འཕགས་པའི་བདེན་པ་གསུམ་པ། སྡུག་བསྔལ་འགོག་པར་བྱེད་པའི་འགོག་བདེན།

ང་ཚོས་མི་ཚེའི་ནང་མྱོང་བཞིན་པའི་སྡུག་བསྔལ་གྱི་བདེན་པ་དེ་ངོས་བཟུང་ནས་དེ་དག་གི་རྒྱུ་དངོས་ཀུན་འབྱུང་བདེན་པ་དེ་ངོས་ཟིན་པའི་རྗེས་སུ་ང་ཚོས་དེ་དག་དངོས་གནས་སྤོང་བར་འདོད་ན། དེ་དག་སླར་ནམ་ཡང་མི་འབྱུང་བའི་སྔོན་འགོག་བྱེད་དགོས་ཀྱི་ཡོད། སངས་རྒྱས་ཉིད་ཀྱིས་དངོས་སུ་ཉམས་སུ་མྱོང་བ་ལ་བརྟེན་ནས་གསུངས་པའི་འཕགས་པའི་བདེན་པ་གསུམ་པ་ནི། སྡུག་བསྔལ་ཐམས་ཅད་དང་དེ་དག་གི་རྒྱུ་རྣམས་འགོག་པར་བྱེད་པའི་འགོག་བདེན་ཡིན་ཞིང་། དེ་ཡང་སླར་ནམ་ཡང་མི་འབྱུང་བའི་ཚུལ་དུ་སྤོང་ཐུབ་པ་ཞིག་དང་སྤོང་རུང་བ་ཞིག་ཡིན་པ་རེད། དེ་ལྟར་སྡུག་བསྔལ་རྒྱུ་དང་བཅས་པ་གཏན་དུ་སྤོང་ཐུབ་པ་ཞིག་ཡིན་ཏེ། ང་ཚོའི་སེམས་ཀྱི་རང་བཞིན་ནི་ཡེ་ནས་དག་པ་ཞིག་ཡིན་པའི་ཕྱིར།

སྡུག་བསྔལ་བདེན་པ་དང་སྡུག་བསྔལ་དེ་དག་གི་རྒྱུ་ཀུན་འབྱུང་བདེན་པ།

ང་ཚོར་སོ་སོའི་མི་ཚེའི་ནང་རང་སྒེར་གྱི་དཀའ་ངལ་སྣ་ཚོགས་པ་ཞིག་ཡོད་ནའང་། སྡུག་བསྔལ་གྱི་བདེན་པ་ནི་ཡང་ནས་ཡང་དུ་འབྱུང་བར་ང་ཚོས་རྒྱུན་སྲིང་གི་ཡོད་པའི་བདེན་དོན་ཞིག་ཡིན་ཞེས་སངས་རྒྱས་ཀྱིས་གསུངས་ཡོད། ང་ཚོས་དབང་མེད་ཀྱིས་འཕེལ་འགྲིབ་འགྲོ་བའི་མི་སྐྱིད་པ་དང་འདོད་བློ་མི་ཚིམས་པའི་བདེ་སྐྱིད་མྱོང་བཞིན་པ་དེ་རྒྱུན་སྲིང་གི་ཡོད། དེ་བཞིན་སྐྱེ་བ་རེ་རེའི་ནང་ང་ཚོས་སེམས་ཚོར་གྱི་འཕེལ་འགྲིབ་མྱོང་བར་གཞི་རྩ་ལྟ་བུར་གྱུར་བའི་ཚད་བཀག་ཅན་གྱི་ལུས་སེམས་ཡོད་པ་འདི་རྒྱུན་སྲིང་གི་ཡོད། ང་ཚོས་དེ་དག་རྒྱུན་སྲིང་བའི་རྒྱུ་ངོ་མ་ནི་ང་ཚོའི་སེམས་ལ་ཐུག་ཡོད་ཅེས་སངས་རྒྱས་ཀྱི་གསུངས་ཡོད། 

ང་ཚོའི་སྤྱོད་ལམ་ལ་བརྟེན་ནས་དེས་སོ་སོ་རང་ཉིད་དང་གཞན་ལ་ཤུགས་རྐྱེན་སྤྲོད་ཡོད་དང་། རང་དང་གཞན་དེ་བཞིན་ཆོས་ཐམས་ཅད་ཇི་ལྟར་ཡོད་པའི་ཚུལ་ལ་གནས་ལུགས་ལོག་པའི་རྟོག་འཆར་ཞིག་ང་ཚོས་སེམས་ཀྱིས་སྐྲུན་གྱི་ཡོད། ང་ཚོས་ནོར་བ་དང་འཁྲུལ་བའི་སྒོ་ནས་རང་ཉིད་ཚུགས་ཐུབ་དང་རང་སྐྱ་འཕེར་བའི་ “ང་” ཟེར་བ་ཞིག་ཡོད་བསམ་གྱི་ཡོད། དེ་བཞིན་དུ་ང་ཚོས་ནོར་བའམ་འཁྲུལ་བའི་སྒོ་ནས་ང་ཚོའི་སེམས་ཀྱང་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཏུ་བསམ་གྱི་ཡོད། ང་ཚོའི་བསམ་བློའི་ནང་གི་སྒྲ་སྐད་དེ་ང་ཚོའི་སེམས་ནང་ཡོད་པ་ལྟ་བུ་ཡིན་པས། དེ་ལ་བརྟེན་ནས་ང་ཚོས་སོ་སོ་ངོས་འཛིན་བྱེད་པའམ། ཡང་ན་ང་ཚོས་ལག་ཆ་ལྟ་བུ་ཞིག་ཏུ་བརྩིས་ནས་དེ་བེད་སྤྱོད་བྱས་ནས་གནད་དོན་རྣམས་རྟོགས་པ་དང་བསམ་བློ་གཏོང་གི་ཡོད། རྟོག་འཆར་དེ་དག་གང་ཡང་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད་པ་དེ་ང་ཚོས་ཤེས་ཀྱི་མེད་ནའང་། དེ་ལས་སྡུག་ག་ཞིག་ལ་ང་ཚོས་དེ་དག་གནས་ལུགས་དངོས་དང་མཐུན་གྱི་ཡོད་པའི་ཡིད་ཆེས་བྱེད་ཀྱི་ཡོད། 

ཁྱེད་ཀྱིས་ “སུས་ཀྱང་ང་ལ་དགའ་པོ་བྱེད་ཀྱི་མི་འདུག བརྩེ་བ་སྤྲོད་ཀྱི་མི་འདུག སུ་གཅིག་ལའང་ང་དགོས་ཀྱི་མི་འདུག་” ཅེས་བསམས་ནས་རང་གིས་རང་ལ་སྙིང་རྗེ་བྱེད་པའམ་རང་ཉིད་ཐབས་སྡུག་ཡིན་པའི་ཚོར་བ་སྐྱེས་མྱོང་ངམ། ཡང་ན་ཧ་ཅང་སེམས་ངལ་གནོན་ཤུགས་ཀྱི་ངང་དུ་ལྷུངས་ནས་ “ངས་གནད་དོན་རྣམས་ལ་གདོང་ལེན་བྱེད་ཐུབ་ས་མ་རེད། ངས་འཇོན་ས་མ་རེད་” ཅེས་བསམས་མྱོང་ངམ། དེ་དག་སེམས་ཀྱི་གནས་བབས་སྐྱིད་པོ་ཞིག་རེད་དམ། སེམས་ཀྱི་གནས་བབས་སྐྱིད་པོ་དང་སྤྲོ་སྣང་ལྡན་པ་ཞིག་མིན་པ་གསལ་པོ་རེད། ང་ཚོ་རང་གིས་རང་ལ་སྙིང་རྗེ་བྱེད་པ་དང་མི་སྐྱིད་པའི་ཚོར་བའི་ནང་འགྲེ་ལོག་རྒྱག་ནས་སྡོད་སྲིད་ནའང་། ད་དུང་ཚོར་བ་དེ་དག་མེད་པ་ཆགས་ན་བསམ་པའི་ཞེ་འདོད་ཀྱང་སྐྱེ་ཡི་ཡོད། དཀའ་ངལ་ནི་ང་ཚོས་གནས་སྟངས་དེ་ཇི་ལྟར་ཡིད་ལ་འཆར་བར་བྱེད་པ་དེ་རེད། དེ་ནི་རི་མོའི་དེབ་གཅིག་ལ་ཚོན་གཏོང་བ་ལྟ་བུ་དེའི་ནང་མི་སྐྱིད་པའམ་སྡུག་བསྔལ་ནི་སྤྲིན་པ་ནག་པོ་ཞིག་དང་འདྲ་ཞིང་། མཐའ་སྐོར་དུ་མཁྲེགས་ཐིག་འཐེན་པའི་དཀྱིལ་ན་རང་སྐྱ་འཕེར་ནས་ཡོད་པ་དང་དེ་ཡང་ “ང་” ཞེས་པ་དེ་ལ་དཔྱངས་ནས་ཡོད་པ་དང་དེ་ཡང་མཁྲེགས་ཐིག་གཅིག་གི་ནང་དུ་རང་སྐྱ་འཕེར་ནས་ཡོད་པ་ལྟ་བུ་ཚོར་གྱི་ཡོད། དེ་ལྟར་ཚོར་བ་ཙམ་རྒྱུ་མཚན་དུ་བྱས་ནས་འཁྲུལ་སྣང་འདི་དངོས་པོའི་གནས་ལུགས་དང་མཐུན་གྱི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ལ་གཞི་བཞག་ནས་ང་ཚོས་གཞན་གྱིས་རང་ཉིད་ལ་དགའ་ན་བསམ་པ་དང་བརྩེ་བ་སྤྲད་ན་བསམ་པའི་འདོད་ཆགས་དང་། གཞན་གྱིས་རང་ཉིད་ལ་བརྩེ་བ་མི་སྟོན་པའི་སྐབས་སུ་དེ་དག་ལ་ཞེ་སྡང་བཅས་ཉོན་མོངས་པ་དེ་དག་སྐྱེད་པར་བྱེད་ཀྱི་ཡོད། ཉོན་མོངས་དེ་དག་གིས་དབང་མེད་ལས་ཀྱི་སྐུལ་ཤུགས་ཤིག་རྐྱེན་བསླངས་ནས་གཞན་གྱིས་རང་ཉིད་དང་མཉམ་དུ་དུས་ཚོད་སྐྱེལ་དགོས་པ་དང་བརྩེ་བ་སྤྲོད་དགོས་པ་སོགས་རྒྱུ་མཚན་དང་མི་ལྡན་པའི་དགོས་འདུན་སྟོན་གྱི་ཡོད། ཐ་ན་གཞན་གྱིས་ང་ཚོའི་དགོས་འདུན་ལ་མོས་མཐུན་བྱས་ནའང་། དུས་ཡུན་ཐུང་ངུའི་རིང་གི་བདེ་སྐྱིད་དེ་ལ་ང་ཚོ་ནམ་ཡང་འདོད་བློ་ཁེངས་ཀྱི་མེད་པ་དང་། ང་ཚོས་དེ་ལས་མང་བ་དགོས་འདུན་བྱེད་པ་དང་མི་སྐྱིད་པ་དང་སྡུག་བསྔལ་གྱི་གནས་སྟངས་རྒྱུན་སྲིང་གི་ཡོད། 

གནས་སྟངས་དེ་འདྲའི་ནང་། ང་ཚོའི་སེམས་དེ་རྨོངས་ནས་སྒྲིབ་འགྲོ་ཡི་ཡོད། དེ་ལ་བརྟེན་ནས་ང་ཚོས་ཐད་ཀར་བསམ་བློ་མི་གཏོང་བ་དང་སོ་སོའི་སྤྱོད་ལམ་ལ་སྟངས་འཛིན་བྱེད་མི་ཐུབ་པ་ཆགས་ཀྱི་ཡོད། འོན་ཀྱང་། རྨོངས་པ་དེ་ང་ཚོའི་སེམས་ཀྱི་ཆ་ཤས་ཤིག་རེད་དམ། དྲི་བ་འདི་ལ་ལན་འདེབས་པར། ང་ཚོས་ནང་ཆོས་ནང་ “སེམས་” ཟེར་བ་དེ་གང་ཡིན་པ་ཤེས་དགོས་ཀྱི་ཡོད། སེམས་ནི་ང་ཚོའི་བསམ་བློའི་ནང་ཡོད་པའི་རང་སྐྱ་འཕེར་བའི་ཆོས་ཤིག་མིན་པར། དེ་ནི་སེམས་ཀྱི་བྱེད་ལས་ལ་གོ་བ་ཡིན། དེ་ནི་ཆོས་རྣམས་ཉམས་སུ་མྱོང་བའི་ཡུལ་ཅན་སེམས་ཀྱི་བྱེད་ལས་སོ་སོ་བ་ཞིག་ཡིན་པ་རེད། དེ་ཡང་གནས་སྟངས་མི་འདྲ་བའི་ནང་ཆོས་མི་འདྲ་བ་སྣ་ཚོགས་པ་ཉམས་སུ་མྱོང་བ་དང་བསྟུན་རྟག་ཏུ་འགྱུར་བ་འགྲོ་བཞིན་ཡོད། ཡིན་ནའང་། སེམས་ཀྱི་ཀུན་རྫོབ་ཀྱི་རང་བཞིན་དེ་ནི་རྟག་ཏུ་གཅིག་པར་གནས་ཀྱི་ཡོད། དེའི་གཏིང་ཟབ་པའི་དོན་དམ་གྱི་རང་བཞིན་དེའང་རྟག་ཏུ་གཅིག་པར་གནས་ཀྱི་ཡོད། དེ་ནི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པས་སྟོང་པ་ཞིག་ཡིན། 

ང་ཚོའི་སེམས་ཡོད་པའམ་གྲུབ་པའི་ཐད་ཕྱིན་ཅི་ལོག་པའི་སྒོ་ནས་བསམ་བློ་གཏོང་བའི་ཡིན་པ་མི་སྲིད་པའི་ཚུལ་མང་པོ་ཡོད་པ་རེད། དཔེར་ན། ང་ཚོས་སེམས་ནི་ “ངའམ་བདག་” ཟེར་བ་ཚུགས་ཐུབ་ཏུ་ཡོད་པའམ། ཡང་ན་ “ང་” ཟེར་བ་ཞིག་གིས་ལོངས་སུ་སྤྱད་པ་གང་རུང་དང་གཅིག་མཚུངས་སུ་ཡིན་པའི་ཚུགས་ཐུབ་ཀྱི་ངོ་བོ་ཞིག་ཏུ་བསམ་གྱི་ཡོད། ཕྱིན་ཅི་ལོག་པའི་ལྟ་བ་དེ་གཉིས་གང་ཡང་དོན་ངོ་མའི་སེམས་ཀྱི་རང་བཞིན་དངོས་དང་མཐུན་གྱི་མེད་པ་དང་དེ་དག་ནི་རྟོག་འཆར་ཙམ་དུ་ཟད་པས། སེམས་ཀྱི་རང་བཞིན་གྱི་ཆ་ཤས་མིན། ཕྱིན་ཅི་ལོག་པའི་ལྟ་བ་དེ་དག་ལ་གཞི་བྱས་པའི་སེམས་ཀྱི་གནས་བབས་ཐམས་ཅད་ཀྱང་སེམས་ཀྱི་རང་བཞིན་གྱི་ཆ་ཤས་མ་ཡིན། སེམས་ཀྱི་གནས་བབས་དེ་དག་གི་ནང་། “ང་” ཟེར་བ་དེ་ལ་ཡོད་པའི་ང་ཚོའི་ཕྱིན་ཅི་ལོག་པའི་བསམ་ཕྱོགས་དང་། “ང་” ཟེར་བ་དེ་ཉེན་མེད་སྲུང་སྐྱོབ་བྱེད་ཆེད་འབྱུང་བའི་ཉོན་མོངས་པ། དེ་བཞིན་ “ང་” ཟེར་བ་དེ་ལ་གཞོགས་འདེགས་བྱེད་ཆེད་སྙིང་པོ་མེད་པའི་ལས་བྱེད་དུ་འཇུག་མཁན་དབང་མེད་ཀྱི་སྐུལ་ཤུགས་བཅས་ཡོད་པ་རེད། དེ་དག་གཅིག་ཀྱང་སེམས་ཀྱི་རང་བཞིན་གྱི་ཆ་ཤས་མིན་པ་དང་དེ་དག་ནི་རང་བཞིན་དེའི་ཕྱིན་ཅི་ལོག་པའི་བློ་ལ་གཞི་རྩ་བྱས་ཡོད་པ་སོང་ཙང་། ཕྱིན་ཅི་ལོག་པའི་བློ་དེ་ཡང་དག་པའི་རྟོགས་པས་བརྗེ་པོ་རྒྱག་པའི་སྐབས་དེ་དག་གཏན་དུ་མེད་པ་བཟོ་ཐུབ་ཀྱི་ཡོད། དེ་ལས་ལྡོག་སྟེ། བྱམས་པ་དང་སྙིང་རྗེ་ལྟ་བུ་དགེ་བའི་སེམས་ཚོར་རྣམས་ནི་སེམས་ཀྱི་རང་བཞིན་གྱི་ཕྱིན་ཅི་ལོག་པའི་བློ་ལ་གཞི་རྩ་བྱས་མེད། དེ་ལྟར་ཁྱད་པར་ཆེན་པོ་ཞིག་ཡོད་པའི་རྒྱུ་མཚན་གྱིས་ཡང་དག་པའི་རྟོགས་པས་དེ་དག་ལ་བརྗེ་པོ་རྒྱག་གི་མེད། 

སྡུག་བསྔལ་གྱི་འགོག་པ་དངོས་སམ་འགོག་པའི་བདེན་པ་ནི་ང་ཚོའི་སེམས་ཀྱི་འགོག་པ་དེ་མིན། ང་ཚོའི་སེམས་དང་དེའི་ཡོན་ཏན་བྱམས་པ་དང་། སྙིང་རྗེ། ཡང་དག་པའི་རྟོགས་པ་ལ་སོགས་པ་ཚང་མ་ནི་སྐྱེ་བ་ནས་སྐྱེ་བའི་བར་དུ་མུ་མཐུད་དེ་འགྲོ་ཡི་ཡོད། མཐའ་མཇུག་གང་ཡོང་གི་ཡོད་ཅེ་ན། མ་རིག་པ་དང་། ཉོན་མོངས་པ། དབང་མེད་ལས་ཀྱི་སྐུལ་ཤུགས་བཅས་ཀྱི་དབང་དུ་ཤོར་ནས་ཚད་བཀག་ཅན་གྱི་ལུས་སེམས་དང་མཉམ་དུ་དབང་མེད་ཀྱི་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་དེ་ཡོང་གི་ཡོད། 

འགོག་པའི་བདེན་པའི་རྣམ་པ་བཞི།

འཕགས་པའི་བདེན་པ་གསུམ་པ་འགོག་པའི་བདེན་པ་ལ་རྣམ་པ་བཞི་ཡོད་དེ།

  • དང་པོ། འགོག་པ་སྟེ། སྡུག་བསྔལ་སྣ་ཚོགས་པ་འབྱུང་བ་ལ་རྒྱུན་སྲིང་པའི་རྒྱུ་ཀུན་འབྱུང་བདེན་པ་དེ་དངོས་སུ་འགོག་པ་དེ་རེད། སྡུག་བསྔལ་གྱི་གནས་སྟངས་བྱེ་བྲག་གང་འདྲ་ཞིག་ཡིན་ནའང་དེ་རང་བཞིན་གྱིས་མཐར་རྫོགས་འགྲོ་ཡི་ཡོད། དེ་གང་ཡིན་ཞེ་ན། འདུས་བྱས་ཀྱི་ཆོས་སམ་རྒྱུ་དང་རྐྱེན་ལས་གྲུབ་པའི་ཆོས་ཡོད་དོ་ཅོག་ནི་མི་རྟག་པ་དང་འགོག་རྒྱུ་ཡིན་པ་ངེས་པ་རེད། འོན་ཀྱང་། “འགོག་པ་དངོས་སམ་འགོག་པའི་བདེན་པ་” ཞེས་པ་ནི་དེ་ལྟ་བུའི་གནས་སྟངས་དེ་ནམ་ཡང་སླར་མི་འབྱུང་བའི་དོན་རེད། གང་ཡིན་ཞེ་ན། སེམས་ཀྱི་རང་བཞིན་ནི་དག་པ་ཡིན། དེའི་དོན་ནི་ཀུན་འབྱུང་གི་བདེན་པའམ་རྒྱུ་དངོས་དེ་དག་དང་མཐའ་གཅིག་ཏུ་བྲལ་བའི་ཆ་ནས་བདེན་དོན་དེ་རྟོགས་ན། སྡུག་བསྔལ་འབྱུང་བ་ལ་རྒྱུན་སྲིང་བ་དེ་སྤོང་བའི་ཐབས་མེད་ཅེས་པའི་ཕྱིན་ཅི་ལོག་པའི་བློ་དེ་ལ་ཁ་གཏད་གཅོག་གི་ཡོད། 
  • གཉིས་པ། ཞི་བ་སྟེ། འགོག་པའི་བདེན་པ་ནི་ཞི་བའི་གནས་བབས་ཤིག་ཡིན། གང་ཡིན་ཞེ་ན། སེམས་ཀྱི་ཉོན་མོངས་པའི་སེམས་བྱུང་ཐམས་ཅད་ཞི་བ་རེད། འདིས་ཟུག་བཅག་སྨན་ཤུགས་ཆེན་པོ་ཞིག་བཟས་ནས་གང་ཡང་མི་ཚོར་བ་ལྟ་བུ་ཏིང་ངེ་འཛིན་གྱི་སྙོམས་འཇུག་ཐོབ་པ་དེ་ནི་སྡུག་བསྔལ་ཀུན་འགོག་པར་བྱེད་པའི་འགོག་བདེན་ཡིན་པའི་བསམ་བློ་ལོག་པའམ་ནོར་བ་དེ་ལ་ཁ་གཏད་གཅོག་གི་ཡོད། དེ་ལྟ་བུའི་སྡུག་བསྔལ་དང་གདུང་བ་ལས་བྲལ་བའི་གནས་བབས་ནང་ང་ཚོ་ཇི་ཙམ་ཡུན་རིང་གནས་པ་ཡིན་ནའང་། དེས་ང་ཚོའི་སྡུག་བསྔལ་གྱི་རྒྱུ་དངོས་དེ་མེད་པ་བཟོ་ཡི་མེད། དེ་ནི་འཕྲལ་སེལ་གྱི་ངལ་གསོའི་བར་སེང་ཙམ་ཞིག་ཡིན་པ་རེད། ཏིང་ངེ་འཛིན་ཟད་པ་དང་ཟུག་བཅག་གི་སྨན་དེའི་ནུས་པ་རྫོགས་ནས་ང་ཚོའི་དཀའ་ངལ་དང་སྡུག་བསྔལ་ཡང་བསྐྱར་ཡོང་གི་ཡོད། 
  • གསུམ་པ། གྱ་ནོམ་པ་སྟེ། འགོག་པའི་བདེན་པ་ནི་ཁྱད་པར་དུ་འཕགས་པའམ་མཆོག་ཏུ་གྱུར་བའི་གནས་བབས་ཤིག་ཡིན། དེ་ནི་འཁོར་བའི་ནང་གི་ཐོབ་བྱ་ཚང་མའི་ནང་ནས་མཆོག་ཏུ་གྱུར་བ་དེ་ཡིན། ང་ཚོས་སྣང་ཚོད་ཀྱི་འཛམ་གླིང་འདི་ག་ཚོད་ཀྱིས་སྐྱིད་ཉམས་དང་ཞི་བདེ་ཅན་དུ་བསྐྲུན་ནས་དེའི་ནང་གཡོལ་ནས་སྡོད་ཐབས་བྱེད་ཀྱང་། དེའི་ནང་ཡིབ་ནས་སྡུག་བསྔལ་གྱི་བདེན་པ་དང་དེ་དག་གི་རྒྱུ་ཀུན་འབྱུང་བདེན་པ་ལས་གཡོལ་མི་ཐུབ། “འཛམ་གླིང་དངོས་” ཞེས་པའི་ནང་གི་ང་ཚོའི་དཀའ་ངལ་རྣམས་མེད་པ་ཆགས་མེད། 
  • མཐའ་མ་དེ་ནི་ངེས་འབྱུང་སྟེ། འགོག་པའི་བདེན་པ་ནི་སྡུག་བསྔལ་གྱི་བདེན་པ་ཐམས་ཅད་དང་དེ་དག་གི་རྒྱུ་ཀུན་འབྱུང་བདེན་པ་ལས་ངེས་པར་འབྱུང་བ་དེ་ཡིན། དེ་ཡང་ངེས་འབྱུང་ཕྱོགས་ཙམ་མམ་གནས་སྐབས་ཙམ་མིན། ང་ཚོ་དང་གཞན་དེ་བཞིན་ཆོས་ཐམས་ཅད་ཇི་ལྟར་ཡོད་པ་མ་རྟོགས་པ་དང་ལོག་པར་རྟོགས་པ་དེ་གོམས་གཤིས་དང་བག་ཆགས་ཀྱི་ནང་གཏིང་ཚུགས་པོ་དང་བརྟན་པོ་ཆགས་ཡོད་པ་སོང་ཙང་། ངེས་འབྱུང་འདི་ནི་བང་རིམ་མང་པོའི་ཐོག་ནས་འབྱུང་གི་ཡོད། འོན་ཀྱང་། དེ་དག་སླར་ནམ་ཡང་མི་འབྱུང་བའི་ཚུལ་དུ་མེད་པ་བཟོ་རྒྱུ་དེ་ནི་སྲིད་རུང་ཞིག་དང་བཟོ་ཐུབ་པ་ཞིག་རེད། རྒྱུ་མཚན་ནི་དེ་དག་ང་ཚོའི་སེམས་ཀྱི་རང་བཞིན་གྱི་ཆ་ཤས་མིན་པའི་ཕྱིར། དེ་དག་ནི་གློ་བུར་བའི་དྲི་མ་ཡིན་ཏེ། སེམས་ཀྱི་རང་བཞིན་ནི་དག་པ་ཡིན་པའི་ཕྱིར་རོ།།

ཕྱོགས་བསྡོམས།

ང་ཚོའི་སྡུག་བསྔལ་བདེན་པ་རྒྱུན་སྲིང་བའི་ཀུན་འབྱུང་བདེན་པ་དེ་གཏན་ཏུ་སྤོང་ཐུབ་པ་ཞིག་ཡིན་པའི་སྐབས། དེ་དག་ལ་གནས་སྐབས་རིང་ཉུང་དུ་གཏོང་བའམ་མགོ་ནོན་པ་ཙམ་བྱེད་དགོས་དོན་གང་ཡིན་ནམ། ང་ཚོས་དེ་དག་གཏན་དུ་མེད་པ་བཟོ་བར་བརྩོན་པའི་སྐབས་སུ་ང་ཚོས་དེ་དག་གི་ཟློས་ཕྱོད་དང་ངར་ཤུགས་རིམ་པས་ཉུང་དུ་གཏོང་དགོས་ངེས་ཡིན་ནའང་། སངས་རྒྱས་ཀྱིས་དེ་དག་གི་འགོག་པ་དངོས་སམ་འགོག་པའི་བདེན་པ་དེ་ནི་ང་ཚོ་ཚང་མས་ཐོབ་ཐུབ་ཅེས་གསུངས་ཡོད། ང་ཚོས་སྡུག་བསྔལ་གྱི་རྒྱུ་རྣམས་གནས་སྐབས་རིང་མགོ་ནོན་པ་ཙམ་བྱེད་པ་ལ་ཅིའི་ཕྱིར་དམིགས་ཀྱི་ཡོད་དམ།། 

Top