གནོད་བྱེད་མི་དགེ་བའི་ལས་བཅུ་སྤོང་བ།

01:39
ང་ཚོ་ཚང་མ་སོ་སོའི་བདེ་ཐབས་ཡར་རྒྱས་གཏོང་འདོད་ཡོད་པ་དང། དེའི་ནང་ནས་མང་ཆེ་བ་ནི་མི་གཞན་དང་མཉམ་དུ་འབྲེལ་བ་བཟང་བ་དང་འདོད་བློ་མང་བ་ཁེངས་པ་ཞིག་ཡོང་བར་འདོད་ཀྱི་ཡོད། དེ་ལྟ་བུ་ནི་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་ཞིག་མ་ཡིན་པར། འདི་ལ་ཀུན་སྤྱོད་ཀྱི་རྣམ་གཞག་ཅིག་ཡོད་དགོས་པ་ཡིན། དེའི་དོན་ནི། མི་གཞན་ལ་གནོད་འཚེ་ཅན་གྱི་སྤྱོད་ལམ་སྤངས་ཏེ། དེའི་ཚབ་ལ་བཟང་ཕྱོགས་དང་ཕན་ཐོགས་ཅན་གྱི་སྤྱོད་ལམ་བསྟེན་དགོས། ང་ཚོ་ཞེ་སྡང་དང་འདོད་རྔམས་སོགས་ཉོན་མོངས་ཀྱི་དབང་དུ་ཤོར་བའི་སྐབས་གནོད་གཞི་ཅན་གྱི་མི་དགེ་བའི་ལས་བྱེད་ཀྱི་ཡོད། དེས་ང་ཚོའི་སེམས་ཀྱི་ཞི་བདེ་དང་རང་ཚོད་ཟིན་པའི་ཁྱད་ཆོས་རྣམས་མེད་པར་བཟོ་གི་ཡོད། དེ་ལྟར་ངང་ངམ་ཤུགས་ཀྱིས་གོམས་གཤིས་ངན་པ་བྱས་ནས། གཞན་ལ་གནོད་པ་ཙམ་མ་ཟད་མཐའ་མར་རང་ཉིད་ལའང་གནོད་ཀྱི་ཡོད། བྱས་ཙང་། སོ་སོ་རང་གི་སྤྱོད་ལམ་དེ་ཕུགས་རྒྱང་རིང་པོའི་སྡུག་བསྔལ་གྱི་རྒྱུ་ཆགས་ཀྱི་ཡོད། དེ་ལས་བཟློག་ཏེ། གལ་སྲིད་ང་ཚོས་རང་ཚོད་བཟུང་ཞིང་། བྱམས་པ་དང་སྙིང་རྗེའི་སྒོ་ནས་བྱ་སྤྱོད་སྤེལ་ན། ང་རང་ཚོ་རང་གཞན་གཉིས་ཀ་ལ་བློ་གཏད་བཅོལ་ཆོག་པའི་མི་ཞིག་ཆགས་པ་དང་། སོ་སོའི་མི་ཚེ་བདེ་བ་དང་སྐྱིད་པ་ཞིག་རང་བཞིན་གྱིས་སྐྱེལ་ཐུབ་ཀྱི་རེད།

གནོད་བྱེད་མི་དགེ་བའི་སྤྱོད་ལམ་གྱི་མཚན་ཉིད།

ཀུན་སྤྱོད་ཀྱི་རྣམ་གཞག་ལམ་ལུགས་རེ་རེ་ལ་གང་ཁས་ལེན་རུང་བ་དང་མི་རུང་བའི་ལྟ་ཚུལ་མི་འདྲ་བ་ལ་གཞིར་བྱས་པའི་མི་དགེ་བའི་སྤྱོད་ལམ་གྱི་ཐོ་གཞུང་རེ་ཡོད་པ་ཡིན། ཆོས་དང་སྲིད་ཀྱི་ཀུན་སྤྱོད་ལམ་ལུགས་རྣམས་འཇིག་རྟེན་ལས་འདས་པའི་དབང་ཚད་ལས་བྱུང་བའི་ཁྲིམས་ཞིག་གཞིར་བྱས་པའམ། ཡང་མིན་ན་རྒྱལ་ཁབ་ཞིག་གི་འགོ་འཁྲིད་དམ་ཁྲིམས་བཟོ་ལྷན་ཚོགས་ཀྱི་དབང་ཚད་ཞིག་གཞི་ལ་བཞག་ཡོད། ལམ་ལུགས་དེ་ལ་མི་བརྩི་བའི་སྐབས་ང་ཚོ་ནག་ཉེས་ཅན་ཆགས་ནས་ཉེས་ཆད་འགེལ་རྒྱུ་དང་། དེ་ལ་བཀའ་བརྩི་དང་ལེན་བྱེད་པའི་སྐབས་དེའི་ལེགས་སྐྱེས་སུ་ཚེ་འདི་ལ་ཉེན་ཁ་མེད་པ་དང་ཞི་ཞིང་དུལ་བའི་སྤྱི་ཚོགས་ནང་གནས་ཐུབ་པའམ། ཡང་ན་ཚེ་ཕྱི་མར་ལྷ་ཡུལ་སྐྱེ་ཐུབ་པ་སོགས་ཡོང་གི་ཡོད། འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་དོ་ཁུར་ཅན་གྱི་ལམ་ལུགས་རྣམས་གཞན་ལ་གནོད་མི་སྐྱེལ་བ་ལ་དམིགས་ཀྱི་ཡོད་ཀྱང་། འདི་ཡང་མཚམས་རེར་དཀའ་ངལ་ཅན་ཞིག་ཆགས་འགྲོ་གི་ཡོད། གཞན་ཞིག་ལ་དངོས་གནས་གནོད་ཀྱི་ཡོད་དམ། ཡང་ན་ཕན་གྱི་ཡོད་པའི་ཐད་ལ་ང་ཚོས་རྟག་ཏུ་ཐག་གཅོད་བྱེད་ཐུབ་ཀྱི་ཡོད་དམ། དཔེར་ན། སྐད་ལོག་བརྒྱབ་པ་ལྟ་བུས་གཞན་གྱི་སེམས་ཚོར་ལ་གནོད་སྲིད་ལ། གཞན་ལ་ཉེན་ཁའི་རིགས་མི་ཡོང་བར་ཕན་ཀྱང་སྲིད་པ་ལྟ་བུ་རེད།

ནང་པའི་ཀུན་སྤྱོད་ཀྱི་རྣམ་གཞག་གིས་རང་ཉིད་ལ་གནོད་པའི་སྤྱོད་ལམ་སྤོང་དགོས་པའི་ནན་བཤད་བྱེད་པ་དང་། ལྷག་པར་དུ་ང་ཚོར་ཕུགས་རྒྱང་རིང་པོའི་ནང་གནོད་པའི་བྱ་སྤྱོད་མི་སྤེལ་རྒྱུ་དེ་ཡིན། གལ་སྲིད་སྨྱོན་པ་ནང་བཞིན་སྣུམ་་འཁོར་གཏོང་མཁན་གྱི་ཁ་ལོ་བ་དེས་ང་ཚོའི་སྔོན་དུ་བརྒལ་ཐབས་བྱེད་པ་ལ་སྐད་ལོག་རྒྱག་པ་ཡིན་ན། དེས་གནས་སྐབས་རིང་བདེ་བ་ཡོང་སྲིད་ཀྱང་། འདིས་ང་ཚོའི་སེམས་ལ་དཀྲོག་རྐྱེན་བཟོ་བ་དང་། སེམས་ཀྱི་ནུས་པ་དཀྲུག་པ། དེ་བཞིན་སེམས་ཀྱི་ཞི་བདེ་ཡང་གཏོར་སྲིད་པ་ཡིན། ང་ཚོས་སྐད་ལོག་རྒྱག་རྒྱུ་དེ་གོམས་གཤིས་ཞིག་བཟོས་ན། གནས་ཚུལ་སྟབས་མི་ལེགས་པ་ག་འདྲ་ཞིག་ལའང་བཟོད་སྒོམ་བྱེད་མི་ཐུབ་པ་ཆགས་ཏེ། འདིས་རང་དང་མི་གཞན་མཉམ་དུ་ཡོད་པའི་འབྲེལ་བ་ལ་གནོད་པ་མ་ཟད། རང་ཉིད་ཀྱི་འཕྲོད་བསྟེན་ལའང་གནོད་པ་ཡིན།

ཕྱོགས་གཞན་ཞིག་ནས་ང་ཚོའི་སྤྱོད་ལམ་དེ་བྱམས་པ་དང་། སྙིང་རྗེ། བསམ་ཤེས། དེ་བཞིན་གཞན་ལ་བཅོས་མིན་གྱི་སེམས་འཁུར་གྱི་ཀུན་ནས་བསླངས་པ་ཞིག་ཡིན་ན། ང་ཚོས་རང་བཞིན་གྱིས་གཞན་ལ་སྐད་ལོག་རྒྱག་རྩིས་ཡོད་ནའང་དེ་ལ་འཛེམ་ཟོན་བྱས་ནས་བྲེལ་འཚུབ་ཅན་གྱི་ཁ་ལོ་བ་དེ་ཡ་རབས་ཚུལ་ལྡན་གྱི་ངང་སྔོན་དུ་འགྲོ་འཇུག་གི་རེད། དེ་ལྟར་བྱས་པའི་འབྲས་བུར་ཁ་ལོ་བ་དེ་དགའ་པོ་ཡོང་བ་དང་། ང་ཚོ་ལའང་སེམས་ཞི་བདེ་ལྷིང་འཇགས་སུ་གནས་ནས་སེམས་སྐྱིད་པའི་གནས་སྟངས་ལ་སྡོད་ཐུབ་པའི་ཕན་ཐོགས་ཡོང་གི་རེད། དེ་བཞིན་དུ་ང་ཚོས་མི་གཞན་ལ་སྐད་ལོག་རྒྱག་ཡག་གི་ནན་སྐུལ་དེ་ལ་དྲག་གནོན་བྱས་ནས་རང་ཉིད་སེམས་སུན་གཙེར་ངང་ལྷག་གི་མ་རེད། དེ་ལས་ལྡོག་སྟེ་གཞུང་ལམ་སྒང་ལ་འགྲོ་མཁན་མི་ཚང་མ་སོ་སོའི་འགྲོ་ས་ལ་གང་མགྱོགས་མགྱོགས་འབྱོར་འདོད་ཡོད་པ་གཅིག་པ་ཡིན་པ་ཧ་གོ་གི་རེད། བྱས་ཙང་། སྣུམ་འཁོར་གཏོང་བ་དེ་མགྱོགས་ཚད་བསྡུར་བ་འདྲ་པོ་བྱེད་ན་དོན་དག་མེད་པ་དང་བྱབ་ཆུང་གི་རང་བཞིན་ཞིག་ཡིན་པ་ཤེས་ཀྱི་རེད།

ནང་པ་སངས་རྒྱས་པས་གནོད་བྱེད་མི་དགེ་བའི་སྤྱོད་ལམ་ནི། གོམས་གཤིས་ངན་པ་དང་། ཉོན་མོངས་ཀྱི་ཤུགས་རྐྱེན་འོག་ནས་ངང་ངམ་ཤུགས་ཀྱིས་བྱ་བ་བྱེད་ཀྱི་ཡོད་པ་ལ་འགྲེལ་བཤད་རྒྱག་གི་ཡོད། ང་ཚོས་བྱ་བ་གང་ཞིག་གནོད་གཞི་ཅན་ཡིན་པ་དང་ཕན་ཐོགས་ཅན་ཡིན་པའི་ཐད་ཡང་དག་པའི་རྣམ་པར་འབྱེད་ཀྱི་མེད། དེ་གང་ཡིན་ཞེ་ན། ང་ཚོས་ཡག་ཤོས་གང་ཡིན་ཤེས་ཀྱི་མེད་པའམ། ཡང་ན་ང་ཚོས་ཤེས་ཀྱང་རང་ཚོད་རྩ་ནས་ཟིན་མི་ཐུབ་པའི་རྒྱུ་མཚན་གྱིས་རེད། ཉོན་མོངས་གཙོ་བོ་རྣམས་ནི། འདོད་རྔམས་དང་། ཁོང་ཁྲོ། དེའི་སྒང་ལ་དཀའ་ངལ་བཟོ་མཁན་གྱི་སེམས་ཚོར་དབང་གིས་ལུས་ཀྱི་སྒོ་ནས་བྱ་བ་བྱེད་པ་དང་། ངག་གི་སྒོ་ནས་སྐད་ཆ་བཤད་པ། ཡིད་ཀྱི་སྒོ་ནས་བསམ་བློ་གཏོང་བ་བཅས་ཀྱི་མཇུག་འབྲས་ལ་རྨོངས་པའི་གཏི་མུག་དེ་ཡིན། འདིའི་སྟེང་དེང་སང་ང་ཚོ་མི་ཚང་མར་སོ་སོར་རང་མཐོང་དེ་ཙམ་མེད་པས། རང་གི་སྤྱོད་ལམ་སྟོན་སྟངས་ལ་དོ་འཁུར་མི་བྱེད་པ་ཡིན། ང་ཚོ་ལ་ “ག་རེ་ཡིན་ནའང་ཡིན་” བསམ་པའི་བློའི་འཁེར་ཕྱོགས་ཤིག་ཡོད་པ་སོང་ཙང། སོ་སོའི་དུག་ལོག་གྱོན་སྟངས་དང་། རང་གི་སྐྲའི་བཟོ་དབྱིབས། ཉེ་འཁོར་གྱི་གྲོགས་པོ་སུ་ཡིན་སོགས་ཕྱི་ཚུལ་གྱི་གནས་སྟངས་ཁ་ཤས་མ་གཏོགས་གཞན་གང་ལའང་གལ་གནད་མེད་པར་ཚོར་གྱི་ཡོད། ང་ཚོས་རང་གི་སྤྱོད་ལམ་གྱིས་རང་གི་མི་རབས་ཚང་མ་དང་། ཕོ་མོའི་དབྱེ་བ། རིགས་རུས། རྒྱལ་ཁབ། ཆོས་ལུགས་སོགས་སོ་སོ་གང་གི་ཁོངས་སུ་གཏོགས་པའི་སྤྱི་ཚོགས་དེར་གནོན་ཤུགས་ཇི་ལྟར་སྤྲོད་ཀྱི་ཡོད་པ་ལ་དོ་འཁུར་བྱེད་ཀྱི་མེད་པ་གསལ་པོ་རེད། མདོར་ན་ང་ཚོར་རང་གིས་རང་ལ་ཆེ་མཐོང་དང་གུས་བརྩི་མེད་པ་རེད།

སྲོལ་རྒྱུན་གྱི་གནོད་བྱེད་མི་དགེ་བའི་ལས་བཅུའི་རེའུ་མིག།

ལུས་ངག་ཡིད་གསུམ་གྱི་གནོད་བྱེད་མི་དགེ་བའི་ལས་མང་པོ་ཡོད་ཀྱང་། ནང་ཆོས་ནང་གནོད་ཚབས་ཆེ་ཤོས་ཀྱི་མི་དགེ་བའི་ལས་བཅུ་གཏན་འབེབས་བྱེད་ཀྱི་ཡོད། བཅུ་པོ་དེ་དག་གནོད་གཞི་ཅན་ཡིན་པའི་རྒྱུ་མཚན་ནི། དེ་དག་ཧ་ལམ་རྟག་ཏུ་ཉོན་མོངས་པ་དང་། ངོ་ཚ་མེད་པ། ཁྲེལ་མེད་པ། བྱམས་སྐྱོང་མེད་པ་ལས་ཡོང་གི་ཡོད། དེ་དག་ནི་རྩ་བ་བརྟན་ཚུགས་པའི་གོམས་གཤིས་ངན་པ་དག་ལས་བྱུང་བ་ཞིག་ཡིན་པ་དང་། དེའི་འབྲས་བུར་ང་ཚོའི་བག་ཆགས་ངན་པ་རྣམས་ལ་ཤུགས་སྣོན་བྱེད་ཀྱི་ཡོད། དེ་ཡང་ཕུགས་རྒྱང་པོའི་ནང་ལ་ང་ཚོའི་གནོད་བྱེད་ཀྱི་མི་དགེ་བའི་སྤྱོད་ལམ་གྱི་འབྲས་བུ་དེ་མུ་མཐུད་ནས་སོ་སོ་ལ་དཀའ་ངལ་བཟོས་ནས་མི་ཚེ་སྐྱིད་པོ་མེད་པ་ཞིག་ཡོང་གི་ཡོད།

གནོད་བྱེད་མི་དགེ་བ་ཡིན་པའི་ལུས་ཀྱི་སྤྱོད་ལམ་གསུམ་ནི།

  • གཞན་གྱི་སྲོག་འཕྲོག་པ་ སྲོག་གཅོད། དེ་ཡང་ང་ཚོ་འགོ་མི་ནས་བཟུང་སྟེ་འོག་འབུ་སྲིན་ཕྲ་མོ་ཡན་ཆད་ཀྱི་སྲོག་གཅོད་པ་དེ་ཡིན། དེའི་འབྲས་བུ་ནི། ང་ཚོ་སྣང་བར་མི་འགྲོ་བ་ཞིག་བྱུང་ན། དེ་ལ་བཟོད་སྒོམ་མེད་པ་དང། ང་ཚོའི་མི་དགའ་སའམ་ཡིད་ལ་མི་འཐད་པའི་ཆོས་གང་འདྲ་ཞིག་ལ་དེ་མ་ཐག་གི་ཡ་ལན་ནི། འཐབ་རྒོལ་བྱེད་པ་དང་རྩ་མེད་གཏོང་རྒྱུ་དེ་ཡིན། དེ་འདྲའི་སྤྱོད་ལམ་ལ་བརྟེན་ནས་ང་ཚོ་ཡང་སེ་འཁྲུག་རྩོད་བྱེད་ཀྱི་ཡོད།
  • ང་ཚོ་ལ་གང་མ་བྱིན་པའི་དངོས་པོ་ལེན་པ་ ༼མ་བྱིན་པར་ལེན་པ།༽ འདི་ནི་རྐུ་མ་རྒྱབ་པ་ལ་ཟེར་ཞིང་། གཡར་ཚར་བའི་དངོས་པོ་ཞིག་ཕྱིར་མི་སློག་པ་དང་། གཞན་གྱི་ཅ་དངོས་ཆོག་མཆན་མེད་པར་བེད་སྤྱོད་གཏོང་བ་སོགས་ལ་ཟེར། དེ་ལྟར་བྱས་པའི་འབྲས་བུ་ནི། སོ་སོ་ལ་ཅ་ལག་དགོས་དུས་གཞན་གྱིས་མི་གཡར་བ་དང་། མི་གཞན་དང་མཉམ་དུ་ཡོད་པའི་འབྲེལ་བ་དེ་ཡང་ཕན་ཚུན་བཤུ་གཞོག་གཉའ་གནོན་ལ་གཙོ་བོ་གཞིར་བྱས་པ་ཞིག་ཆགས་ནས་ང་ཚོ་ག་དུས་ཡིན་ནའང་ཐབས་སྐྱོ་པོ་དང་གནོད་འཚེའི་ཡུལ་དུ་སྒྱུར་གྱི་ཡོད།
  •  ཚུལ་མཐུན་མ་ཡིན་པའི་འཁྲིག་སྤྱོད་ལ་འཇུག་པ། ༼ལོག་གཡེམ།༽ དེ་ནི་བཙན་གཡེམ་དང། ལོག་གཡེམ། སྤུན་ཉེ་ནང་འབྲེལ་གྱི་ལོག་གཡེམ་སོགས་ལ་གོ་བ་ཡིན། དེ་ལྟར་བྱས་པའི་འབྲས་བུ་ནི། ང་ཚོ་འཁྲིག་སྦྱོར་གྱི་འབྲེལ་བ་ནི་མང་ཆེ་བ་དུས་ཡུན་ཐུང་ངུ་ཞིག་ལས་མི་གནས་ཤིང་། ང་ཚོ་གཞི་རྩའི་དངོས་པོ་གང་ཞིག་གཞི་རྩ་ནས་མི་གཙང་བའི་རང་བཞིན་ཡིན་པ་ལ་ཡིད་འཕྲོག་གི་ཡོད་པ་སོང་ཙང་། རང་དང་རང་ཉིད་ཡང་སེ་འཁྲིག་པ་སྤྱོད་ཡུལ་གཉིས་ཀ་ཕན་ཚུན་དམའ་འབེབས་གཏོང་རེས་བྱས་ནས་བརྩི་མཐོང་མེད་པ་ཆགས་ཀྱི་ཡོད།  

གནོད་བྱེད་མི་དགེ་བ་ཡིན་པའི་ངག་གི་སྤྱོད་ལམ་བཞི་ཡོད་པ་ནི།

  • རྫུན་བཤད་པ། དེ་ཡང་ཤེས་བཞིན་དུ་བདེན་པ་མ་ཡིན་པ་བཤད་པ་དང་གཞན་བསླུ་འཁྲིད་བྱེད་པ་སོགས་ཡིན། དེ་ལྟར་བྱས་པའི་འབྲས་བུ་ནི། མི་སུ་གཅིག་གིས་ང་ཚོས་བཤད་པའི་སྐད་ཆ་ལ་ཡིད་ཆེས་མི་བྱེད་པ་དང་། ང་ཚོས་ཀྱང་གཞན་གྱིས་བཤད་པའི་སྐད་ཆ་ལ་ཡིད་མི་ཆེས་པ་ཆགས་ཀྱི་ཡོད། དེ་བཞིན་ང་ཚོས་བདེན་པ་ ༼སྤྲོས་བྲལ་༽ གང་ཡིན་པ་དང་བདེན་པ་མ་ཡིན་པ་ ༼སྤྲོས་པ་༽ གང་ཡིན་པའི་དབར་གྱི་ཁྱད་པར་ཤོད་མི་ཐུབ་པ་ཡིན།
  • ཕྲ་མ་བཤད་པ། དེ་ཡང་མི་གཞན་གྱི་སྐོར་ལ་སྐད་ཆ་སྡུག་ཅག་བཤད་ནས་ཕན་ཚུན་ཁ་བྲལ་བྱེད་ཀྱི་རྒྱུ་བྱེད་པ་དང་། ཡང་མིན་ན་གཞན་གྱི་གཏིང་ནད་དང་མཐུན་འདྲིས་མེད་པ་དེ་སྡུག་ཏུ་གཏོང་བ་ལ་ཟེར། དེ་འདྲ་བྱས་པའི་འབྲས་བུ་ནི། སོ་སོའི་གྲོགས་འདྲིས་དེ་རྒྱུན་རིང་པོར་མི་གནས་པ་ཡིན། དེའི་རྒྱུ་མཚན་ནི་ང་ཚོའི་གྲོགས་པོས་ཀྱང་ཁོ་ཚོའི་རྒྱབ་ལ་སྐད་ཆ་སྡུག་ཅག་ལབ་ཀྱི་མེད་འགྲོ་བསམས་ནས་དྭོགས་པ་ཟ་གི་ཡོད། དེ་ལ་བརྟེན་ནས་ང་ཚོར་སེམས་ཐག་ཉེ་བའི་གྲོགས་པོ་མེད་པ་དང་རང་ཉིད་ལོགས་སུ་གཅིག་པུར་ལུས་ཡོད་པའི་ཚོར་སྣང་ཡོང་གི་ཡོད།
  • ཚིག་རྩུབ་བཤད་པ། དེ་ཡང་མི་གཞན་གྱི་ཚོར་བ་ལ་གནོད་པའི་ཚིག་གནག་པོ་དེ་འདྲ་བཤད་པ་དེ་ཡིན་ཅིང་། དེའི་འབྲས་བུ་ནི། མི་རྣམས་རང་ལ་མི་དགའ་བ་དང་ཐུག་དུས་གཡོལ་ཐབས་བྱེད་ཀྱི་རེད། ཁོ་ཚོ་ང་ཚོ་མཉམ་དུ་ཡོད་ནའང་ལྷོད་ལྷོད་བྱེད་མི་ཐུབ་པར། རང་ལ་རྒྱབ་བཤད་བྱས་ནས་ཡང་སེ་ཚིག་ངན་བཤད་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོ་ད་དུང་ལོགས་སུ་འབྱེད་པ་དང་གཅིག་པུར་ལུས་ཀྱི་ཡོད།
  • དོན་མེད་ཀྱི་སྐད་ཆ་བཤད་པའམ་ངག་འཁྱལ། དེ་ཡང་ཆོ་མེད་པ་དང་དོན་མེད་པའི་སྐད་ཆ་བཤད་ནས་རང་གཞན་གཉིས་ཀའི་དུས་ཚོད་འཕྲོ་བརླག་གཏོང་བའམ། མི་གཞན་དག་གིས་བྱ་བ་བཟང་པོ་ཞིག་བྱེད་པའི་སྐབས་སུ་དེ་ལ་འགོག་རྐྱེན་བྱེད་བ་དེ་ཡིན། དེའི་འབྲས་བུ་ནི། རང་གི་སྐད་ཆར་སུ་གཅིག་གིས་ཀྱང་དོ་གལ་དུ་མི་བརྩི་བ་དང། ང་ཚོས་ག་དུས་ཡིན་ནའང་སྐར་མ་ཁ་ཤས་ནང་ལག་ཐོགས་ཀྱི་འཕྲུལ་ཆས་རིགས་ལ་སྔོག་བཤེར་མ་བྱས་པར་ལས་དོན་གང་འདྲ་ཞིག་ཡིན་རུང་དེ་མུ་མཐུད་རྒྱུན་སྐྱོང་མི་ཐུབ་པ་སོགས་དོན་དག་ཡོད་པའི་ལས་ཀ་གཅིག་ཀྱང་སྒྲུབ་མི་ཐུབ།

གནོད་བྱེད་མི་དགེ་བ་ཡིན་པའི་ཡིད་ཀྱི་སྤྱོད་ལམ་གསུམ་ཡོད་པ་ནི།

  • རྣབ་སེམས། དེ་ཡང་ཕྲག་དོག་དང་མིག་སེར་དབང་གིས་གཞན་ལ་ཡོད་པའི་རྒྱུ་ནོར་དང་ཡོན་ཏན་སོགས་ལ་ཆགས་པའི་སེམས་ཀྱིས་དེ་དག་རང་ལ་འཐོབ་ཐབས་ཀྱི་འཆར་གཞི་གཏིང་བའམ། ཡང་ན་དེ་དག་ཟིལ་གྱིས་གནོན་པའི་སྒོ་ནས་རང་ཉིད་གྲུབ་འབྲས་ལྡན་པ་ཆགས་འདོད་ཀྱི་བསམ་བློ་དེ་ལ་ཟེར། དེའི་འབྲས་བུ་ནི། ང་ཚོ་ལ་དུས་ནམ་ཡང་སེམས་ལ་ཞི་བདེ་དང་བདེ་སྐྱིད་ཀྱི་ཚོར་བ་ཞིག་མི་ཡོང་བ་ཡིན། གང་ཡིན་ཞེ་ན། ང་ཚོ་ག་དུས་ཡིན་ནའང་མི་དགེ་བའི་བསམ་བློས་གཞན་གྱི་གྲུབ་འབྲས་དང་ལམ་ལྷོང་ལ་རྣབ་སེམས་སྐྱེ་བའི་རྒྱུ་བྱེད་ཀྱི་ཡོད།
  • གནོད་སེམས། དེ་ཡང་གཞན་ལ་ཇི་ལྟར་གནོད་པ་སྐྱེལ་རྒྱུའི་བསམ་བློ་གཏོང་བ་དང་ངན་བྱུས་འདིངས་པའམ། ཡང་ན་རང་ལ་གནོད་པ་བསྐྱལ་བ་དང་ཚིག་ངན་བཤད་པ་དེ་ལ་ཡ་ལན་ག་འདྲ་སྤྲོད་དགོས་བསམ་པ་དེ་ཡིན། དེའི་འབྲས་བུ་ནི། གཞན་གྱིས་ཀྱང་རང་ལ་དམིགས་ནས་ངན་བྱུས་འདིང་གི་མེད་འགྲོ་བསམས་ནས་ང་ཚོ་ག་དུས་ཡིན་ནའང་སེམས་འཆོལ་བ་དང་ཞེད་སྣང་སྐྱེས་ནས་སྡོད་པས། ང་ཚོ་ལ་ནམ་ཡང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་ཀྱི་ཚོར་བ་ཞིག་ཡོང་ཐབས་མེད།
  • ལོག་པར་ལྟ་བ། དེ་ཡང་བདེན་པ་དང་ཡང་དག་པ་གང་ཡིན་པ་དང་འགལ་བའི་ཆོས་ལ་མཁྲེགས་བཟུང་གི་སྒོ་ནས་བསམ་བློ་གཏོང་བ་ཙམ་དུ་མ་ཟད། སོ་སོའི་སེམས་ནང་རང་དང་འདོད་པ་མ་མཐུན་པའི་མི་ལ་རྩོད་པ་བྱེད་པ་དང་། ཁོ་ཚོ་ལ་དྲག་ཤུལ་གྱི་སྤྱོད་པའི་སྒོ་ནས་འགོག་ཐབས་བྱེད་པ་ལ་ཟེར། དེའི་འབྲས་བུ་ནི། ང་ཚོ་སྔར་ལས་ལྷག་པར་སེམས་སྦུབས་སུག་དོག་པོར་གྱུར་བ་དང་། གཞན་གྱི་རོགས་རམ་དང་། བསམ་ཚུལ། བསླབ་བྱ་ལམ་སྟོན་གང་ལའང་རྩ་བ་ནས་གོ་ཤེས་དང་ངོས་ལེན་མི་བྱེད་མཁན་ཞིག་ཆགས་པ་དང་ཆབས་ཅིག་གཞན་ལ་བློ་ཁ་མི་གཏོད་པ་དང་། རྟག་ཏུ་སོ་སོ་རང་གི་དོན་དུ་བསམས་ནས་སོ་སོ་འགྲིག་པ་དང་གཞན་ནོར་བའི་བསམ་ཚུལ་འཁྱེར་ཞིང་། ག་དུས་ཡིན་ནའང་རྨོངས་པ་དང་གླེན་པ་རང་གི་ནང་གནས་ཀྱི་ཡོད།

ང་རང་ཚོ་སྒེར་སོ་སོའི་ཆོས་ལུགས་དང་དད་པ་ཡིད་ཆེས་ཀྱི་རྒྱབ་ལྗོངས་མི་འདྲ་བ་ག་འདྲ་ཞིག་ནས་ཡིན་ནའང་། གནོད་བྱེད་མི་དགེ་བའི་ལས་བཅུ་པོ་སྤོང་རྒྱུ་ནི་མི་སུ་འདྲ་ཞིག་ཡིན་ནའང་རང་ཉིད་མི་ཚེ་སྐྱིད་པོ་ཞིག་སྐྱེལ་འདོད་ཡོད་པ་ལ་འོས་ཤིང་འཚམས་པ་ཞིག་ཡོད།

གནོད་བྱེད་མི་དགེ་བའི་སྤྱོད་ལམ་རྒྱ་ཆེ་ས་ནས་སྡེ་ཚན་བཅུར་དབྱེ་བ།

གནོད་བྱེད་མི་དགེ་བ་བཅུ་ཡིས་ང་ཚོས་སྤོང་དགོས་པའི་སྤྱོད་ལམ་ཀྱི་རིགས་རྒྱ་ཆེ་བ་བཅུ་སྟོན་གྱི་ཡོད། ང་ཚོས་སྤྱོད་ལམ་དང་དེ་དག་གི་མཇུག་འབྲས་སྐོར་ལ་རྒྱ་གང་ཆེ་ནས་བསམ་བློ་གཏོང་དགོས་ཀྱི་ཡོད། འདིར་བསམ་བློ་གཏོང་དགོས་པའི་དཔེ་མཚོན་ཁ་ཤས་འགོད་རྒྱུ་ཡིན། འོན་ཀྱང་ང་རང་ཚོ་ཚང་མས་ཐོ་གཞུང་རེའུ་མིག་འདིའི་སྒང་ལ་དེ་ལས་ཞིབ་ཚགས་པའི་དཔེ་མཚོན་འགོད་ཐུབ་ངེས་རེད།

  • གཞན་གྱིས་སྲོག་འཕྲོག་པ། ༼སྲོག་གཅོད་པ།༽ སྲོག་གཅོད་ཀྱི་མི་དགེ་བ་འདི་རྒྱ་ཆེ་ས་ནས་སྡེ་ཚན་ཕྱེ་ན། མི་གཞན་ལ་རྡུང་རྡེག་གཏོང་བའམ་སྤྱོད་པ་རྩུབ་པོ་བྱེད་པ། ཤུགས་ལས་བྱེད་རོགས་དགོས་པའི་མི་ཞིག་ལ་སྣང་མེད་གཏོང་བ། མི་རྒན་གོག་གམ་ནད་པ་མཉམ་དུ་འགྲོ་བའི་སྐབས་སུ་ཧ་ཅང་མགྱོགས་པོ་འགྲོ་བ། མི་གཞན་ལ་ལུས་ཀྱི་སྒོ་ནས་གནོད་པའི་རིགས་བྱེད་པ་སྟེ། ཁོར་ཡུག་བཙོག་པ་བཟོ་བ་དང་། གནས་མ་ཡིན་པ་དང་ཐ་མག་མི་འཐེན་མཁན་གྱི་ཉེ་འགྲམ་དུ་ཐ་མག་འཐེན་པ། དམིགས་བསལ་གྱི་ཕྲུ་གུའི་མདུན་ལ་ཐ་མག་འཐེན་པ་སོགས་སྲོག་གཅོད་ཀྱི་ཁོངས་སུ་གཏོགས་པ་ཡིན།
  • གང་མ་བྱིན་པའི་དངོས་པོ་ལེན་པ། མ་བྱིན་པར་ལེན་པ་ལ་རྒྱ་ཆེ་ས་ནས་སྡེ་ཚན་ཕྱེ་ན། དེང་སང་དྲ་རྒྱ་ནས་ཁྲིམས་མཐུན་མ་ཡིན་པའི་དངོས་རྒྱུ་ཕབ་ལེན་བྱེད་པ་དང་། ཆོག་མཆན་མེད་པར་དཔེ་ཟོབ་བྱེད་པ། གཞན་ལ་མགོ་བསྐོར་གཏོང་བ། དཔྱ་ཁྲལ་སྤྲོད་པ་ལས་གཡོལ་ཐབས་བྱེད་པ། མི་སྒེར་གྱི་མི་ཚེའི་ནང་ཐེ་བྱུས་དང་ཧམ་འཛུལ་བྱེད་པ། དེར་མ་ཟད། སྐད་ཆ་མ་དྲིས་པར་རང་གི་རོགས་པའམ་གྲོགས་པོའི་སྡེར་མ་ནས་ཟས་ཀྱི་བྲོ་བ་ལེན་པ་སོགས་ཀྱང་སྒྲ་ཡངས་པའི་དབང་དུ་བྱས་ན་མ་བྱིན་པར་ལེན་པའི་ཁོངས་སུ་གཏོགས་པ་ཡིན། 
  • ཚུལ་མཐུན་མ་ཡིན་པའི་འཁྲིག་སྤྱོད་ཀྱི་བྱ་བ་ལ་འཇུག་པ། ༼ལོག་གཡེམ།༽ ལོག་གཡེམ་ལ་རྒྱ་ཆེ་ས་ནས་སྡེ་ཚན་ཕྱེ་ན། གཞན་ལ་འཁྲིག་སྤྱོད་ཀྱི་བཤུ་གཞོག་གཏོང་བ་དང་། འཁྲིག་སྤྱོད་ཀྱི་བྱ་བ་ལ་འཇུག་པའི་སྐབས་རང་གི་རོགས་པའི་དགོས་འདུན་ལ་སྣང་མེད་གཏོང་བ། དེ་བཞིན་བརྩེ་བ་ཧ་ཅང་མང་དྲགས་པའམ། ཡང་ན་བརྩེ་བ་ཧ་ཅང་ཉུང་དྲགས་པ་སྤྲོད་པ་སོགས་ནི་ལོག་གཡེམ་གྱི་མི་དགེ་བའི་ཁོངས་སུ་གཏོགས་པ་ཡིན།
  • རྫུན་བཤད་པ། རྫུན་བཤད་པ་ལ་རྒྱ་ཆེ་ས་ནས་སྡེ་ཚན་ཕྱེ་ན། གཞན་དང་འབྲེལ་བ་བྱེད་པའི་སྐབས་སུ་རང་གི་ཚོར་བའམ་ཀུན་སློང་དང་འབྲེལ་བའི་ཐོག་མགོ་བསྐོར་བསླུ་བྲིད་བྱེད་པ་སོགས་རྫུན་གྱི་ཁོངས་སུ་གཏོགས་པ་ཡིན།
  • ཕྲ་མ་བཤད་པ། བཟང་ཕྱོགས་སམ་ཀུན་སྤྱོད་བཏང་སྙོམས་ཀྱི་སྒོ་ནས་སྐྱོན་བརྗོད་དང་བཅས་མི་ཞིག་སྔོན་ཚུད་ནས་ལས་ཀ་བྱས་པའམ། ཡང་ན་བྱེད་འཆར་ཡོད་པ་ལ་སེམས་ཤུགས་གཅོག་པ་ནི་ཕྲ་མའི་ཁོངས་སུ་གཏོགས་པ་ཡིན།
  • ཚིག་རྩུབ་བཤད་པ། ཚིག་རྩུབ་ལ་རྒྱ་ཆེ་ས་ནས་སྡེ་ཚན་ཕྱེ་ན། མི་ལ་སྐད་ལོག་རྒྱག་པ་དང། དྲག་ཤུལ་གྱི་ངར་དང་བཅས་སྐད་ཆ་ཤོད་པ། མི་གཞན་དག་ཉམ་ཆག་དང་ཐབས་སྡུག་པོ་ཡོད་པའི་སྐབས་སུ་ཤ་ཚ་སྙིང་རྗེ་མེད་པར་ཉེན་ཚབས་ཆེན་པོའི་སྒོ་ནས་སྐད་ཆ་ཤོད་པ། དུས་མ་ཡིན་པའམ། ཡང་ན་འོས་ཤིང་མི་འཚམས་པའི་གྲོགས་པོ་ལ་སྐད་ཆ་བཙོག་པ་དང་ཟུར་ཟའི་ཚིག་བེད་སྤྱོད་བྱེད་པ་སོགས་ནི་ཚིག་རྩུབ་ཀྱི་ཁོངས་སུ་གཏོགས་པ་ཡིན།
  • དོན་མེད་ཀྱི་སྐད་ཆ་བཤད་པ། ༼ངག་འཁྱལ།༽ ངག་འཁྱལ་ལ་རྒྱ་ཆེ་ས་ནས་སྡེ་ཚན་ཕྱེ་ན། གཞན་གྱི་གདེང་ཚོད་དང་ཡིད་ཆེས་ལ་མགོ་སྐོར་བཏང་ནས་དེ་དག་གི་གསང་རྒྱ་རྟོལ་བ་དང། མི་གཞན་ལ་དོན་དག་ཆུང་ཙག་རིགས་དང་འབྲེལ་བའི་འཕྲིན་ཡིག་དང་གློག་ཡིག་བསྐུར་བ། དེ་ཡང་དམིགས་བསལ་མཚན་དཀྱིལ་ལ་དེ་ལྟར་བྱེད་པ། སྤྱི་ཚོགས་བརྒྱུད་ལམ་ཁག་གི་ནང་མི་ཚེ་ནང་གི་དོན་གནད་ཚུང་ཙག་རིགས་དང་འབྲེལ་བའི་འདྲ་པར་ཁྱབ་སྤེལ་དང་མཆན་འགོད་བྱེད་པ། མི་གཞན་གྱིས་ག་རེ་བཤད་པ་དེ་མ་ཚར་གོང་ནས་འགོག་རྐྱེན་བྱེད་པ། དོ་གལ་ཆེ་བའི་བགྲོ་གླེང་བྱེད་པའི་སྐབས་སུ་དོན་མེད་དང་ཆོ་མེད་པའི་བཤད་པ་རྒྱག་པ་སོགས་ནི་ངག་འཁྱལ་གྱི་ཁོངས་སུ་གཏོགས་པ་ཡིན།
  • རྣབ་སེམས། རྣབ་སེམས་ལ་རྒྱ་ཆེ་ས་ནས་སྡེ་ཚན་ཕྱེ་ན། མི་གཞན་དང་མཉམ་དུ་ཟ་ཁང་ནང་ཁ་ལག་བཟའ་བའི་སྐབས་ཁོ་ཚོས་མངགས་པའི་ཁ་ལག་གི་བྲོ་བ་མྱོང་འདོད་དང་། དེ་དག་ལས་ཁ་གང་དང་ཧུབ་གཅིག་སྟེར་ན་བསམ་པའི་རེ་འདོད་དང་། ད་དུང་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་མི་གཞན་གྱིས་སྐྱིད་པོ་བཏང་བའི་སྐོར་ལ་པར་དང་མཆན་སོགས་བཀོད་པ་མཐོང་སྐབས་སོ་སོ་ལ་གོ་སྐབས་དེ་འདྲ་མི་འདུག་བསམས་ནས་བློ་ཕམ་བྱེད་པ་དང་། ཕྲག་དོག་གི་སྒོ་ནས་རང་ཡང་མི་དེ་དག་ནང་བཞིན་སྐད་གྲགས་ཆེན་པོ་དང་སྐྱིད་པོ་གཏོང་རྒྱུ་བྱུང་ན་བསམ་པའི་རེ་འདོད་སོགས་ཀྱང་རྣབ་སེམས་ཀྱི་ཁོངས་སུ་གཏོགས་པ་ཡིན།
  • གནོད་སེམས། གནོད་སེམས་ཀྱི་མི་དགེ་བ་ལ་རྒྱ་ཆེ་ས་ནས་སྡེ་ཚན་ཕྱེ་ན། མི་ཞིག་གིས་རང་ལ་ཚིག་ངན་དང་ཚིག་རྩུབ་ཀྱི་སྒོ་ནས་གནག་པོ་ཞིག་ལབ་པའི་སྐབས་དེར་བཤད་ཡག་གཅིག་ཀྱང་མ་རག་ཀྱང་། ཕྱིས་སུ་མི་དེ་ལ་གནོད་པའི་ལན་ག་རེ་རྒྱག་དགོས་པའི་ཐད་བསམ་བློ་གཏོང་བ་ལྟ་བུ་ཡང་གནོད་སེམས་ཀྱི་ཁོངས་སུ་གཏོགས་པ་ཡིན།
  • ལོག་པའི་ལྟབ། ལོག་ལྟ་ལ་རྒྱ་ཆེ་ས་ནས་སྡེ་ཚན་ཕྱེ་ན། བསམ་བློ་ངན་པ་གཏོང་བ་དང་། ང་རང་ཚོས་བྱེད་ཐུབ་ས་རེད་བསམ་པའི་ལས་ཀ་ཞིག་ལ་མི་ཞིག་གིས་རོགས་པ་བྱེད་པའམ་བྱེད་འདོད་བྱས་ན། དེའི་སྐོར་ལ་ཞེ་སྡང་གི་བསམ་བློ་སྡུག་ཅག་འཁོར་བ་དང། ད་དུང་ང་ཚོས་གཞན་ལ་མི་གནོད་པའི་ལས་ལ་དེ་ཙམ་གལ་གནད་དུ་མི་བརྩི་བ་དང་དོ་སྣང་མེད་པའི་སྐབས་སུ་མི་གཞན་ཞིག་གིས་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་ན། མི་དེ་ག་འདྲའི་གླེན་པ་ཞིག་འདུག་བསམ་པ་ལྟ་བུའང་ལོག་ལྟའི་ཁོངས་སུ་གཏོགས་པ་ཡིན།

རང་གིས་རང་ལ་གནོད་བྱེད་མི་དགེ་བའི་ལས་བྱེད་པ།  

ང་ཚོས་མི་དགེ་བའི་སྤྱོད་ལམ་རྣམས་ག་ཚོད་ཀྱི་གཞན་ལ་དམིགས་ནས་བྱེད་པ་དེ་ཚོད་ཀྱིས་རང་ལ་ཡང་གནོད་སྐྱོན་ཅན་ཞིག་ཆགས་ཀྱི་ཡོད། མི་ཚེ་སྐྱིད་པོ་ཞིག་སྐྱེལ་བ་ལ་ངན་ཕྱོགས་མི་དགེ་བའི་ལས་ལམ་འདི་དག་ཧ་གོ་བ་བྱས་ནས་བསྒྱུར་བཅོས་གཏོང་ཡག་གི་འབད་བརྩོན་བྱེད་དགོས། འདིར་སླར་ཡང་གནོད་བྱེད་མི་དགེ་བའི་ལས་བཅུས་སྤྱོད་ལམ་གྱི་རིགས་གང་ཞིག་ང་ཚོས་མཚམས་འཇོག་བྱེད་དགོས་པའི་སྐོར་ལ་བཤད་ཀྱི་ཡོད་པ་ནི།

  • གཞན་གྱི་སྲོག་འཕྲོག་པ། ༼སྲོག་གཅོད།༽ ཅེས་རང་གིས་རང་ལ་བདག་གཅེས་ཡག་པོ་མ་བྱས་པར། ཚད་ལས་བརྒལ་བའི་ལས་ཀ་བྱེད་པ་དང། ཟས་ཡག་པོ་མི་བཟའ་བ། ལུས་རྩལ་མི་རྩེ་བ། གཉིད་འདང་ངེས་བཞིན་པ་མ་རག་པ་སོགས་ནི་རང་གིས་རང་ལ་སྲོག་གཅོད་པ་ལྟ་བུ་མི་དགེ་བའི་ལས་ཡིན།
  • གང་མ་བྱིན་པའི་དངོས་པོ་ལེན་པ། ༼མ་བྱིན་པར་ལེན་པ།༽ ཞེས་གནད་འགག་མེད་པའི་ཅ་དངོས་ཆུང་ཙག་རིགས་ཉོས་ནས་དངུལ་འཕྲོ་བརླག་གཏོང་བའམ། ཡང་མིན་ན་འགྲོ་སོང་གཏོང་དགོས་ས་ལ་གཏོང་ཐུབ་ཀྱི་ཡོད་ཀྱང་མ་བཏང་བར་སེར་སྣ་བྱེད་པ་སོགས་ནི་རང་གིས་རང་ལ་མ་བྱིན་པར་ལེན་པ་རེད།
  • ཚུལ་མཐུན་མ་ཡིན་པའི་འཁྲིག་སྤྱོད་ཀྱི་བྱ་བ་ལ་འཇུག་པ། ༼ལོག་གཡེམ།༽ ཞེས་འཁྲིག་པའི་ལས་ལ་འཇུག་པ་དེས་སོ་སོའི་འཕྲོད་བསྟེན་ལ་ཉེན་ཁ་དང་གནོད་འཚེ་བཟོ་སྲིད་པ་དང་། འཆལ་སྤྱོད་ཀྱི་འཁྲིག་སྦྱོར་ལ་བསྟེན་པས་རང་གི་སེམས་འབགས་བཙོག་ཤོར་བ་སོགས་ནི་རང་གིས་རང་ལ་ལོག་གཡེམ་བྱེད་པ་ལྟ་བུ་རེད།
  • རྫུན་བཤད་པ། ཞེས་རང་གི་མྱོང་ཚོར་དང་ཀུན་སློང་ལ་མགོ་སྐོར་བསླུ་བྲིད་བྱེད་པ་སོགས་ནི་རང་གིས་རང་ལ་རྫུན་བཤད་པ་ལྟ་བུ་རེད།
  • ཕྲ་མ་བཤད་པ། ཞེས་ག་དུས་ཡིན་ནའང་ཤིན་ཏུ་ནང་འགལ་གྱི་རྙོག་དྲའི་རིགས་རྐྱང་རྐྱང་ལྟ་བུ་བཤད་ནས་མི་གཞན་དག་རང་དང་མཉམ་དུ་འགྲོ་འདུག་བྱེད་འདོད་མེད་པ་སོགས་ནི་རང་གིས་རང་ལ་ཕྲ་མ་བྱེད་པ་ལྟ་བུ་རེད།
  • ཚིག་རྩུབ་བཤད་པ། ཞེས་རང་གིས་རང་ལ་ཚིག་ངན་གྱི་ཁ་རྡུང་གཏོང་བ་ལྟ་བུ་རེད། 
  • ངག་འཁྱལ། ཞེས་རང་མི་སྒེར་གྱི་གསང་བའི་གནས་ཚུལ་དང་། དྭོགས་པ། སེམས་ཁྲེལ་སོགས་ཀྱི་ཐད་དབྱེ་འབྱེད་མེད་པར་གང་བྱུང་མང་བྱུང་བཤད་པ་དང་། ཡང་ན་སྤྱི་ཚོགས་བརྒྱུད་ལམ་ཁག་ལ་བལྟ་གཤེར་བྱེད་པ་དང་། ཆོ་མེད་པའི་བརྙན་འཕྲིན་རྩེད་མོ་རྩེ་བ། དེ་བཞིན་དྲ་རྒྱ་སྔོག་བཤེར་སོགས་ལ་ཆུ་ཚོད་ཧ་ཅང་མང་པོ་འཕྲོ་བརླག་གཏོང་བ་ནི་རང་གིས་རང་ལ་ངག་འཁྱལ་བཤད་པ་ལྟ་བུ་རེད།
  • རྣབ་སེམས། ཞེས་རང་ཉིད་སྐྱོན་མེད་པ་དང་ཡང་དག་པའི་མི་ཞིག་བྱེད་འདོད་ཡོད་པ་སོང་ཙང་། རང་གིས་རང་ལ་ཇི་ལྟར་ཟིལ་གྱིས་གནོན་དགོས་པའི་ཐད་ལ་བསམ་བློ་གཏོང་བ་ལྟ་བུ་རེད།
  • གནོད་སེམས། ཤེས་ནག་ཉེས་ཡོད་པའི་ཐོག་ནས་སོ་སོ་རང་ཉིད་ག་ཚོད་ཀྱི་ཞེད་སྣང་ཚ་པོ་དང་སྡུག་ཅག་ཡིན་པ་དང། དེ་བཞིན་རང་ཉིད་སྐྱིད་པོ་ཡོང་བའི་འོས་བབ་མེད་ཅེས་བསམ་པ་ལྟ་བུ་རེད།
  • ལོག་ལྟ། ཞེས་རང་སོ་སོ་ཡར་རྒྱས་གཏོང་ཐབས་བྱེད་པའམ། ཡང་ན་གཞན་ལ་ཕན་འདོགས་ཐབས་བྱེད་པ་ནི་གླེན་རྟགས་རེད་བསམ་པ་ལྟ་བུའོ།།

གནོད་བྱེད་མི་དགེ་བའི་ལས་ལམ་ལ་གདོང་ལེན་བྱེད་ཚུལ།

འདས་པའི་དུས་སུ་ང་ཚོས་བྱས་པའི་གནོད་བྱེད་མི་དགེ་བའི་བྱ་སྤྱོད་སྤེལ་བ་དེ་དག་ལ་བལྟས་པའི་སྐབས་སུ་སོ་སོ་རང་ཉིད་ལ་ངན་ཕྱོགས་ནས་ལྟ་བའི་ཚོར་བ་སྐྱེ་འཇུག་རྒྱུ་མེད་པ་གལ་ཆེན་པོ་རེད། འགྱོད་པས་ཟིན་ནས་ཚོར་མེད་དུ་སྡོད་རྒྱུའི་ཚབ་ལ་རང་གི་གང་བྱས་པ་དེ་དངོས་པོའི་གནས་ལུགས་མ་ཤེས་པ་དང་། ང་ཚོའི་སྤྱོད་ལམ་གྱི་འབྲས་བུ་ག་འདྲ་ཞིག་ཡོང་གི་ཡོད་པ་ལ་རྨོངས་པ་སྟེ། ང་ཚོ་རང་བཞིན་ལྷན་སྐྱེས་ཀྱི་མི་སྡུག་ཅག་ཞིག་མིན་ནའང་། ང་རང་ཚོ་ཉོན་མོངས་པས་རྐྱེན་བྱས་ནས་ངང་ངམ་ཤུགས་ཀྱིས་བྱ་བ་དེ་དག་བྱེད་ཀྱི་ཡོད་པ་དེ་ཤེས་དགོས། རང་གི་གང་བྱས་པ་འགྱོད་པ་སྐྱེ་བ་དང་། དེ་ལྟར་བྱུང་མེད་ན་ཅི་མ་རུང་བསམ་ནའང་། ང་ཚོས་ཤེས་དགོས་པ་ནི་འདས་པ་ལ་བསྒྱུར་བཅོས་གཏོང་རྒྱུ་མེད། འདས་ཚར་བ་ནི་འདས་ཚར་བ་ཡིན་པས་དེ་ལས་མ་འོངས་པར་སྤྱོད་ལམ་དེ་དག་དང་འབྲེལ་བའི་བྱ་བ་རྣམས་བསྐྱར་བཟློས་མི་བྱེད་པའི་འབད་བརྩོན་བྱེད་རྒྱུའི་ཆོད་སེམས་འཇོག་དགོས། དེ་ནས་ང་ཚོས་སོ་སོའི་མི་ཚེའི་བསྐྲུན་ཐབས་བྱེད་བཞིན་པའི་ཁ་ཕྱོགས་བཟང་པོ་དེ་ཡང་བསྐྱར་གཏན་འབེབས་དང་། དེ་བཞིན་བྱམས་པ་དང་སྙིང་རྗེ་གཞི་ལ་བྱས་པའི་ཕན་ཐོགས་ཅན་གྱི་བྱ་བ་ལ་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་བྱེད་དགོས། འདི་ལྟར་བྱེད་པ་ལ་བརྟེན་ནས་ང་ཚོས་དགེ་བའི་གོམས་གཤིས་གང་མང་ཞིག་བསགས་ནས་དེ་བཙན་སྐུལ་ཅན་གྱི་མི་དགེ་བའི་ནུས་ཤུགས་དང་ཡང་ལྗིད་ཆ་སྙོམས་བཟོས་ནས་མཐར་མི་དགེ་བའི་གོམས་གཤིས་དེ་དག་ལས་རྣམ་པར་བརྒལ་ནས་འགྲོ་ཐུབ་ཀྱི་ཡོད།

འདི་ལྟར་གོམས་གཤིས་ཆགས་ན་མི་ཞིག་ཐུག་པ་དང་གནས་སྟངས་ཤིག་འཕྲད་པ་ལ་ཡ་ལན་སྤྲོད་དགོས་པ་ལྟ་བུ་བྱུང་བའི་སྐབས་སུ་ལམ་སེང་ཡ་ལན་མི་སྤྲོད་པར། གོམས་གཤིས་སུ་ཡོད་པའི་གནོད་བྱེད་མི་དགེ་བའི་ཡ་ལན་ཞིག་སྤྲོད་རྩིས་བྱེད་པ་དང་། དངོས་སུ་ཡ་ལན་སྤྲོད་པ་གཉིས་ཀྱི་བར་ལ་དུས་ཚོད་སྟོང་པ་བཟོ་ཐུབ་པས། ཡ་ལན་ག་འདྲ་ཞིག་སྤྲོད་དགོས་མིན་སྐོར་བསམ་བློ་ལྷོད་ལྷོད་ངང་གཏོང་རྒྱུ་འགོ་བཙུག་གི་རེད། བར་སྟོང་དེ་བེད་སྤྱོད་བཏང་ནས་ཡ་ལན་གང་ཞིག་གནོད་འཚེ་ཅན་དང་གང་ཞིག་ཕན་ཐོགས་ཅན་ཡིན་མིན་ཐག་གཅོག་བྱེད་ཐུབ་པ་དང་། ལུས་ཀྱི་སྒོ་ནས་གནོད་བྱེད་མི་དགེ་བའི་ལས་བྱེད་པ་དང་། ངག་གི་སྒོ་ནས་སྐད་ཆ་བཤད་པ། ཡིད་ཀྱི་སྒོ་ནས་བསམ་བློ་གཏོང་བ་བཅས་སྤོང་བ་ལ་རོགས་རམ་བྱེད་ཀྱི་རེད། དེ་ཡང་རྒྱ་གར་གྱི་ནང་པའི་སློབ་དཔོན་ཆེན་པོ་ཞི་བ་ལྷས། “ཤིང་དུམ་བུ་གཅིག་ནང་བཞིན་གནས་དགོས་” ཤེས་ལམ་སྟོན་གནང་བ་ལྟར་རེད། དེ་ནི་རང་གཞན་གཉིས་ཀར་བྱམས་དང་། སྙིང་རྗེ། བསམ་ཤེས། གུས་བརྩི་ཡོད་པའི་ཐོག་ནས་གནས་དགོས་ཟེར་བ་ཡིན། ཡིན་ནའང་དེ་ལྟར་ཡོང་རྒྱུའི་ཆེད་དུ་སེམས་ཚོར་ལ་དྲག་གནོན་བྱས་ནས་སེམས་ནང་སྔར་ལས་མང་བའི་འཚབ་འཚུབ་དང་ལྷིང་འཇགས་མེད་པ་བཟོ་དགོས་པའི་དོན་མ་རེད། སེམས་སྙིང་རྗེ་ཅན་དང་བློ་གྲོས་ལྡན་པའི་སྒོ་ནས་རྗེས་མ་རང་ཉིད་འགྱོད་པ་སྐྱེ་རུང་གི་བྱ་བ་བྱེད་པ་དང་སྐད་ཆ་བཤད་པ་སོགས་མི་དགེ་བའི་ནུས་པ་དེ་མེད་པ་བཟོ་དགོས། དེ་ལྟར་བྱས་ན་ང་ཚོས་དགེ་བའི་སེམས་ཚོར་དང་བསམ་ཤེས་གཞི་ལ་བྱས་པའི་ཕན་ཐོགས་ཅན་གྱི་བྱ་སྤྱོད་སྤེལ་བ་ལ་རང་དབང་ཐོབ་པ་ཡིན།

ཕྱོགས་བསྡོམས།  

དུས་རྒྱུན་ནས་ང་ཚོས་གནོད་བྱེད་མི་དགེ་བའི་སྤྱོད་ལམ་སྤོང་བའི་སྐབས་དེས་གཞན་གཅིག་པུ་ལ་ཕན་ཐོགས་ཡོད་པ་ཙམ་དུ་མ་ཟད། མཐར་ཐུག་དེ་ནི་རང་ཉིད་ལ་ཕན་ཐོགས་པ་དང་རང་གི་དོན་དུ་ཡིན། ང་ཚོས་རང་གི་སྤྱོད་ལམ་གྱིས་རང་ཉིད་ཀྱི་སྡུག་བསྔལ་གྱི་རྒྱུ་དང་རྐྱེན་བྱེད་ཀྱི་ཡོད་པ་མཐོང་བ་ན། དེ་ནས་དངོས་གནས་ང་ཚོས་རང་བཞིན་གྱིས་དགའ་པོའི་ངང་ནས་གནོད་བྱེད་མི་དགེ་བའི་ལས་དང་གོམས་གཤིས་རྣམས་སྤོང་གི་རེད། ང་ཚོས་མི་དགེ་བའི་སྤྱོད་ཚུལ་འདི་དག་ཤུགས་སྣོན་སྤྲོད་རྒྱུ་མཚམས་བཞག་པའི་སྐབས་རང་ཉིད་ཀྱི་སེམས་ལ་ཞི་བདེ་ཆེ་རུ་འགྲོ་བ་དང། གཞན་དང་མཉམ་དུ་ཡོད་པའི་འབྲེལ་བ་ཡང་ཡར་རྒྱས་དང་བཅོས་མིན་སྤུས་གཙང་དུ་འགྲོ་གི་རེད། གལ་སྲིད་ང་ཚོར་དངོས་གནས་སེམས་ཀྱི་ཞི་བདེ་འདོད་ན། ལུས་ངག་ཡིད་གསུམ་གྱི་མི་དགེ་བའི་ལས་རྣམས་སྤོང་རྒྱུ་འབད་བརྩོན་བྱེད་དགོས། དེ་ལྟར་བྱས་པ་ལ་བརྟེན་ནས་ང་ཚོའི་མི་ཚེའི་སྤུས་ཚད་དེ་ཧ་ལས་པའི་ཡར་རྒྱས་འགྲོ་གི་རེད།།

Top