིན་ཏུ་གལ་ཆེ། ༸པན་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱག་ཆེན་རྩ་བའི་ནང་། ཆོས་བརྒྱུད་སོ་སོའི་མིང་གྱི་རྣམ་གྲངས་ཐོག་ནས་བལྟས་ན། སྲོལ་རྒྱུན་ཧ་ཅང་མང་པོ་ཡོད། འོན་ཏེ་གསུང་རབ་དང་། གཏན་ཚིག་རིག་པ། སྒོམ་སྒྲུབ་ཉམས་མྱོང་བཅས་ལ་ཕྱུག་པའི་རྣལ་འབྱོར་པ་ཞིག་གིས་བརྟགས་ན། ཐམས་ཅད་ཀྱི་ངེས་དོན་ནི་གཅིག་ཏུ་བབས་ཡོད། དེར་བརྟེན་ཕྱོགས་རིས་དང་ཉེ་རིང་མེད་པའི་སྤྱོད་ཚུལ་ཐོག་ནས་ཆོས་ལ་འཇུག་རྒྱུ་དེ་ཤིན་ཏུ་གནད་འགག་ཆེན་པོ་ཡིན་ཞེས་གསུངས་ཡོད།

ང་ཚོས་རྗེ་ཙོང་ཁ་པ་ཆེན་པོའི་སློབ་མ་ནམ་མཁའ་དཔལ་གྱིས་མཛད་པའི་བློ་སྦྱོང་ཉི་མའི་འོད་ཟེར་གྱི་གཞུང་འདི་གཞིར་བྱས་ནས་ཆོས་ཁྲིད་བྱས་དང་བྱེད་བཞིན་ཡོད། གཞུང་འདི་ནི་དགེ་བཤེས་འཆད་ཁ་པས་མཛད་པའི་བློ་སྦྱོང་དོན་བདུན་མའི་འགྲེལ་པ་ཡིན། བློ་སྦྱོང་དོན་བདུན་ནི། 

  • སྔོན་འགྲོ་རྟེན་གྱི་ཆོས་སེམས་པ་དང༌། 
  • དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང༌། 
  • རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། 
  • ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། 
  • བློ་འབྱོངས་པའི་ཚད། 
  • བློ་སྦྱོང་གི་དམ་ཚིག
  • བློ་སྦྱོང་གི་བསླབ་བྱ་བཅས་བདུན་ནོ།།
Top