གཞི་རྩིའི་ནང་པའི་ཉམས་ལེན་གྱི་ནང་ང་རང་ཚོ་སོ་སོར་ཞིབ་འཇུག་དང་སྦྱོང་བརྡར་བྱེད་དགོས་ས་གསུམ་ཡོད། ང་རང་ཚོའི་བདེ་ཐབས་ལ་སེམས་འཁུར་ཡོད་པར་སོང་ཙང་། སོ་སོའི་དཀའ་ངལ་དང་སྡུག་བསྔལ་ལས་ཐར་བའི་ཆེད་དེ་རྣམས་ལ་སྦྱོང་བརྡར་བྱེད་ཆོག ཡང་ན་གཞན་ལ་ཕན་ཐོགས་ཆེ་བ་ཡོང་བའི་ཆེད་དེ་རྣམས་བྱམས་དང་སྙིང་རྗེ་འབྲེལ་ནས་སྦྱོང་བརྡར་བྱེད་ཆོག་པ་ཡིན།

བསླབ་པ་གསུམ་ག་རེ་ཡིན་ནམ་ཞེ་ན།

  • བཟང་སྤྱོད་ཀྱི་ཚུལ་ཁྲིམས་ནི། མི་དགེ་བའི་སྤྱོད་ལམ་ལ་འཛེམ་ཐུབ་པའི་ནུས་པ་ཞིག་ལ་ཟེར། དེ་ཡར་རྒྱས་གཏོང་བའི་ལམ་ནི། དགེ་བའི་སྤྱོད་ལམ་ལ་འཇུག་པར་བྱ་རྒྱུ་དེ་ཡིན། བསླབ་པ་དང་པོ་འདི་ཁྲིམས་རང་སྲུང་དང་སྡོམ་པ་རངའཁུར་ཡིན་པ་ལས། མི་གཞན་བཅུན་ཐབས་དང་ཁྲིམས་འོག་ཏུ་འཇུག་ཐབས་བྱེད་ཀྱི་མེད།
  • རྩེ་གཅིག་པའི་ཏིང་ངེ་འཛིན་ནི། ཕྱི་རོལ་གྱི་བསམ་བློ་སྣ་ཚོགས་པ་ལ་སེམས་རྣམ་པར་གཡེང་བ་དེ་མྱོང་མི་དགོས་པར་དམིགས་པ་རྩེ་གཅིག་ཏུ་གཏད་པའི་ནུས་པ་ཞིག་ལ་ཟེར། ང་ཚོས་སོ་སོའི་སེམས་གསལ་ཞིང་རྣོ་ལ་རྩེ་གཅིག་པའི་དམིགས་པ་དང་ལྡན་པ་ཞིག་བཟོ་གི་ཡོད་མ་གཏོགས་སེམས་དེ་ཉ་པེ་ཉོ་པེ་དང་ཐིབ་བསྡད་པ་ཞིག་བཟོ་གི་མེད། ང་ཚོའི་སེམས་དེ་ཁོང་ཁྲོ་དང་། འདོད་ཆགས། ཕྲག་དོག་སོགས་ཀྱི་དབང་དུ་མ་ཤོར་བའི་ཆེད་སེམས་ཀྱི་བརྟན་ཆ་ཙམ་དུ་མ་ཟད། སེམས་ཚོར་གྱི་བརྟན་ཆ་དེ་ཡང་ཡར་རྒྱས་གཏོང་དགོས་པ་གལ་ཆེན་པོ་ཡིན།
  • ཆོས་རྣམ་པར་འབྱེད་པའི་ཤེས་རབནི། བླང་འདོར་གྱི་གནས་གང་ཡིན་པ་ལ་ཤན་འབྱེད་པའམ་ཁྱད་པར་འབྱེད་པའི་ནུས་པ་ལྡན་པ་ཞིག་ལ་ཟེར། དཔེར་ན། ཁྱེད་རང་ཁྲོམ་ལ་སྔོ་ཚལ་ཉོ་བར་འགྲོ་སྐབས།  ཨོ། འདི་ཡག་མདོག་ཁ་པོ་ཞིག་མི་འདུག་ཀྱང་། ཕ་གི་དེ་དཔེ་ཡག་མདོག་ཁ་པོ་ཞིག་འདུག ཅེས་དེ་ལྟར་དབྱེ་འབྱེད་བྱེད་པ་ནང་བཞིན་རེད། སྐབས་འདིར་ང་རང་ཚོའི་སྤྱོད་ལམ་གྱི་ཐོག་ནས་ཁྱད་པར་འབྱེད་རྒྱུ་དེ་ཡིན། དེ་ཡང་གནས་སྟངས་དང་བསྟུན་ཏེ། མི་སུ་འདྲ་ཞིག་དང་མཉམ་དུ་ཡོད་རུང་རང་ཉིད་ཀྱི་སྤྱོད་ལམ་འོས་ཤིང་འཚམས་པ་དང་འོས་ཤིང་འཚམས་པ་མ་ཡིན་པ་དབྱེ་བ་འབྱེད་པ་དེ་ཡིན། གཏིང་ཟབ་ས་ནས་བཤད་ན། ང་ཚོས་དངོས་པའི་གནས་ལུགས་གང་ཡིན་པ་དང་། རྟོག་པའི་འཆར་སྒོ་དེ་གང་ཡིན་པ་ལ་དབྱེ་བ་འབྱེད་ཀྱི་ཡོད།

ནང་པའི་ཚན་རིག། ནང་པའི་ལྟ་གྲུབ། ནང་པའི་ཆོས་ལུགས།

བསླབ་པ་གསུམ་ལ་སྦྱོང་བརྡར་བྱེད་རྒྱུ་དེ་རང་གི་ཁེ་ཕན་ཆེད་དུའམ་གཞན་གྱི་ཁེ་ཕན་གང་ཞིག་གི་ཆེད་དུ་ཡིན་རུང་། དེ་གཉིས་ལ་ང་ཚོས་ལྟ་ཕྱོགས་མི་འདྲ་བ་གཉིས་ཀྱི་ཐོག་ནས་འཇུག་ཆོག་པ་ཡིན། ལྟ་ཕྱོགས་མི་འདྲ་བ་འདི་གཉིས་ནི་༸གོང་ས་མཆོག་གི་མི་དམངས་ལ་བཀའ་སློབ་བརྩལ་བའི་སྐབས་སུ་སྡེ་ཚན་ཕྱེ་གནང་བ་ལས་འབྱུང་གི་ཡོད། སྐབས་དེར་ཁོང་གིས། ནང་ཆོས་ལ་སྡེ་ཚན་གསུམ་དུ་དབྱེ་གནང་མཛད་དེ་འགྲེལ་བརྗོད་གནང་གི་ཡོད་པ་ནི། ནང་པའི་ཚན་རིག་དང། ནང་པའི་ལྟ་གྲུབ་དང་། ནང་པའི་ཆོས་ལུགས་བཅས་གསུམ་ཡིན།  

ནང་པའི་ཚན་རིག་ནི། གཙོ་བོ་སེམས་ཀྱི་ཚན་རིག་ལ་གོ་བ་ཡིན། དེ་ཡང་སེམས་དང་སེམས་ཚོར་གྱི་བྱེད་ལས་ཇི་ལྟར་ཡིན་མིན་དང་༸གོང་ས་མཆོག་གིས་གསུངས་གསལ་ལྟར་སེམས་དང་སེམས་ཚོར་གྱི་འཕྲོད་བསྟེན་ཞེས་པ་དེ་ཡིན། ནང་ཆོས་ནང་སེམས་ཚོར་གྱི་གནས་སྟངས་མི་འདྲ་བ་ཡོངས་སུ་རྫོགས་པ་དང་། དེ་དག་གི་བྱེད་ལས་སམ་བྱ་བ་ཇི་ལྟར་བྱེད་ཚུལ་དང་། སེམས་དང་སེམས་བྱུང་རྣམས་མཉམ་དུ་བསྟུན་ནས་འགྲོ་བའི་ཚུལ་བཅས་ལ་ཞིབ་ཚགས་པོའི་དཔྱད་ཞིབ་བྱས་པ་ཡོད། 

ད་དུང་ནང་པའི་ཚན་རིག་གི་ཁོངས་སུ་གཏོགས་པ་ཁག་ནི།

  • བློའི་ཚན་རིག་ ༼བློ་རིག་༽ ཅེས་ང་ཚོའི་མངོན་སུམ་གྱི་བློའི་བྱ་བ་བྱེད་ཚུལ་དང་། ཤེས་པའི་རང་བཞིན། དེ་བཞིན་ང་ཚོའི་རྩེ་གཅིག་པའི་ཏིང་ངེ་འཛིན་གོང་འཕེལ་དུ་གཏོང་བར་ཕན་ཐོགས་ཆེ་བའི་སྦྱོང་བརྡར་གྱི་ཐབས་ལམ་སྣ་ཚོགས་པ་རྣམས་ཡིན།
  • འཇིག་རྟེན་ཆགས་ཚུལ། ཞེས་འཇིག་རྟེན་གྱི་ཁམས་ཐོག་མར་ཆགས་སྟངས་དང། བར་དུ་གནས་སྟངས་དང་། མཐའ་མར་འཇིག་པའམ་སྟོང་བའི་ཚུལ་བཅས་ཀྱི་ཐད་ཞིབ་ཚགས་པོའི་དཔྱད་ཞིབ།
  • རྫས་སམ་དངོས་པོ། ཞེས་རྫས་དང་ནུས་ཤུགས། ཤིན་ཏུ་ཕྲ་བའི་རྡུལ་ཕྲན་སོགས་ཀྱི་བྱ་བ་བྱེད་ཚུལ་ལ་ཞིབ་ཚགས་པོའི་དཔྱད་ཞིབ།
  • སྨན། ཞེས་གཟུགས་པོའི་ནང་གི་ནུས་པའི་བྱ་བ་བྱེད་ཚུལ།

མི་སུ་འདྲ་ཞིག་ཡིན་ནའང་གོང་གི་བརྗོད་གཞི་ཁག་ལ་བསླབ་པ་སློབ་གཉེར་བྱས་ནས་གཞན་ལ་ཕན་ཐོགས་ཐུབ་ལ་༸གོང་ས་མཆོག་ནས་དུས་རྒྱུན་དུ་བརྗོད་གཞི་དེ་དག་གི་སྟེང་ཚན་རིག་པ་རྣམས་དང་མཉམ་དུ་བགྲོ་གླེང་གནང་གི་ཡོད།

གཉིས་པ། ནང་པའི་ལྟ་གྲུབ་ཀྱི་སྡེ་ཚན་ཁོངས་སུ་གཏོགས་པ་རྣམས་ནི།

  • བཟང་སྤྱོད། ཅེས་སྙིང་རྗེ་དང་སྦྱིན་པ་སོགས་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་རིན་ཐང་གི་གོ་བསྡུར་དེ་ཆོས་ལུགས་བྱེ་བྲག་པ་ཞིག་དང་འབྲེལ་བ་ཡོད་མི་དགོས་པར། མི་སུ་འདྲ་ཞིག་ཡིན་རུང་ཚང་མས་ལག་ལེན་བསྟར་ནས་གཞན་ལ་ཕན་ཐོགས་ཐུབ།
  • རྒྱུ་མཚན་ ༼གཏན་ཚིགས་༽ དང་ཚད་མ་རིག་པ། ཞེས་སྤྱི་དང་བྱེ་བྲག ཁྱད་གཞི་དང་ཁྱད་ཆོས་སོགས་མཉམ་དུ་བྱ་བ་ཇི་ལྟར་བྱེད་པའི་ཚུལ་དང་། ང་ཚོས་དེ་དག་ཇི་ལྟར་ཤེས་ཚུལ་ལ་སོགས་པའི་སྡེ་ཚན་རྣམ་གཞག་གི་ཞིབ་ཕྲའི་ངོ་སྤྲོད།
  • རྒྱུ་དང་འབྲས་བུ། ཞེས་རྒྱུ་འབྲས་ཐད་ཞིབ་ཚགས་པོའི་དཔྱད་ཞིབ་དང་། དངོས་པོའི་གནས་ལུགས་གང་ཡིན་པ་དང་། ང་ཚོའི་རྟོག་པའི་འཆར་སྣང་གིས་དངོས་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་འཛིན་ཚུལ་བཅས་ཡིན།

ལར་ཡང་ཞུ་རྒྱུར། ནང་པའི་ལྟ་གྲུབ་ཀྱི་མཚམས་དེ་ནང་པ་ཁོ་ན་ཙམ་ཞིག་ཡིན་མི་དགོས་པར། མི་སུ་འདྲ་ཞིག་ལ་ཡང་ཕན་ཐོགས་ཐུབ་པ་ཞིག་ཡིན།

གསུམ་པ། ནང་པའི་ཆོས་ལུགས་ཀྱི་ཁོངས་སུ་གཏོགས་པ་ནི། ནང་ཆོས་ཉམས་ལེན་དངོས་ཀྱི་ཁྱབ་ཚད་རྣམས་ཡིན་པས། འདིའི་ནང་ལས་རྒྱུ་འབྲས་དང་། སྐྱེ་བ་སྔ་ཕྱི། ཆོ་ག་ཕྱག་ལེན། སྔགས་བཟླས་བརྗོད་སོགས་ཚུད་ཡོད། དེར་བརྟེན་སྡེ་ཚན་གསུམ་པ་འདི་ནི་དམིགས་བསལ་ནང་ཆོས་ཀྱི་ལམ་ལ་རྗེས་སུ་འཇུག་མཁན་རྣམས་ཀྱི་ཆེད་དུ་ཡིན།

བསླབ་པ་གསུམ་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ཙམ་གྱི་ཐོག་ནས་མི་ཚང་མས་ལག་ལེན་བསྟར་རུང་པ་དང་འོས་ཞིང་མཚམས་པར་ངོ་སྤྲོད་བྱེད་ཆོག་པའམ། ཡང་ན་ནང་པའི་ཚན་རིག་དང་ལྟ་གྲུབ་དེ་བཞིན་ནང་པའི་ཆོས་ལུགས་ཀྱི་ཐོག་ནས་ཀྱང་ངོ་སྤྲོད་བྱེད་ཆོག འདི་ནི་ངས་དུས་རྒྱུན་བརྗོད་པའི་ “ཆོས་ཡངས་པ་” དང་། “ཆོས་ངོ་མ་” ཞེས་སྡེ་ཚན་འབྱེད་ཚུལ་དང་མཚུངས་པ་ཡོད།

  • ཆོས་ཡངས་པ་ཞེས་པ་ནི། ཚེ་འདི་ཙམ་ཡར་རྒྱས་གཏོང་བའི་ཆེད་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་ནས་བསྟན་པའི་ཐབས་ལམ་ཉམས་སུ་ལེན་པ་དེ་ཡིན།
  • ཆོས་ངོ་མ་ནི། ནང་པའི་དམིགས་ཡུལ་གསུམ་འཐོབ་པའི་ཆེད་བསླབ་པ་གསུམ་བདག་གིར་བྱེད་པ་དེ་ཡིན། དམིགས་ཡུལ་གསུམ་ནི། སྐྱེ་བ་བཟང་པོ་ཞིག་དང་། འཁོར་བར་སྐྱེ་བ་ལས་གྲོལ་བ་དང། སངས་རྒྱས་ཀྱི་གོ་འཕང་གསུམ་ཡིན།

དུས་རྒྱུན་ངས་ཚོས་ཡངས་པ་ཟེར་བའི་སྐབས་འདི་ནི་ཆོས་ངོ་མའི་སྔོན་འགྲོའིི་གོམ་སྟབས་ཀྱི་སྒོ་ནས་བཤད་ཀྱི་ཡོད། དེའི་རྒྱུ་མཚན་ནི། ང་ཚོས་ཆོས་ཕྱོགས་ཀྱི་དམིགས་ཡུལ་ཐད་མུ་མཐུད་དེ་བསམ་བློ་གཏོང་ཐུབ་པ་ཞིག་མ་ཡོང་གོང་སྤྱིར་བཏང་གི་མི་ཚེ་ཡར་རྒྱས་གཏོང་དགོས་པ་དེ་ངོས་འཛིན་དགོས་ཀྱི་ཡོད། འོན་ཀྱང་ནང་པའི་ཚན་རིག་དང་ནང་པའི་ལྟ་གྲུབ་གཉིས་ནི་ནང་པའི་ཆོས་ལུགས་ཀྱི་སྔོན་འགྲོའི་རིམ་པ་ཞིག་ཡིན་པའི་ངེས་པ་མེད། བྱས་ཙང་། བསླབ་པ་གསུམ་ནང་ཆོས་ལམ་གྱི་སྔོན་འགྲོའམ། ཡང་ན་ནང་ཆོས་སྤྱི་ཡོངས་གང་ཞིག་ལ་བསམ་གྱི་ཡོད་མེད་ལ་མ་ལྟོས་པར། ང་ཚོའི་མི་ཚེ་ཡར་རྒྱས་གཏོང་བར་བསླབ་པ་གསུམ་པོ་བེད་སྤྱོད་ཇི་ལྟར་གཏོང་དགོས་པའི་ཐད་བལྟ་ཞིབ་བྱེད་ཆོག

འཕགས་པའི་བདེན་པ་བཞི།

ནང་པའི་ལྟ་གྲུབ་ཀྱི་ཐོག་ནས་བཤད་ན། ནང་པ་སངས་རྒྱས་པ་རྣམས་ཀྱི་བསམ་བློ་གཏོང་ཚུལ་ལ་སྤྱིར་བཏང་གི་ངོ་སྤྲོད་བྱེད་སྟངས་ཤིག་ཡོད་པ་ལ་ནམ་རྒྱུན་ང་ཚོས་འཕགས་པའི་བདེན་པ་བཞི་ཟེར་བ་དེ་ཡིན། གཤམ་དུ་གསལ་བ་ལྟར། འདི་རྣམས་ང་ཚོས་མི་ཚེའི་ནང་གི་དངོས་ཡོད་ཀྱི་དོན་གནད་བཞི་ལྟ་བུར་བསམ་ནའང་འགྲིག

  • ང་ཚོ་ཚང་མར་འཕྲད་པའི་སྡུག་བསྔལ་ ༼སྡུག་བསྔལ་བདེན་པ་༽ དང་དཀའ་ངལ་རྣམས་ལ་བལྟས་ནས་ཤེས་ཐུབ་པའི་དངོས་ཡོད་ཀྱི་དོན་གནད་དང་པོ་ནི། མི་ཚེ་འདི་དཀའ་ལས་ཁག་པོ་ཡོད་པ་དེ་ཡིན།
  • དངོས་ཡོད་ཀྱི་དོན་གནད་གཉིས་པ་ནི། ང་ཚོའི་མི་ཚེའི་ནང་གི་དཀའ་ངལ་དེ་རྣམས་རྒྱུ་རྐྱེན་༼ཀུན་འབྱུང་བདེན་པ་༽ ལས་བྱུང་བ་དེ་ཡིན།
  • དངོས་ཡོད་ཀྱི་དོན་གནད་གསུམ་པ་ནི། དཀའ་ངལ་དེ་རྣམས་ང་ཚོས་བཀག་འགོག་བྱེད་ཐུབ་པ་༼འགོག་པའི་བདེན་པ་༽ སྟེ། དེ་ཡང་ཁ་བཙུམ་ནས་དཀའ་ངལ་ངོས་ལེན་བྱེད་མི་དགོས་་པར། ང་ཚོས་དཀའ་ངལ་དེ་རྣམས་སེལ་ཐུབ་པ་དེ་ཡིན།
  • དངོས་ཡོད་ཀྱི་དོན་གནད་བཞི་པ་ནི། རྒྱུ་མེད་པ་བཟོས་ནས་དཀའ་ངལ་རྣམས་མེད་པ་བཟོ་བ་དེ་ཡིན། དེ་ལྟར་བྱེད་པ་ལ་ང་ཚོས་རྟོགས་པའི་ལམ་ ༼ལམ་བདེན་༽ ལ་བརྟེན་དགོས་པ་དང་། དེས་ལུས་ཀྱི་སྒོ་ནས་བྱ་བར་འཇུག་ཚུལ་དང་། ངག་གི་སྒོ་ནས་སྐད་ཆ་ཤོད་སྟངས་སོགས་ཀྱི་ཐད་སློབ་སྟོན་བྱེད་ཀྱི་ཡོད།

དེར་བརྟེན། གལ་ལས་ཀ་བྱེད་སྟངས་དང་སྐད་ཆ་ཤོད་སྟངས་ཀྱིས་ང་ཚོར་དཀའ་ངལ་བཟོ་གི་ཡོད་ན། དེ་དག་བསྒྱུར་བཅོས་གཏོང་དགོས་པ་ཡིན། བསླབ་པ་གསུམ་ནི། ང་ཚོའི་དཀང་ངལ་གྱི་རྒྱུ་རྣམས་རྩ་མེད་བཟོ་བར་བྱེད་པའི་དགོས་མཁོའི་ཆ་རྐྱེན་ཞིག་ཡིན། འདི་ནི་བསླབ་པ་གསུམ་གོ་རྟོགས་ཡོང་བ་ལ་ཧ་ཅང་ཕན་ཐོགས་ཅན་གྱི་ཐབས་ཤིག་ཡིན། གང་ཡིན་ཞེ་ན། དེས་ང་ཚོས་བསླབ་པ་གསུམ་ལ་སྦྱོང་བརྡར་བྱེད་དགོས་པའི་རྒྱུ་མཚན་བསྟན་གྱི་ཡོད། བྱས་ཙང། མི་ཚེའི་ནང་དཀའ་ངལ་འཕྲད་པའི་སྐབས་ང་ཚོས་བལྟ་དགོས་པ་ནི།

  • སོ་སོའི་ལས་ཀ་བྱེད་སྟངས་དང་སྐད་ཆ་ཤོད་སྟངས་དང་འབྲེལ་བའི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ལ་སྐྱོན་ཡོད་པ་མིན་ནམ་ཞེས་བལྟ་དགོས།
  • རང་ཉིད་ཀྱི་སེམས་ས་ཕྱོགས་གང་སར་གཡེང་བའམ་སེམས་ཚོར་རྙོག་པ་ལྟ་བུ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་སྐྱོན་ཡོད་པ་མིན་ནམ་ཞེས་བལྟ་དགོས།
  • ཁྱད་པར་དུ་དངོས་པོའི་གནས་ལུགས་དང་རང་གི་སེམས་ཀྱི་འཁྲུལ་སྣང་གཉིས་དབྱེ་བ་འབྱེད་སྟངས་ལ་སྐྱོན་ཡོད་པ་མིན་ནམ་ཞེས་བལྟ་དགོས།

བྱེད་ཐབས་འདི་ནི་ཚེ་འདིའི་སྤྱིར་བཏང་གི་མི་ཚེ་འདི་ལ་བེད་སྤྱོད་བྱེད་ཆོག་ལ། ཚེ་རབས་དུ་མར་འཕྲད་སྲིད་པའི་དཀལ་ངལ་ལའང་རྒྱ་སྐྱེད་གཏོང་ཆོག ལས་དང་པོ་བའི་སྐབས་བསླབ་པ་གསུམ་ང་ཚོའི་ཉིན་རེའི་མི་ཚེ་དང་སྦྱར་ནས་བསམ་བློ་གཏོང་དགོས་པ་དཔེར་ན། དེ་དག་གིས་ང་ཚོར་ཕན་ཐོགས་གང་འདྲ་ཞིག་ཡོང་བ་དང། ང་ཚོར་དཀའ་ངལ་འཕྲད་པའི་བྱ་བ་ག་རེ་བྱེད་བཞིན་ཡོད་པ་དང། དཀའ་ངལ་དེ་དག་ཚབས་ཆུང་དུ་གཏོང་བ་ལ་ང་ཚོས་ག་རེ་བྱེད་ཐུབ་མིན་སོགས་ལ་བལྟ་དགོས་པ་ཡིན།

སྡུག་བསྔལ་གྱི་རྒྱུ།

ནང་པའི་ལྟ་གྲུབ་ཀྱི་ཆ་ནས་བཤད་ན། ང་ཚོའི་སྡུག་བསྔལ་གྱི་རྒྱུ་ནི་མ་ཤེས་པའམ་མ་རིག་པ་ཡིན། བྱེ་བྲག་ཏུ་ང་ཚོས་དོན་གཉིས་ཀྱི་ཐད་ལ་མི་ཤེས་པའམ་རྨོངས་བསྡད་ཀྱི་ཡོད། 

ང་ཚོས་མི་ཤེས་པ་དང་པོ་དེ་ནི། རྒྱུ་དང་འབྲས་བུའི་དོན་དེ་ཡིན་ལ། འདི་ནི་དམིགས་བསལ་ང་ཚོའི་སྤྱོད་ལམ་དང་འབྲེལ་བ་ཡོད། གལ་སྟེ་ང་ཚོར་ཁོང་ཁྲོ་དང་། འདོད་རྔམས། ཆགས་པ། ང་རྒྱལ། ཕྲག་དོག་ལ་སོགས་པའི་བསུན་གཙེར་གྱི་སེམས་ཚོར་ ༼ཉོན་མོངས་༽ ཡོད་ན། ང་ཚོས་མི་དགེ་བའི་སྒོ་ནས་ལས་བྱེད་ཀྱི་ཡོད། ང་ཚོ་ཁོང་ཁྲོ་ལངས་ནས་གཞན་ལ་སྐད་ལོག་རྒྱག་པ་དང། ཕྲག་དོག་ཟ་ནས་གཞན་ལ་གནོད་ཐབས་བྱེད་པ་དང་། ཆགས་པ་སྐྱེས་ནས་གཞན་ལ་འཛིན་པ་བྱེད་པ་སོགས་བྱེད་ཚུལ་འདི་དག་ཚང་མས་ང་ཚོ་ལ་དཀའ་ངལ་སྤྲོད་ཀྱི་ཡོད། རྒྱུ་མཚན་ནི་སེམས་ཚོར་འདི་དག་གིས་ང་ཚོ་མི་དགེ་བའི་ལས་བྱེད་དུ་འཇུག་པའམ། དེ་བས་ཀྱང་རང་ཉིད་ཕུང་བར་བྱེད་པ་དང་། མཐའ་མའི་འབྲས་བུ་ནི་མི་སྐྱིད་པའམ་སྡུག་བསྔལ་ཡོང་གི་ཡོད།  

ཐོག་མར་བསུན་གཙེར་ཅན་གྱི་སེམས་ཚོར་ ༼ཉོན་མོངས་༽ ཞེས་པའི་དོན་དག་ལ་གཅིག་བལྟ་ཞིབ་བྱེད་ན་ཕན་ཐོགས་ཆེན་པོ་ཡོད། དེ་ནི་སེམས་ཀྱི་གནས་སྟངས་བྱེ་བྲག་པ་ཞིག་ཡིན་ཏེ། དེ་སྐྱེས་པ་དང་ང་ཚོ་སོ་སོའི་སེམས་ཀྱི་ཞི་བདེ་དང་རང་ཚུགས་ཤོར་བར་བྱེད་ཀྱི་ཡོད། ང་ཚོས་ཁོང་ཁྲོ་དང་བཅས་གཞན་ལ་སྐད་ལོག་བརྒྱབ་སྐབས་དེས་ཁོ་ཚོ་བློ་ཕམ་པོ་ཡོང་གི་ཡོད་མེད་བཤད་ཚོད་མི་ཐིག་ལ། ང་ཚོས་གང་བཤད་པ་དེ་ཁོ་ཚོས་གོ་མེད་པའང་ཡོང་སྲིད་པ་དང་། ཡང་ཁོ་ཚོས་གོ་ནའང་གད་མོ་ཤོར་ནས་ང་ཚོ་གླེན་རྟགས་རང་རེད་བསམ་སྲིད། ཡིན་ནའང་ང་ཚོའི་སེམས་ཀྱི་ཞི་བདེ་དེ་བརླག་ནས་སེམས་སྐྱོ་ལྷང་ལྷང་ཞིག་ཆགས་འགྲོ་གི་ཡོད། དེ་ཡང་ནམ་རྒྱུན་སྐད་ལོག་བརྒྱབ་པའི་རྗེས་ཀྱི་དུས་ཚོད་ངེས་ཅན་གྱི་བར་དུ་གནས་ཀྱི་ཡོད། འདི་ནི་མི་སྡུག་པའམ་སྐྱིད་པོ་མེད་པའི་ཉམས་མྱོང་ཞིག་ཡིན། སོ་སོའི་རང་ཚུགས་ཤོར་བ་སོང་ཙང་། ང་ཚོས་ཕྱིས་སུ་འགྱོད་པ་སྐྱེས་ཡག་གི་སྐད་ཆ་ཡང་ཤོད་སྲིད་པ་ཡིན།

ང་ཚོས་བྱ་སྤྱོད་འདི་འདྲ་བྱེད་པའི་རྒྱུ་མཚན་ནི།

  • ང་ཚོས་དངོས་གནས་རྒྱུ་འབྲས་ཀྱི་རྣམ་གཞག་ཤེས་ཀྱི་མེད། དཔེར་ན། ང་ཚོས་དུས་རྒྱུན་ཉོན་མོངས་པ་ཁ་ཤས་དབང་གིས་བྱ་སྤྱོད་རིགས་བྱས་པའི་འབྲས་བུ་དེ་མི་སྐྱིད་པ་དང་སྡུག་བསྔལ་ཞིག་ཡོང་གི་ཡོད་པ་དེ་ཧ་གོ་གི་མེད།
  • ཡང་མིན་ན། ང་ཚོ་རྒྱུ་དང་འབྲས་བུའི་དོན་ལ་མགོ་རྨོངས་ནས་དེ་ལས་ལྡོག་པ་ཞིག་གོ་བ་ལེན་གྱི་ཡོད། ང་ཚོས་ནམ་རྒྱུན་དུ་སེམས་ནང། ཨོ། གལ་སྲིད་ངས་མི་འདི་ལ་སྐད་ལོག་བརྒྱབ་ན་ང་རང་ཚོར་སྣང་ཡག་ཏུ་དང་སྐྱིད་དུ་འགྲོ་ཡོང་བསམ་གྱི་ཡོད་ཀྱང་། དེ་འདྲ་ཞིག་དངོས་གནས་ནམ་ཡང་ཡོང་གི་མེད། ཡང་ང་ཚོ་མི་ཞིག་ལ་ཧ་ཅང་ཆགས་པའི་སྐབས་ང་ཚོས་མི་དེ་ལ། ཁྱེད་ཀྱིས་ང་ལ་ཁ་པར་ཡང་སེ་ག་རེ་བྱས་ནས་གཏོང་གི་མེད་ཟེར་བའམ། ཁྱེད་རང་ག་རེ་བྱས་ནས་ང་ཐུག་འཕྲད་དུ་ཡང་སེ་ཡོང་གི་མེད། ཅེས་བཤད་སྲིད། དེ་ལྟ་བུ་ནི་མི་གཞན་དག་ལ་རྗེས་འདེད་ཀྱིས་ཐག་རིང་དུ་གཏོང་བ་ཙམ་ཡིན། རེད་དམ་མ་རེད། ང་ཚོ་རྒྱུ་དང་འབྲས་བུའི་ལས་ཀ་བྱེད་སྟངས་ལ་མགོ་རྨོངས་པ་སོང་ཙང་། སོ་སོའི་འདོད་པ་ནང་བཞིན་གྲུབ་ཀྱི་མེད།

ང་ཚོས་མི་ཤེས་པའི་རིགས་གཉིས་པ་ནི། དངོས་པོའི་གནས་ལུགས་དང་འབྲེལ་བའི་སྐོར་ལ་ཡིན། ང་ཚོ་དངོས་པོའི་གནས་ལུགས་ལ་མགོ་རྨོངས་པའི་རྒྱུ་མཚན་གྱིས་བསུན་གཙེར་ཅན་ནམ་ཉོན་མོངས་པའི་བསམ་ཕྱོགས་རྣམས་ཡོང་གི་ཡོད། འདིའི་དཔེ་གཅིག་ནི་རང་དོན་ལས་བྲེལ་དེ་ཡིན། དེའི་སྐབས་རྟག་ཏུ་ང་དང་ང་ཡི་དོན་དུ་བསམ་བཞིན་ཡོད། རང་ཉིད་སྐྱོན་མེད་ཡང་དག་གི་མི་ཞིག་ཡིན་དགོས་པའི་ཚོར་སྣང་གི་ནད་རྟགས་ལྟ་བུར་འགྱུར་ཐུབ་པས། མི་དེ་ཚད་ལས་བརྒལ་བའི་སྐྱོན་འཛིན་ཅན་ཞིག་ཆགས་སྲིད། ང་ཚོས་བཟང་ཕྱོགས་དང་དགེ་བའི་ལས་ལ་འཇུག་པའི་སྒོ་ནས་མི་སྐྱོན་མེད་ཡང་དག་ཅིག་ཆགས་ཐབས་དང་། བྱ་བ་ཅི་འདྲ་ཞིག་བྱེད་ཀྱང་ཚང་མ་གྲ་འགྲིག་པོ་བྱེད་ནའང། དེ་ནི་བཙན་ཤེད་ཀྱི་གནས་སྟངས་ཤིག་ཏུ་འགྱུར་གྱི་ཡོད། ང་ཚོ་ལ་གནས་སྐབས་ཙམ་གྱི་བདེ་བ་ཞིག་ཡོད་ནའང་། དེ་ལམ་སེང་འདོད་བློ་མི་ཁེངས་པ་ཞིག་ཏུ་འགྱུར་འགྲོ་གི་ཡོད། དེ་གང་ཡིན་ཞེ་ན། ང་ཚོས་ད་དུང་ང་ཡག་པོ་ཞིག་ཆགས་མིན་འདུག་བསམ་ནས་འབད་བརྩོན་སྟེང་ལ་འབད་བརྩོན་བྱས་ཏེ་རང་ཉིད་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་པས་ཡིན།

གཙང་ལ་ཤིན་ཏུ་དང་ཞེན་ཆེ་བའི་མི་ཞིག་ལ་དཔེ་ཆ་བཞག་ན། ཁོ་ཚོའི་ཁང་པ་གཙང་མ་བཟོ་བའི་སྐབས་མི་དེ་སྐྱོན་མེད་ཡང་དག་ཅིག་རེད། གནས་སྟངས་མཐའ་དག་རང་གི་སྟངས་འཛིན་བྱེད་ཐུབ་པ་དང་། ཚང་མ་གཙང་མ་དང་གྲ་འགྲིག་པོ་ཞིག་ཡོད་པའི་གོ་དོན་ལོག་འཛིན་གྱི་འོག་ཏུ་ཡོད་པ་ཡིན། འོན་ཀྱང་དེ་ནི་མི་སྲིད་པ་ཞིག་ཡིན། ཚང་མ་གཙང་མ་དང་། སྐྱོན་མེད་ཡང་དག་པ་བཟོས་ནས་རང་ཉིད་ལ་ཚོར་སྣང་ཡག་པོ་དང་སྐྱིད་པོ་ཞིག་ཡོང་གི་ཡོད་ཀྱང་། དེ་ནས་ཕྲུ་གུ་ནང་ལ་སླེབས་པ་དང་ཚང་མ་ཛ་རེ་ཛོར་རེ་བཟོས་ན། རང་ཉིད་འདོད་བློ་མི་ཁེངས་པར་ཡང་བསྐྱར་མགོ་ནས་གཙང་མ་བཟོ་དགོས་ཐུག་གི་ཡོད། དེ་འདྲའི་སྒོ་ནས་ལས་ཀ་དེ་བཙན་ཤེད་ཀྱི་གནས་སྟངས་ཞིག་ཆགས་ཀྱི་ཡོད། རང་ཉིད་ལ་ག་དུས་ཡིན་ན་བདེ་སྐྱིད་ཀྱི་ཚོར་བ་ཉུང་ངུ་ཞིག་ཡོང་བའི་སྐབས། འོ་ཡ། ཚང་མ་ཏག་ཏག་གྲ་འགྲིག་པོ་ཡོད་བསམ་པའི་ཚོར་སྣང་དེ་ལམ་སེང་ཡལ་འགྲོ་གི་ཡོད་པ་དང་། ག་དུས་ཡིན་ནའང་ས་ཆ་གཅིག་ལ་གཙང་མ་བཟོ་རྒྱུ་ལྷག་བསྡད་ཀྱི་ཡོད།

མི་དགེ་བའི་སེམས་ཚོར་རམ་མི་དགེ་བའི་བསམ་ཕྱོགས་གང་ཡིན་རུང་། སེམས་ཀྱི་གནས་སྟངས་དེ་དག་བསྐྱར་ཟློས་བྱས་པ་དང་། བཙན་ཤེད་ཅན་གྱི་སྤྱོད་ལམ་དེ་དག་བསྐྱར་ལྡབ་ཡང་ལྡབ་བྱེད་པ་བརྒྱུད་ཀུན་ལ་ཁྱབ་པའི་སྡུག་བསྔལ་ ༼ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་༽ ཟེར་བ་དེ་ཡོང་གི་ཡོད། དེ་ནི་ང་ཚོའི་དཀའ་ངལ་རྣམས་དངོས་གནས་རྒྱུན་སྲིང་བར་བྱེད་པའི་གོམས་གཤིས་ཇི་ལྟར་བཟོ་བའི་སྐོར་ལ་ཡིན།  

འདི་དག་གིས་ང་ཚོའི་སེམས་ལ་ཤུགས་རྐྱེན་བྱེད་པ་མ་ཟད་ལུས་པོ་ལའང་ཤུགས་རྐྱེན་སྤྲོད་ཀྱི་ཡོད། དཔེར་ན། ང་ཚོ་ག་དུས་ཡིན་ནའང་ཁོང་ཁྲོ་ཟ་ནས་བསྡད་ན། ཁྲག་ཤེད་མཐོ་རུ་འགྲོ་བ་དང་། སེམས་ཁྲེལ་བྱེད་པ་ལ་བརྟེན་ནས་སེམས་ལ་རྨ་ཁ་སོགས་ཡོང་གི་ཡོད། ཡང་ཁྱེད་རང་གཙང་སྦྲ་ལ་ཤིན་ཏུ་དང་ཞེན་བྱེད་མཁན་ཞིག་ཡིན་ན། ལྷོད་ལྷོད་སྡོད་རྒྱུ་ཁག་པོ་ཡོད། ཁྱེད་རང་ག་དུས་ཡིན་ནའང་སེམས་འཚབ་སྒང་ལ་ཡོད། གང་ཡིན་ཞེ་ན། ཚང་མ་ཡང་དག་པ་ཞིག་དགོས་ཀྱི་ཡོད་པས་དེ་ནི་ནམ་ཡང་ཡོང་རྒྱུ་མེད་པ་ཞིག་རེད།

བརྙན་པར། དཔལ་ས་སྐྱ་ཁྲི་ཆེན་མཆོག “ནང་ཆོས་སྦྱོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།”

དཀའ་ངལ་གྱི་རྒྱུ་རྣམས་སེལ་བར་བསླབ་པ་གསུམ་གྱི་རོགས་རམ་བྱེད་ཚུལ།

ང་ཚོ་ལ་དངོས་གནས་དགོས་པ་ནི་བསླབ་པ་གསུམ་ཡིན།

  • ང་ཚོར་རྨོངས་པ་སེལ་བའི་ཆེད་བླང་འདོར་གྱི་གནས་ལ་དབྱེ་བ་འབྱེད་པའི་ཤེས་རབ་དགོས་ཀྱི་ཡོད། དཔེར་ན། གཙང་སྦྲ་ལ་ཤིན་ཏུ་དང་ཞེན་ཅན་གྱི་མི་ཞིག་ཡིན་པའི་དབང་དུ་བཏང་ནས། ཚང་མ་དུས་རྟག་ཏུ་གཙང་མ་དང་སྐྱོན་མེད་ཡང་དག་དགོས་འདུག་པས། ངས་ཚང་མར་སྟངས་འཛིན་བྱེད་དགོས་བསམ་པའི་འཁྲུལ་སྣང་དེའི་ཚབ་ལ། ངའི་ཁང་པ་ཛོར་པོ་ཆགས་རྒྱུ་ཡིན་པ་བཤད་མི་དགོས་པ་རེད། མི་སུས་ཀྱང་དེ་ལ་སྟངས་འཛིན་བྱེད་མི་ཐུབ་བཅས་བསམ་དགོས་ཀྱི་ཡོད། དེ་ལྟར་བསམ་ན་རང་ཉིད་ལྷོད་ཡངས་ཆེ་རུ་འགྲོ་གི་རེད། གང་ཡིན་ཞེ་ན། ཁང་པ་ད་དུང་གཙང་མ་བཟོ་དགོས་ཀྱི་ཡོད་ཀྱང་། ཁྱེད་རང་དེ་ལ་མཐའ་གཅིག་ཏུ་ཞེན་ཆགས་སྐྱེ་དགོས་དོན་མེད། སྲོལ་རྒྱུན་གྱི་དཔེ་ཆ་ཁག་ནང་སྟ་རེ་རྣོན་པོས་ཤིང་སྡོང་གཅོད་པའི་དཔེ་བཞག་ཡོད།
  • སྟ་རེས་ཤིང་སྡོང་དེ་གཅོད་པའི་ཆེད་སྟ་རེ་གཞུ་ས་དེ་ག་རང་གི་སྟེང་དུ་མུ་མཐུད་དེ་གཞུ་དགོས་པ་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་ཡིན། གལ་སྲིད་ང་ཚོའི་སེམས་ག་དུས་ཡིན་ནའང་གཡེང་བསྡད་ན། རྣམ་པར་འབྱེད་པའི་ཤེས་རབ་ཤོར་འགྲོ་གི་ཡོད། བྱས་ཙང་། ང་ཚོ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ངེས་པར་དུ་དགོས། དེ་ལ་བརྟེན་ནས་ང་ཚོས་དུས་རྟག་ཏུ་སྟ་རེས་གཞུ་ས་དེ་ག་རང་གི་སྟེང་ལ་གཞུ་ཐུབ་ཀྱི་རེད།
  • སྟ་རེ་བེད་སྤྱོད་གཏོང་བ་ལ་ཤུགས་དགོས་ཞིང་ཤུགས་མེད་ན། ཁྱེད་ཀྱིས་སྟ་རེ་དེ་ཡར་ལེན་མི་ཐུབ་ལ་ཤིང་སྟེང་དུ་གཞུ་མི་ཐུབ་པས། དེ་འདྲའི་ནུས་ཤུགས་ཡོང་ས་ནི་བཟང་སྤྱོད་ཀྱི་ཚུལ་ཁྲིམས་ཡིན།

འདི་ལྟར་ང་ཚོས་བསླབ་པ་གསུམ་གྱིས་དཀའ་ངལ་གྱི་འབྱུང་ཁུངས་རྣམས་ལས་ཐར་བ་ལ་རོགས་རམ་ཇི་ལྟར་བྱེད་ཀྱི་ཡོད་མེད་ཧ་གོ་ཡོང་གི་ཡོད། ང་ཚོ་ཚང་མས་ཡོན་ཏན་དེ་རྣམས་ནང་པའི་ཆོས་ལུགས་དང་འབྲེལ་སྦྱོར་མེད་པའི་སྒོ་ནས་ལག་ལེན་བསྟར་ཆོག་པ་དང་། བྱས་ཙང་། དེ་ནི་ཚང་མ་ལ་འོས་ཤིང་འཚམས་པ་ཞིག་ཡོད། ད་མུ་མཐུད་ནས་མ་བཤད་གོང་ལ་ང་ཚོས་གང་སྦྱངས་པ་རྣམས་ཀྱི་སྙིང་པོ་བསྡུས་ན།

  • ང་ཚོས་དངོས་པོའི་གནས་ལུགས་དང་རྟོག་པའི་འཁྲུལ་སྣང་གཉིས་ཀྱི་ཁྱད་པར་མཐོང་བའི་ཆེད་བླང་འདོར་འབྱེད་པའི་ཤེས་རབ་བེད་སྤྱོད་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་སོ་སོ་རང་ཉིད་ཀྱི་སྤྱོད་ལམ་ནང་རྒྱུ་འབྲས་ཀྱི་རྣམ་གཞག་མཐོང་ཐུབ་ཀྱི་ཡོད། ང་ཚོ་ལ་བླང་འདོར་འབྱེད་པའི་ཤེས་རབ་མེད་པའི་སྐབས་ང་ཚོའི་སྤྱོད་ལམ་དང་བསམ་བློ་འཁྱེར་ཕྱོགས་ཀྱིས་མི་སྐྱིད་པ་བཟོ་བའམ། ཡང་ན་དེས་ནམ་ཡང་འདོད་བློ་ཁེངས་རྒྱུ་མེད་པའི་བདེ་སྐྱིད་ཀྱི་ཪིགས་ཞིག་སྤྲོད་ཀྱི་ཡོད།
  • གོང་གི་གནད་དོན་དེ་ཡག་པོ་ཞིག་ཧ་གོ་བའི་ཆེད་ང་ཚོ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཞིག་ཡོད་དགོས། དེ་ཡོད་ན་ང་ཚོས་དམིགས་པ་རྩེ་གཅིག་ཏུ་གཏད་ཐུབ།
  • རྩེ་གཅིག་པའི་ཏིང་ངེ་འཛིན་ཡག་པོ་ཞིག་ཡོང་བའི་ཆེད་ང་ཚོ་ལ་ཚུལ་ཁྲིམས་ཡོད་དགོས། དེ་ཡོད་ན་སེམས་གཡེང་བའི་སྐབས་སླར་ཡང་དམིགས་པའི་སྟེང་དུ་སེམས་ཚུར་འཇོག་ཐུབ།
  • དེ་ལྟར་ང་ཚོས་དཀའ་ངལ་ལ་གདོང་ལེན་དང་མི་ཚེའི་སྤུས་ཀ་ཡག་རུ་གཏོང་བ་ལ་རོགས་རམ་ཡོང་བའི་ཆེད་བསླབ་པ་གསུམ་པོ་འདི་དག་ལ་འབད་བརྩོན་བྱེད་འདོད་ཡོང་གི་ཡོད།

གང་བཤད་པ་འདི་དག་ཐམས་ཅད་ལས། ང་ཚོས་རྒྱུད་ལ་ཁྱེར་ཆོག་པའི་གཏིང་ཟབ་ཀྱི་རྟོགས་པ་ནི། ང་ཚོས་སོ་སོའི་མི་ཚེའི་ནང་མྱོང་བའི་འཕྲལ་སེལ་གྱི་བདེ་སྐྱིད་དང་མི་ཚིམས་པའི་ཚོར་བ་རྣམས་ཀྱི་འབྱུང་ཁུངས་ནི་ང་རང་ཚོ་སོ་སོའི་རྨོངས་པ་དེ་ཡིན། སོ་སོའི་དཀའ་ངལ་གྱི་འབྱུང་གཞི་དེ་མི་གཞན་དང་། སྤྱི་ཚོགས། དཔལ་འབྱོར་གྱི་གནས་སྟངས་སོགས་ལ་ཁ་གཡོག་རྒྱུའི་ཚབ་དུ་གཏིང་ཟབ་པའི་རིམ་པ་ཞིག་ལ་མནོ་བསམ་གཏོང་དགོས། ང་ཚོས་གནས་སྟངས་འདི་དག་ལ་གདོང་ལེན་བྱེད་མཁན་གྱི་རང་རང་སོ་སོའི་སེམས་ཀྱི་གནས་བབས་ལ་བལྟ་དགོས། ང་ཚོ་ལ་གནས་སྟངས་ཁག་པོ་མང་པོ་དང་འཕྲད་སྲིད་ཀྱང། སྐབས་འདིར་ང་ཚོས་སྐད་ཅིག་མའི་བདེ་སྐྱིད་ཀྱི་རིགས་དང་སྤྱིར་བཏང་གི་མི་སྐྱིད་པའམ་སྡུག་བསྔལ་གྱི་ཚོར་བའི་སྐོར་ལ་བཤད་ཀྱི་ཡོད། ང་ཚོས་ངེས་པར་དུ་འདི་ལས་ལྷག་པ་ཞིག་ལ་དམིགས་དགོས་པ་ནི། སེམས་ཀྱི་ཞི་བདེ་ལས་བྱུང་བའི་བདེ་སྐྱིད་ཀྱི་རིགས་བརྟན་ཞིང་ཡུན་རིང་བར་གནས་པ་དེ་ཡིན།

ང་ཚོ་དཀའ་ངལ་དང་འཕྲད་པའི་སྐབས་སེམས་ངལ་གྱི་ཁེངས་ནས་ཐབས་སྐྱོ་པོ་ཆགས་རྒྱུ་དེ་དང་། ཡང་མིན་ན་སོ་སོར་བློ་ཕམ་བྱེད་རྒྱུའི་ཚབ་ལ་གནས་སྟངས་དེར་ཞི་བདེའི་སེམས་ཀྱི་སྒོ་ནས་གདོང་ལེན་བྱེད་ཆོག གང་ཡིན་ཞེ་ན། ང་ཚོས་གནས་སྟངས་ལ་ཞིབ་ཚགས་པོ་བལྟས་ཏེ། གང་ཞིག་གི་རྐྱེན་བྱས་ཡོད་པ་དང་དེ་ལ་གདོང་ལེན་བྱེད་ཐབས་ཡོད་པ་ཤེས་ཀྱི་ཡོད།

སོ་སོའི་ཕྲུ་གུ་མཚན་མོ་ཕྱི་ལོགས་སུ་ཕྱིན་པའི་སྐབས་ཀྱི་གནས་སྟངས་ལྟ་བུར་ཆ་བཞག་ནས་བསམ་བློ་བཏང་ན། ཁོ་ཚོ་བདེ་པོའི་ངང་ཁྱིམ་ལ་ལོག་ཡོང་ངམ་བསམ་ནས་སེམས་ཁྲེལ་བྱེད་པ་ལྟ་བུ་རེད། འདི་ལ་བརྟག་ན་ཡང་བསྐྱར་ང་ཚོའི་སེམས་འཚབ་དང་སྐྱིད་པོ་མེད་པའི་ཚོར་བ་གཉིས་ཀྱི་འབྱུང་ཁུངས་ནི། གང་ལྟར་ཡང་ངས་ཕྲུ་གུའི་ཉེན་སྲུང་ལ་སྟངས་འཛིན་བྱེད་ཐུབ་ཀྱི་ཡོད། ཅེས་པའི་བསམ་བློ་འཁྱེར་ཕྱོགས་འདི་ཡིན་ལ། དེ་ནི་རྟོག་པའི་འཆར་སྣང་ཙམ་ཞིག་ཡིན་པ་བཤད་མི་དགོས། ཕྲུ་གུ་ཚོ་བདེ་པོའི་ངང་ཁྱིམ་ལ་ལོག་ཡོང་དུས་ཁྱེད་ལ་དགའ་སྣང་ཞིག་དང་བཟོད་ཡང་གི་ཚོར་སྣང་ཞིག་ཡོང་གི་ཡོད་ཀྱང། རྗེས་མ་ཁོ་ཚོ་ཕྱི་ལོགས་ཕྱིན་ན་ཡང་བསྐྱར་སེམས་ཁྲེལ་བྱེད་ཀྱི་རེད། བྱས་ཙང་དེ་ལྟ་བུའི་ལྷོད་ཡངས་ཀྱི་ཚོར་བ་དེ་ཡུན་རིང་པོ་གནས་ཀྱི་འདུག་གམ། མི་གནས་པ་ཡིན། དེ་ལྟར་ཡིན་ནའང་ང་ཚོས་རྟག་ཏུ་སེམས་ཁྲེལ་བྱེད་པ་དང་དེ་མུ་མཐུད་རྒྱུན་སྲིང་ནས་རང་གི་གོམས་གཤིས་སུ་གྱུར་ནས་ཚང་མ་ལ་སེམས་ཁྲེལ་བྱེད་དགོས་པ་ཆགས་ཀྱི་ཡོད། དེས་ང་ཚོའི་འཕྲོད་བསྟེན་ལ་གནོད་རྐྱོན་ཡོང་གི་ཡོད་པས། དེ་ནི་ཧ་ཅང་ཡིད་ལ་མི་འཐད་པའི་གནས་སྟངས་ཞིག་རེད། 

གནད་འགག་ངོ་མ་ནི། གནས་སྟངས་འདི་དག་ཐམས་ཅད་ཀྱི་རྒྱུ་ནི་སོ་སོའི་རྨོངས་པ་ཡིན་པ་ཤེས་པར་བྱ་རྒྱུ་དེ་ཡིན། ང་ཚོའི་བསམ་པར་བྱ་སྤྱོད་བྱེ་བྲག་པ་ཁ་ཤས་ཀྱིས་བདེ་སྐྱིད་སྤྲོད་པའམ། ཡང་ན་གནས་སྟངས་ཚང་མ་སྟངས་འཛིན་བྱེད་པའི་བསམ་བློ་འཁྱེར་ཕྱོགས་དེ་འགྲིག་བསྡད་ཡོད་བསམ་པ་དེ་ནི་ནོར་ཡོད། དེ་ལས་འདི་ནི་ཆོ་མེད་ཁུངས་མེད་ཅིག་རེད་བསམ་པའི་བློ་དང་བཅས་རྨོངས་པ་མཚམས་བཅད་དེ་མུ་མཐུད་ནས་དམིགས་པ་རྩེ་གཅིག་ཏུ་གནས་དགོས།

ཕྱོགས་བསྡོམས།

ང་ཚོས་མི་ཚེའི་དངོས་ཡོད་ཀྱི་དོན་གནད་བཞིའི་སྐོར་ལ་བསམ་བློ་གཏོང་བའི་སྐབས། ང་ཚོའི་དཀའ་ངལ་དང་མི་དགེ་བའི་སེམས་ཚོར་རྣམས་བརྟན་འཇགས་མ་ཡིན་པར་ཡར་རྒྱས་གཏོང་རྒྱུ་ཡོད་པ་ཙམ་མ་ཟད། དེ་དག་རྩ་བ་ནས་མེད་པ་བཟོ་རྒྱུ་ཡོད་པ་ཤེས་དུས་སེམས་ཤུགས་འཕར་གྱི་ཡོད། སྡུག་བསྔལ་གྱི་རྒྱུ་རྐྱེན་རྣམས་ལ་གདོང་ལེན་བྱེད་པ་དང་སྡུག་བསྔལ་མེད་པ་ཆགས་ཀྱི་ཡོད་ཀྱང་། ང་ཚོས་ཤེས་དགོས་པ་ནི་སྡུག་བསྔལ་དེ་དག་རང་བཞིན་གྱིས་རང་ངོས་ནས་མེད་པ་ཆགས་ཀྱི་མེད། 

དེ་ལྟར་བཟང་སྤྱོད་ཀྱི་ཚུལ་ཁྲིམས་དང་། རྩེ་གཅིག་པའི་ཏིང་ངེ་འཛིན་དང་། ཆོས་རྣམ་པར་འབྱེད་པའི་ཤེས་རབ་བཅས་བསླབ་པ་གསུམ་སྐབས་བབས་ནང་དོན་དང་མཚམས་པར་མི་ཚེ་སྐྱེལ་བ་ནི། ང་ཚོའི་མི་ཚེ་ཁྱད་པར་དུ་འཕགས་པ་ཞིག་སྐྱེལ་ཚུལ་དེ་ཡིན། དེ་དག་དུས་གཅིག་དུ་བཀོལ་སྤྱོད་བྱས་པ་ལས། ང་ཚོར་རྟག་ཏུ་འཐོབ་པར་འདོད་པའི་བདེ་སྐྱིད་ཀྱི་ས་ལ་ཉེ་བར་འཁྲིད་པར་བྱེད་དོ།།

Top