བདེན་པ་གཉིས་ལས་བདེན་པ་བཞི།

ཆོས་ཕྱོགས་ཀྱི་དམིགས་ཡུལ་ཞིག་གི་ཆེད་འབད་བརྩོན་བྱེད་པ།

ང་ཚོས་ཆོས་ཕྱོགས་ཀྱི་དམིགས་ཡུལ་ཞིག་གི་ཆེད་འབད་བརྩོན་བྱེད་ཐུབ་པ་ལ་ལམ་ཁ་གཉིས་ཡོད་པ་ནི།

  • དད་པ་ལ་གཞི་བཅོལ་ནས་བཤད་ན། ང་ཚོས་དམིགས་ཡུལ་དེ་སྒྲུབ་ཐུབ་པའི་དད་པ་ཡོད་དགོས། དད་པ་དེ་གཞི་ལ་བྱས་ནས་དམིགས་ཡུལ་གྱི་ཕྱོགས་སུ་འབད་བརྩོན་བྱེད་པ་དང་། རང་ཉིད་ཀྱི་ཉམས་ལེན་དང་སྦྱོང་བརྡར་མུ་མཐུད་ཡར་རྒྱས་ཕྱིན་ནས་མཐར་དམིགས་ཡུལ་དེ་སྒྲུབ་ཐུབ་པའི་ཡིད་ཆེས་རྙེད་ཀྱི་ཡོད། དཔེ་ཆ་བཞག་ན། ཁྱེད་རང་གི་དམིགས་ཡུལ་ནི་སྡུག་བསྔལ་དེ་རྩ་བ་ཉིད་ནས་མེད་པ་བཟོ་རྒྱུ་དེ་ཡིན་ཅིང་། དེ་ལྟར་བཟོ་ཐུབ་པའི་དད་པའང་ཡོད་པ་ཡིན། དེའི་ཆེད་དུ་འབད་བརྩོན་བྱེད་པའི་སྐབས་གལ་སྲིད་སྡུག་བསྔལ་ཉུང་དུ་འགྲོ་གི་ཡོད་ན། དམིགས་ཡུལ་དེ་སྒྲུབ་ཐུབ་པའི་ཡིད་ཆེས་སྙེད་པ་ཡིན། རང་ཉིད་ཡར་རྒྱས་ཀྱི་ཆ་ཤས་ལྟ་བུར་ཆོས་ལ་སློབ་གཉེར་བྱེད་པ་དང་སྒོམ་ཉམས་ལེན་མང་ཙམ་བྱེད་དགོས་ཤᨑᩏ་། དེ་ལ་བརྟེན་ནས་དམིགས་ཡུལ་དེ་འཐོབ་རུང་ཡིན་པ་ལ་རྒྱུ་མཚན་ལྡན་པའི་སྒོ་ནས་ཡིད་ཆེས་རྙེད་པ་ཡིན།
  • ཡིད་ཆེས་ལ་གཞི་བཅོལ་ནས་བཤད་ན། དང་པོར་རྒྱུ་མཚན་རིགས་པ་ལ་བརྟེན་ནས་དམིགས་ཡུལ་དེ་འཐོབ་རུང་ཡིན་པ་ལ་ཡིད་ཆེས་རྙེད་དགོས་པ་དང་། དེ་ནས་དམིགས་ཡུལ་གྱི་ཆེད་དུ་འབད་བརྩོན་བྱེད་དགོས་པ་ཡིན།

གལ་སྲིད་ང་ཚོས་སྲོལ་རྒྱུན་ནང་ཆོས་ཀྱི་འགྲོ་སྟངས་ལྟར་བྱས་ན། ཐབས་ལམ་འདི་གཉིས་ནི། དུས་རྒྱུན་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཐབས་ལམ་གཉིས་ཀྱི་ཐོག་ནས་བགྲོ་གླེང་བྱེད་ཀྱི་ཡོད།

ཐོག་མར་ང་ཚོས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། མ་འོངས་པར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་དམིགས་པ་ཞིག་ཡིན་ཅིང་། དེ་ད་ལྟ་ཐོབ་མེད་ཀྱང་འཐོབ་རུང་ཡིན་པ་རེད། ང་ཚོས་དེ་ལྟར་བྱེད་དགོས་དོན་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་དུ་ཡིན། གང་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ལ་དངོས་གནས་དྲང་གནས་ཕན་ཐོགས་ཐུབ་པའི་ཐབས་ལམ་གཅིག་པུ་ནི། རྒྱུ་འབྲས་ཀྱི་རྣམ་གཞག་ཡོངས་སུ་རྫོགས་པ་ཤེས་ཤིང་། གཞན་ཕན་གནད་དུ་སྨིན་པ་ཞིག་སྒྲུབ་པའི་ཐབས་ལམ་ཡག་ཤོས་དེ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་ཡིན་པ་ང་ཚོས་ཤེས་ཀྱི་ཡོད། དེའི་སྟེང་ལ་གོ་འཕང་དེ་འཐོབ་ཐུབ་པའི་དད་པ་དེ་ང་ཚོར་ཡོད་པ་ཡིན།

དེ་ལྟར་ང་ཚོའི་ཉམས་ལེན་མུ་མཐུད་ཡར་རྒྱས་འགྲོ་བ་དང་མཉམ་དུ་མཐར་ཐུག་དོན་དམ་བྱང་ཆུབ་ཀྱི་སེམས་ཞེས་པ་དེ་བསྐྱེད་པ་ཡིན་ཅིང་། དེ་ནི་ཆོས་ཐམས་ཅད་ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པ་མ་ཡིན་པའིསྟོང་པ་ཉིད་ཀྱི་དོན་དེ་རྟོགས་པ་ལ་གོ་བ་ཡིན། ང་ཚོས་དངོས་པོའི་གནས་ལུགས་རྟོགས་ནས་སེམས་ཀྱི་རང་བཞིན་ནི་རྣམ་རྟོག་བསྐྲུན་མཁན་ཞིག་མིན་པར། དངོས་པོའི་གནས་ལུགས་ཇི་བཞིན་དུ་མཐོང་མཁན་ཞིག་ཡིན་པ་ཤེས་ཀྱི་ཡོད། དེ་རྟོགས་པ་ལ་བརྟེན་ནས་ང་ཚོའི་དམིགས་ཡུལ་དེ་འཐོབ་རུང་ཡིན་པའི་ཡིད་ཆེས་རྒྱུ་མཚན་དང་བཅས་ཏེ་རྙེད་པ་ཡིན། སྐབས་དེ་དུས་ང་ཚོའི་དད་པ་ཡིད་ཆེས་བརྟན་པོའི་ངོ་བོར་བསྒྱུར་བ་ཡིན།

བརྙན་པར། བྱ་རོག་བླ་མ། “ནང་པའི་ལམ་གྱི་རྒྱུ་མཚན་རིགས་པ་དང་དད་པ།” 

ཐབས་ལམ་གཉིས་པ་ནི། ཐོག་མར་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་སྲིད་པའི་དངོས་ཡོད་ཀྱི་གནས་ལུགས་རྟོགས་པར་བྱས་ཏེ། དང་པོ་ནས་དོན་དམ་བྱང་ཆུབ་ཀྱི་སེམས་ལ་འཇུག་རྒྱུ་དེ་ཡིན། འདི་ལ་གཞི་བཅོལ་ནས་བཤད་ན། ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཡིད་ཆེས་རྙེད་པ་དང་། ཡིད་ཆེས་དེ་ཡོད་པ་ལ་བརྟེན་ནས་དེ་འཐོབ་པའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད། ཐབས་ལམ་གཉིས་པ་འདི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་མཛད་པའི་ “བྱང་ཆུབ་སེམས་ཀྱི་འགྲེལ་བ་” ཞེས་པའི་ཕྱག་དཔེའི་ནང་གསལ་ཡོད།

ཐབས་ལམ་འདི་ནི་ང་ཚོས་བལྟས་ཚར་བའི་ཚིགས་བཅད་བདེན་པ་གཉིས་ལས་བདེན་བཞི་ཇི་ལྟར་འབྱུང་བ་དང་། བདེན་པ་བཞི་ལས་དཀོན་མཆོག་གསུམ་ཇི་ལྟར་འབྱུང་བའི་ཚུལ་གསུངས་པའི་ནང་གསལ་ཡོད་ཅིང་། སྐབས་འདིར་བསྟན་པའི་དགོས་པ་ནི་ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞེས་པ་དངོས་ཡོད་ཀྱི་གནས་ལུགས་དང་མཐུན་པའི་ཆོས་ཞིག་ཡིན་པས། དེ་ནི་འཐོབ་རུང་ཡིན་པ་རྟོགས་པའི་ཆེད་དུ་ཡིན།

  • ཐར་པ་ཞེས་པ་ནི། དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པའི་འཁོར་བ་ལས་ཡོངས་སུ་ཐར་བ་ལ་བརྟེན་ནས་ང་ཚོ་སྡུག་བསྔལ་ལས་ཡོངས་སུ་ཐར་བ་ཞིག་ལ་གོ་བ་ཡིན། ཐར་པའི་གོ་འཕང་ཐོབ་པའི་གང་ཟག་རྣམས་ནི་ “དགྲ་བཅོམ་པ་” རྣམས་ཡིན།
  • ཐམས་ཅད་མཁྱེན་པ་ནི། སེམས་ཅན་གྱི་དོན་བྱེད་པ་ལ་གནད་དུ་སྨིན་པའི་ཐབས་ལམ་ཡག་ཤོས་དེ་རྟོགས་པ་ལ་འགོག་རྐྱེན་བྱེད་མཁན་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་འགོག་རྐྱེན་བྱེད་མཁན་གྱི་སྒྲིབ་པ་ལས་ཡོངས་སུ་གྲོལ་བའི་གོ་འཕང་ཞིག་ལ་ཟེར། ཐམས་ཅད་མཁྱེན་པ་རྣམས་ལ་ “སངས་རྒྱས་” ཤེས་གྲགས་པ་ཡིན།

ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་སངས་རྒྱས་ཤཀྱ་ཐུབ་པ་ཙམ་དུ་མ་ཟད། ང་ཚོས་ཀྱང་འཐོབ་སྲིད་པའི་ངེས་ཤེས་བརྟན་པོ་ཞིག་སྐྱེས་ན། དེ་ལ་བརྟེན་ནས་ང་ཚོའི་ཆོས་ཕྱོགས་ཀྱི་ཉམས་ལེན་ལ་ནུས་ཤུགས་དང་བརྟན་ཆ་ཧ་ཅང་ཆེན་པོ་ཞིག་སྤྲོད་ཐུབ། འོན་ཀྱང་ད་དུང་འདི་ནི་ཧ་ཅང་གི་གོ་སླ་པོ་ཞིག་མིན་ལ་དེ་ལྟར་ཡིན་པའང་སུས་ཀྱང་བཤད་མྱོང་མེད།

བདེན་པ་གཉིས།

སློབ་ཐུན་དང་པོའི་ནང་ང་ཚོས་ཚིག་རྐང་དང་པོའི་སྐོར་ལ་བགྲེ་གླེང་བྱས་ཡོད་པ་ནི།

གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས།

 ཞེས་གསུངས་ཡོད། དེ་ཡང་ཆོས་ཐམས་ཅད་ཀྱི་རྩ་བའི་གནས་སྟངས་བདེན་པ་གཉིས་ཀྱི་དོན་ཤེས་ན། ཞེས་པ་དེ་ཡིན།

སྐབས་འདིར་བགྲོ་གླེང་གི་གནད་དོན་ཡོངས་སུ་རྫོགས་པ་གནས་སའི་རྨང་གཞི་དེ་ནི་བདེན་པ་གཉིས་ཀྱི་བཤད་པ་དེ་ཡིན་ཞིང་། དེ་ནི་ཆོས་ཐམས་ཅད་ཇི་ལྟར་ཡོད་པ་དང་དེ་དག་གི་བྱ་བ་བྱེད་ཚུལ་དེ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་ཟེར་བ་དེ་ཡིན། བདེན་པ་གཉིས་ཀྱི་ཐོག་ནས་ཆོས་རྣམས་ཡོད་ཚུལ་བསྟན་པ་ནི་གཉིས་ཀ་ཁུངས་ཐུབ་ཡན་པས་བདེན་པ་ཡིན།

  • ལྟོས་བཅས་ཀུན་རྫོབ་ཀྱི་བདེན་པ། ཆོས་ཐམས་ཅད་རྒྱུ་དང་རྐྱེན་ཞིག་ལ་བརྟེན་ནས་ཡོང་གི་ཡོད། ཆོས་གང་ཡང་རུང་བ་ཞིག་གང་ལ་བརྟེན་གྱི་ཡོད་པའི་རིམ་པ་གཞན་མང་པོ་ཡོད་ལོས་ཆོག དཔེར་ན། ཆོས་གང་ཞིག་གི་གྲུབ་ཚུལ་གྱི་ཆ་ནས་ཆོས་དེ་ཡི་ཆ་ཤས་དང་ཆོས་དེ་དང་འབྲེལ་བའི་རྟོག་པ་སོགས་རིམ་པ་མང་པོ་ལ་ལྟོས་དགོས་ཀྱང་། སྐབས་འདིར་དོན་དག་གཙོ་བོ་ནི། མྱོང་བའི་སྒོ་ནས་རྒྱུ་འབྲས་ཀྱི་རྣམ་གཞག་དང་། ཁྱད་པར་ལས་ཀྱི་རང་ཤུགས་དང་འབྲེལ་བའི་ཐོག་ནས་བདེ་བ་དང་སྡུག་བསྔལ་གྱི་མྱོང་བ་རྣམས་ཡིན།
  • མཐར་ཐུག་དོན་དམ་གྱི་བདེན་པ། སྤྱིར་བཏང་ང་ཚོ་ལ་ཆོས་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་བྱུང་གི་མེད་པ་ལྟ་བུར་སྣང་ཡང་། འཁྲུལ་སྣང་གི་ཡིན་པ་མི་སྲིད་པའི་ཆོས་ཀྱི་གྲུབ་ཚུལ་དེ་ནི་དངོས་ཡོད་ཀྱི་གནས་ལུགས་དང་མི་མཐུན་པ་ཡིན། ང་ཚོའི་རྣམ་རྟོག་གི་འཆར་སྣང་དང་མཐུན་པའི་དངོས་ཡོད་ཀྱི་གནས་ལུགས་ཞིག་རྩ་ནས་མེད། འདི་ལྟ་བུའི་ཆོས་རྣམས་རང་ངོས་ནས་གྲུབ་པས་སྟོང་པ་དང་། རྒྱུ་དང་རྐྱེན་ལ་མ་ལྟོས་པའི་རང་བཞིན་གྱིས་གྲུབ་པས་སྟོང་པ་དེ་ལ་ “སྟོང་པའམ་” “སྟོང་པ་ཉིད་” ཅེས་ཟེར་བ་ཡིན།

འཕགས་པའི་བདེན་པ་བཞི།

བདེན་པ་གཉིས་ཀྱི་རྣམ་གཞག་དེ་ཁུངས་ལྡན་ཡིན་པ་རྒྱུ་མཚན་དུ་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཕགས་པའི་བདེན་པ་བཞིའི་དོན་ཇི་བཞིན་དུ་རྟོགས་ནས་གོ་རིམ་ངེས་ཅན་དུ་སྒྲིག་གནང་བ་ཡིན། དེ་ནི་ཚིག་རྐང་གཉིས་པའི་ནང་བསྟན་ཡོད།

བདེན་བཞིས་འཁོར་བར་མཇུག་ལྡོག་ཇི་བཞིན་ངེས།

ཞེས་གསུངས་ཡོད། དེ་ཡང་བདེན་པ་བཞི་ལ་བརྟེན་ནས་ཇི་ལྟར་བྱས་ཏེ་ཡང་ནས་ཡང་དུ་འཁོར་བ་ལ་འཇུག་ལྡོག་བྱེད་ཚུལ་གཏན་ལ་འབེབ་ཐུབ

བདེན་པ་བཞི་དངོས་ཡོད་ཡིན་པ་ནི་རྟོགས་པ་མཐོ་བའི་འཕགས་པའི་གང་ཟག་རྣམས་ཀྱིས་མཐོང་ཐུབ་པ་ཡིན། དེ་ནི་སྤྲོ་སྣང་བྱེད་འོས་ཤིང་ཡིད་ལ་འཐད་པའི་གནད་དོན་ཞིག་རེད། གང་ཡིན་ཞེ་ན། དེ་ནི་སངས་རྒྱས་གཅིག་པུས་བདེན་པ་བཞི་པོ་དངོས་ཡོད་ཡིན་པ་མཐོང་བ་ཙམ་མ་ཡིན་པར། སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་དུས་ཡུན་གང་ལ་གང་འཚམས་ཀྱི་རིང་པོ་འགོར་བའི་གང་ཟག་ལམ་ངེས་ཅན་ཐོབ་པ་རྣམས་ཀྱིས་ཀྱང་རྟོགས་ཐུབ་ཀྱི་ཡོད། ང་ཚོ་ལ་སྟོང་ཉིད་རྟོགས་པའི་རྟོག་བྲལ་གྱི་ཤེས་པའམ། ཡང་ན་མཐར་ཐུག་དོན་དམ་དངོས་པོའི་གནས་ལུགས་རྟོགས་པའི་སྐབས་སུ་དེ་འདྲ་ཡོང་གི་ཡོད། འདི་ལྟ་བུའི་རྟོགས་པ་ནི་མཐའ་གཅིག་ཏུ་ཡང་དག་པ་དང་ཐག་ཆོད་པོ་ཞིག་ཡིན། དེ་ནི་རྟོག་པ་དང་བྲལ་བ་ཞིག་ཡིན་པ་སོང་ཙོང། དེའི་དོན་ནི་ང་ཚོས་དངོས་པོ་རྣམས་སྡེ་ཚན་ཕྱེས་ནས་༼དོན་སྤྱིའི་སྒོ་ནས་༽རྟོགས་ཀྱི་མེད་པའི་དོན་ཡིན།  

ང་ཚོས་སྡེ་ཚན་ཕྱེས་ནས་བསམ་པའི་སྐབས་ “ཁྱི་” ལྟ་བུར་དཔེ་བཞག་ན། ཁྱི་ཞིག་མཚོན་པར་བྱེད་པའི་ཆོས་གཅིག་དགོས་ཀྱི་ཡོད། དེ་འདྲའི་མཚོན་དོན་དེ་མི་སོ་སོར་ཏོག་ཙམ་མི་འདྲ་བ་ཡོང་ཆོག་ཀྱང་། ཁྱི་ཞིག་སྲང་ལམ་ནང་དུའམ། ཡང་ན་ས་ཆ་གང་རུང་ཞིག་ལ་འགྲོ་བ་མཐོང་བའི་སྐབས་སུ་ང་ཚོས་ཁྱི་དེ་སྡེ་ཚན་ཕྱེས་ནས་ ༼དོན་སྤྱིའི་སྒོ་ནས་༽ རྟོགས་ཀྱི་ཡོད། ཁྱི་དེ་ལ་དངོས་སུ་མཐོང་སྣང་བྱེ་བྲག་པ་ཞིག་ཡོད་མི་དགོས་པར། ཁྱི་དེ་ལ་འཛིན་པའི་གཟུགས་བརྙན་ཀྱི་སྒོ་ནས་ཁྱིའི་སྣང་ཚུལ་དེ་མཉམ་དུ་སྒྲིག་གི་ཡོད། རྟོག་པ་དང་བྲལ་བའི་སྒོ་ནས་ཆོས་གང་ཞིག་རྟོགས་པའི་སྐབས་དེ་ནི་དམིགས་བསལ་སྡེ་ཚན་གྱི་ཚགས་བྱེད་མེད་པའམ། དེ་མཚོན་པར་བྱེད་པའི་ཆོས་མེད་པའི་སྒོ་ནས་སྣང་བ་ཡིན་པས། འདི་ལ་ “རིག་པ་རྗེན་པ་” ༼མངོན་སུམ་ཚད་མ་༽ ཞེས་ཆོས་རྣམས་ཤོག་སྒམ་ཞིག་གི་ནང་སྡེ་ཚན་ཕྱེས་ཏེ་མ་སྒྲིག་པའི་སྒོ་ནས་རྟོགས་ཀྱི་ཡོད།

རྟོགས་པ་མཐོན་པོར་སླེབས་པའི་གང་ཟག་གམ་ལེགས་སྦྱར་སྐད་དུ་ཨཱརྱའམ་འཕགས་པ་རྣམས་ཀྱིས་ “ད་ངས་དངོས་པོའི་གནས་ལུགས་མཐོང་གི་འདུག་” ཅེས་དངོས་པོའི་གནས་ལུགས་དེ་དངོས་པོའི་གནས་ལུགས་ཀྱི་སྒམ་ཞིག་གི་ནང་དུ་མ་བླུགས་པའི་ཐོག་ནས་རྟོགས་ཀྱི་ཡོད། དེའི་དོན་ནི་དེ་དག་གིས་དངོས་པོའི་གནས་ལུགས་དེ་དོན་སྤྱི་དང་མ་འདྲེས་པའི་སྒོ་ནས་རྟོགས་ཀྱི་ཡོད། འཕགས་པའི་གང་ཟག་རྣམས་ཀྱིས་དངོས་པོའི་གནས་ལུགས་དེ་སྡེ་ཚན་ཕྱེས་པའམ་སྒམ་གཅིག་གི་ནང་སྒྲིག་ནས་མཐོང་དགོས་པ་མ་ཡིན་པར། ཁོང་ཚོས་གང་རྟོགས་པ་དེ་ཆ་ཚང་བ་དང་། གནད་ལ་ཐིག་པ། ཐག་ཆོད་པོའི་སྒོ་ནས་རྟོགས་ཐུབ་ཀྱི་ཡོད། དེ་ནི་ལས་སླ་པོ་ཞིག་མིན། ང་ཚོས་དངོས་པོ་རྣམས་བླུགས་སའི་སྒམ་དེ་དག་ལ་ཚིག་གིས་བཤད་པ་བྱེད་མི་སྲིད་པ་ཡིན་ནའང། དེ་ནི་དུས་རྒྱུན་དུ་ང་ཚོས་ཆོས་རྣམས་རྟོགས་ཚུལ་དེ་ཡིན། དངོས་པོ་རྣམས་སྒམ་གྱི་ནང་རང་ངོས་ནས་ཡོད་པ་དང་། གཞན་ཚང་མ་ལས་ལོགས་སུ་ཡོད་པ་ལྟར་ང་ཚོས་ཚང་མ་དེའི་ནང་བླུགས་ཀྱི་ཡོད།

སྐབས་འདིར་རྟོག་པའི་ཤེས་པའི་སྐོར་ལ་འགྲེལ་བཤད་རྒྱས་པ་ཞིག་དགོས་ཡག་མེད། དོན་དག་ངོ་མ་ནི། དངོས་པོའི་གནས་ལུགས་འདི་ལྟར་ཇི་མ་ཇི་བཞིན་དུ་རྟོགས་པ་ལ་ཁྱེད་རང་སངས་རྒྱས་ཆགས་དགོས་པའི་ངེས་པ་མེད། དངོས་ཡོད་ཀྱི་གནས་ལུགས་རྟོག་མེད་མངོན་སུམ་དུ་རྟོགས་པའི་སྐབས་འཕགས་པའི་བདེན་པ་བཞི་དངོས་གནས་ཡིན་པ་དང་། ང་ཚོས་དེ་དག་ལ་ངེས་པ་རྙེད་ཀྱི་རེད།

བདེན་པ་བཞི་པོ་དེ་གང་དང་གང་ཡིན་ནམ་ཞེ་ན། དང་པོ་ནི་སྡུག་བསྔལ་ཡིན། གཉིས་པ་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཡིན། གསུམ་པ་སྡུག་བསྔལ་དང་དེའི་རྒྱུ་འགོག་པའི་འགོག་པ་ཡིན། བཞི་པ་ནི་སྡུག་བསྔལ་འགོག་བྱེད་ཀྱི་རྟོགས་པའམ་འགོག་པ་ལ་འཁྲིད་པར་བྱེད་པའི་ལམ་དེ་ཡིན། འདི་དག་ལ་བདེན་པ་ཞེས་ “སྡུག་བསྔལ་གྱི་བདེན་པ་” དང་། “ཀུན་འབྱུང་གི་བདེན་པ་” “འགོག་པའི་བདེན་པ།” “ལམ་གྱི་བདེན་པ་” ཞེས་ཟེར་བ་ཡིན།

བགྲོ་གླེང་འདིའི་བརྗོད་བྱ་ཡོངས་སུ་རྫོགས་པ་ནི་སྐྱེ་བ་ཕྱི་མ་དང་། སེམས་ཀྱི་རྒྱུན་ཐོག་མ་མེད་པ་དང་མཐའ་མ་མེད་པའི་སྐོར་དང་སྐབས་དོན་འབྲེལ་ནས་ཡོད། སྐྱེ་བ་ཕྱི་མའི་སྐོར་དེ་རྨང་གཞི་རེད། ང་ཚོས་སྐད་ཅིག་སྐད་ཅིག་གི་སྒེར་སོ་སོས་དངོས་པོ་རྣམས་ལ་མྱོང་བཞིན་པའི་ཐད་ལ་སྐད་ཆ་བཤད་པ་རེད། དེ་ཡང་རྒྱུ་འབྲས་དང་འབྲེལ་བའི་ཐོག་ནས་སྟངས་འཛིན་བྱེད་པ་དང་། དེ་ལ་གང་ཡང་མེད་པ་ཞིག་ནས་ཐོག་མར་ལྟོས་མེད་ཀྱི་འགོ་བཙུག་ས་ཞིག་ཡོད་མི་སྲིད་པ་ཡིན། དེ་ག་ནང་བཞིན་གང་ཡང་མེད་པའི་གནས་སྐབས་ཀྱི་ཆེས་མཐའ་མའི་དུས་ཟེར་བ་ཞིག་ཀྱང་མེད། དེ་ནི་མི་སྲིད་པ་ཞིག་ཡིན། རྒྱུ་དང་འབྲས་བུའི་གཞི་རྩའི་བདེན་པ་ཙམ་ཞིག་ནས་ང་ཚོས་སྒེར་སོ་སོའི་སེམས་ཀྱི་རྒྱུན་ལ་ཐོག་མ་དང་མཐའ་མ་མེད་པ་ཞིག་ལ་མཇུག་སྡོམ་རྒྱབ་དགོས་ཐུག་གི་ཡོད། བྱས་ཙང་། སྐྱེ་བ་ཕྱི་མ་དངོས་གནས་ཡོད་དགོས་པ་ཞིག་ཡིན།

སྡུག་བསྔལ་བདེན་པ།

སྡུག་བསྔལ་བདེན་པ་ལ་རྣམ་པ་མི་འདྲ་བ་གསུམ་ཡོད་པ་ནི།

  • དང་པོ་སྤྱིར་བཏང་འཆར་ཅན་གྱི་སྡུག་བསྔལ་དེ་ཡིན། དེ་ལ་ང་ཚོས་སྡུག་བསྔལ་གྱི་སྡུག་བསྔལ་ཟེར་གྱི་ཡོད། ང་ཚོ་ཚང་མས་སྡུག་བསྔལ་མྱོང་ཡོད། སྡུག་བསྔལ་དེ་གདུང་བ་ཡིན་པའི་ངེས་པ་མེད། བདེ་སྐྱིད་དང་སྡུག་བསྔལ། དགའ་བ་དང་གདུང་བ་ཞེས་པ་ནི་རྣམ་པ་མི་འདྲ་བ་གཉིས་རེད། དགའ་བ་དང་གདུང་བ་ནི་གཙོ་བོར་ལུས་ཀྱི་ཚོར་བ་དང་བདེ་སྐྱིད་དང་སྡུག་བསྔལ་ནི་གཙོ་བོར་སེམས་ཀྱི་གནས་བབས་ཤིག་ཡིན། མི་ཁ་ཤས་ལུས་སྦྱོང་ཤུགས་ཆེན་བྱས་པའི་རྗེས་སུ་ལུས་ལ་གདུང་བ་མྱོང་ཡང་སེམས་ནང་བདེ་སྐྱིད་ཡོང་སྲིད། ཡང་མི་ཁ་ཤས་ལ་བཙན་ཤེད་ཀྱིས་འཁྲིག་སྤྱོད་བྱས་པའི་རྗེས་སུ་དགའ་བདེའི་ཚོར་བ་མྱོང་ཡང་དེ་ལ་སྡུག་བསྔལ་ཆེན་པོ་བྱེད་སྲིད། བྱས་ཙང་། འགྱུར་ལྡོག་ཅན་གྱི་རྣམ་པ་མི་འདྲ་བ་གཉིས་ཡོད་པ་ཡིན། འདིར་ང་ཚོས་རྒྱུས་མངའ་ཡོད་པའི་སྡུག་བསྔལ་གྱི་སྐོར་ལ་ཤོད་ཀྱི་ཡོད། དེ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བའི་ཕྱི་མ་ངན་སོང་གི་སྐྱེ་བ་སོགས་ཀྱི་སྐོར་ལ་འགྲེལ་བཤད་བརྒྱབ་ཡོད།
  • སྡུག་བསྔལ་གྱི་རིགས་གཉིས་པ་དེ་ལ་འགྱུར་བའི་སྡུག་བསྔལ་ཟེར། དེ་ནི་ང་ཚོའི་ཟག་བཅས་ཀྱིབདེ་བ་ཉི་ཚེ་བ་ལ་གོ་བ་ཡིན། ང་ཚོར་བདེ་བ་ཉི་ཚེ་བ་ཡོད་པའི་དཀའ་ངལ་ནི་རྒྱུན་རིང་གནས་ཐུབ་ཀྱི་མེད་ལ་འདོད་པ་ཚིམ་པ་ཡང་ཡོང་གི་མེད། ང་ཚོ་ལ་ག་དུས་ཡིན་ནའང་གང་མང་མང་དགོས་ཀྱི་ཡོད་པ་དང་། ཡང་མང་དྲགས་ན་ཡིད་བསུན་ནས་སྡུག་བསྔལ་གྱི་ངོ་བོར་འགྱུར་གྱི་ཡོད། དཔེ་མཚོན་ལས་སླ་ཤོས་ཤིག་ནི། རང་ཉིད་དགའ་ཤོས་ཀྱི་ཟས་ཚད་ལས་བརྒལ་བ་བཟའ་བ་ལྟ་བུ་བཟའ་ཡག་མང་དྲགས་ནས་རང་ཉིད་ནད་པ་བཟོ་གི་ཡོད། དེ་རྗེས་ཁྱེད་ཟས་ཟ་འདོད་རྩ་ནས་མེད་པ་ཆགས་ནས་སྡུག་བསྔལ་ཚོར་གྱི་ཡོད། བྱས་ཙང་། དེ་ལ་དཀའ་ངལ་ག་རེ་ཡོད་ཟེར་ན། བདེ་བ་ཉི་ཚེ་བ་དེ་འདོད་བློ་མི་ཁེངས་ཤིང་། བརྟན་པོ་ཞིག་མེད་པ་རེད། ང་ཚོའི་སྤྱིར་བཏང་འཆར་ཅན་གྱི་མི་ཚེའི་ནང་མཚམས་མཚམས་བདེ་སྐྱིད་དང་མཚམས་མཚམས་སྡུག་བསྔལ་གྱི་ཡར་མར་འཕེལ་འགྲིབ་བྱེད་ཀྱི་ཡོད་ཀྱང་། དེའི་ནང་ཉེན་སྲུང་མེད་པ་རེད། ང་ཚོའི་ཉེ་འཁོར་དུ་ག་རེ་འབྱུང་བཞིན་ཡོད་པ་ལ་མ་ལྟོས་པར། སྐད་ཅིག་རྗེ་མ་དེར་ག་འདྲ་ཞིག་ཚོར་ཡོང་ང་ཚོས་ནམ་ཡང་ཤེས་ཀྱི་མེད། གློ་བུར་ཐོག་རྒྱག་ལ་ང་ཚོས་མི་སྐྱིད་པ་དང། ཉོབ་སྣང་། དེ་བཞིན་སེམས་ངལ་ཡིད་ཞུམ་དེ་འདྲ་ཚོར་སྲིད་ཀྱི་རེད། འདི་ནི་མུ་མཐུད་དེ་ཡར་མར་འཕེལ་འགྲིབ་བྱེད་ཀྱི་ཡོད།
  • སྡུག་བསྔལ་གྱི་རིགས་གསུམ་པ་དེ་ལ་ཀུན་ལ་ཁྱབ་པའི་སྡུག་བསྔལ་ལམ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར། འདི་ནི་ང་ཚོའི་སྡུག་བསྔལ་དང་བདེ་བ་ཉི་ཚེ་བ་ལྟ་བུའི་ཡར་མར་འཕེལ་འགྲིབ་ཀྱི་ཚོར་བ་མྱོང་བའི་གཞི་རྩ་ཡིན། དེ་དག་ཐམས་ཅད་ཀྱི་གཞི་རྩ་ནི་འཁོར་བའམ་ལེགས་སྦྱར་སྐད་དུ་སཾ་སཱ་ར་ཞེས་པའི་ནང་ལས་ཉོན་དབང་གིས་རང་དབང་མེད་པར་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་དེ་ཡིན། ང་ཚོས་བདེ་བ་ཉི་ཚེ་བ་དང་སྡུག་བསྔལ་རྣམས་མྱོང་བའི་གཞི་རྟེན་བྱེད་པའི་ལུས་དང་སེམས་ལྡན་གྱི་སྐྱེ་བ་ཡང་ནས་ཡང་དུ་ལེན་པ་ཡིན། འདི་ནི་ང་ཚོ་ལ་ཡོད་པའི་དཀའ་ངལ་དང་ང་ཚོ་ལ་ཡོད་པའི་སྡུག་བསྔལ་ངོ་མ་དེ་ཡིན། དངོས་པོའི་གནས་ལུགས་རྟོགས་པའི་སྐབས་འདི་ནི་སྡུག་བསྔལ་གྱི་གཙོ་བོ་དེ་ཡིན་པ་ང་ང་ཚོས་མཐོང་ངེས་རེད།

སྡུག་བསྔལ་གྱི་རྒྱུ། ༼ཀུན་འབྱུང་བདེན་པ།༽

ང་ཚོས་དངོས་པོའི་གནས་ལུགས་མཐོང་བ་ཡིན་ན། དེ་ནས་ང་ཚོས་གང་མྱོང་བ་རྣམས་ཡག་སྡུག་ཡོང་གི་ཡོད་པའི་བདེན་དོན་དེ་དང་། དེའི་གཞི་རྟེན་གང་ཡིན་པ་དེ་ཡང་མུ་མཐུད་ནས་འགྲོ་བར་མཐོང་གི་རེད། དེ་མཐོང་བ་དང་མཉམ་དུ་དེ་རྒྱུ་ལ་བརྟེན་ནས་ཡོང་དགོས་ཀྱི་ཡོད་པ་ཡང་ཤེས་ཀྱི་རེད། ལྟོས་བཅས་ཀུན་རྫོབ་བདེན་པའི་གནད་དོན་གཙོ་བོ་ནི། དངོས་པོ་ཐམས་ཅད་རྒྱུ་ལ་བརྟེན་ནས་བྱུང་བ་དེ་ཡིན། དེར་བརྟེན་ཚིགས་བཅད་ནང་དུ་བསྟན་པ་ནང་བཞིན་ང་ཚོ་འཁོར་བའི་ནང་རང་དབང་མེད་པར་ཡང་ནས་ཡང་དུ་སྐྱེ་བ་ལེན་གྱི་ཡོད་པ་དེའི་རྒྱུ་ངོ་མ་དེ་གང་ཡིན་ནམ། ཕྱོགས་གཞན་ཞིག་ནས་བཤད་ན། འདི་ལྟར་ཡང་ནས་ཡང་དུ་འཁོར་བའི་འཁོར་ལོའི་རྒྱུན་དེ་བསྲིང་བར་བྱེད་པའི་རྒྱུ་དེ་གང་ཡིན་ནམ།

སློབ་ཐུན་མཐའ་མའི་ནང་། གལ་སྲིད་ང་ཚོས་སྡུག་བསྔལ་མྱོང་ན། དེ་ནི་མི་མི་དགེ་བའི་སྤྱོདལ་ལམ་ལས་བྱུང་བའི་འབྲས་བུ་ཡིན་པ་དང་། བདེ་བ་ཉི་ཚེ་བ་ཞིག་མྱོང་ན། དེ་ནི་དགེ་བའི་སྤྱོད་ལམ་ལས་བྱུང་བའི་འབྲས་བུ་ཡིན་པ་ཤེས་ཟིན་པ་རེད། དེའི་སྟེང་ལ་ང་ཚོས་དུས་རྒྱུན་ངས་ “ངང་ངམ་ཤུགས་ཀྱི་རང་བཞིན་” ཞེས་བསྒྱུར་བཞིན་པའི་ལས་ཞེས་པ་དེ་བསྣན་པ་ཡིན། བྱས་ཙང། ང་ཚོ་ལ་ངང་ངམ་ཤུགས་ཀྱི་མི་དགེ་བའི་སྤྱོད་ལམ་དང་ངང་ངམ་ཤུགས་ཀྱི་དགེ་བའི་སྤྱོད་ལམ་གཉིས་ཡོད་པ་ཡིན། འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུད་ལ་ཡོད་པའི་དགེ་བའི་སྤྱོད་ལམ་ལྟ་བུ་མིན་པར། ངང་ངམ་ཤུགས་ཀྱི་སྤྱོད་ལམ་ཞེས་ང་ཚོས་བྱ་བ་བཟང་པོ་ཞིག་བྱེད་པ་ཡིན་ནའང་། དེ་ནི་རང་མཐོང་ཆེན་པོ་ཞིག་གཞི་ལ་བཞག་ནས་བྱེད་པའམ། ཡང་མིན་ན་ངང་ངམ་ཤུགས་ཀྱིས་དེ་སྐྱོན་མེད་ཡང་དག་ཅིག་ཡོད་དགོས་པ་ལྟ་བུ་བྱེད་ཀྱི་ཡོད། དེ་ནི་ཏོག་ཙམ་དབང་རྩ་འཁྲུགས་པའི་བྱེད་སྟངས་ཆགས་པ་རེད།  

གལ་སྲིད་ང་ཚོས་ངང་ངམ་ཤུགས་ཀྱི་སྒོ་ནས་ལས་ཀ་བྱེད་བཞིན་ཡོད་ན། དེ་ནི་ང་ཚོ་ཉོན་མོངས་པའི་ཤུགས་རྐྱེན་འོག་ལ་བྱེད་ཀྱི་ཡོད། དེ་ནི་ང་ཚོས་གོང་དུ་ངང་ངམ་ཤུགས་ཀྱི་མི་དགེ་བའི་སྤྱོད་ལམ་སྐབས་བགྲོ་གླེང་བྱས་ཟིན་པ་རེད། ཁོང་ཁྲོ་ལ་བརྟེན་ནས་སྲོག་གཅོད་པ་དང་། འདོད་རྔམ་ལ་བརྟེན་ནས་རྐུ་མ་རྐུ་བ། གཏི་མུག་རྨོངས་པ་ལ་བརྟེན་ནས་ང་ཚོའི་བྱ་བ་ལ་མཇུག་འབྲས་མེད་པར་བསམ་པ། དཔེར་ན། “ངས་རྐུ་མ་རྐུ་ན་འཇུ་བཟུང་བྱེད་མི་ཐུབ། དེ་གང་ཡང་ཡོད་མ་རེད། སྐྱིད་པོ་ཞིག་ཡོང་གི་རེད།” ཅེས་བསམ་པ་ལྟ་བུ་རེད།

ངང་ངམ་ཤུགས་ཀྱི་མི་དགེ་བའི་སྤྱོད་ལམ་འདིའི་རྒྱབ་ཏུ་མ་ཤེས་པའམ། ཡང་ན་མ་རིག་པ་ཟེར་བ་དེ་ཡོད་པ་ཡིན། དེ་ནི་ང་ཚོ་གླེན་རྟགས་ཅན་ཡིན་ཞེས་པའི་དོན་ལ་གོ་གི་མེད། དེ་ནི་རྨོངས་པ་ཙམ་ལ་གོ་བ་ཡིན། འོ་ན་ང་ཚོ་ག་རེ་ལ་རྨོངས་ནས་ཡོད་པ་དང། ང་ཚོས་མ་ཤེས་པ་དེ་གང་ཡིན་ནམ། ང་ཚོས་མ་ཤེས་པ་དང་པོ་ནི། རྒྱུ་དང་འབྲས་བུའི་རྣམ་གཞག་དེ་ཡིན། གལ་སྲིད་ང་ཚོས་རྒྱུ་འབྲས་ཀྱི་རྣམ་གཞག་ཡག་པོ་བྱས་ཧ་གོ་ནས་ཡིད་ཆེས་རྙེད་ཡོད་ན། མི་དགེ་བའི་བྱ་ལས་བྱེད་ཀྱི་མ་རེད། དེ་ལྟར་བྱས་ན་ང་ཚོར་སྡུག་བསྔལ་ནང་ལྷུང་རྒྱུ་ཡིན་པ་རང་བཞིན་ལྷན་སྐྱེས་ཀྱིས་ཧ་གོ་ཞིང། དེ་ནི་ཉེས་ཆད་ཅིག་མིན་པར། ང་ཚོས་བཟོས་པའི་རྒྱུ་ལ་བརྟེན་ནས་བྱུང་བའི་འབྲས་བུ་དེ་ཡིན་པ་རེད།

སྤྱིར་བཏང་མ་ཤེས་པ་ལ་རིགས་གཉིས་ཡོད། གཅིག་ནི་མི་དགེ་བའི་ལས་བྱས་པས་ཐ་མ་སྡུག་བསྔལ་བྱུང་རྒྱུ་ཡིན་པ་མ་ཤེས་པ་དང་། གཞན་ནི་དེ་ལས་ལྡོག་སྟེ་བསམ་བློ་གགཏོང་བ་དེ་ཡིན། དེ་ཡང་དཔེར་ན། “གལ་སྲིད་ངས་མི་དགེ་བའི་བྱ་བ་བྱས་ན། བདེ་སྐྱིད་ཡོང་སྲིད་བསམ་པ་དང་། རང་ཉིད་ལ་གང་འདོད་པ་དེ་རྐུ་མ་རྐུ་བ་ཡིན་ན། ང་རང་སྐྱིད་པོ་ཡོང་གི་རེད་བསམ་པ་དང་། གལ་སྲིད་ངས་རང་གི་དགྲ་བོ་བསད་ན། ང་རང་སྐྱིད་པོ་ཡོང་གི་རེད་” ཅེས་བསམ་པ་ལྟ་བུ་ཡིན། མི་དགེ་བའི་བྱ་བ་དེའི་རིགས་བྱས་ཚར་བའི་རྗེས་སུ་ལམ་སེང་སྐྱིད་པོ་ཡོང་སྲིད་ཅེས། “ཨོ། ངས་དུག་སྦྲང་དེ་བསད་པས། ད་ལྷོད་ལྷོད་ངང་སྡོད་ཆོག” ལྟ་བུ་བསམ་ནའང། རྒྱུན་རིང་པོའི་འཇུག་འབྲས་ལ་བསམ་བློ་གཏོང་བ་ཡིན་ན། མི་དགེ་བའི་སྤྱོད་ལམ་འདི་ལྟ་བུ་ལས་བྱུང་བའི་འབྲས་བུ་ཡིན་པ་སོང་ཙང་། སྡུག་བསྔལ་མྱོང་དགོས་པ་ཡིན། དེར་བརྟེན་མི་དགེ་བའི་སྤྱོད་ལམ་ནི་རྒྱུ་དང་འབྲས་བུའི་རྣམ་གཞག་མ་ཤེས་པ་ལས་ཡོང་བ་ཡིན་ཅིང་། ཕྱོགས་གཞན་ཞིག་ནས་བཤད་ན། དེ་ནི་ལྟོས་བཅས་ཀུན་རྫོབ་བདེན་པ་མ་ཤེས་པ་ལས་བྱུང་བ་ཡིན། ངས་འདི་དག་གོ་སླ་པོ་ཡོད་པའི་ཁུལ་བྱེད་འདོད་མེད། གང་ཡིན་ཟེར་ན། དེ་གོ་སླ་པོ་ཞིག་མེད། ཡིན་ནའང་ང་ཚོས་འབད་བརྩོན་གྱི་སྒོ་ནས་འདི་རྟོགས་ཐུབ་པ་ཞིག་ཡིན།

གལ་སྲིད་ང་ཚོས་དོན་ཚན་འདི་ལ་སྙིང་བསྡུས་ཞིག་བཟོས་ན། ང་ཚོ་མ་སྐྱིད་པ་ཡང་སེ་ཡོང་བའི་རྒྱུ་མཚན་ནི་ང་ཚོས་རྒྱུ་དང་འབྲས་བུའི་རྣམ་གཞག་ཧ་མ་གོ་བས་ཡིན་ཅིང་། ང་ཚོའི་སེམས་ཁོང་ཁྲོ་དང། འདོད་རྔམ། ཕྲག་དོག་སོགས་ཀྱི་ཁེངས་ཡོད་པའི་སྐབས་དེས་ངང་ངམ་ཤུགས་ཀྱིས་མི་དགེ་བའི་ལས་བྱེད་དུ་འཇུག་གི་ཡོད། དེ་ནི་དངོས་གནས་རང་ཉིད་རང་ལ་གནོད་པའི་བྱ་བ་ཞིག་ཡིན། གང་ཡིན་ཞེ་ན། དེའི་འབྲས་བུར་དུས་ཚོད་མང་ཆེ་བར་སོ་སོས་སྡུག་བསྔལ་མྱོང་གི་ཡོད། ང་ཚོས་བཟོ་དགོས་པའི་འབྲེལ་བ་ནི་འདི་ཡིན།

ང་ཚོས་མྱོང་བའི་བདེ་སྐྱིད་ཀྱང་མ་ཤེས་པ་ནས་ཡོང་གི་ཡོད། ཡིན་ནའང་སྐབས་འདིར་མ་ཤེས་པ་ཞེས་པ་ནི་གནས་ལུགས་མཐར་ཐུག་མ་ཤེས་པ་ལ་གོ་དགོས། དེ་ལས་ཁ་གསལ་ཙམ་བྱས་ན། མ་ཤེས་པ་དེས་དགེ་བ་དང་། མི་དགེ་བའི་སྤྱོད་ལམ་གཉིས་ཀའི་རྨང་གཞི་བྱེད་ཀྱི་ཡོད་ཅེས་བཤད་དགོས། མི་དགེ་བའི་སྤྱོད་ལམ་གྱི་ཆ་ནས་བཤད་ན། ང་ཚོས་མཐར་ཐུག་གི་བདེན་པ་དང་ལྟོས་བཅས་ཀྱི་བདེན་པ་གཉིས་ཀའི་སྐོར་ཤེས་ཀྱི་མེད་པ་དེ་ཡིན། དགེ་བའི་སྤྱོད་ལམ་གྱི་ཆ་ནས་བཤད་ན། ང་ཚོས་མཐར་ཐུག་གི་བདེན་པ་ཤེས་ཀྱི་མེད་པ་ཙམ་ཞིག་རེད། ང་ཚོས། “ང་རང་གི་འདོད་པ་ནང་བཞིན་ཡོང་དགོས་ཀྱི་འདུག ད་ང་ག་རེ་བྱེད་ན་དྲགས། ང་སེམས་ཁྲེལ་ལངས་ཀྱི་འདུག” ཅེས་ཟེར་བ་ལྟ་བུའི་སྐད་སྒྲ་ཞིག་ཀླད་པའི་ནང་ཡོད་པ་དང། དེ་ལ་ “ང་” ཟེར་བ་དངོས་གནས་རྙེད་རྒྱུ་ཡོད་པའི་མི་ཆུང་ཆུང་ཞིག་གི་སྐད་ཆ་བཤད་ཀྱི་ཡོད་པ་ལྟ་བུ་ཡོད་ཀྱང་། དེ་ནི་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་མིན། དེ་འདྲ་ཞིག་གང་དུའང་མེད། དེ་ནི་ང་ཚོའི་བསམ་བློ་ལས་བྱུང་བའི་སྐད་སྒྲའི་ཆ་ཤས་ཙམ་ཞིག་ལས་རྙོག་དྲ་བཤད་མཁན་དང་སེམས་འཁྲེལ་བྱེད་མཁན་གྱི་ “ང་” ཆུང་ཆུང་ཞིག་མེད། ང་ཚོ་ག་འདྲ་གནས་ཡོད་པའི་ཐད་ལ་རྨོངས་ནས་གནས་ལུགས་དེ་མ་ཤེས་པའི་སྐབས་མཐར་ཐུག་དངོས་པོའི་གནས་ལུགས་ལའང་མ་ཤེས་པ་ཆགས་ཀྱི་ཡོད། དེ་ནས་ང་ཚོས་སོ་སོའི་ནང་དུ་རྣམ་རྟོག་གིས་བསྐྲུན་པའི་ “ང་” ཞིག་ཡོད་པ་ལྟ་བུ་ངོས་འཛིན་བྱེད་པ་ཡིན། འདི་འདྲའི་བསམ་བློ་དེ་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད་པ་སོང་ཙང་། ང་ཚོ་དེའི་ཐད་ལ་ཉེན་སྲུང་མེད་པ་ཆགས་ནས་རང་ཉིད་སྲུང་ཐབས་བྱེད་ཀྱང་། དེ་ལ་ང་ཚོ་ནམ་ཡང་ལམ་ལྷོང་ཡོང་མི་ཐུབ་པ་གསལ་པོ་རེད།

ང་ཚོའི་སེམས་ནང་ལ་ཡོད་པའི་ “ང་” ཆུང་ཆུང་གི་འཆར་སྣང་དེ་ཉེན་མེད་བརྟན་པོ་བཟོ་བའི་ཐབས་ལམ་གཅིག་ནི་ང་ཚོའི་ཉོན་མོངས་རྣམས་བེད་སྤྱོད་བྱེད་པའི་ཐོག་ནས་བརྟན་པོ་བཟོ་གི་ཡོད། ང་ཚོས་ “གལ་སྲིད་ང་ལ་གཅིག་རག་གི་ཡོད་ན། ང་རང་ཉེན་མེད་བརྟན་པོ་ཡོང་གི་རེད་” ཅེས་ཚོར་ནས་འདོད་རྔམ་དང་འདོད་ཆགས་སོགས་ཡོང་གི་ཡོད། དེ་ནས་ང་ཚོས། “གལ་སྲིད་ངས་དེ་མེད་པ་བཟོ་ཐུབ་ན། ང་རང་ཉེན་མེད་བརྟན་པོ་ཆགས་ཀྱི་རེད།” ཅེས་ཚོར་ནས་ང་ཚོ་ཁོང་ཁྲོ་དང་ཞེ་སྡང་སྐྱེ་གི་ཡོད། ཡང་མིན་ན་རང་ཉིད་རྨོངས་ཤིང་གཏི་མུག་པའི་སྒོ་ནས། “གལ་སྲིད་ང་ལ་གང་འདྲ་ཞིག་གིས་འཇིགས་སྐུལ་བྱེད་པ་དེ་དོན་ངོ་མར་མེད་པ་དང་། དེས་ང་རང་ཉེན་མེད་བརྟན་པོ་ཞིག་བཟོ་གི་རེད་” ཅེས་བསམ་སྲིད་པ་རེད། གནས་སྟངས་འདི་གཞི་ལ་བྱས་ནས་ང་ཚོའི་སེམས་ངལ་མང་དུ་འགྲོ་བ་ལྟ་བུའི་མི་དགེ་བའི་སྤྱོད་ལམ་དེ་ཡང་ཡོད་པ་ཡིན། ཁོང་ཁྲོ་དེ་ལ་གཞིར་བྱས་ནས་ང་ཚོས་གཞན་ལ་སྐད་ལོག་རྒྱག་པ་དང་། གནོད་སྐྱེལ་བ། ཐ་ན་སྲོག་གཅོད་པ་སོགས་བྱེད་པ་ཡིན། འདོད་རྔམ་ཡོད་པ་སོང་ཙང་། ང་ཚོས་རྐུན་མ་རྒྱག་པ་དང་ཚུལ་མཐུན་མ་ཡིན་པའི་འཁྲིག་སྤྱོད་སོགས་ཀྱི་བྱ་བར་འཇུག་ནས་གཞན་ལ་གནོད་པ་སྐྱེལ་གྱི་ཡོད། གཏི་མུག་དང་རྨོངས་པ་ཡོད་པ་སོང་ཙང་། ང་ཚོ་ལས་ཀ་མི་བྱེད་པར་སྡོག་དཀའ་བ་ཆགས་ནས་འཕྲོད་བསྟེན་ལ་གནོད་པའི་ཟས་རིགས་ཟ་བ། ལུས་རྩལ་རིགས་ནམ་ཡང་མི་བྱེད་པ་སོགས་བྱེད་ཀྱི་ཡོད། བྱས་ཙང་། འདི་དག་ཐམས་ཅད་མཐར་ཐུག་གི་བདེན་པ་དང་། ང་ཚོ་ཇི་ལྟར་ཡོད་པའི་ཚུལ། རྒྱུ་འབྲས་ཀྱི་རྣམ་གཞག་བཅས་ལ་རྨོངས་པ་ལས་ཡོང་གི་ཡོད།

དགེ་བའི་སྤྱོད་ལམ་ལ་ཆ་བཞག་ན། དེ་ལ་ཉོན་མོངས་ཀྱི་གཞི་རྟེན་ཞིག་མེད་པ་ཡིན་སྲིད་ཀྱང་། དེ་དག་ཐམས་ཅད་ཀྱི་འོག་ཏུ་རྨོངས་སེམས་ཀྱི་གཞི་རྩ་ཞིག་ནི་ཡོད་པ་ཡིན། ང་ཚོས་སོ་སོ་རང་ཉིད་ཡང་དག་པ་ཞིག་དང་། སྐྱོན་དང་བྲལ་བ་ཞིག དེ་བཞིན་ཕ་མ་ཡག་ཤོས་ཞིག་ཡིན་པ་སོགས་ལ་བརྟེན་ནས་གནས་ཡོད་པར་ཁུངས་སྐྱེལ་གཏན་འབེབས་བྱེད་ཡག་གི་ཐབས་ཤེས་བྱེད་ཀྱི་ཡོད། “དེས་ངའི་ཀླད་པའམ་སེམས་ནང་ཡོད་པའི་ “ང་” ཆུང་ཆུང་དེ་ཉེན་མེད་བརྟན་པོ་བཟོ་གི་རེད་” བསམ་གྱི་ཡོད། འོན་ཀྱང་དེ་ནི་ནམ་ཡང་ལམ་ལྷོང་མི་ཡོང་བ་ཡིན། ང་ཚོ་ནམ་ཡང་ཉེན་མེད་བརྟན་པོའི་ཚོར་བ་ཡོང་གི་མེད། བསམ་བློ་དེ་འདྲ་ཞིག་འཁྱེར་ནས་མི་གཞན་ལ་ཕན་ཐོགས་བྱས་ནས་བདེ་བ་ཕྲན་བུ་ཡོང་སྲིད་ཀྱང་། དེ་ནི་བདེ་བ་དཀྱུས་མའམ་བདེ་བ་ཉི་ཚེ་བ་ཞིག་ཡིན་པས་རྒྱུན་རིང་གནས་ཐུབ་ཀྱི་མེད། ང་ཚོས་དེ་ལ་ནམ་ཡང་འདོད་པ་ཚིམས་ཀྱི་མེད། གང་ཡིན་ཞེ་ན། རང་ཉིད་ད་དུང་འགོག་ཏུ་མེད་པར་འདང་ངེས་བཞིན་པའི་ཡག་པོ་ཞིག་དང་ཡང་དག་པ་ཞིག་མི་འདུག་བསམ་གྱི་ཡོད། ད་དུང་ང་ཚོས་གཅིག་ཁུངས་སྐྱེལ་བྱེད་དགོས་ཀྱི་འདུག་བསམ་གྱི་ཡོད། དེ་ནི་ང་ཚོ་ཇི་ལྟར་གནས་ཀྱི་ཡོད་པའི་མཐར་ཐུག་དོན་དམ་ཀྱི་བདེན་པ་མ་ཤེས་པ་ལ་བརྟེན་ནས་བྱུང་བ་ཡིན་པ་གསལ་པོ་རེད།

སྡུག་བསྔལ་གྱི་རིགས་གསུམ་པའི་ཆ་ནས་བཤད་ན། མི་ཚེའི་ནང་སྡུག་བསྔལ་དང་། བདེ་བ་ཉི་ཚེ་བའམ་ཟག་བཅས་ཀྱི་བདེ་བ་ཡར་མར་འཕེལ་འགྲིབ་ཀྱིས་མྱོང་བ་ལ་གཞིར་བྱས་པའི་ཐོག་ནས་ང་ཚོར་རྙོག་འཛིངས་ཅན་གྱི་རྒྱུད་རིམ་ཞིག་འགྲིམ་དགོས་ཀྱི་ཡོད། དེ་ནི་ “རྟེན་འབྲེལ་ཡན་ལག་བཅུ་གཉིས་” ཟེར་བ་དེ་ཡིན། དེའི་སྐོར་ལ་སྐབས་འདིར་ངས་རྒྱས་བཤད་བྱེད་རྒྱུ་མིན། ཡིན་ནའང་དེ་ནི་ལས་ཀྱི་བྱ་བ་ཇི་ལྟར་བྱེད་པའི་ཚུལ་དང་འབྲེལ་བ་ཞིག་ཡིན།

གོ་བདེ་ཤོས་ཀྱི་ཐོག་ནས་བཤད་ན། ལས་ཞེས་པ་ནི་ངང་ངམ་ཤུགས་ཀྱི་རང་བཞིན་དེ་ལ་གོ་བ་ཡིན། དེ་ལ་བརྟེན་ནས་ང་ཚོས་དགེ་བའམ་མི་དགེ་བའི་བྱ་སྤྱོད་ཅིག་སྤེལ་གྱི་ཡོད། འོ་ན་ངང་ངམ་ཤུགས་ཀྱི་ཆོས་ཟེར་བ་དེ་ངོ་མ་ག་རེ་ཡིན་ནམ། ངང་ངམ་ཤུགས་ཀྱི་བྱ་བ་ལ་ཐུན་མོང་མ་ཡིན་པའི་གོ་དོན་ཞིག་ཡོད་པ་ནི། རང་ཉིད་ཀྱིས་བྱ་སྤྱོད་སྤེལ་བ་ལ་རང་དབང་མེད་པའམ་སྟངས་འཛིན་བྱེད་མི་ཐུབ་པ་ཞིག་ལ་གོ་བ་ཡིན། དཔེར་ན། མི་འགའ་ཤས་ངང་ངམ་ཤུགས་ཀྱིས་སོ་སོའི་མཛུབ་མོས་ཅོག་ཙེ་སོགས་ཀྱི་སྟེང་དུ་ཐུག་ཐུག་གཞུ་བ་ལྟ་བུ་རེད། དེ་ནི་ད་ག་སེ་གཅིག་བྱེད་འདོད་སྐྱེས་ནས་ཡོང་གི་ཡོད། བོད་ཡིག་གི་ཚིག་དོན་ལ། “ང་འདི་བྱེད་འདོད་འདུག། འདི་བྱེད་རྒྱུ་བྱུང་ན་བསམ་བྱུང། འདི་བྱེད་རྒྱུར་དགའ་པོ་ཡོད།” ཟེར་བ་ལྟ་བུའི་བསམ་བློ་ཞིག་ལ་གོ་བས་དེ་ནི་སྐད་ལོག་རྒྱག་འདོད་ཡོད་པ་དང་། འཐམ་འདོད་ཡོད་པ། བཟའ་འདོད་ཡོད་པ་ལྟ་བུ་རེད། འདི་འདྲ་བའི་བསམ་བློ་ཞིག་དང་མཉམ་དུ་ངང་ངམ་ཤུགས་ཀྱི་བསམ་བློའི་ཆ་རྐྱེན་དེ་སླེབས་ནས་ང་ཚོས་དེ་བྱེད་ཀྱི་ཡོད། དེ་ལྟར་བྱས་པས་ལས་ཀ་དེ་ཡང་བསྐྱར་བྱེད་ཡག་གི་བག་ཆགས་ཞིག་གསོག་པ་དང་། གལ་སྲིད་དེ་མི་དགེ་བའི་ལས་ཤིག་ཡིན་ན། སྡུག་བསྔལ་གྱི་བག་ཆགས་གསོག་པ་དང་། གལ་སྲིད་དེ་དགེ་བའི་ལས་ཤིག་ཡིན་ན། བདེ་སྐྱིད་ཀྱི་བག་ཆགས་གསོག་གི་ཡོད། དུས་ནམ་ཞིག་གི་ཚེ། རྐྱེན་ཁ་ཤས་ལ་བརྟེན་ནས་བག་ཆགས་དེ་ནུས་པ་དང་ལྡན་པ་བཟོ་གི་ཡོད། བག་ཆགས་མངོན་དུ་གྱུར་ནས་སྨིན་པའི་སྐབས་ཀྱི་འབྲས་བུར་ང་ཚོས་བདེ་བ་དང་སྡུག་བསྔལ་མྱོང་བ་དང་། ཡང་ན་ང་ཚོས་ཡང་བསྐྱར་སྐད་ལོག་རྒྱག་དགོས་པ་དང་འཐམ་དགོས་པའི་ཚོར་སྣང་དེ་ཡོང་གི་ཡོད།  

འདི་ནི་མུ་མཐུད་རྒྱུན་སྲིང་ནས་འགྲོ་དགོས་པའི་རྒྱུད་རིམ་ཞིག་ཡིན། གང་ཡིན་ཞེ་ན། འདིའི་རིགས་ཀྱི་སྤྱོད་ལམ་ལ་མུ་མཐུད་ནས་འཇུག་འདོད་ཅིག་ང་ཚོར་དུས་རྟག་ཏུ་ཡོང་གི་ཡོད། དེ་ལྟར་སྤྱོད་ལམ་གྱི་འགྲོ་སྟངས་དེ་རྫོགས་རྒྱུ་མེད་པར་ཡང་ནས་ཡང་དུ་ཡོང་གི་ཡོད། དེའི་རྒྱུ་མཚན་ནི། ང་ཚོས་དུས་རྟག་ཏུ་དེ་ལ་ཁ་སྣོན་དང་སྲ་བརྟན་བཟོ་གི་ཡོད། དེ་འདྲ་སོང་ཙང་། ང་ཚོས་རྟག་པར་ཡར་མར་འཕེལ་འགྲིབ་བྱེད་པའི་བདེ་བ་དང་སྡུག་བསྔལ་རྣམས་མྱོང་བསྡད་ཀྱི་ཡོད།

སྐབས་འདིར་འབྲེལ་བ་ཆེ་ཤོས་ཀྱི་དྲི་བ་ནི། ང་ཚོས་སྤྱོད་ལམ་དེ་ཡང་ནས་ཡང་དུ་བྱེད་ཀྱི་འདུག་ལྟ་བུར་ཚོར་བ་ལ་བག་ཆགས་དེ་དག་འབྲས་བུ་སྨིན་པ་ག་འདྲ་བྱེད་ཀྱི་ཡོད་དམ།  སྤྱིར་བཏང་རྟེན་འབྲེལ་ཡན་ལག་བཅུ་གཉིས་དེ་མགོ་རྙོག་ཅན་ཞིག་ཡིན་ནའང་། དྲི་བ་འདིའི་ཐད་ལ་འགྲེལ་བཤད་ཧ་ཅང་ཡག་པོ་བྱས་ཡོད། ང་ཚོའི་མི་ཚེའི་ནང་གནས་སྟངས་མཐོ་དམན་རྒྱུན་ཆད་མེད་པར་ཡོང་གི་ཡོད་པ་དང། དེ་ཡང་དམིགས་བསལ་གྱི་འཁྲུག་ཆ་དོད་པོ་དང་ཧོན་ཐོར་བ་ཞིག་མི་དགོས་པར། ཐ་ན་ང་ཚོ་གཉིད་ཤོར་བའི་གནས་སྐབས་སུ་ཡང་གཉིད་ཤོར་བ་དང་མ་ཤོར་བའི་བར་དུ་གནས་ནས་གཉིད་ཁུག་ཙམ་མ་ཁུག་ཙམ་བྱེད་པའི་གནས་སྟངས་དེར་སླེབས་སྐབས་དངོས་གནས་སྐྱིད་པོ་ཞིག་ཡོང་གི་མེད། དེར་བརྟེན་ང་ཚོས་སྡུག་བསྔལ་དང་བདེ་བ་ཉི་ཚེ་བ་མྱོང་བའི་སྐབས་སུ་སེམས་ཀྱི་གནས་བབས་ག་རེ་ཡིན་ནམ། དེ་ལ་ལེགས་སྦྱར་སྐད་དུ་ “ཏྲིཥ་ཎཱ་” ཟེར། དེའི་དོན་ནི་ “སྐོམ་པ་” སྟེ་སྐོམ་པ་ཆུ་འདོད་ལྟ་བུའི་འདུན་པ་ཤུགས་དྲག་ཅིག་ལ་ཟེར་བ་ཡིན། ལེགས་སྦྱར་གྱི་ཚིག་དེ་བསྒྱུར་སྐབས་སྲེད་པ་ཞེས་བསྒྱུར་ཡོད། ཡིན་ནའང་ཚིག་ངོ་མའི་དོན་ནི་སྐོམ་པའམ་འདུན་པ་ཤུགས་དྲག་དེ་ཡིན།

རྩ་བའི་ཆ་ནས་ང་ཚོས་སྡུག་བསྔལ་མྱོང་བའི་སྐབས་སྐོམ་པར་ཆུ་འདོད་པ་ནང་བཞིན་སྡུག་བསྔལ་སྤོང་འདོད་ཤུགས་དྲག་ཡོང་གི་ཡོད། དེ་བཞིན་ང་ཚོས་བདེ་སྐྱིད་མྱོང་བའི་སྐབས་བདེ་སྐྱིད་དེ་ལས་བྲལ་འདོད་ཡོང་གི་མེད་པར། ད་དུང་བདེ་སྐྱིད་གང་མང་ཡོང་རྒྱུའི་འདུན་པ་ཤུགས་དྲག་སྐྱེ་གི་ཡོད། དེ་ནི་ཁྱེད་རང་དངོས་གནས་དྲང་གནས་ཁ་སྐོམ་པའི་སྐབས་སུ་ཆུ་ཧུབ་དང་པོ་དེ་འཐུངས་ན། དེས་སྐོམ་པ་སེལ་གྱི་མེད། སེལ་གྱི་རེད་དམ་མ་རེད། ཁྱེད་རང་ཆུ་དེ་དང་བྲལ་འདོད་མེད་པར། དེ་ལས་ཀྱང་མང་བ་འཐུང་འདོད་ཀྱི་བློ་སྐྱེས་པ་ལྟ་བུ་ཡིན། སྐབས་འདིར་ང་ཚོའི་རྒྱུད་ལ། “ངས་སྡུག་བསྔལ་འདི་མེད་པ་བཟོ་དགོས་ཀྱི་འདུག” ཅེས་དང་། “ངས་བདེ་སྐྱིད་འདི་དང་མ་འབྲལ་བར་བྱེད་དགོས་ཀྱི་འདུག” ཅེས་རང་ཉིད་རྡོག་རྡོག་རང་དབང་དུ་ཡོད་པར་འཛིན་པའི་བསམ་བློ་ཞིག་ཤར་གྱི་ཡོད། དེས་ལས་ཀྱི་བག་ཆགས་དེ་ནུས་པ་དང་ལྡན་པ་བཟོ་ཡི་ཡོད། འདི་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྒྱུ་ངོ་མ་དེ་ཡིན། བྱས་ཙང་། ང་ཚོས་མྱོང་བའི་བདེ་བ་དང་སྡུག་བསྔལ་གྱི་བག་ཆགས་ལ་སོགས་པ་ནི་ཉོན་མོངས་དང་མཉམ་དུ་འདྲེས་པའི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་ལས་ཡོང་གི་ཡོད། དེ་དག་ཀྱང་མཐར་ཐུག་གི་དངོས་པོའི་གནས་ལུགས་དེ་མ་ཤེས་པ་ལས་ཡོང་བ་ཡིན། དེ་ནི་ང་ཚོའི་ཚོར་བ་ཇི་ལྟར་ཡོད་པ་ ༼དེ་དག་རྟག་ཏུ་འགྱུར་འགྲོ་གི་ཡོད་༽ དང་། ང་རང་ཚོ་དངོས་གནས་ཇི་ལྟར་གནས་ཡོད་པ་དེ་ ༼ང་ཚོའི་ཀླད་པའི་ནང་རྙེད་རྒྱུ་ཡོད་ལ་ཉེན་སྲུང་མེད་པའི་ཆོས་དེ་འཛིན་པ་ལ་བརྟེན་ནས་ཉེན་སྲུང་དང་བརྟན་པོ་བཟོ་ཐུབ་པ་ལྟ་བུ་མ་ཡིན་པ་༽ མ་ཤེས་པ་ཡིན།

མ་ཤེས་པའམ་མ་རིག་པ་འདི་ནི་གཞི་རྩའི་རྒྱུ་དེ་ཡིན་ཅིང་། འདི་ནི་དགེ་བ་དང་མི་དགེ་བའི་སྤྱོད་ལམ་གཉིས་ཀ་དང་སྦྲེལ་ནས་ཡོད། འདི་ནི་བདེ་སྐྱིད་འདོད་པ་དང་། སྡུག་བསྔལ་མི་འདོད་པ། རང་ཉིད་ཀྱི་སྤྱོད་ལམ་ཡང་ནས་ཡང་དུ་སྟོན་པ་དང་དེ་དངོས་གནས་ཡོད་པ་སོགས་བག་ཆགས་ཀྱི་རྒྱུ་བྱེད་མཁན་དང་དཀའ་ངལ་བཟོ་མཁན་ངོ་མ་དེ་ཡིན། གལ་སྲིད་ང་ཚོས་སྐོམ་པ་ཆུ་འདོད་ལྟར་གྱི་སྲེད་པ་དེར་ཡག་པོ་བལྟས་ན། དེ་ནི་ང་ཚོ་ཇི་ལྟར་གནས་ཡོད་པའི་མ་ཤེས་པ་དེ་དང་རང་བཞིན་གྱིས་སྦྲེལ་ནས་ཡོད་པ་ཡིན། ང་ཚོས། “ང་ནི་ང་རང་ཡིན་པས། འདི་གནད་འགག་ཆེ་ཤོས་ཡིན། དེར་བརྟེན་ང་བདེ་སྐྱིད་འདི་དང་ཁ་བྲལ་ཐབས་མེད། དེ་ནི་ཧ་ཅང་གལ་ཆེན་པོ་ཡིན་པས། ང་ལ་སྡུག་བསྔལ་མེད་པ་རེད།” ཅེས་བསམ་པ་མ་གཏོགས། “འགྲིག་གི་འདུག ང་རང་སྐྱིད་པོ་ཡོད་ནའང་འདྲ། སྐྱིད་པོ་མེད་ནའང་འདྲ་ཁྱད་པར་མི་འདུག།” ཅེས་བསམ་གྱི་མེད། དེ་འདྲ་ཡིན་པ་སོང་ཙང་། ང་ཚོ་དབང་མེད་ཀྱིས་ཡང་ནས་ཡང་དུ་རྒྱུན་ཆད་མེད་པར་མུ་མཐུད་འཁོར་བའི་ནང་སྐྱེ་བ་ལེན་པའི་རྒྱུ་ངོ་མ་ནི་བདེན་པ་གཉིས་ཀྱི་སྐོར་ལ་མ་ཤེས་པའི་རྨོངས་པ་དེ་ཡིན།

སྡུག་བསྔལ་གྱི་རྒྱུ་འགོག་པ། ༼འགོག་བདེན།༽

བདེན་པ་གསུམ་པ་ནི་འགོག་པའི་བདེན་པ་རེད། འདིའི་སྐབས་སུ་སྡུག་བསྔལ་གྱི་རྒྱུ་རྣམས་མེད་པ་བཟོས་པ་སོང་ཙང་། སྡུག་བསྔལ་ཁོ་རང་ཡང་མེད་པ་ཆགས་ནས་འགོག་པ་ཐོབ་ཀྱི་ཡོད། དངོས་པོའི་གནས་ལུགས་ལ་རྨོངས་པའམ་མ་ཤེས་པ་དེ་ཇི་ལྟར་བྱས་ནས་རྩ་མེད་བཟོ་ཐུབ་བམ། ཁྱེད་ཀྱིས་དངོས་པོའི་གནས་ལུགས་དང་མི་མཐུན་པའི་ཆོས་གང་ཡིན་པ་དེ་ཤེས་པའི་སྐབས་དེ་ལ་གཞི་རྟེན་ཞིག་མེད་པ་དང་། དེ་དངོས་ཡོད་ཀྱི་གནས་སྟངས་གཅིག་ལའང་མཐུན་གྱི་མེད་པ་སོང་ཙང་། དེར་འཛིན་པ་གང་ཡང་མེད་པ་ཡིན།

དཔེར་ན། ཟློས་གར་འཁྲབ་སྟོན་ཁང་ཞིག་གི་སྡིངས་ཆའི་སྒྲིག་བཀོད་ལ་བལྟ་བའི་སྐབས་དེའི་རྒྱབ་ལ་ཡར་འདེགས་བྱེད་དམ་འཛིན་བྱེད་ཀྱི་རྒྱུག་པ་བཞག་ཡོད། བོད་སྐད་ནང་ཡོད་པའི་ཚིག་བདེན་པར་མ་གྲུབ་པ་ཞེས་པའི་དོན་ནི། ང་ཚོའི་རྣམ་རྟོག་གི་བཟོས་པའི་ཡིན་པ་མི་སྲིད་པའི་ཆོས་རྣམས་དབྱུག་པས་བདེན་པར་འཛིན་ནས་ཡོད་པ་ཞིག་མ་ཡིན། སྡིངས་ཆའི་སྒྲིག་བཀོད་བྱས་པ་དེ་འཛིན་མཁན་གཅིག་ཀྱང་མེད་པའི་སྐབས་ག་རེ་ཡོང་གི་རེད་ཟེར་ན། དེ་མར་སར་འཛག་འགྲོ་གི་ཡོད། བྱས་ཙང། བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་སྟོན་གྱི་ཡོད།

ང་ཚོར་ཡོད་པའི་ཕྱིན་ཅི་ལོག་པའི་འཆར་སྣང་དེ་རྣམས་འཛིན་མཁན་གཅིག་ཀྱང་མེད་པའི་དོན་ལ་དམིགས་པ་གཏད་ཐུབ་པ་བྱུང་བ་ཡིན་ན། ཉམས་ལེན་ལ་བརྟེན་ནས་མཐར་རང་ཉིད་རྟོགས་པ་དེ་ལ་དམིགས་པ་གཏན་དུ་གཏད་ཐུབ་པ་ཡོང་གི་རེད། དེ་ནས་བདེན་སྣང་གི་སྡིངས་ཆའི་སྒྲིག་བཀོད་དེ་ནམ་ཡང་སླེབས་མི་ཐུབ། དེ་དང་མཉམ་དུ་ང་ཚོའི་སེམས་ནང་ཡོད་པའི་ང་ཆུང་ཆུང་སྟེ། “ང་ག་རེ་བྱེད་དགོས་སམ།” “ང་ནི་སྐྱོན་དང་བྲལ་བ་ཞིག་ཡོང་ཐབས་བྱེད་དགོས།” “ངའི་འདོད་པ་ལྟར་སྒྲུབ་དགོས་ཡོད།” ཅེས་པའི་སེམས་འཁྲེལ་དེས་འགོག་གི་རེད།  ང་ཚོས་སེམས་རྣམ་རྟོག་གི་འཆར་སྣང་དེ་བཟུང་མཁན་ཞིག་རྩ་ནས་མེད་པར་མཐོང་བའི་སྐབས་ང་ཚོའི་སེམས་ནང་མི་སྲིད་པའི་ཆོས་གང་ལའང་འཆར་སྣང་དེ་ཡོང་གི་མ་རེད། དེ་ལ་གཞིར་བྱས་ཏེ་དེ་ལྟ་བུའི་བག་ཆགས་གཅིག་ཀྱང་ནུས་པ་དང་ལྡན་པ་བཟོ་གི་མ་རེད། གང་ཡིན་ཞེ་ན། དེ་དག་ནུས་ལྡན་དུ་བཟོ་མཁན་མེད་པ་རེད། དེ་ལྟར་ “་ང་། ང་། ང་། ང་སྐྱིད་པོ་ཡོད་དགོས་པ་དང་། སྡུག་བསྔལ་མྱོང་མི་སྲིད་པ་” ལྟ་བུའི་བློ་དེ་ཡང་དེ་ནས་བཟུང་ཡོང་གི་མ་རེད།

བག་ཆགས་དེ་ནུས་པ་དང་ལྡན་པ་བཟོ་མཁན་ཞིག་མེད་ན། ཁྱེད་རང་ལ་བག་ཆགས་ཡོད་ཅེས་ཟེར་མི་ཐུབ་པ་ཡིན། གལ་སྲིད་འབྲས་བུ་ཞིག་སྨིན་ཐུབ་ཀྱི་ཡོད་ན། དེ་ནི་འབྲས་བུ་དེའི་བག་ཆགས་ཁོ་ནར་རུང་བ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། བག་ཆགས་ཡོད་མེད་ཀྱི་བསམ་ཚུལ་ཡོངས་སུ་རྫོགས་པ་ནི་འབྲས་བུ་ཡོད་མེད་ལ་རག་ལས་པ་ཡིན་པས། གལ་སྲིད་འབྲས་བུ་མེད་ན། དེ་སྐྲུན་བྱེད་ཀྱི་བག་ཆགས་དེ་ཡང་མེད་འགྲོ་བ་ཡིན།

དེ་འདྲ་ཡིན་པ་ཙོང་། ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་དེ་ལྡོག་ཐུབ་པ་ཡིན། ང་ཚོའི་སེམས་ཐོག་མ་མེད་པའི་དུས་་ནས་བག་ཆགས་ཀྱིས་ཁེངས་ནས་ཡོད་ཀྱང་། གལ་སྲིད་བག་ཆགས་ནུས་ལྡན་དུ་བཟོ་མཁན་མེད་པ་ཡིན་ན། དེ་དག་ནམ་ཡང་གནས་ཀྱི་མེད། ང་ཚོ་དངོས་པོའི་གནས་ལུགས་ཧ་གོ་བའི་ཐོག་ནས་གནས་པའི་སྐབས་བག་ཆགས་མང་པོ་གསོག་འཇུག་མཁན་གྱི་ངང་ངམ་ཤུགས་ཀྱི་སྤྱོད་ལམ་རིགས་ལས་སླ་པོ་བྱེད་ཀྱི་མ་རེད། དེར་བརྟེན་དབང་མེད་ཀྱིས་ཡང་ནས་ཡང་དུ་་སྐྱེ་བ་ལེན་པ་དང་ང་ཚོའི་བདེ་སྡུག་གི་ཚོར་བའི་གཞི་རྟེན་དུ་གྱུར་བ་རྣམས་རྩ་བ་ནས་མེད་པ་ཆགས་འགྲོ་གི་ཡོད། འདི་ནི་སྡུག་བསྔལ་གྱི་རྒྱུ་འགོག་པའི་འགོག་བདེན་ཡིན་པ་དང་། ང་ཚོས་ཐར་པ་འཐོབ་པ་ཡིན།

འགོག་བདེན་འཐོབ་པར་བྱེད་པའི་སེམས་ཀྱི་ལམ་ཡང་དག་པ། ༼ལམ་བདེན།༽

བདེན་པ་བཞི་པ་དེར་དུས་རྒྱུན་ “ལམ་གྱི་བདེན་པ་” ཞེས་བསྒྱུར་ཡོད་ཅིང་། དེ་ནི་དམིགས་ཡུལ་ལ་འཁྲིད་པར་བྱེད་པའི་ལམ་ལྟ་བུའི་སེམས་ཀྱི་གནས་བབས་སམ། ཡང་ན་གོ་རྟོགས་ཤིག་ལ་གོ་བ་ཡིན། ལམ་འདི་ནི་བདེན་པ་གཉིས་ཀྱི་ཐད་ལ་ཐག་ཆོད་པོ་དང་མ་ནོར་བའི་གོ་རྟོགས་དེ་ཡིན། ལམ་གྱི་བདེན་པ་འདི་ལ་ཇི་ཙམ་གྱི་གོམས་འདྲིས་ཐེབས་པ་དེ་ཚོད་ཀྱིས་མཐར་ང་ཚོའི་རྒྱུད་ལ་རྟག་ཏུ་འཇགས་པ་དང་། དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་དེ་བཀག་ནས་འགོག་བདེན་འཐོབ་པའི་ལམ་ཆགས་ཀྱི་ཡོད།

མཇུག་སྡོམ།

འདི་ནི་བདེན་པ་གཉིས་ལས་བཞི་འབྱུང་སྟངས་དེ་ཡིན།

ང་ཚོ་འཁོར་བ་ལ་འདྲ་འཇུག་གི་ཡོད་དམ། ང་ཚོས་བལྟས་ཟིན་པའི་ཚིགས་བཅད་དེ་གཞིར་བཞག་ཐོག་ནས་བཤད་ན། བདེན་པ་བཞིའི་ནང་གི་དང་པོ་གཉིས་ཀྱི་སྐོར་ལ་བགྲོ་གླེང་བྱས་པ་རེད། གཞི་རྩའི་ཐོག་ནས་བཤད་ན། ང་ཚོ་བདེན་པ་གཉིས་ལ་རྨོངས་པའི་རྐྱེན་གྱིས་འཁོར་བར་འཇུག་གི་ཡོད། ང་ཚོས་དངོས་པོའི་གནས་ལུགས་མ་ཤེས་པ་ཡིན་ནའང་འདྲ། ཡང་ན་དངོས་ཡོད་ཀྱི་བདེན་པའི་གནས་ལུགས་གང་ཡིན་པ་དེ་ལས་གཞན་པ་ཞིག་བསམ་བློའི་ནང་འཆར་བ་བྱེད་པ་ཡིན་ནའང་འདྲ་སྟེ། གང་ལྟར་ཡང་འཁོར་བ་ལས་ཐར་ཐབས་ཇི་ལྟར་བྱེད་དགོས་སམ། བདེན་པ་གསུམ་པ་དང་བཞི་པའམ། ཡང་ན་འགོག་པའི་བདེན་དང་ལམ་གྱི་བདེན་པ་གཉིས་ལ་བརྟེན་ནས་འཁོར་བ་ལས་ཐར་ཐུབ། བྱས་ཙང་། བདེན་པ་གཉིས་ཀྱི་གནས་ལུགས་མ་ཤེས་པ་ལས་ང་ཚོར་བདེན་པ་བཞི་ལས་དང་པོ་གཉིས་ཐོབ་ཅིང་། བདེན་པ་གཉིས་ཀྱི་དོན་ཤེས་པ་ལས་བདེན་པ་བཞི་ལས་ཐ་མ་གཉིས་ཐོབ་པ་ཡིན།

སྤྱིར་བརྗོད་གཞི་འདི་དཔེ་རྙོག་དྲ་ཚ་པོ་ཡོད་ཀྱང་། འདི་ནི་ང་ཚོས་ནང་ཆོས་ལ་འབད་བརྩོན་བྱེད་ཚུལ་ཞིག་ཡིན་ལ་དེ་ལ་བརྟེན་ནས་ནང་ཆོས་ནས་བཤད་པའི་དམིགས་ཡུལ་དེ་དག་འཐོབ་རྒྱུ་ཡོད་པའི་ཡིད་ཆེས་ཤིག་རྙེད་ཐབས་བྱེད་པ་དང་།  དེ་ཡང་ཉམས་ལེན་བྱེད་པའི་སྒོ་ནས་འཐོབ་པར་བྱེད་དགོས་ཀྱི་ཡོད། ནམ་ཞིག་ང་ཚོས་དེ་དག་ཐམས་ཅད་ཏག་ཏག་ཅིག་རྟོགས་པ་ཡིན་ན། འདིའི་ཤུགས་བསྟན་གྱི་དོན་གཞན་ཆ་ཚང་དང་མཉམ་དུ་ལག་བསྟར་བྱེད་ཐུབ། དེ་ནས་སྒོམ་གྱི་ཉམས་ལེན་བརྒྱུད་ནས་རང་ཉིད་དེ་ལ་གོམས་པར་བྱས་ནས་དངོས་པོའི་གནས་ལུགས་མཐོང་བ་ལ་གོམས་གཤིས་བཟོ་གི་ཡོད།

ཐོས་བསམ་སྒོམ་གསུམ་ལ་གཞིར་བཅོལ་ནས་ང་ཚོས་ཉམས་ལེན་ནང་དམིགས་པའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་དངོས་གནས་སྲིད་པ་ཞིག་དང་། འཐོབ་རུང་ཡིན་པ། བདེན་དོན་ཡིན་པ། གལ་ཏེ་འབད་བརྩོན་འདང་ངེས་ཤིག་བྱེད་པ་ཡིན་ན། དེ་འཐོབ་ཐུབ་པ་བཅས་ཡིད་ཆེས་བརྟན་པོ་རྙེད་ཐུབ་པ་ཡིན། དེ་འདྲའི་སྒོ་ནས་ང་ཚོའི་ཉམས་ལེན་བརྟན་དུ་འགྲོ་གི་ཡོད། གང་ཡིན་ཞེ་ན། དེ་ནི་ང་ཚོས་དམིགས་ཡུལ་དེ་སྒྲུབ་སྲིད་དམ་སྙམ་པའི་ཡིད་ཆེས་བརྟན་པོ་མེད་པ་ཞིག་ལ་གཞི་རྟེན་བྱས་མེད་པར། དེ་ལས་ལྡོག་སྟེ་ང་ཚོས་ངེས་ཤེས་རྙེད་པ་ཞིག་ཆགས་ཀྱི་ཡོད།  

Top