བདེ་སྐྱིད་འཐོབ་པར་དཀའ་ངལ་ལས་ཐར་བའི་ཆོད་སེམས་འཇོག་པ།

གནས་ཚུལ་ཆ་འཕྲིན་གྱི་དུས་སྐབས་ཀྱི་སེམས་ངལ་ལ་གདོང་ལེན་བྱེད་པར། ང་ཚོས་སྤྱི་ཚོགས་བརྒྱུད་ལམ་ལ་བརྟེན་ནས་བརྡ་འཕྲིན་གཏོང་རྒྱུ་སོགས་དྲྭ་རྒྱ་བེད་སྤྱོད་བྱེད་ཕྱོགས་ཐད་བརྟག་དཔྱད་བྱེད་དགོས། ནམ་ཞིག་ང་ཚོར་སེམས་ངལ་སྦྱིན་མཁན་གྱི་རང་གིས་རང་ལ་ཕམ་པར་བྱེད་པའི་གོམས་གཤིས་རྣམས་ངོས་འཛིན་པའི་ཚེ། ང་ཚོས་སྡུག་བསྔལ་གྱི་འབྱུང་ཁུངས་ནི་སོ་སོ་རང་ཉིད་ཀྱི་སེམས་ནང་ཡོད་པ་དེ་ངོ་འཕྲོད་པ་དགོས། སེམས་ངལ་མི་བྱེད་པའི་ཆོད་སེམས་དང་། ཁྲིམས་རང་བསྲུང་གི་ཚུལ་ཁྲིམས། ཏིང་ངེ་འཛིན། དྲན་པ་ཉེར་བཞག །ཤེས་རབ་བཅས་ལ་བརྟེན་ནས་ང་ཚོས་དེང་དུས་མི་ཚེའི་དཀའ་ངལ་རྣམས་ལ་གསལ་བ་དང་ཞི་ལྷིང་ཆེ་བའི་སྒོ་ནས་གདོང་ལེན་བྱེད་ཐུབ།

ང་ཚོ་གྲོང་ཁྱེར་ཆེན་པོ་དང་། གྲོང་རྡལ་ཆུང་ངུ་ཡང་ན་གྲོང་གསེབ་ས་ཁུལ་ནང་གནས་ཀྱི་ཡོད་མེད་གང་ཡིན་རུང་། ཚང་མར་དེང་དུས་འཛམ་གླིང་ནང་དཀའ་ངལ་འཕྲད་ཀྱི་ཡོད། མི་མང་ཆེ་བས་དཀའ་ངལ་དེ་དག་ “སེམས་ངལ་གནོན་ཤུགས་” ཟེར་བའི་ཚིག་གི་ནང་བསྡོམས་རྒྱག་གི་ཡོད། འཕྲལ་འཕྲལ་དུ་གནས་ཚུལ་ཆ་འཕྲིན་དང་། གློག་བརྙན། གཟུགས་མཐོང་བརྙན་འཕྲིན་བསྟི་གནས། རོལ་དབྱངས། སྤྱི་ཚོགས་བརྒྱུད་ལམ་གྱི་ཐབས་ལམ་ཁག །སྐད་ཅིག་སྐད་ཅིག་གི་བརྡ་འཕྲིན་ཁག །དྲྭ་ཐོག་གི་ཐོན་རྫས་ལ་སོགས་པ་ཇེ་མང་དང་འབེལ་དུ་འགྲོ་བཞིན་པ་དང་བསྟུན་ང་ཚོས་ད་དུང་དེ་ལས་མང་བ་དགོས་འདོད་བྱེད་ཀྱི་ཡོད། དེ་དག་གིས་ཕྱི་ཚུལ་གྱི་ཆ་ནས་ང་ཚོའི་མི་ཚེ་ཡར་རྒྱས་གཏོང་གི་ཡོད་པ་ལྟར་སྣང་སྲིད་ནའང་། དམིགས་བསལ་གདམ་ཀ་ཧ་ཅང་མང་པོ་ཡོད་པའི་སྐབས། དེ་དག་གིས་མགོ་རྙོག་ཚ་བ་དང་སེམས་ངལ་ཆེ་བ་བཟོ་གི་ཡོད། ང་ཚོ་གསར་འགྱུར་དང་། གློག་འཕྲིན། ཡང་ན་སྐད་ཅིག་སྐད་ཅིག་གི་བརྡ་འཕྲིན་ལྟ་བུ་ཤེས་རྒྱུའི་གོ་སྐབས་བརླག་འདོད་མེད། ང་ཚོ་ཟུར་དུ་ལྷག་ཡོང་བསམ་པའི་ཞེད་སྣང་བྱེད་ཀྱི་ཡོད། ཐ་ན་ང་ཚོས་གཟུགས་མཐོང་བརྙན་འཕྲིན་གྱི་ལྟད་མོ་ལྟ་བུ་ཞིག་འདེམས་སྒྲུག་བྱས་ནའང་། དེའི་ནང་དེ་ལས་ལྷག་པའི་ལྟད་མོ་ཡག་ག་ཞིག་བལྟ་རྒྱུ་ཆད་ལྷག་ཡོད་སྲིད་ཅེས་དྭོགས་པས་ཁེངས་ཀྱི་ཡོད། 

ང་ཚོ་སྤྱི་ཚོགས་དང་གྲོགས་པོ་སྡེ་ཁག་ཅིག་གི་ཁོངས་སུ་གཏོགས་འདོད་ཡོད་པ་དང་། ང་ཚོས་སྤྱི་ཚོགས་བརྒྱུད་ལམ་ནང་གང་ཁྱབ་སྤེལ་བཏང་ནའང་། དེ་ལ་ “དགའ་རྟགས་” དགོས་འདོད་བྱེད་ཀྱི་ཡོད། དེ་འདྲ་ཞིག་བྱུང་ན། གཞན་གྱིས་ང་ཚོར་ངོས་ལེན་བྱས་པ་ཚོར་གྱི་ཡོད། ང་ཚོར་ “དགའ་རྟགས་” ཀྱི་གྲངས་ག་ཚོད་ཐོབ་པའམ། ཡང་ན་དྲྭ་རྒྱའི་ཐོག་ནས་གནས་ཚུལ་གསར་འགྱུར་སོགས་ག་ཚོད་བཀླགས་ནའང་དེ་ལ་ནམ་ཡང་འདོད་བློ་མི་ཁེངས་ཤིང་། ཞི་ལྷོད་ཡོང་གི་མེད། ང་ཚོར་བརྡ་འཕྲིན་ཞིག་འབྱོར་ཡོད་པ་ལག་ཐོགས་ཁ་པར་གྱིས་བརྡ་སྟོན་པ་དང་། ངོ་དེབ་ནང་སྔོག་བཤེར་གྱིས་དགའ་རྟགས་མང་པོ་རག་ཡོད་མེད་བལྟ་བ། ཡང་ན་གསར་འགྱུར་ལང་དུ་ཤོར་མཁན་གྱིས་གནས་ཚུལ་གསར་པ་དེ་འདྲ་བྱུང་ཡོད་མེད་ཡང་བསྐྱར་བལྟ་བ་སོགས་ལ་རེ་འདུན་དང་བཅས་སྤྲོ་སེམས་རབ་ཏུ་འཁོལ་གྱི་ཡོད། ང་ཚོས་གོ་སྐབས་གཅིག་ཀྱང་ཤོར་འདོད་མེད་ཀྱང་། དེ་ནམ་ཡང་འདོད་བློ་མི་ཁེངས་པ་ཞིག་ཡོང་གི་མེད་པ་དང་། ང་ཚོར་ད་དུང་ཡང་དེ་ལས་མང་བ་དགོས་ཀྱི་ཡོད། 

ཕྱོགས་གཞན་ཞིག་ནས་གཡས་གཡོན་གྱི་གནས་སྟངས་ལ་བརྟེན་ནས་ང་ཚོས་བདེ་སྡུག་གི་ཚོར་བ་ཆེ་ཆེར་ཚོར་གྱི་ཡོད་པ་སོང་ཙང་། ང་ཚོ་ཉེ་འཁོར་དུ་གོམ་པ་སྤོ་བཞིན་པའི་སྐབས་དང་ས་འོག་མེ་འཁོར་ནང་བསྐྱོད་བཞིན་པའི་སྐབས། སོ་སོའི་ལག་ཐོགས་ཁ་པར་ལ་བལྟ་བ་དང་གཞས་དང་རོལ་དབྱངས་ལ་ཉན་ནས་གཡོལ་ཐབས་བྱེད་ཀྱི་ཡོད། ང་ཚོས་ཉེ་འཁོར་དུ་གང་ཡོད་པའི་དངོས་ཡོད་གནས་ཚུལ་དེ་མཐོང་ཐོས་ཡོང་བར་མཚམས་འཇོག་བྱེད་ཐབས་དང་བཅས་ཏེ་རང་སོ་སོ་སྒེར་གྱི་སྣང་ཚོད་ཀྱི་འཛམ་གླིང་ནང་གཡོལ་ནས་འགྲོ་གི་ཡོད། ང་ཚོས་རྟག་ཏུ་སྤྲོ་སྐྱིད་ལྡན་པ་དགོས་པའི་ངང་ངམ་ཤུགས་ཀྱི་དགོས་གལ་དེའང་ཚོར་གྱི་ཡོད། ཕྱོགས་གཅིག་ནས་ང་ཚོས་ཞི་བདེ་དང་ལྷིང་འཇགས་དོན་དུ་གཉེར་བ་དང་། ཕྱོགས་གཞན་ཞིག་ནས་ང་ཚོས་གནས་ཚུལ་ཆ་འཕྲིན་དང་རོལ་དབྱངས་སོགས་དང་བྲལ་བའི་སྟོང་ཆ་དེ་ལ་ཞེད་སྣང་སྐྱེ་གི་ཡོད། ང་ཚོ་ཕྱིའི་འཛམ་གླིང་གི་སེམས་ངལ་གནོན་ཤུགས་ལས་ཐར་བར་ཆོད་སེམས་བརྟན་པོ་ཡོད། བྱས་ཙང་། ང་ཚོས་དེ་སྤངས་ནས་དྲྭ་རྒྱའི་སྣང་ཚོད་ཀྱི་འཛམ་གླིང་ནང་ཕྱིར་འཐེན་རྒྱག་གི་ཡོད། འོན་ཀྱང་དེ་ལའང་ང་ཚོས་སྤྱི་ཚོགས་བརྒྱུད་ལམ་ཁག་གི་ནང་གྲོགས་པོ་ཞེས་བྱ་བའི་དཔུང་རོགས་དང་ངོས་ལེན་འཚོལ་ཐབས་དང་བཅས་ང་ཚོ་ནམ་ཡང་ཉེན་སྲུང་ཡོད་པ་ཚོར་གྱི་མེད། ཡིན་ནའང་ལག་ཐོགས་ཁ་པར་གྱི་ཡོ་བྱད་ནང་ཕྱིར་འཐེན་བྱེད་པ་དེ་དཀའ་ངལ་སེལ་ཐབས་ཤིག་རེད་དམ། 

ང་ཚོ་རྒྱུན་ལྡན་གྱི་བྱེད་སྒོ་དེ་དག་གི་ནང་འཁར་བའི་སྐབས། ང་ཚོས་མྱོང་བའི་སྡུག་བསྔལ་དེ་ངོས་འཛིན་དགོས་པ་དང་དེའི་འབྱུང་ཁུངས་གང་ཡིན་ཤེས་དགོས་ཤིང་། སྡུག་བསྔལ་དེ་ལས་ཐར་བའི་ཆོད་སེམས་དེ་སྐྱེད་དགོས། དེ་ཡང་དེའི་འབྱུང་ཁུངས་རྣམས་སྤོང་བའི་ཐབས་ལམ་ཁག་ཤེས་པ་ལ་གཞི་བྱེད་པ་དང་། ཐབས་ལམ་དེ་དག་གིས་བྱ་བ་བསྒྲུབ་ཐུབ་པའི་གདེང་ཚོད་ཡོད་པའི་སྒོ་ནས་ཆོད་སེམས་དེ་སྐྱེད་དགོས། འོན་ཀྱང་ང་ཚོས་ཅི་གང་མི་ཚོར་བའི་རོ་སྔགས་ (zombie) ལྟ་བུ་མི་འདོད་པར། ང་ཚོར་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་ཟེར་བ་དེ་སྡུག་བསྔལ་མེད་པ་ཙམ་དེ་མ་རེད། དེ་ནི་སྡུག་བསྔལ་སྤོང་བའི་ཚོར་མེད་ཀྱི་གནས་བབས་བཏང་སྙོམས་ཀྱི་ཁ་སྣོན་ཞིག་རེད།

བརྙན་པར། མཚན་ཞབས་སེར་ཀོང་རིན་པོ་ཆེ་སྐུ་ཕྲེང་༢། “མི་རབས་འདིའི་ཆེད་དུ་བསླབ་བྱ།”

སྡུག་བསྔལ་གྱི་འབྱུང་ཁུངས་ནི་སོ་སོའི་སེམས་རེད།

ཕྱིའི་ཡུལ་དང་གནས་སྟངས་རྣམས་ང་ཚོས་མྱོང་བའི་མི་སྐྱིད་པ་དང་། སྡུག་བསྔལ། སེམས་ངལ་བཅས་ཀྱི་འབྱུང་ཁུངས་མིན། དེ་མིན་དེ་དག་སུས་ཉམས་སུ་མྱོང་བ་ཡིན་ནའང་གཅིག་པ་གཅིག་རྐྱང་མྱོང་དགོས་པ་ཆགས་ཀྱི་ཡོད།

ང་ཚོའི་སྡུག་བསྔལ་གྱི་འབྱུང་ཁུངས་ནི་རང་སོ་སོའི་སེམས་ཡིན་པ་དང་། དེ་དང་མཉམ་དུ་སེམས་དེའི་བསམ་ཕྱོགས་དང་སེམས་ཚོར། དེ་བཞིན་དེང་དུས་མི་ཚེའི་དངོས་ཡོད་གནས་ཚུལ་ལ་སྟངས་འཛིན་བྱེད་སྟངས་ལ་རྨོངས་པ་དེ་རེད།

ང་ཚོར་རང་གིས་རང་ལ་གནོད་པའི་སྤྱོད་ལམ་གྱི་གོམས་གཤིས་ཤུགས་ཆེན་ཡོད་པ་དང་། དེ་དག་ཀྱང་ཉེན་སྲུང་མེད་པ་དང་། འདོད་ཆགས། ཞེ་སྡང་། འཇིགས་སྐྲག་སོགས་ཉོན་མོངས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་དག་གིས་ང་ཚོར་སེམས་ངལ་དང་དཀའ་ངལ་མང་བ་འབྱུང་བའི་ལས་བརྩམ་དུ་འཇུག་གི་ཡོད། དེ་ནི་རྒྱབ་རྟེན་གྱི་སློབ་གསོ་ཞིག་དང་འདྲ་བས་ང་ཚོའི་ཉོན་མོངས་རྣམས་ད་དུང་ཤུགས་ཆེ་རུ་གཏོང་གི་ཡོད། 

ཉོན་མོངས་རྣམས་ནི་མ་རིག་པ་ལ་གཞི་བྱས་ཡོད། ང་ཚོས་སོ་སོའི་སྤྱོད་ལམ་གྱི་འབྲས་བུ་རང་ཉིད་ལ་གང་ཡོང་ཤེས་ཀྱི་མེད་པའམ། ཡང་ན་ང་ཚོ་གནས་སྟངས་ཀྱི་ནང་ཡོད་པ་དེའི་སྐོར་གྱི་དངོས་ཡོད་དང་མི་མཐུན་པའམ། ཡང་ན་དེ་དག་གི་ཐད་ལ་ང་ཚོར་གོ་རྟོགས་ནོར་བ་ཞིག་ཡོད། དཔེར་ན། ང་ཚོར་དགའ་རྟགས་མང་བ་ཐོབ་པ་དེས་ང་ཚོ་ཉེན་སྲུང་ཆེ་བ་ཚོར་བར་བྱེད་ཀྱི་མེད་པ་དེ་ང་ཚོས་ཤེས་ཀྱི་མེད། དེའི་ལྡོག་ཕྱོགས་སུ་ང་ཚོས་ཉེན་སྲུང་ཆེ་བ་ཚོར་བར་བྱེད་ཡོང་བསམ་གྱི་ཡོད། དེས་དགའ་རྟགས་མང་བ་དགོས་པའི་འདོད་པ་དེ་སྐྱེད་པར་བྱེད་ཅིང་། རྒྱུན་ཆད་མེད་པར་སྔོག་བཤེར་བྱེད་པའི་ཉེན་སྲུང་མེད་པ་དང་ནམ་ཡང་འདོད་བློ་ཁེངས་རྒྱུ་མེད་པ་དང་སེམས་ཀྱི་ཞི་བདེ་མེད་པའི་སྡུག་བསྔལ་དེ་མྱོང་གི་ཡོད། ཡང་ན་ང་ཚོས་བྱིས་བློ་གཏི་མུག་གི་སྒོ་ནས་གློག་ཀླད་རྩེད་རིགས་དང་འབྲེལ་བའི་དྲྭ་ཐོག་གི་འཛམ་གླིང་ནང་གཡོལ་བ་དེས་ང་ཚོའི་མི་ཚེའི་ནང་དཀའ་ངལ་གང་འདྲ་ཞིག་དང་ཕྲད་ནའང་དེ་དག་མེད་པ་ཆགས་ཀྱི་རེད་ཅེས་བསམ་གྱི་ཡོད། མ་རིག་པ་དང་གཏི་མུག་གི་རང་བཞིན་དེ་དག་ཐམས་ཅད་དང་། དེ་དག་གིས་སྐྱེད་པར་བྱེད་པའི་འདོད་ཆགས་ལྟ་བུའི་ཉོན་མོངས་པས་རང་གིས་རང་ལ་གནོད་པའི་སྤྱོད་ལམ་དང་གནོད་གཞི་ཅན་གྱི་སེམས་ཀྱི་གནས་བབས་ཀྱི་མི་དགེ་བའི་གོམས་གཤིས་རྣམས་ཤུགས་ཆེ་རུ་གཏོང་གི་ཡོད།

མངོན་རྟགས་དེ་དག་ལ་གདོང་ལེན་བྱེད་པར། འགྲོ་རྒྱུག་ཅན་གྱི་ལས་ཀ་ཞིག་ཡོད་པ་ལྟ་བུ་ང་ཚོར་འཕྲད་བཞིན་པའི་གནས་སྟངས་ལ་ཆོས་རྣམ་པར་འབྱེད་པའི་ཤེས་རབ་དགོས། ང་ཚོས་དེ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། དེ་ནི་དངོས་ཡོད་གནས་སྟངས་རེད། དེ་ལ་གང་ཐུབ་ཅི་ཐུབ་བྱེད་ཐུབ། སོ་སོའི་གནས་སྟངས་དང་ཞན་ཆ་རྣམས་ཀྱི་གནས་ལུགས་ལ་ངོས་ལེན་བྱེད་དགོས་ཤིང་། གནས་སྟངས་དེ་འཇིགས་སུ་རུང་བའི་གདོན་འདྲེ་ལྟ་བུའི་འཆར་སྣང་སྐྲུན་པ་དང་། ང་ཚོ་འགྲིག་ངེས་ཀྱི་ཡག་པོ་མིན། གང་ཡིན་ཞེ་ན། ང་ཚོ་སྐྱོན་བྲལ་ཡང་དག་ཅིག་ཆགས་དགོས་ཞེས་པའི་བསམ་བློ་དེ་དག་མཚམས་འཇོག་བྱེད་དགོས། ང་ཚོར་འཕྲད་པའི་དངོས་ཡོད་གནས་སྟངས་ལ་དྲན་པ་ཉེ་བར་བཞག་པའི་ཆེད་ཏིང་ངེ་འཛིན་དགོས་ཤིང་། དེ་ཡང་སྒྲོ་འདོགས་དང་མཐོང་ཆུང་མེད་པ། དེ་བཞིན་བདེན་དོན་ལ་ཡོད་པའི་དམིགས་གཏད་དེ་བརླག་པའི་སྐབས། དེ་རྩད་གཅོད་བྱེད་པའི་ཆེད་ཤེས་བཞིན་དེ་དགོས། དེའི་སྒང་ལ་རང་གིས་རང་ལ་གནོད་པའི་བྱ་སྤྱོད་རིགས་སྤེལ་རྒྱུ་སྤོང་བའི་ཆེད་ཚུལ་ཁྲིམས་དགོས། 

ང་ཚོས་ཁྲིམས་རང་བསྲུང་གི་ཚུལ་ཁྲིམས་ནས་འགོ་བཙུགས་ཏེ་གནད་དོན་ཆུང་ཆུང་ནས་འགོ་འཛུགས་བྱེད་ཀྱི་ཡོད། ང་ཚོས་སེམས་ངལ་གནོན་ཤུགས་མྱོང་བའི་སྐབས། ང་ཚོའི་ཁོར་ཊི་སལ་སྐུལ་རྒྱུའི་རིམ་པ་ (cortisol level) (སེམས་ངལ་གྱི་སྐུལ་རྒྱུ་) དེ་རྒྱས་ཀྱི་ཡོད་པས། ང་ཚོས་ངལ་སེལ་ཏོག་ཙམ་འཚོལ་གྱི་ཡོད། དཔེར་ན། ཐ་མག་འཐེན་པའམ་སྤྱི་ཚོགས་བརྒྱུད་ལམ་གྱི་དྲྭ་རྒྱར་སྔོག་བཤེར་ཐོག་དོ་དབྱིངས་ཅན་གྱི་གནད་དོན་རག་ཐབས་བྱེད་ཀྱི་ཡོད། འདིས་ང་ཚོ་སྐྱིད་པ་དང་བདེ་བ་ཚོར་བར་བྱེད་ཀྱི་རེད་ཅེས་ང་ཚོས་སྤྲོ་སེམས་དང་རེ་འདུན་གྱི་བདེ་བ་ཚོར་གྱི་ཡོད། དེར་བརྟེན་ཌོ་པ་མེན་སྐུ་རྒྱུའི་རིམ་པ་ (dopamine level) (བྱ་དགའ་ཞིག་ལ་རེ་འདུན་གྱི་སྐུལ་རྒྱུ་) དེ་རྒྱས་ཀྱི་ཡོད། ཡིན་ནའང་ཐ་མག་འཐེན་ཚར་བའམ་དྲྭ་རྒྱ་སྔོག་བཤེར་ཚར་བའི་རྗེས་སུ་དེས་འདོད་བློ་ཁེངས་པ་ཞིག་ཡོང་གི་མེད། བྱས་ཙང་། ང་ཚོའི་སེམས་ངལ་དེ་བསྐྱར་ལོག་བྱེད་ཀྱི་ཡོད། 

ང་ཚོས་ཐ་མག་འཐེན་པ་དེས་དཀའ་ངལ་སེལ་གྱི་རེད་བསམ་པའམ་དགའ་རྟགས་མང་པོ་རག་པ་དེས་དཀའ་ངལ་སེལ་གྱི་རེད་བསམ་པ། ཡང་མིན་ན་གསར་འགྱུར་ཆེས་སྔ་ཤོས་དེས་དཀའ་ངལ་རྣམས་སེལ་གྱི་རེད་བསམ་པའི་གོ་བ་ལོག་པ་དེ་ལ་ཡིད་ཆེས་པའི་སྐྱོན་གྱི་ཆ་དེ་རྣམ་པར་འབྱེད་དགོས། དེ་ལྟར་བྱུང་ན་ང་ཚོས་ཐར་འདོད་ཀྱི་ཆོད་སེམས་དེ་སྐྱེད་ཐུབ། བྱས་ཙང་། ང་ཚོས་ཐ་མག་སྤོང་བ་དང་། གློག་འཕྲིན་དང་བརྡ་འཕྲིན་རྣམས་སྔོག་བཤེར་བྱེད་པའི་སྐབས་དེ་ལ་ཚད་གཞི་བཟོ་བ། ཡང་ན་ང་ཚོས་གསར་འགྱུར་དང་སྤྱི་ཚོགས་བརྒྱུད་ལམ་ལ་སྔོག་བཤེར་ག་ཚོད་བྱེད་པའི་ཐད་སྟངས་འཛིན་བྱེད་དགོས། ཐ་མག་འཐེན་པ་དང་དྲྭ་རྒྱ་སྔོག་པའི་ངང་ངམ་ཤུགས་ཀྱི་སྐུལ་སློང་དེ་འབྱུང་བའི་སྐབས། ང་ཚོས་བྱ་བ་དེ་མི་བརྩམ་པར་སྤོང་གི་ཡོད། 

ང་ཚོས་ལུས་ཧ་ཅང་རྒྱགས་པའི་རང་བཞིན་དེ་མེད་པ་བཟོ་ཕྱིར། ཟས་ཚོད་རན་འཚམས་བསྟེན་དགོས་པ་ནང་བཞིན་སེམས་ཧ་ཅང་རྒྱགས་པའི་རང་བཞིན་དེ་མེད་པ་བཟོ་ཕྱིར། ང་ཚོས་གནས་ཚུལ་ཆ་འཕྲིན་རན་འཚམས་སུ་བསྟེན་དགོས་ཀྱི་ཡོད།

ང་ཚོས་ཟས་བཟའ་བར་བཀག་སྡོམ་བྱེད་པ་ནང་བཞིན་གནས་ཚུལ་དང་། བརྡ་འཕྲིན། རོལ་དབྱངས་སོགས་སེམས་ལ་ནང་འདྲེན་བྱེད་པར་བཀག་སྡོམ་བྱེད་དགོས། 

རང་གིས་རང་ལ་གནོད་པའི་གོམས་གཤིས་རྙིང་པ་སྤོང་བ་དེས་ཐོག་མར་ང་ཚོའི་ལུས་ཀྱི་ནང་ཡོད་པའི་ཁོར་ཊི་སལ་སྐུལ་རྒྱུའི་རིམ་པ་དེ་རྒྱས་སུ་གཏོང་བ་དང་སེམས་ངལ་ཅན་ཆགས་ཀྱི་ཡོད། དེ་ནི་གོམས་གཤིས་ངན་པ་རྙིང་པ་རྣམས་ཧ་ཅང་ཤུགས་ཆེན་པོ་ཡོད་པས་རེད། དེ་ནི་ཐ་མག་དང་། དྲྭ་རྒྱ། ལག་ཐོགས་ཁ་པར། རོལ་དབྱངས་བཅས་ལས་ཕྱིར་འཐེན་བྱེད་པ་ལྟ་བུ་རེད། ཡིན་ནའང་ཕྱིར་འཐེན་གྱི་སེམས་ངལ་དེ་མཐར་ཐུག་མེད་པ་ཆགས་ནས་ང་ཚོས་སེམས་ཀྱི་ཞི་བདེ་དང་ལྷིང་འཇགས་ཤིག་མྱོང་གི་རེད། གལ་ཏེ་ང་ཚོས་མི་དགེ་བའི་གོམས་གཤིས་དེ་དགེ་བའི་གོམས་གཤིས་ལ་བརྗེ་པོ་རྒྱག་ན། དཔེར་ན། ང་ཚོ་འགྲོ་བ་མིའི་ཆ་ཤས་ཡིན་པ་དང་ང་ཚོ་ཚང་མ་ཕན་ཚུན་བརྟེན་ནས་ཡོད་པ། དེར་བརྟེན་ང་ཚོའི་བདེ་སྡུག་དེ་གཞན་ཚང་མར་རག་ལུས་ཡོད་པ་རྟོགས་པ་ལྟ་བུ་རེད། འདིས་གཞན་དང་མཉམ་དུ་འབྲེལ་འདྲིས་ཀྱི་ཚོར་བའི་དགོས་གལ་དེ་ཚིམ་པར་བྱེད་ཀྱི་རེད། དེ་ཡང་དྲྭ་རྒྱའི་སྤྱི་ཚོགས་བརྒྱུད་ལམ་གྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས་བྱེད་ཀྱི་མེད། ང་ཚོའི་བྱམས་བརྩེའི་སྐུལ་རྒྱུའི་རིམ་པ་ (oxytocin level) (འབྲེལ་མཐུད་ཀྱི་སྐུལ་རྒྱུ་) དེ་རྒྱས་ནས་བདེ་བ་ཆེ་བ་དང་ཉེན་སྲུང་ཡོད་པའི་རང་བཞིན་གྱི་ཚོར་བ་ཞིག་མྱོང་གི་རེད།

རང་གིས་རང་ལ་གནོད་པའི་གོམས་གཤིས་ལས་རང་ཉིད་ཐར་བར་བྱེད་པ།

མདོར་བསྡུས་ན། ང་ཚོས་ཐར་འདོད་ཀྱི་ཆོད་སེམས་དེ་བསྐྱེད་པའི་རྗེས་རང་ཉིད་གོམས་གཤིས་ངན་པ་རྙིང་པའི་རིགས་ཚང་མ་ལས་ཐར་བར། ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་ལ་སྦྱོང་བརྡར་བྱེད་དགོས། དེ་གསུམ་ལ་བསླབ་པ་གསུམ་ཟེར། དེ་དག་གསུམ་པོ་མཉམ་དུ་འབད་བརྩོན་བྱེད་དགོས། འོན་ཀྱང་དེ་དག་མ་ནོར་བར་སྐྱེད་པར། ང་ཚོས་དེ་དག་ལ་བར་ཆད་བྱེད་པའི་རྐྱེན་རྣམས་སྤོང་དགོས་ཏེ།

  • འགྱོད་པས་ཚུལ་ཁྲིམས་ལ་བར་ཆད་བྱེད་ཀྱི་ཡོད། དཔེར་ན། ང་ཚོས་དྲྭ་རྒྱ་སྔོག་བཤེར་བྱས་མེད་པའམ། ཡང་ན་བརྡ་འཕྲིན་དང་གློག་འཕྲིན་ལ་ལམ་སེང་ལན་འདེབས་བྱས་མེད་ཅེས་འགྱོད་པ་སྐྱེ་གི་ཡོད། དེ་ལ་ཐབས་བྱུས་ཕན་ཐོགས་ཅན་ཞིག་ནི། ང་ཚོའི་གློག་ཀླད་དང་སྤྱོད་བདེའི་ཁ་པར་གྱི་དྲིལ་བརྡ་བསད་དགོས་པ་དང་དུས་ངེས་ཅན་ཞིག་གི་ནང་སྔོག་བཤེར་བྱེད་དགོས། ང་ཚོས་དེ་དག་བཀླགས་རྗེས་གལ་ཆེ་བ་གང་ཡིན་པ་དག་ལ་ལན་འདེབས་བྱེད་དགོས་རྒྱུ་དེ་རེད། ང་ཚོ་བྲེལ་བ་དེ་ཙམ་མེད་པའི་སྐབས་སམ་ཡང་ནམ་རྒྱུན་འཆར་ཅན་ཉིན་གཅིག་གི་དུས་ཚོད་ངེས་ཅན་ཞིག་གཞན་གྱི་བརྡ་འཕྲིན་ལ་ལན་འདེབས་ཆེད་ཟུར་འཇོག་བྱེད་པའི་ཚུལ་ཁྲིམས་དགོས།
  • གཉིད་དང་། བྱིང་བ། རྒོད་པ་བཅས་ཀྱིས་ཏིང་ངེ་འཛིན་ལ་བར་ཆད་བྱེད་ཀྱི་ཡོད། རྒྱུན་ཆད་མེད་པར་བརྡ་འཕྲིན་ལ་སྔོག་བཤེར་བྱ་རྒྱུ་སྤོང་བ་ལ་བརྟེན་ནས་ང་ཚོའི་མི་ཚེའི་ནང་མགོ་རྙོག་ཉུང་དུ་གཏོང་གི་ཡོད་པའི་བདེན་དོན་ལ་དེ་དག་གང་རུང་གིས་དྲན་པ་ཉེ་བར་འཇོག་ཐུབ་ཀྱི་མེད།
  • ཐག་ཆོད་མ་ཐུབ་པའི་ཐེ་ཚོམ་གྱིས་ཤེས་རབ་ལ་བར་ཆད་བྱེད་ཀྱི་ཡོད། དུས་ཚོད་གཏན་འབེབས་ངེས་ཅན་གྱི་ནང་ང་ཚོས་བརྡ་འཕྲིན་སྔོག་བཤེར་བྱ་རྒྱུ་དེ་ཐག་གཅོད་མ་ནོར་བ་ཡིན་མིན་ཐད་ཕར་ཚུར་ཡིད་གཉིས་ཀྱི་ཐེ་ཚོམ་སྐྱེ་གི་ཡོད། སྔོག་བཤེར་དང་ལྟ་ཞིབ་བྱ་རྒྱུ་སྤོང་བ་དེ་དཀའ་ལས་ཁག་པོ་དང་སེམས་ངལ་ཅན་ཞིག་ཡིན་སྟབས། དེ་ལྟ་བུའི་ཐེ་ཚོམ་སྐྱེ་གི་ཡོད། ཐེ་ཚོམ་དེ་དག་ལ་གདོང་ལེན་བྱེད་པར། ང་ཚོས་སོ་སོའི་གོམས་གཤིས་འགྱུར་བ་གཏོང་བའི་ཁེ་ཕན་ལ་དྲན་གསོ་གཏོང་དགོས།

ང་ཚོའི་མི་ཚེ་སྐྱིད་དུ་གཏོང་བར་ད་དུང་ཐབས་བྱུས་གཞན་དག་དང་དུ་ལེན་ཆོག །དཔེར་ན། ང་ཚོ་འཚང་ཀ་ཆེ་བའི་ས་འོག་མེ་འཁོར་ཞིག་གི་ནང་ཡོད་པའི་སྐབས། སོ་སོའི་ཆེད་དུ་དམིགས་ནས་རང་ཉིད་སྲུང་སྐྱོབ་བྱེད་འདོད་དང་བཅས་ཁ་པར་བེད་སྤྱོད་ཀྱི་ནང་ཇི་ཙམ་གཡོལ་ཐབས་བྱེད་པ་དེའི་ཚོད་ཀྱིས་ང་ཚོས་ཐག་ཉེ་བ་ཚོར་གྱི་རེད། ང་ཚོའི་ནུས་པ་དེ་གནོན་འཚིར་ཤོར་ནས་དངངས་འཚབ་མང་བ་ཚོར་གྱི་རེད། ང་ཚོ་ལྷོད་དལ་མེད། གང་ཡིན་ཞེ་ན། ང་ཚོར་ཉེན་ཚབས་ཀྱིས་སྡིགས་ར་སྐུལ་བར་ཚོར་གྱི་ཡོད། ཐ་ན་ང་ཚོས་སྤྱོད་བདེའི་ཁ་པར་ནང་རྩེད་བཞིན་པའི་རྩེད་མོ་དང་རང་གི་རྣ་མཆོག་ནང་ཉན་བཞིན་པའི་གཞས་དང་རོལ་དབྱངས་སྐད་ཆེན་པོ་དེའི་ནང་གང་འཚམས་ཀྱི་རིག་པ་རྩེ་སྒྲིམ་ཐོག་གནས་ཡོད་ནའང་། ང་ཚོས་གཞན་དང་འབྲེལ་བ་མི་བྱེད་པའི་མཚམས་བཅད་ཡོད་པ་དང་རང་ཉིད་ལ་སུན་པོ་བཟོ་བར་འདོད་ཀྱི་མེད་པས། ང་ཚོ་རང་གིས་རང་སྲུང་སྐྱོབ་བྱེད་མཁན་ཆགས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས། གལ་ཏེ་ང་ཚོས་རང་ཉིད་ས་འོག་མེ་འཁོར་ནང་ཡོད་པའི་འཚང་ཀའི་མི་ཡོངས་སུ་རྫོགས་པའི་ཆ་ཤས་ཡིན་པར་བལྟས་ནས། རང་ཉིད་ནང་བཞིན་གཞན་ཚང་མ་གནས་སྟངས་གཅིག་པའི་ནང་ཡོད་པའི་སེམས་ཁུར་དང་སྙིང་རྗེ་བསྐྱེད་ན། ང་ཚོའི་སེམས་གུ་ཡངས་པོ་དང་བློ་སྒོ་ཕྱེས་ནས་ཡོད། ང་ཚོས་ཉེན་ཁ་ལ་གཟབ་ནན་དང་སྤྱང་གྲུང་ལྡན་པ་བྱེད་ཆོག་ཀྱང་། རང་ཉིད་ཁོ་ནར་དམིགས་པའི་བློ་འཚབ་མེད་པའི་སྒོ་ནས་ཚང་མ་ཉེན་སྲུང་དང་བདེ་འཇགས་ཡོང་བར་འདོད་ཀྱི་ཡོད། རོལ་དབྱངས་དང་རྩེད་མོ་ལ་བརྟེན་ནས་གཞན་ཚང་མ་རྩིས་མེད་གཏོང་བ་དང་རང་ཉིད་གཞན་ཚང་མ་ལས་ལོགས་སུ་འདོན་གྱི་ཡོད། དེ་འདྲའི་ཐབས་བྱུས་ཀྱིས་ཁེར་རྐྱང་གི་རང་བཞིན་དེ་ཁོ་ན་འཕེལ་སྐྱེད་གཏོང་གི་ཡོད། དེའི་ཚབ་ལ་གལ་ཏེ་ང་ཚོས་སོ་སོ་རང་ཉིད་ཀྱི་ཉེ་འཁོར་དུ་ཡོད་པའི་རྒྱ་ཆེ་བའི་སྡེ་ཁག་དེའི་ཁོངས་གཏོགས་ཡིན་པ་ཚོར་ན། ཇི་ལྟར་དུད་འགྲོ་སེམས་ཅན་རྣམས་ཁྱུ་ཚོགས་ནང་བདེ་འཇགས་ཚོར་བ་ནང་བཞིན་ང་ཚོས་ཀྱང་ཉེན་སྲུང་ཆེ་བ་ཚོར་གྱི་རེད། འོན་ཀྱང་ཐབས་བྱུས་དེ་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་པར། ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་བཅས་བསླབ་པ་གསུམ་པོ་དགོས་ཀྱི་ཡོད། 

ང་ཚོས་དང་ལེན་བྱེད་ཆོག་པའི་ཐབས་བྱུས་གཞན་ཞིག་ནི། ང་ཚོར་ལས་ཀ་ནས་བར་སེང་ཞིག་དགོས་པའི་སྐབས། ང་ཚོས་སོ་སོའི་ཁ་པར་སྔོག་བཤེར་བྱ་རྒྱུའི་ཚབ་ལ་གལ་ཏེ་བྱུང་ན་ཡར་ལངས་ནས་ཁང་པའི་ཉེ་འཁོར་དུ་གོམ་པ་སྤོས་ནས་འགྲོ་དགོས། དྲྭ་རྒྱ་དང་སྤྱོད་བདེའི་ཁ་པར་སོགས་བསྐུལ་རྐྱེན་ཆེ་བར་འབྲེལ་བ་བྱེད་པ་ལས་བསྐུལ་རྐྱེན་ཉུང་བ་ལ་བརྟེན་ནས་འབྲེལ་བ་བྱེད་དགོས།

ཕྱོགས་བསྡོམས།

གལ་ཏེ་ཐར་འདོད་ཀྱི་ཆོད་སེམས་ལ་བརྟེན་ནས་ང་ཚོས་བསླབ་པ་གསུམ་གྱི་ཐབས་ལམ་ལག་བསྟར་བྱས་ནས་རང་གིས་རང་ལ་གནོད་པའི་གོམས་གཤིས་ལས་བྱུང་བའི་སེམས་ངལ་ཉུང་དུ་བཏང་ན། ལས་ཀ་དང་ནང་མི་དཔལ་འབྱོར་གྱི་གནས་སྟངས་སོགས་ཀྱི་གནོན་ཤུགས་ལ་གདོང་ལེན་བྱེད་པའི་སེམས་ཀྱི་གནས་བབས་ཞི་ཞིང་འཇམ་པ་ཞིག་གི་ནང་གནས་ཀྱི་རེད། འདི་ནི་གནས་ཚུལ་ཆ་འཕྲིན་ལ་ངན་ལང་ཤོར་བ་ལས་བྱུང་བའི་དེང་དུས་མི་ཚེའི་རྙོག་འཛིངས་དང་། དྲྭ་རྒྱ། སྤྱི་ཚོགས་བརྒྱུད་ལམ། རོལ་དབྱངས་སོགས་ལ་གདོང་ལེན་སྐབས་སུ་དམིགས་བསལ་ནུས་པ་དང་ལྡན་པ་ཞིག་ཡིན། དེ་ནི་ང་ཚོས་དྲྭ་རྒྱ་སྤྱོད་རྒྱུ་སྤོང་དགོས་པ་དང་སྤྱོད་བདེའི་ཁ་པར་རྣམས་གཡུག་དགོས་ཞེས་པའི་དོན་མིན་པར། དེ་ལས་ལྡོག་སྟེ། ང་ཚོས་དེ་དག་ཕན་ཐོགས་ཅན་དང་བེད་སྤྱོད་བཟང་པོར་གཏོང་ཚུལ་གྱི་གོམས་གཤིས་བཟང་པོ་སྐྱེད་དགོས་པའི་དོན་ཡིན།།

Top