བསྐྱར་ཞིབ།
ང་ཚོ་མུ་མཐུད་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོས་གསུངས་པའི་ཚིགས་བཅད་ཀྱི་ཐོག་ལ་བགྲོ་གླེང་བྱེད་བཞིན་པ་རེད། དེ་ཡང་བདེན་པ་གཉིས་ཀྱི་དོན་རྟོགས་པ་ལས་བདེན་པ་བཞི་རྟོགས་ཚུལ་དང་། དཀོན་མཆོག་གསུམ་ལ་ངེས་ཤེས་ཇི་ལྟར་རྙེད་ཚུལ་བཅས་ཀྱི་སྐོར་ལ་རེད། བདེན་པ་གཉིས་ཀྱིས་ཆོས་ཐམས་ཅད་ཇི་ལྟར་ཡོད་པའི་ཚུལ་དེ་བཤད་ཀྱི་ཡོད་པ་ང་ཚོས་ཤེས་ཟིན་པ་ནི།
- ལྟོས་བཅས་སམ་ཀུན་རྫོབ་བདེན་པ། ང་ཚོར་གང་སྣང་བའི་ཆོས་རྣམས་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་གི་ཡོད། གལ་སྲིད་ང་ཚོས་འཇིག་རྟེན་གྱི་ཆོས་རྣམས་བྱ་བ་ཇི་ལྟར་བྱེད་ཀྱི་ཡོད་པ་མཐོང་ཡོད་ན། རྒྱུ་རྐྱེན་གྱི་རྣམ་གཞག་དེ་ང་ཚོས་མཐོང་ཡོང་གི་རེད། ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་དུས་རྒྱུན་ང་ཚོས་དེ་ལྟར་མཐོང་གི་མེད།
- མཐར་ཐུག་གམ་དོན་དམ་བདེན་པ། ང་ཚོའི་རྣམ་རྟོག་གི་བཟོས་པའི་ཆོས་རྣམས་རང་ངོས་ནས་ཡོད་པ་མི་སྲིད་པ་ཞིག་ཡིན། དཔེར་ན། ང་ཚོས་ཆོས་ག་འདྲ་ཞིག་མཐོང་བའི་སྐབས་དེ་དག་སྣང་ཚོད་ལྟར་རང་དབང་གིས་འབྱུང་གི་ཡོད་པ་དང་། རྒྱུ་དང་རྐྱེན་དང་ཆ་ཤས་སོགས་གང་ལ་ཡང་བརྟེན་མི་དགོས་པར་རང་ངོས་ནས་གྲུབ་པ་ལྟ་བུ་ཞིག་སྣང་ཡང་། དེ་ནི་བདེན་པ་མིན།
བྱས་ཙང་། འདི་ནི་རྨང་གཞི་ཡིན།
བདེན་པ་བཞི་ཡིས་ང་ཚོས་དངོས་པོའི་གནས་ལུགས་ཇི་བཞིན་དུ་མཐོང་བ་ལ་རྨོངས་པ་དེའི་སྐོར་ལ་བཤད་ཀྱི་ཡོད། ང་ཚོས་བདེན་པའི་གནས་ལུགས་ལ་རྨོངས་པའི་སྐབས་དེས་སྡུག་བསྔལ་གྱི་རྒྱུ་བྱེད་ཀྱི་ཡོད་པ་སྟེ། སྡུག་བསྔལ་གྱི་རྒྱུ་ནི་བདེན་པ་བཞི་ལས་གཉིས་པ་དང་སྡུག་བསྔལ་ཁོ་རང་ནི་བདེན་པ་དང་པོ་དེ་ཡིན། ཡང་གལ་སྲིད་ང་ཚོས་དངོས་པོའི་གནས་ལུགས་མ་ནོར་བར་མཐོང་བ་དང་། དེ་ལ་ག་དུས་ཡིན་ནའང་དམིགས་པ་གཏད་ནས་སྡོད་ཐུབ་ན། སྡུག་བསྔལ་དངོས་གནས་མེད་པ་བཟོ་མཁན་གྱི་བདེན་པ་གསུམ་པ་འགོག་བདེན་དེ་འཐོབ་ཀྱི་རེད། དེ་བཞིན་ལམ་གྱི་བདེན་པ་རྟོགས་པའི་བདེན་པ་བཞི་པ་དེས་འགོག་པའི་བདེན་པ་སྐྱེད་པར་བྱེད་ཀྱི་ཡོད།
ང་ཚོ་དངོས་ཡོད་ཀྱི་གནས་ལུགས་གསལ་པོར་ཧ་མ་གོ་བའི་སྐབས་སུ་མ་ཤེས་པ་དང་རྨོངས་པ་ལ་གཞིར་བྱས་ནས་བྱ་སྤྱོད་སྤེལ་བ་དང་། དེས་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པའི་རྒྱུན་དེ་བསྲིང་བར་བྱེད་ཀྱི་ཡོད། གལ་སྲིད་ང་ཚོས་མ་ཤེས་པའམ་མ་རིག་པ་འདི་མེད་པར་བཟོ་བ་ཡིན་ན། དེ་ནས་ང་ཚོ་འཁོར་བ་ལས་ལྡོག་ཐུབ་པ་དང་། འཁོར་བ་ལས་ཐར་ཐུབ་པ་ཡིན།
དཀོན་མཆོག་གསུམ།
ད་ང་ཚོ་ཚིགས་བཅད་ཤོ་ལོ་ཀ་དེའི་ཚིག་རྐང་གསུམ་པ་ལ་བལྟ་རྒྱུ་ཡིན།
ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན།
ཞེས་གསུངས་ཡོད། དེ་ཡང་། ང་ཚོས་གོང་དུ་མཐོང་ཟིན་པ་ལྟར། སྐྱབས་གནས་གསུམ་ཞེས་པ་ནི། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་གོ་བ་ཡིན། ལེགས་སྦྱར་སྐད་དུ་བུདྡྷ། དྷརྨ། སངྒྷ། ཞེས་ཟེར་གྱི་ཡོད། སངས་རྒྱས་ཤཀྱཱ་ཐུབ་པ་ལ་སོགས་པའི་སངས་རྒྱས་གཞན་ཚང་མ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་གདུལ་བྱ་སེམས་ཅན་རྣམས་ལ་དེ་ལྟར་འཐོབ་ཚུལ་གྱི་ཆོས་གསུངས་མཁན་དེ་ཡིན། ཆོས་ནི་ཁོང་རྣམས་ཀྱིས་གསུངས་པའི་ཆོས་དེ་ཡིན། དགེ་འདུན་ནི་རྟོགས་པ་མཐོན་པོར་སླེབས་པའི་དགེ་འདུན་གྱི་སྡེ་ཞིག་ཡིན། འདི་ནི་དཀོན་མཆོག་གསུམ་གྱི་གོ་བ་ལེན་ཚུལ་མང་པོ་ཡོད་པ་ལས་རིམ་པ་གཅིག་ཡིན་ནའང་། དེ་ལས་གཏིང་ཟབ་པའི་དོན་དག་ཀྱང་ཡོད་པ་ཡིན།
གོ་དོན་གཏིང་ཟབ་པའི་དབང་དུ་བྱས་ན། ཆོས་ནི་འཐོབ་བྱ་ངོ་མ་དེ་ཡིན་ཅིང། དེ་ཡང་བདེན་པ་བཞི་ཡི་ནང་ནས་གསུམ་པ་དང་བཞི་པ་ལ་གོ་བ་ཡིན། ཁྱེད་ཀྱི་དྲན་ཚོད་ལྟར། བདེན་པ་གསུམ་པ་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མེད་པ་བཟོ་བའི་འགོག་བདེན་དེ་ཡིན་པ་དང་། དེ་ཡང་རིམ་པ་མང་པོ་བརྒྱུད་ནས་ཡོང་གི་ཡོད། ང་ཚོས་འགོག་བདེན་ཡོངས་རྗོགས་ཐོབ་པའི་སྐབས་འཁོར་བའི་ནང་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་ལས་ཐར་ཐུབ། ང་ཚོས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་ཚུལ་ཡག་ཤོས་དེ་ཤེས་པའི་ཆེད་དུ་མུ་མཐུད་རྒྱུ་འབྲས་རྣམ་གཞག་གི་ཞིབ་ཕྲའི་གནད་དོན་རྟོགས་པ་ལ་འགོག་རྐྱེན་གྱི་རྒྱུ་དེ་མེད་པ་བཟོ་བའི་སྐབས་ང་ཚོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན། བདེན་པ་བཞི་པ་ལམ་གྱི་བདེན་པ་ནི། འགོག་བདེན་འཐོབ་པར་བྱེད་པ་དང་། འགོག་བདེན་ཐོབ་པ་ལས་བྱུང་བའི་འབྲས་བུ་རྣམས་ཀྱི་གོ་རྟོགས་དེ་ཡིན།
བདེན་པ་འདི་གཉིས་ལས་སྐྱབས་གསུམ་གྲུབ་པ་ཡིན། སྐྱབས་གནས་ཞེས་པ་ནི་ང་ཚོ་སྲུང་སྐྱོབ་བྱེད་མཁན་ཞིག་ལ་ཟེར་གྱི་ཡོད། སྐབས་འདིར་སྡུག་བསྔལ་དང་གཞན་ལ་ཕན་ཐོགས་བྱེད་མི་ཐུབ་པའི་སྐྱོན་ལས་སྐྱོབ་ཀྱི་ཡོད། གལ་སྲིད་ང་ཚོས་ལམ་བདེན་དང་འགོག་བདེན་གཉིས་འཐོབ་ན། རང་ཉིད་སྡུག་བསྔལ་མྱོང་བ་དང་གཞན་ལ་ཕན་ཐོགས་ཡག་ཤོས་སྒྲུབ་མི་ཐུབ་པ་དེ་བཟློག་ཐབས་བྱེད་ཀྱི་རེད། འདི་ནི་མི་གཞན་པ་ཞིག་གིས་ཡོན་ཏན་དེ་དག་ཐོབ་ཡོད་པ་དང་། ང་ཚོས་དད་པ་དང་ཡིད་རྟོན་བྱེད་པ་ཙམ་གྱིས་རྫུ་འཕྲུལ་གྱི་སྒོ་ནས་ང་ཚོ་བསྐྱབ་ཀྱི་ཡོད་པ་ལྟ་བུ་མིན།
སྟོན་པ་ཨ་བྷྲ་ཧམ་ལ་དད་པ་བྱེད་མཁན་གྱི་ “ཨ་བྷྲ་ཧམ་ (Abrahamic) ཆོས་ལུགས་” ཞེས་ཟེར་བའི་ཡེ་ཤུ་དང་། ཁ་ཆེ། ཇིའུ་ཆོས་ལུགས་སོགས་ལ་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཡོད་པའི་ཆོས་ལུགས་སུ་གྲགས་པ་ཡིན། ཆོས་ལུགས་འདི་དག་ཚང་མར་ལོ་རྒྱུས་ཀྱི་མི་སྣ་གྲགས་ཅན་རེར་ཡོད་པ་དང་། ཁོང་ཚོ་ལོ་རྒྱུས་ཀྱི་གལ་ཆེའི་བྱུང་བའི་ནང་དཀོན་མཆོག་གི་ལུང་བསྟན་ཐོབ་པ་དེ་འདྲ་ཡོད། དེ་ནས་ཁོང་ཚོས་ལུང་བསྟན་ཐོབ་པའི་བདེན་པ་རྣམས་གསལ་སྟོན་བྱས་ནས་གཞན་ལ་བཤད་པ་དང་དེ་ནི་ཆོས་ཀྱི་མཐའ་སྡོམ་དེ་ཆགས་འགྲོ་བ་ཡིན་ཞིང། ང་ཚོས་ཁ་ཆེའི་མོ་ཧམྨད་ (Mohammed) དང་། ཡེ་ཤུ་མ་ཤི་ཀ་ (Jesus)། ཇིའུ་ (Judiasm) མའོ་སིས་ (Moses) སོགས་ཀྱིས་གང་བྱས་པ་ནང་བཞིན་བྱེད་མི་ཐུབ་པ་ཡིན། ང་ཚོ་ལ་དཀོན་མཆོག་གི་ལུང་བསྟན་དེ་ཐོབ་མེད་པ་རེད། བྱས་ཙང་། ཁོ་ཚོས་གང་བཤད་པ་དེར་དད་པ་ཡོད་དགོས་པ་དང་། དེ་ཡོད་པ་ལ་བརྟེན་ནས་སྡུག་བསྔལ་ལས་གྲོལ་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད། འདིར་དད་པ་ཞེས་པ་ནི་ཆོས་གསུང་མཁན་གྱི་གང་ཟག་སྒེར་དེར་དད་པ་དང་། ཡང་མིན་ན་ལོ་རྒྱུས་ཀྱི་གལ་ཆེའི་བྱུང་བའི་ནང་དཀོན་མཆོག་གིས་ཇེའུ་མའོ་སིས་ལ་གནང་བའི་བཀའ་རྒྱ་བཅུ་ (Ten Commandments) དང་། ཡེ་ཤུ་མ་ཤི་ཀས་བསྟན་པའི་ཞལ་ཆད་གསར་མ་ (New Testament) དང། ཁ་ཆེའི་མོ་ཧམྨད་ཀྱིས་བསྟན་པའི་ཁུ་རན་ (Quran) སོགས་ཁོ་ཚོས་གང་གསུངས་པ་དང་བསྟན་པའི་ཆོས་དེ་ལ་དད་པ་བཅས་གཉིས་ཡིན་ཆོག ལོ་རྒྱུས་ཀྱི་གལ་ཆེན་བྱུང་བ་འདི་དག་ནི་ཆོས་ལུགས་འདི་དག་གི་གཞི་འཛིན་ས་ལྟེ་བ་དེ་ཡིན།
ཧིན་དུ་དང་། ནང་པ། གཅེར་བུ་པ་ལྟ་བུ་རྒྱ་གར་གྱི་ཆོས་ལུགས་ཁག་ལ་ “ཆོས་ཀྱི་རིང་ལུགས་” ཀྱི་ཐོག་ནས་བཤད་ཆོག་ཀྱང། དེ་ནི་གོང་དུ་བཤད་པའི་ལོ་རྒྱུས་ཀྱི་གནོན་ཤུགས་ཅན་གྱི་ཆོས་ལུགས་དང་རྦད་དེ་ཁག་ཁག་རེད། སངས་རྒྱས་བཅོམ་ལྡན་འདས་དང་། ཀྲིཥྞ (Krishna) ། མ་ཧཱ་བཱིར (Mahavira) ། ༼གཅེར་བུ་པའི་ཆོས་ལུགས་སྲོལ་གཏོད་མཁན་༽ སོགས་དང་འབྲེལ་བའི་ལོ་རྒྱུས་ཀྱི་བདེན་དོན་ནི་ཆོས་ལུགས་འདི་དག་གི་གཞི་འཛིན་ས་ལྟེ་བ་དེ་མ་རེད། དེ་ལས་ལྡོག་སྟེ་ང་ཚོ་དང་མི་གཞན་པ་སུ་ཡིན་རུང་ཁོང་རྣམས་ཀྱི་ཐོབ་པའི་གོ་འཕང་དེ་འཐོབ་ཐུབ་པ་ཡིན། ནང་ཆོས་ལྟར་ན། ང་ཚོ་ཚང་མས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་ཐུབ་པ་དང། ཆོས་ཀྱི་རིང་ལུགས་གཞན་གྱི་ནང་ཐར་པའི་སྐོར་ལ་རང་ལུགས་ཀྱི་གསུངས་ཚུལ་ཡོད་པ་རེད། འདི་ནི་ནུབ་ཕྱོགས་པའི་ཆོས་ལུགས་ཨབྷྲ་ཧམ་གྱི་ཆོས་ལུགས་ལ་སོགས་པ་དང་རྒྱ་གར་གྱི་ཆོས་ལུགས་ཁག་གཉིས་ཀྱི་དབར་མི་འདྲ་བའི་གཞི་རྩའི་ཁྱད་པར་དེ་ཡིན།
ང་ཚོས་སྐྱབས་གསུམ་ལ་བལྟ་བའི་སྐབས་སུ་ང་ཚོས་ཨབྷྲ་ཧམ་གྱི་ཆོས་ལུགས་ཁག་དང་མཉམ་དུ་འཚར་ལོངས་བྱུང་ཡོད་སྲིད་པས། ཁོ་ཚོའི་འགྲོ་སྟངས་དེ་བློ་ལ་འཆར་ནས་བལྟ་མི་རུང་། སངས་རྒྱས་མཁན་དེ་བཅོམ་ལྡན་འདས་གཅིག་པུ་ཡིན་པ་དང་ཁོང་ལ་དད་པ་བྱེད་ན་ང་ཚོ་སྐྱོབས་ཀྱི་ཡོད་པའི་སྐད་ཆ་མ་རེད། དེར་བརྟེན་ངས་དུས་རྒྱུན་ “སྐྱབས་” ཞེས་པའི་ཚིག་དེ་བེད་སྤྱོད་གཏོང་གི་མེད། རྒྱུ་མཚན་ནི་ཚིག་འདི་བེད་སྤྱོད་བྱས་ཏེ་ང་ཚོས་གང་བྱེད་དགོས་པ་གཅིག་པུ་ནི། “སངས་རྒྱས། ང་སྐྱོབས་དང་” ཟེར་བ་དང་རང་ཉིད་སྐྱོབ་ཀྱི་ཡོད་པ་ལྟ་བུའི་ཧུར་བརྩོན་མེད་པའི་གོ་དོན་ཞིག་སྤྲོད་ཀྱི་ཡོད། དེ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་མ་རེད། ང་རང་ངོས་ནས་སྐྱབས་ཞེས་པའི་ཚིག་དེའི་ཚབ་ལ་ “ཉེན་མེད་ཀྱི་ཁ་ཕྱོགས་” ཞེས་པའི་ཚིག་དེ་འདམ་ཀ་བྱེད་ཀྱི་ཡོད། དེ་ལྟར་བྱས་པས་སངས་རྒྱས་དང་། ཆོས། དགེ་འདུན་གསུམ་གྱིས་ང་ཚོར་སངས་རྒྱས་ཐོབ་པའི་གོ་འཕང་དེ་ང་ཚོས་ཀྱང་འཐོབ་རུང་ཡིན་པའི་ཐར་པའི་གོ་འཕང་ཀྱི་ཉེན་མེད་ཁ་ཕྱོགས་ཤིག་སྟོན་གྱི་ཡོད། སྤྱིར་བཏང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོ་འཁོར་བ་སོགས་ལས་སྲུང་སྐྱོབ་ཀྱི་ཐབས་སུ་ལམ་ཞིག་བསྟན་ཡོད་ཀྱང་། དེ་ང་ཚོས་དངོས་སུ་ཉམས་ལེན་བྱེད་དགོས་ཀྱི་ཡོད། གང་ཡིན་ཟེར་ན་རང་ཉིད་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ་འབད་བརྩོན་བྱས་པ་དེས་ང་ཚོ་སྡུག་བསྔལ་ལས་བསྐྱབ་ཀྱི་རེད།
ཆོས་དཀོན་མཆོག
ང་ཚོས་ཆོས་དཀོན་མཆོག་གམ་ཆོས་རིན་པོ་ཆེ་གཏིང་ཟབ་ཤོས་ཀྱི་སྐོར་བཤད་པའམ། ཡང་ན་ཆོས་གང་ཞིག་ཧ་ཅང་དཀོན་པོ་དང་རྩ་ཆེན་ཡིན་པར་འབོད་ནའང་འགྲིག་སྟེ། དེ་ནི་ཚིག་འབྲུ་གཉིས་ཀྱི་ཚིག་དོན་གྱི་ཆ་ནས་བཤད་པ་རེད། སྐབས་འདིར་བོད་སྐད་ནང་དཀོན་མཆོག་གམ་ནོར་བུ་ཞེས་བསྒྱུར་ཡོད། དེ་ཡང་ང་ཚོས་འགོག་བདེན་གྱི་གོ་འཕང་དངོས་དང་། འགོག་བདེན་གྱི་འབྲས་བུ་འཐོབ་པར་བྱེད་པའི་སེམས་ཀྱི་ལམ་བདེན་འཐོབ་ཚུལ་སྐོར་ལ་བཤད་ཀྱི་ཡོད། འདི་དག་ནི་ང་རང་ཚོ་སོ་སོ་ངོས་ནས་འཐོབ་པར་བྱེད་དགོས་པ་ཁག་ཡིན། དེར་བརྟེན་ང་ཚོས་ཐར་པ་འཐོབ་རུང་ཡིན་པའི་ཡིད་ཆེས་རྙེད་ཐུབ་པ་ཞིག་དགོས། ང་ཚོས་བདེན་པ་གཉིས་དང་བདེན་པ་བཞིའི་སྐོར་ལ་གྲོས་བསྡུར་བྱས་པ་ལས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞེས་པ་ཞིག་ཡོད་པ་དང་། དེ་ང་ཚོས་འཐོབ་ཐུབ་པ་བཅས་ཤེས་པ་ལ་ཕན་ཐོགས་ཀྱི་ཡོད།
སངས་རྒྱས་དཀོན་མཆོག།
སངས་རྒྱས་རྣམས་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཡོངས་སུ་རྫོགས་པ་ཐོབ་མཁན་དེ་དག་ཡིན། འདིའི་ནང་སངས་རྒྱས་ཤཀྱཱ་ཐུབ་པ་ཙམ་དུ་མ་ཟད་དེ་མིན་གྱི་སངས་རྒྱས་མང་པོ་ཚུད་ཡོད་པ་ཡིན། ཁོང་རྣམས་ཀྱིས་ང་ཚོས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཇི་ལྟར་འཐོབ་ཐུབ་པའི་ལམ་བསྟན་ཡོད། ཁོང་རྣམས་ཀྱིས་ལམ་གཉིས་ཀྱི་སྒོ་ནས་གདམས་པ་གནང་ཡོད་པ་ནི། དང་པོ་ནི་ཁོང་རྣམས་ཀྱིས་གསུངས་པའི་ཆོས་དང་། གཉིས་པ་ནི་ཁོང་རྣམས་ཀྱི་རྟོགས་པ་དང་གོ་བ་ལ་གཞིར་བྱས་པའི་དཔེའི་སྒོ་ནས་གསུངས་པ་བཅས་ཡིན། འདི་ནི་གནད་དོན་གལ་ཆེན་པོ་ཞིག་ཡིན། རྒྱུ་མཚན་ནི་ང་ཚོས་གཞན་ལ་ཆོས་ཀྱི་རྣམ་གཞག་ངག་ནས་བཤད་པ་ཙམ་མ་ཡིན་པར། རང་གིས་གང་བཤད་པ་ཉམས་སུ་བླངས་ནས་མངོན་སུམ་གྱི་དཔེའི་སྒོ་ནས་ཀྱང་བཤད་ཐུབ་པ་སྟོན་གྱི་ཡོད། ཆོས་ཞེས་པ་དེ་ལྟ་གྲུབ་རྣམ་གཞག་ཙམ་ཞིག་མིན་པར་ང་ཚོ་ལྟ་བུ་མི་ཚང་མས་རྒྱུད་ལ་སྦྱར་ཐུབ་པ་ཞིག་ཡིན།
དགེ་འདུན་དཀོན་མཆོག།
མི་འགའ་ཤས་ཀྱིས། དཀོན་གསུམ་པ་དགེ་འདུན་དཀོན་མཆོག་དེ་ང་ཚོ་ལ་ག་རེ་བྱས་ནས་དགོས་ཀྱི་ཡོད་དམ། ཞེས་བསམ་སྲིད་པ་ཡིན། སངས་རྒྱས་དཀོན་མཆོག་དང་ཆོས་དཀོན་མཆོག་གཉིས་ཀྱི་འགྲིག་ཐག་ཆོད་མི་འདུག་གམ། གྲྭ་པ་དང་ཨ་ནེ་ཚོས་དགེ་འདུན་དཀོན་མཆོག་མཚོན་གྱི་ཡོད་ཀྱང་། དེ་ནི་དགེ་འདུན་དཀོན་མཆོག་དངོས་གནས་མ་རེད། དེ་ནི་སྐུ་འདྲ་དང་རི་མོ་སོགས་ཀྱིས་སངས་རྒྱས་མཚོན་པ་དང་། དཔེ་ཆ་སོགས་ཀྱིས་ཆོས་མཚོན་གྱི་ཡོད་ཀྱང་། དེ་དག་ནི་སངས་རྒྱས་དང་ཆོས་དངོས་གནས་མ་ཡིན་པ་དང་འདྲ་པོ་རེད། དེ་ལྟར་དཀོན་མཆོག་གསུམ་པོ་མཚོན་པར་བྱེད་མཁན་གྱི་སྐུ་འདྲ་དང་། དཔེ་ཆ། གྲྭ་པ། ཨ་ནེ་རྣམས་ཀྱིས་ང་ཚོར་མཆོག་གསུམ་ལ་གུས་ཞབས་ཀྱི་དོ་སྣང་ཞིག་དགོས་པ་སྟོན་གྱི་ཡོད། གང་ཡིན་ཞེ་ན། དངོས་མེད་ཀྱི་ཆོས་རྣམས་ལ་གུས་ཞབས་བྱ་རྒྱུ་དེ་ལས་སླ་པོ་ཞིག་མེད། འདི་དག་ལ་གཏིང་ཟབ་པའི་དོན་དག་ཡོད་པ་བཤད་མི་དགོས་པ་རེད།
དགེ་འདུན་དཀོན་མཆོག་ནི་ཧ་ཅང་གལ་ཆེན་པོ་ཡིན། སྐབས་འདིར་དགེ་འདུན་ཞེས་པ་ནི་བདེན་པ་གཉིས་རྨང་གཞིར་བྱས་ནས་བདེན་པ་བཞི་རྟོག་མེད་མངོན་སུམ་དུ་རྟོགས་མཁན་གྱི་འཕགས་པའི་གང་ཟག་ལ་གོ་བ་ཡིན། གང་ཡིན་ཟེར་ན། ཁོ་ཚོས་བདེན་གཉིས་རྨང་གཞིར་བྱས་པའི་བདེན་བཞིའི་དོན་རྣམས་རྟོག་པ་མེད་པའི་སྒོ་ནས་མཐོང་བས། དེ་དག་གིས་འགོག་བདེན་དང་ལམ་བདེན་གྱི་གནས་ཚད་གང་འཚམས་ཤིག་རྟོགས་ཡོད་ཀྱང། འགོག་བདེན་ཡོངས་སུ་རྫོགས་པ་ནི་རྟོགས་མེད། གནས་ཚད་གོང་མཐོར་འགྲོ་བ་ལ་བརྟེན་ནས་ཚད་མཐོ་བའི་འཕགས་པ་རྣམས་ཀྱིས་མཐར་ཐུག་ཐར་པ་དང་དེ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་མ་འཐོབ་བར་དུ་བདེན་པ་མཐའ་མ་གཉིས་དེ་ལས་མང་ཙམ་རྟོགས་ཀྱི་ཡོད། དེ་ཡང་དངོས་པོའི་གནས་ལུགས་གང་ཡིན་པ་དེ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་ཡོད་མཁན་གྱི་འཕགས་པའི་གང་ཟག་ཡིན་པས། བདེན་པ་བཞི་དེར་འཕགས་པའི་བདེན་པ་བཞི་ཞེས་འགྲེལ་བརྗོད་བྱས་ཡོད། འདི་དག་གི་བསྟན་དོན་ནི།
- འདི་དག་ཐམས་ཅད་རྟོགས་ནས་འགོག་བདེན་དང་ལམ་བདེན་གཉིས་འཐོབ་མཁན་དེ་སངས་རྒྱས་རྣམས་གཅིག་པུ་མ་ཡིན་པར། དེ་ནི་རིམ་ཅན་གྱི་རྒྱུད་རིམ་ཞིག་ཡིན།
- ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མ་ཐོབ་གོང་ལའང་ང་ཚོས་སྡུག་བསྔལ་བདེན་པའི་རྣམ་པ་མང་པོ་རིམ་པས་ཉུང་དུ་གཏོང་པ་དང་དེ་དག་མེད་པ་བཟོ་འགོ་བཙུག་གི་ཡོད། གང་ཡིན་ཞེ་ན། སྐབས་དེ་དུས་ནས་སྡུ་བསྔལ་གྱི་རྒྱུ་ཀུན་འབྱུང་བདེན་པའི་རིམ་པ་མང་པོ་མེད་པ་བཟོས་ཚར་ཡོད།
གོང་དུ་ཞུས་པ་ལྟར། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ནི་རིམ་ཅན་གྱི་རྒྱུད་རིམ་ཞིག་ཡིན་ལ་དེ་ནི་ང་ཚོ་ཐར་པ་མ་ཐོབ་གོང་དང་སངས་རྒྱས་མ་ཆགས་པའི་གོང་གི་དུས་ཡུན་རིང་མོ་ཞིག་ནས་འགོ་བཙུག་གི་ཡོད། སངས་རྒྱས་དང་འཕགས་པ་གཉིས་ལས་འཕགས་པ་དེ་ང་ཚོ་དང་འབྲེལ་བ་བཟོ་ཡག་ལས་སླ་བ་ཡོད། དེ་གང་ཡིན་ཟེར་ན། འཕགས་པ་རྣམས་ལ་ད་དུང་དཀའ་ངལ་ཁ་ཤས་ཡོད་པ་དང་། ཁ་ཤས་ནི་འཁོར་བའི་ནང་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལས་ཡོངས་སུ་ཐར་མེད་པ་རེད། འོན་ཀྱང་དེ་དག་ལས་ཕྱོགས་ཙམ་ཞིག་ཐར་ཡོད། འདི་ལྟར་ང་ཚོས་འཕགས་པ་རྣམས་དང་འབྲེལ་ནས་དཔྱད་པ་ཡིན་ན་ཏོག་ཙམ་ལས་སླ་བ་ཡོད།
འཕགས་པའི་དགེ་འདུན་ལ་བརྟེན་ནས་གལ་སྲིད་ང་ཚོས་གོམ་པ་རིམ་སྤོས་ཀྱིས་ཁོང་རྣམས་ལ་ཡོད་པའི་ཉེན་མེད་ཀྱི་ཁ་ཕྱོགས་ནང་འགྲོ་བ་ཡིན་ན། མཐར་ཐུག་གི་དམིགས་ཡུལ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ་པའི་བློ་སྤོབས་དང་སེམས་སྐུལ་སྟེར་གྱི་ཡོད། ང་ཚོས་མཐར་ཐུག་གི་གོ་འཕང་བར་དུ་འགྲོ་མ་ཐུབ་པ་ཡིན་ནའང་། སྡུག་བསྔལ་འབྱུང་བའི་རྒྱུ་མ་རིག་པ་གང་འཚམས་ཤིག་སྤོང་གི་ཡོད་པ་སོང་ཙང། དེ་ལ་དཔག་ཚོད་ཀྱི་གནས་སྐབས་སྡུག་བསྔལ་གང་འཚམས་ཤིག་ཀྱང་མེད་པ་བཟོ་ཐུབ། འདི་ནི་དངོས་ཡོད་ཀྱི་གནས་ལུགས་ལ་དམིགས་པ་ཡོངས་སུ་གཏད་ནས་སྡོད་ཐུབ་མིན་ལ་རག་ལས་ཡོད། གལ་སྲིད་ཁྱེད་རང་ད་དུང་འཕགས་པའི་གང་ཟག་ཞིག་ཡིན་ན། ཁྱེད་རང་དུས་རྟག་ཏུ་དམིགས་པ་གཏད་ནས་སྡོད་ཐུབ་ཐབས་མེད་ཀྱང་། གལ་སྲིད་ཁྱེད་རང་སངས་རྒྱས་ཤིག་ཡིན་ན། དེ་ལྟར་སྡོད་ཐུབ།
ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གཉིས་གཅིག་པ་མིན། ཐར་པ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་པ་ལས་ཐར་ནས་དགྲ་བཅོམ་པའམ་འཕགས་པའི་གང་ཟག་ཆགས་པ་དེ་ཡིན། ཐམས་ཅད་མཁྱེན་པ་ནི་ཉོན་མོངས་པའི་སྒྲིབ་པ་སྟེ། ཉོན་མོངས་དང་ང་ཚོ་ཇི་ལྟར་ཡོད་པའི་ཚུལ་ལ་རྨོངས་པའི་མ་རིག་པ་ལས་ཐར་བ་ཙམ་དུ་མ་ཟད། ཤེས་བྱའི་སྒྲིབ་པ་སྟེ། རྒྱུན་ཆད་མེད་པ་གོམས་པའི་མ་རིག་པ་དེ་ལས་ཀྱང་ཐར་བ་ཡིན།
ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་ཤེས་བྱར་མི་སྲིད་པའི་ཆོས་ལ་ཡིད་ཆེས་པའི་གོམས་གཤིས་ལས་ང་ཚོའི་སེམས་ཀྱི་བྱེད་ལས་ནང་མུ་མཐུད་ནས་རྣམ་རྟོག་གི་འཆར་སྣང་བསྐྲུན་གྱི་ཡོད་པ་དང་། དེ་དངོས་པོའི་གནས་ལུགས་དང་མཐུན་པའི་ཡིད་ཆེས་མུ་མཐུད་ནས་བྱེད་ནས་སྡོད་ཀྱི་ཡོད། འདི་ལ་བརྟེན་ནས་ང་ཚོར་ཉོན་མོངས་ཡོང་གི་ཡོད། ནམ་ཞིག་ང་ཚོས་འཁྲུལ་བའི་སྣང་བ་འདི་དག་དངོས་པོའི་གནས་ལུགས་དང་མཐུན་གྱི་འདུག་ཅེས་ཡིད་ཆེས་བྱེད་ཡག་དེ་མཚམས་བཞག་ན། དེའི་སྐབས་སུ་ཐར་པ་ཐོབ་ཀྱི་ཡོད། དེ་ནས་ང་ཚོས་དེ་དག་ཐམས་ཅད་བེད་མེད་གད་སྙིགས་ཡིན་པ་དང་། དངོས་པོ་རྣམས་འདི་ལྟར་སྣང་ཡང་སྣང་བ་ལྟར་དུ་དངོས་ཡོད་གནས་ཚུལ་ལ་དེ་འདྲ་མེད་པ་ཤེས་ཀྱི་ཡོད། ང་ཚོའི་དབང་པོའི་ཤེས་པ་ལ་ད་དུང་ཡང་ཚད་བཀག་ཡོད་པས། ང་ཚོས་ཆོས་རྣམས་རང་ངོས་ནས་སྒམ་གྱི་ནང་ཡོད་པ་ལྟ་བུར་སྣང་ཡང་། དངོས་ཡོད་གནས་ཚུལ་ལ་དེ་ལྟར་མིན་པ་ང་ཚོས་ཤེས་ཀྱི་རེད།
རྡུལ་ཕྲན་གྱི་དངོས་ཁམས་རིག་པའི་ནང་ནས་ལས་སླ་བའི་ཆོས་ཞིག་བཤད་ནའང་ང་ཚོ་ལ་རྡུལ་ཕྲན་དང་དེའི་འགུལ་ནུས་ཀྱི་ཤུགས་ཚད་སོགས་སོ་སོ་ནས་རག་གི་ཡོད། འོན་ཀྱང་གཟུགས་ཅན་རགས་པའི་ཆོས་ག་འདྲ་ཞིག་ཡིན་ཀྱང་དེ་དག་གི་མཐའ་ལ་ “ས་ཐིག་འདི་ཡི་ཕྱོགས་ལ་གཟུགས་ཅན་གྱི་དངོས་པོ་ཡོད་པ་དང། དེ་ཡི་ཕྱོགས་ལ་གཟུགས་ཅན་གྱི་དངོས་པོ་མེད་” ཟེར་བ་ལྟ་བུའི་གཅོད་མཚམས་ཀྱི་ས་ཐིག་ཅིག་མེད། གཟུགས་ཅན་གྱི་དངོས་པོ་རྣམས་ཇི་ལྟར་སྣང་བ་ལྟར་རྡོག་རྡོག་ཅིག་མེད། གལ་སྲིད་ང་ཚོས་འཁྲུལ་སྣང་བསྐྱེད་པར་བྱེད་མཁན་གྱི་ཤེས་བྱའི་སྒྲིབ་པ་དེ་མེད་པ་བཟོས་ན། སེམས་ཀྱིས་དེ་དག་འཁྲུལ་སྣང་དུ་འཛིན་པ་དེ་མཚམས་བཞག་ནས་ང་ཚོས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཀྱི་ཡོད། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་སྐབས་ཆོས་ཐམས་ཅད་ཕན་ཚུན་གཅིག་གི་གཅིག་ལ་རྟེན་ཅིང་འབྲེལ་བའི་དངོས་པོའི་གནས་ལུགས་ཇི་བཞིན་དུ་དུས་གཅིག་ལ་རྟོགས་ཐུབ་པ་དང་། དེ་ལྟར་རྟོགས་པའི་བློ་དེས་སེམས་ཅན་གཞན་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འདྲེན་པའི་ཐབས་མཁས་ཤོས་དེ་ཡང་མཐོང་ཐུབ་པ་བྱེད་ཀྱི་ཡོད།
ང་ཚོས་འཕགས་པ་ཞེས་བཤད་པའི་སྐབས་སུ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་འདོད་བྱེད་མཁན་གྱི་བྱང་ཆུབ་སེམས་དཔའ་ཙམ་ཀྱི་སྐོར་བཤད་པ་མ་ཡིན་པར། ཐར་པ་ཙམ་དོན་གཉེར་བྱེད་མཁན་གྱི་འཕགས་པའི་གང་ཟག་དེ་དག་གི་སྐོར་ལའང་བཤད་ཀྱིན་ཡོད། དེ་བཞིན་ང་ཚོས་དཀོན་མཆོག་གསུམ་དེ་ཉེན་མེད་ཀྱི་ཁ་ཕྱོགས་དང་འབྲེལ་ནས་བཤད་པའི་སྐབས་ཐར་པ་ཙམ་དོན་གཉེར་བྱེད་མཁན་ནམ། ཡང་མིན་ན་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཀའི་གོ་འཕང་དོན་གཉེར་བྱེད་མཁན་སྐོར་བཤད་ཀྱི་ཡོད་པ་ལས། ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་མཁན་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐོར་གཅིག་པུ་བཤད་ཀྱི་མེད།
དཀོན་མཆོག་གསུམ་ལ་ཡིད་ཆེས་བརྟན་པོ་བསྐྱེད་པ།
གལ་སྲིད་ང་ཚོས་བདེན་པ་གཉིས་དང་བཞི་ལ་བརྟེན་ནས་འཁོར་བའི་ནང་ཇི་ལྟར་འཁར་ནས་ལུས་པའི་ཚུལ་དང་། འཁོར་བ་ལས་ཇི་ལྟར་ཐར་ཐུབ་ཀྱི་ཡོད་པ་ཤེས་ན། དོན་དམ་གྱི་ཆོས་དཀོན་མཆོག་དེ་བདེན་པ་ཡིན་པ་དང་དེ་དངོས་གནས་ཡོད་པ་ལ་ཡིད་ཆེས་བརྟན་པོ་རྙེད་པ་ཡིན། དེ་ནས་ང་ཚོས་ཆོས་རྣམས་ཡིན་པ་མི་སྲིད་པ་གང་ཡིན་པའི་འཁྲུལ་སྣང་སྐྱེད་པར་བྱེད་པའི་རྨོངས་པ་དེ་ང་ཚོའི་སེམས་ཀྱི་བྱེད་ལས་ལ་ལྷན་སྐྱེས་སུ་ཡོད་པའི་ཁྱད་ཆོས་ཤིག་མ་ཡིན་པ་གསལ་པོར་རྟོགས་ཀྱི་ཡོད། དེའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། ང་ཚོས་མ་ཤེས་པའམ་མ་རིག་པའི་ལྡོག་ཕྱོགས་ཀྱི་ཆོས་ཏག་ཏག་དེ་ལ་རྩེ་གཅིག་དུ་དམིགས་པ་གཏད་ན། མ་རིག་པ་དང་རྨོངས་པ་དེ་མེད་པ་བཟོ་ཐུབ་པ་ཡིན།
ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་བདེན་པ་གཉིས་ཤེས་པའི་ཐོག་ནས་ཆོས་རྣམས་ཀྱི་གྲུབ་ལུགས་ལ་དམིགས་པ་གཏད་པའི་སྐབས་སུ་འཁྲུལ་སྣང་ཡོང་གི་མེད་ལ། དེ་ལ་ཡིད་ཆེས་དེ་བས་ཀྱང་བྱེད་མི་སྲིད། འདི་ལྟར་རིག་པ་འདི་ལ་རྩེ་གཅིག་དུ་དམིགས་ནས་བསྡད་ཐུབ་ན། དེ་ནི་ལམ་གྱི་བདེན་པ་ཡིན་ཞིང་། དེ་ལ་བརྟེན་ནས་འགོག་བདེན་འཐོབ་ཀྱི་རེད། འདི་ནི་རྒྱུ་མཚན་རིགས་པས་རྒྱབ་རྟེན་ཡོད་པ་ཞིག་ཡིན། ཁྱེད་ཀྱིས་འདི་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་ཡིན་པའི་ར་སྤྲོད་བྱེད་ཐུབ་པ་དང་། དེས་འབྲས་བུ་འགོག་བདེན་འཐོབ་པར་བྱེད་ཀྱི་ཡོད། དེ་ལྟར་བྱུང་ན་ཁྱེད་རང་ལ་ཡར་མར་འཕེལ་འགྲིབ་ཅན་གྱི་སྡུག་བསྔལ་དང་བདེ་བ་ཉི་ཚེ་བ་རྣམས་མི་འབྱུང་ཞིང་། དབང་མེད་ཀྱིས་ཡང་ནས་ཡང་དུ་འཁོར་བའི་ནང་སྐྱེ་བ་ལེན་མི་དགོས་པ་ཆགས་ཀྱི་ཡོད།
ཁྱེད་ཀྱིས་དེ་དགག་པ་བརྒྱབ་ནས་ “རེད། གལ་སྲིད་ཁྱེད་ཀྱིས་མ་ཤེས་པའམ་མ་རིག་པ་ལ་དུས་རྟག་ཏུ་དམིགས་ནས་བསྡད་ན། ཆོས་ཀྱི་གནད་དོན་རྟོགས་པའི་གོ་བ་ཞིག་སླེབས་མི་ཐུབ་” ཅེས་བཤད་ཆོག བྱས་ཙང་། དངོས་པའི་གནས་ལུགས་དང་མི་མཐུན་པའི་མ་རིག་པ་ལ་དམིགས་པ་གཏད་པ་དང་། དངོས་པོའི་གནས་ལུགས་དང་མཐུན་པའི་རིག་པ་ལ་དམིགས་པ་གཏད་པ་གཉིས་གང་ཤུགས་ཆེ་བ་དང་ནུས་པ་ཆེ་བ་ཡོད་དམ།
གལ་སྲིད་ང་ཚོས་གོང་གི་དྲི་བ་འདི་ལ་བརྟག་དཔྱད་བྱེད་པ་ཡིན་ན། མ་རིག་པ་ལ་འདང་ངེས་བཞིན་པའི་རྒྱབ་རྟེན་ཞིག་མེད་པ་དང་། དེ་ལས་ལྡོག་ཏེ་ཡང་དག་པའི་རྟོགས་པ་ལ་རྒྱུ་མཚན་རིགས་པས་རྒྱབ་རྟེན་ཡོད་པ་ཡིན། ཆོས་རྣམས་རྒྱུ་དང་རྐྱེན་ལ་བརྟེན་ནས་འབྱུང་གི་ཡོད་པ་ལས་དེ་དག་རང་ངོས་ནས་རང་དབང་གིས་གྲུབ་པ་ཞིག་མེད། དེའི་སྒང་ལ་གལ་ཏེ་ང་ཚོ་ཡང་དག་པའི་རྟོགས་པ་ལ་རྟག་ཏུ་དམིགས་པ་གཏད་པ་ཡིན་ན། དེའི་འབྲས་བུར། ང་ཚོས་འཁོར་བར་ཡང་བསྐྱར་སྐྱེ་བ་ལེན་པ་དང་སྡུག་བསྔལ་རྣམས་མྱོང་གི་མ་རེད།
ད་ཡང་བསྐྱར་ང་ཚོ་བདེན་པ་བཞིའི་སྒང་ལ་ཕར་འགྲོ་དགོས་ཀྱི་ཡོད། ང་ཚོའི་དམིགས་ཡུལ་གང་ཡིན་ནམ། ང་ཚོ་དུས་ནམ་ཡང་སྡུག་བསྔལ་མྱོང་འདོད་པ་ཡིན་ནམ། དེ་ལྟར་ཡིན་ན། ང་ཚོ་མ་རིག་པ་ལ་དམིགས་ནས་སྡོད་ན་འགྲིག་གི་ཡོད་ལ་ང་ཚོས་སྡུག་བསྔལ་མྱོང་དགོས་ངེས་རེད། དེ་ལས་སླ་པོ་དེ་འདྲ་རེད། ཁྱེད་རང་ལ་བཀྲིས་བདེ་ལེགས་ཀྱིས་ཕེབས་བསུ་བྱ་རྒྱུ་རེད། ཡིན་ནའང་གལ་སྲིད་ཁྱེད་རང་དེ་དག་ཐམས་ཅད་ལས་ཐར་འདོད་ཡོད་པ་ཡིན་ན། དེ་ནི་ནང་ཆོས་ཀྱི་ལམ་ནས་བསྟན་པའི་དམིགས་ཡུལ་དེ་ཡིན་པས། དངོས་པོའི་གནས་ལུགས་ལ་གཞིར་བྱས་པའི་རིག་པ་ལ་དམིགས་པ་གཏད་དགོས་པ་ཧ་ཅང་གསལ་པོ་རེད།
འདི་ལྟ་བུའི་ལམ་ནས་སྐྱབས་འགྲོའི་བརྗོད་གཞི་ལ་འཇུག་ཚུལ་དེ་ཚད་མ་ལ་བརྟེན་ནས་བྱུང་བ་ཞིག་དང། དེ་ལ་བརྟེན་ནས་སྐྱབས་གནས་དཀོན་མཆོག་གསུམ་དངོས་གནས་ཡོད་པའི་ཡིད་ཆེས་དེ་བརྟན་པོ་ཆགས་པ་ཡིན། དེ་ནས་ང་ཚོས་ཁ་ཕྱོགས་འདིའི་ནང་འགྲོ་བ་ཡིན་ན། སྡུག་བསྔལ་ལས་ཐར་གྱི་རེད་ཅེས་པའི་རེ་བ་དང་ཚོད་དཔག་བྱེད་ཀྱི་མ་རེད། གང་ཡིན་ཞེ་ན། ང་ཚོར་ “ངའི་དགེ་བའི་བཤེས་གཉེན་གྱིས་འདི་འདྲ་རེད་ཅེས་གསུངས་སོང་” ཟེར་ནས་དད་པ་ཞིག་ཡོད་པ་རེད། དེ་ཡང་ཚད་མ་ལ་གཞིར་བྱས་པ་དང་། རྗེས་དཔག་ཚད་མའི་གོ་རྟོགས་དང་གཏན་ཚིགས་ལ་གཞི་རྟེན་བྱས་པ་ཞིག་དགོས་ཀྱི་ཡོད།
ཚད་མའི་ཤེས་པ་སྐྱེད་པའི་ཐབས་ལམ་གཉིས་ཡོད་དེ། གཅིག་ནི་རྒྱུ་མཚན་རིགས་པ་ལ་བརྟེན་ནས་སྐྱེས་པའི་རྗེས་དཔག་གི་ཚད་མ་དང་། གཞན་དེ་ནི་མངོན་སུམ་ཚད་མ་ཞེས་དངོས་སུ་མཐོང་བ་དང་གོ་བ་སོགས་རྟོག་པ་དང་བྲལ་བའི་ཡུལ་མྱོང་ཚུལ་གྱི་མངོན་སུམ་ཚད་མ་དེ་ཡིན། མངོན་སུམ་ཚད་མ་ལ་དཀའ་ངལ་ཞིག་ཡོད་པ་ནི། འདི་སོ་སོ་ངོས་ནས་མྱོང་བ་ལ་རྟོགས་པ་ཧ་ཅང་མཐོན་པོ་སོན་པ་ཞིག་དགོས་ཀྱི་ཡོད། བྱས་ཙང་། ང་ཚོས་རྗེས་དཔག་དེ་མངོན་སུམ་ཤེས་པའི་གཞི་རྟེན་དུ་བྱས་ནས་མྱོང་ཡག་འགོ་བཙུག་དགོས།
ཆོས་ཀྱི་ལམ་ཡར་རྒྱས་གཏོང་བ།
སྐབས་འདིར་ང་ཚོ་ཚིགས་བཅད་དེའི་ཚིག་རྐང་བཞི་པར་སླེབས་ཡོད་པ་ནི།
ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས།
ཞེས་གསུངས་ཡོད། དེ་ཡང་། ཐར་པ་འཐོབ་པའི་སེམས་ཀྱི་ལམ་གྱི་སྐོར་བཤད་པའི་སྐབས་བཤད་སྟངས་མི་འདྲ་བ་མང་པོའི་སྒོ་ནས་བཤད་ཆོག་པ་ཡིན། དེ་དག་ལས་གཅིག་ནི། བོད་སྐད་ནང་ཡོངས་གྲགས་སུ་ “ལམ་རིམ་” ནང་གསལ་བ་ལྟར། ཀུན་སློང་ངམ་བསམ་པ་རྒྱ་ཆེ་ཆུང་མི་འདྲ་བའི་དབང་གིས་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་སྒོ་ནས་བཤད་པ་དེ་ཡིན། ལམ་གྱི་རིམ་པ་འདི་དག་ནི་རིམ་ཅན་གྱི་བསྒྲུབ་བྱ་གསུམ་ཡིན། དེ་དག་ནི།
- སྐྱེས་བུ་ཆུང་བ་ནི། སྐྱེ་བ་ཕྱི་མ་ངན་སོང་གི་གནས་སུ་སྐྱེ་རྒྱུ་དེ་བཀག་ནས་སྐྱེ་བ་བཟང་པོ་བདེ་འགྲོའི་གནས་སུ་སྐྱེ་བ་ལ་འབད་རྒྱུ་དེ་ཡིན། ང་ཚོར་སྡུག་བསྔལ་ཉུང་ངུ་དང་ལྡན་པའི་སྐྱེ་བ་བཟང་པོ་ཞིག་འདོད་ཀྱི་ཡོད། དེའི་རྒྱུ་མཚན་ནི། ང་ཚོ་ཚང་མ་ལ་ཆོས་ཀྱི་ལམ་ལ་མུ་མཐུད་ནས་ཉམས་ལེན་བྱེད་ཐུབ་པའི་ཆ་རྐྱེན་བཟང་པོ་ཡོད་པ་ཡིན། གལ་སྲིད་ང་ཚོ་འབུ་ཞུ་ལུ་མ་ལྟ་བུའི་སྐྱེ་བ་བླངས་ན། ཆོས་ཉམས་ལེན་གོང་འཕེལ་གཏོང་རྒྱུའི་ཐད་ལ་ང་ཚོས་གང་ཡང་བྱེད་ཐབས་མེད། ཕྱི་མ་ངན་སོང་གི་གནས་སུ་མི་ལྷུང་བའི་ཆེད་དུ་ང་ཚོས་ལྟོས་བཅས་ཀུན་རྫོབ་ཀྱི་བདེན་པའམ་རྒྱུ་དང་འབྲས་བུའི་རྣམ་གཞག་ལ་རྨོངས་པ་དེ་མེད་པ་བཟོ་དགོས། ངན་སོང་གི་གནས་སུ་སྐྱེ་བ་ལེན་པའི་རྒྱུ་གཙོ་བོ་ནི། ང་ཚོའི་མི་དགེ་བའི་སྤྱོད་ལམ་དེ་ཡིན་ཞིང་། ང་ཚོས་མི་དགེ་བའི་ལས་བྱེད་པའི་རྒྱུ་མཚན་ནི། རང་གིས་བྱས་པའི་ལས་ཀྱི་འབྲས་བུ་གང་ཡོང་མི་ཤེས་པའམ། ཡང་མིན་ན་མི་དགེ་བའི་ལས་ཀ་དེས་ང་ཚོར་བདེ་སྐྱིད་སྤྲོད་ཀྱི་རེད་བསམ་པ་དེ་ཡིན།
- སྐྱེས་བུ་འབྲིང་ནི། སྡུག་བསྔལ་གྱི་སྡུག་བསྔལ་དང་། བདེ་བ་ཉི་ཚེ་བའམ་འགྱུར་བའི་སྡུག་བསྔལ། འདི་གཉིས་ཀྱི་གཞི་རྟེན་བྱེད་པའི་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལེན་བྱེད་ཀྱི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་སྡུག་བསྔལ་ལས་ཐར་པ་བ་ལ་དམིགས་པ་དེ་ཡིན། བསྒྲུབ་བྱ་འདི་འཐོབ་པ་ལ། ང་ཚོས་སྟོང་ཉིད་རྟོགས་པ་ལ་བརྟེན་ནས་མཐར་ཐུག་གི་བདེན་པ་ལ་རྨོངས་པའི་མ་རིག་པ་དེ་མེད་པ་བཟོ་དགོས། དོན་ངོ་མར། ང་ཚོས་དུས་རྟག་ཏུ་བདེན་པ་བཞི་ཀར་གོ་རྟོགས་རྙེད་ཐུབ་པ་ཞིག་དགོས། བདེན་པ་བཞི་ལ་རྟག་ཏུ་དུས་གཅིག་ལ་དམིགས་པ་གཏད་ཐུབ་ཡག་དཀའ་ལས་ཁག་པོ་ཡིན་པ་སོང་ཙང་། ད་དུང་ང་ཚོ་མུ་མཐུད་ནས་ལམ་གོང་མ་ལ་འཇུག་དགོས།
- སྐྱེས་བུ་ཆེ་བ་ནི། འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་ཡག་ཤོས་སྒྲུབ་ཐུབ་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་རྒྱུ་དེ་ཡིན། མཐར་ཐུག་གི་དོན་དམ་བདེན་པ་ལ་དམིགས་པ་གཏད་བཞིན་དུ་ང་ཚོས་ལྟོས་བཅས་ཀུན་རྫོབ་ཀྱི་བདེན་པ་ཡོངས་སུ་ཤེས་པ་ཡིན། བྱས་ཙང་། བདེན་པ་གཉིས་ཀར་རྟག་ཏུ་དུས་གཅིག་ལ་དམིགས་པ་གཏད་ཐུབ་མཁན་དེ་ནི་སངས་རྒྱས་ཁོ་ན་ཡིན།
གལ་སྲིད་ང་ཚོས་ “བདེན་པ་གཉིས་ལས་བདེན་པ་བཞི་དང། བདེན་བཞི་ལས་སྐྱབས་འགྲོ་གསུམ་” ཞེས་པའི་ཚིག་རྐང་འདི་ལ་གཏིང་ཟབ་པོའི་སྒོ་ནས་བལྟས་ན་། འདི་དག་ནི་གོང་དུ་བཤད་པའི་སྐྱེས་བུ་གསུམ་གྱི་རྩ་བ་དང། དམིགས་ཡུལ་དེ་དག་ལ་འཁྲིད་པར་བྱེད་པའི་ཉམས་ལེན་དེ་ཡིན་པ་ཤེས་ཐུབ། འདི་དག་ལ་རྩ་བ་ཞེས་བཤད་པ་ཡོད་པས། རྩ་བ་ཞེ་པ་དེ་ས་བོན་ཞིག་མ་རེད། རྩ་བ་ཞེས་པ་ནི། རྩི་ཤིང་ལྟ་བུ་ལ་བརྟན་ཆ་དང་ནུས་ཤུགས་གང་ཞིག་སྟེར་བ་དེ་ཡིན། གལ་སྲིད་ང་ཚོས་རྒྱུ་མཚན་རིགས་པ་གཞི་ལ་བཞག་ནས་བསྒྲུབ་བྱའི་དམིགས་ཡུལ་གསུམ་དེ་འཐོབ་རུང་ཡིན་པ་དང། དེ་དག་དངོས་གནས་ཡོད་པ། རང་ཉིད་ཀྱིས་འབད་བརྩོན་ལ་བརྟེན་ནས་སྒྲུབ་ཐུབ་པ་དེ་དངོས་ཡོད་གནས་ཚུལ་ཡིན་པར་ཡིད་ཆེས་རྙེད་པ་ཡིན་ན། དེས་བསྒྲུབ་བྱའི་དམིགས་ཡུལ་འཐོབ་ཆེད་ཆོས་ཀྱི་ལམ་ཡོངས་སུ་རྫོགས་པ་ལ་རྒྱབ་རྟེན་བྱེད་པའི་བརྟན་ཆའི་རང་བཞིན་ཞིག་སྟེར་རྒྱུ་ཡིན་པ་བཤད་མི་དགོས་པ་རེད།
དོན་དག་འདི་ལ་བཤད་སྟངས་གཞན་པ་ཞིག་ཡོད་པ་ནི། བསྒྲུབ་བྱ་གསུམ་གྱི་རྩ་བ་ནི་རང་གི་དགེ་བའི་བཤེས་གཉེན་དང་འབྲེལ་བ་བཟང་པོ་ཞིག་ཡོད་པ་དེ་ཡིན་ཅིང། འདི་ནི་གཞི་རྩའི་ལམ་རིམ་གྱི་བསྟན་བཅོས་ཚང་མའི་ནང་གསལ་བ་ཞིག་ཡིན། ཕྱོགས་གཅིག་ནས་བཤད་ན། བླ་སློབ་བར་གྱི་འབྲེལ་བ་བཟང་པོ་དེ་ནི་ཆོས་ཀྱི་ལམ་ཡོངས་རྫོགས་ཀྱི་རྩ་བ་ཡིན་པ་དང་། དགེ་བའི་བཤེས་གཉེན་ལས་ང་ཚོར་སེམས་སྐུལ་ཐེབས་པ་དང་། སེམས་སྐུལ་དེ་ལ་བརྟེན་ནས་དམིགས་ཡུལ་སྒྲུབ་པའི་ཆེད་ཉམས་ལེན་ལ་མུ་མཐུད་ནས་ནུས་ཤུགས་སྤྲོད་ཐུབ་པ་ཡོང་གི་ཡོད།
ཆོས་ཀྱི་ལམ་ལ་བརྟན་པོའི་ངང་ནས་ཇི་ལྟར་འཇུག་ཐུབ་པ་ལ་ཡང་དབྱེ་བ་གཉིས་ཡོད་པ་ནི།
- ལམ་གཅིག་ནི། གོང་ཞུས་ལྟར། རང་གི་དགེ་བའི་བཤེས་གཉེན་དང་འབྲེལ་བ་བཟང་པོ་ཡོད་པ་ལས་བྱུང་བའི་ནུས་ཤུགས་དང་སེམས་སྐུལ་དེ་ལག་བསྟར་བྱེད་རྒྱུ་དེ་ཡིན། དེ་གཞི་ལ་བཞག་ནས་ང་ཚོས། “ངའི་དགེ་རྒན་ནི་དོན་གྱི་གནད་ཁུངས་ཐུབ་སྟོན་མཁན་ཞིག་ཡིན་པས། ཁོང་གིས་གང་གསུངས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་རུང་ཡིན་པ་དེ་ནི་བདེན་པ་རེད། ངའི་དགེ་རྒན་གྱིས་དོན་དེ་རྫུན་བཟོ་བྱེད་དགོས་པའི་རྒྱུ་མཚན་མེད།” ཅེས་ང་ཚོས་རྒྱུ་མཚན་བཤད་ཀྱི་ཡོད། བྱས་ཙང། འདིར་རྒྱུ་མཚན་རིག་པ་ངེས་ཅན་ཞིག་འགོད་རྒྱུ་ཡོད། ཡིན་ནའང་མི་མང་ཆེ་བས་འདི་སེམས་ཚོར་དྲག་པོའི་སྒོ་ནས་མྱོང་གི་ཡོད། དེ་ཡང་རང་གི་བླ་མའམ་དགེ་རྒན་དེས་སེམས་ཚོར་དྲག་པོའི་སྒོ་ནས་ང་ཚོར་སེམས་སྐུལ་གནང་གི་ཡོད་པ་དང་། སེམས་སྐུལ་དེས་ང་ཚོ་ལམ་གྱི་རིམ་པ་འགྲིམ་པ་ལ་ནུས་ཤུགས་ཧ་ཅང་ཆེན་པོ་སྤྲོད་ཀྱི་ཡོད། འདི་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་གཉིས་བཤད་པ་ལས་དང་པོ་དེ་དང་འདྲ་པོ་ཡོད། འདི་ལ་བརྟེན་ནས་ང་ཚོས་གཞན་ལ་རང་བཞིན་གྱིས་ཕན་ཐོགས་བྱེད་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་སྐྱེད་པ་ནས་འགོ་བཙུགས་ཏེ། དེ་ནས་ཐམས་ཅད་མཁྱེན་པའི་གོ་འཕང་དེ་ཐོབ་ཐུབ་པའི་ཡིད་ཆེས་ཀྱི་དད་པ་ལ་གཞིར་བྱས་ནས་དེ་འཐོབ་ཀྱི་ཡོད། དེའི་རྗེས་སུ་གཞི་ནས་གཏན་ཚིགས་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་ལམ་དེར་འཐོབ་རུང་ཡིན་པའི་ཡིད་ཆེས་རྙེད་ཀྱི་ཡོད།
- ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་དང་པོ་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཉམས་ལེན་བྱེད་ཚུལ་དེ་ལ་བསམ་བློ་གཏོང་བའི་སྐབས་ཇི་ལྟར་ཚིགས་བཅད་ནང་འགྲེལ་བརྗོད་གནང་བ་བཞིན་ང་ཚོས་སྟོང་པ་ཉིད་ལ་ཡིད་ཆེས་རྙེད་ཀྱི་ཡོད། དེ་ལྟར་ཐོག་མར་འཐོབ་རུང་ཡིན་པ་ལ་ཡིད་ཆེས་རྙེད་པ་དང་། དེ་ནས་སངས་རྒྱས་ཀྱི་གོ་འཕང་ལ་དངོས་སུ་འབད་པ་དང་། རང་གི་བློ་རྒྱ་ཕྱེ་ཞིང་གུ་ཡངས་དང་བཅས་སེམས་ཚོར་དྲག་པོའི་ཕྱོགས་དེ་ལ་འབད་བརྩོན་བྱེད་ཀྱི་ཡོད།
གོང་དུ་བཤད་པ་དེ་གཉིས་ཀ་ཚད་མའི་ལམ་ནས་ཆོས་ཀྱི་ལམ་ལ་འཇུག་ཚུལ་ཞིག་ཡིན་ཅིང་། དེ་དག་ཐམས་ཅད་རང་གི་ནུས་པ་ལ་རག་ལུས་ཡོད། བསྟན་བཅོས་ཁག་གི་ནང་དབང་པོ་རྣོ་ལ་རྣམ་དཔྱོད་ལྡན་པ་རྣམས་ལ་རྒྱུ་མཚན་རིགས་པའི་བཤད་པ་ལ་བརྟེན་པ་དེ་སོ་སོའི་རང་གཤིས་དང་འཚམས་ཤིང་རན་པ་མཐོང་བ་དང་། དབང་པོ་འབྲིང་བ་རྣམས་ཀྱིས་གཙོ་བོ་སེམས་ཚོར་གྱི་རིམ་པའི་ཐོག་ལ་འབད་བརྩོན་གྱིས་ཡར་རྒྱས་མང་ཙམ་གཏོང་གི་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད། འདིའི་ནང་གི་སྡེ་ཚན་གཉིས་པ་སྟེ་སྐྱེས་བུ་འབྲིང་རྣམས་ལ་ནུས་པ་དང་ཕན་པ་ཆེ་ཤོས་ནི། རང་གི་བླ་མའམ་དགེ་བའི་བཤེས་གཉེན་ཀྱི་སེམས་སྐུལ་ལ་བརྟེན་པ་དང་། བྱམས་དང་སྙིང་རྗེ་གཞི་རྩར་བྱས་ནས་བསྐྱེད་པའི་སེམས་ཚོར་དེ་ཡིན།
ཕྱོགས་མང་པོ་ཞིག་ནས་བསམ་བློ་བཏང་དུས་ལམ་ལ་འཇུག་ཚུལ་གཉིས་ཀ་ཆ་སྙོམ་པོ་བཟོས་པ་ཡིན་ན་ཡག་པོ་ཡོད་རེད་བསམ་གྱི་འདུག འདི་དག་ཐམས་ཅད་ཀྱི་སྟེང་ལ་དད་པའི་ཆ་གསུམ་པ་ཞིག་བསྣན་ཆོག མི་འགའ་ཤས་ནི་ལོ་ངོ་སྟོང་ཕྲག་མང་པོ་ནས་ཡོང་བའི་ཆོ་ག་ཕྱག་ལེན་གྱི་ནང་མཉམ་ཞུགས་བྱེད་པ་དང་། ཉམས་ལེན་བྱེད་པ་ལ་བརྟེན་ནས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ལམ་གྱི་རྗེས་སུ་འབྲངས་བའི་སྒོ་ནས་རང་ཉིད་ལ་སེམས་སྐུལ་ཐེབས་མཁན་ཡོད། གང་ལྟར་ང་ཚོས་ལམ་ལ་འཇུག་ཚུལ་བྱེ་བྲག་པ་ཞིག་སྟབས་བདེ་བ་ཡོད་པ་ཙམ་རྒྱུ་མཚན་དུ་བྱས་ནས་ནང་ཆོས་ཀྱི་ལམ་ལ་འཇུག་ཚུལ་གཞན་དག་ཡོད་པ་རྣམས་འགོག་ཐབས་བྱ་རྒྱུ་མེད། གལ་སྲིད་ང་རང་ཚོ་སོ་སོ་རང་ཉིད་དང་རང་གི་ནུས་པ་རྣམས་ཡོངས་སུ་གོང་འཕེལ་གཏོང་དགོས་ན། གོང་གི་ལམ་གྱི་འཇུག་ཚུལ་གསུམ་ཀ་ཆ་སྙོམ་ཞིག་བཟོ་དགོས་པ་ཡིན།
འདིའི་ཡན་ནི་༸གོང་ས་མཆོག་གིས་མཛད་པའི་གསོལ་འདེབས་བྱེ་བྲག་པ་དེའི་ནང་གི་ཚིགས་བཅད་བྱེ་བྲག་པ་དེའི་གཞི་རྩའི་བཤད་པ་ཞིག་ཡིན། དེ་ལྟར་ང་རང་གི་དགེ་བའི་བཤེས་གཉེན་གྱིས་དུས་རྒྱུན་དུ་ནས་གསུངས་པ་ལྟར། ཇི་ལྟར་ཁྱེད་ཀྱིས་བ་ལས་འོ་མ་འཇོ་བ་ནང་བཞིན་ཚིགས་བཅད་ཐུང་ངུ་འདི་དག་ལས་དོན་དག་མང་པོ་ཞིག་འཇོ་ཐུབ་པ་ཡིན་ཞེས་གསུངས་ཀྱི་རེད།
དྲི་བ་དང་དྲིས་ལན།
བདེན་པ་བཞིའི་ཁ་ཡོད་ལག་ཡོད་ཀྱི་བེད་སྤྱོད།
གལ་སྲིད་ངའི་གྲོགས་པོ་ཞིག་རྟག་པར་སེམས་ཁྲེལ་བྱེད་ཀྱི་ཡོད་ན། ངས་ཁོང་ལ་གནས་ཚུལ་རྣམས་ཛ་དྲག་པོ་བརྩི་རྒྱུ་མེད། སེམས་ལྷོད་ལྷོད་ངང་ནས་བག་ཡོད་བྱེད་དགོས་ཞེས་བཤད་ཆོག འདི་ནི་རང་གཞན་གཉིས་ཀ་ལ་བེད་སྤྱོད་བྱེད་ཆོག་པའི་དྲན་གསོ་ཞིག་ཡིན། འོན་ཀྱང་རང་ཉིད་རང་འདོད་དོན་གནེར་ཅན་ཆགས་ནས་མི་གཞན་དང་འབྲེལ་བ་བྱེད་པའི་སྐབས་སུ་ག་འདྲ་ཡོང་ངམ། དེའི་སྐབས་སོ་སོའི་བདག་འཛིན་གྱི་འཆར་སྣང་དེ་དང་དངོས་པོའི་གནས་ལུགས་དེ་གང་དུ་ཡོད་མེད་བརྟག་དཔྱད་བྱེད་རྒྱུ་མི་བརྗེད་པའི་ཆེད་ང་ཚོས་བེད་སྤྱོད་གཏོང་ཆོག་པའི་སྔགས་སམ་མན་ངག་འདྲ་པོ་ཞིག་གམ། ཡང་ན་དྲན་གསོ་འདྲ་པོ་ཞིག་ཡོད་དམ།
རྗེ་ཙོང་ཁ་པས་གསུངས་པ་ལྟར་བྱེད་ན། ང་ཚོས་སྟོང་ཉིད་ལ་རྟོག་མེད་མངོན་སུམ་གྱིས་དམིགས་པ་གཏད་པའི་སྐབས་མ་གཏོགས་སེམས་ཀྱི་བྱེད་ལས་དེས་ཡིན་པ་མི་སྲིད་པའི་ཆོས་ཡོད་པའི་འཆར་སྣང་ཞིག་བསྐྲུན་གྱི་ཡོད། དེ་ནི་དུས་རྟག་ཏུ་འབྱུང་བཞིན་པ་ཞིག་ཡིན། གཏིང་ཟབ་པའི་སྒོམ་གྱི་གནས་སྐབས་མཉམ་གཞག་ལྟ་བུ་མ་གཏོགས་པའི་གཞན་སེམས་ཀྱི་མྱོང་ཚོར་ཡོངས་སུ་རྫོགས་པ་དགག་བྱ་ཡིན་པ་རེད།
ང་ཚོས་ཤེས་པའི་འཁྲུལ་སྣང་ཐམས་ཅད་འཇོམས་པ་ལ་ཕན་པའི་གནད་དོན་ཆུང་ཙག་མང་པོ་ཡོད་ཅིང་། དེ་དག་ལས་སྣང་བརྙན་སེམས་ལ་ཕན་ཐོགས་ཆེ་བ་ཞིག་ནི་ “སྒང་བུ་བརྟོལ་བའམ་འབིགས་པ་” ལྟ་བུའི་རྟོག་པའི་འཆར་སྣང་མེད་པ་བཟོ་རྒྱུ་དེ་ཡིན། ཡིན་ནའང་སྒང་ཕུག་འབིགས་པ་ལ་ “ང་” ཟེར་བ་ཞིག་སྒང་བུ་འབིགས་བྱེད་ཀྱི་ཁབ་གཟེར་དང་མཉམ་དུ་ཡོད་པའམ། ཡང་ན་སྒང་བུ་དང་མཉམ་དུ་ “ང་” ཟེར་བའི་རང་ག་བ་ཞིག་མེད་པ་དང་། “ང་” དེ་སྒང་བུ་འགྲམ་དུ་འགྲོ་ནས་སྒང་བུ་མི་བརྟོལ་བ་ལྟ་བུ་གཉིས་འཛིན་གྱི་བློ་མེད་པའི་ཐོག་ནས་སྣང་བརྙན་དེ་བསྐྲུན་དགོས་ཀྱི་ཡོད། འདི་ནི་ལས་སླ་པོའི་ཐོག་ནས་ཆོས་རྣམས་ཇི་ལྟར་གནས་པའི་ཚུལ་དེ་ལ་སྒྲོ་བཏགས་པའི་སྒང་བུ་དེ་བརྟོལ་བ་རེད། སྐབས་འདིར་འཁྲུལ་སྣང་ནི་ “ཁྱེད་རང་དཔེ་སྡུག་ཅག་འདུག་” ཟེར་བའམ། ཡང་ན་ “ང་རང་གི་གནས་སྟངས་འདི་དཔེ་སྡུག་ཅག་དང་བཟོད་དཀའ་བ་ཞིག་འདུག་” ཅེས་སྙམ་པ་ལྟ་བུ་ཡིན་ཆོག ང་ཚོས་དོན་དེ་དག་རྒྱུ་དང་རྐྱེན་ཚང་མ་དང་འབྲེལ་བའི་ནང་མཐོང་གི་མེད་པར། མི་གཞན་ཚང་མས་ཀྱང་གནས་སྟངས་དེ་འདྲ་བ་ཞིག་མྱོང་གི་ཡོད། དེ་ནས་ང་ཚོས། “རང་ཉིད་སྡུག་པོ་དང་སྐྱོ་པོ” ཡིན་པར་བསམ་གྱི་ཡོད། སྒང་བུ་ལྟར་ཡིན་པའི་སྣང་བརྙན་དེ་བསྐྲུན་ཐུབ་ན་ཐམས་ཅད་སྒང་བུ་གཏོར་བ་ལྟར་འཁྲུལ་སྣང་དེ་དག་མེད་པ་བཟོ་ཐུབ།
སྣང་བརྙན་གཞན་ཞིག་ནི་དེབ་ཁ་ཕྱེ་བཞག་པ་ལྟ་བུ་ཡིན། དེབ་ཀྱི་ཤོག་ལྷེ་གཅིག་གི་ནང་ “སྡུག་བསྔལ་འདི་འདྲ་ཞིག་མྱོང་བས་རང་ཉིད་ཐབས་སྐྱོ་བ་ལ་” ཞེས་དང་། ཤོག་ལྷེ་གཞན་དེ་ནི་རང་གིས་སྟངས་འཛིན་དང་གདོང་ལེན་བྱེད་མི་ཐུབ་པའི་གནས་སྟངས་ལྟ་བུར་བསམ་པ་དེ་ཡིན། དེ་ནི་འཇིགས་སུ་རུང་བའི་ལྷ་མོའི་སྒྲུང་འདྲ་པོ་ཞིག་ཡོད། དེ་ནས་དེབ་ཁ་རྒྱབ་པའི་སེམས་ཀྱི་སྣང་བརྙན་ཞིག་ཡོད་པ་དེ་ནི་ལྷ་མོའི་སྒྲུང་དེའི་རྫོགས་མཚམས་དེ་ཡིན། འདི་ལ་ཐུན་མོང་མ་ཡིན་པའི་ཐ་སྙད་བེད་སྤྱོད་བྱེད་ན། ང་ཚོས་གཉིས་སྣང་གི་དེབ་དེ་ཁ་རྒྱབ་ཀྱི་ཡོད་པ་ལྟ་བུར་མཐོང་གི་ཡོད།
གལ་སྲིད་ཁྱེད་རང་ལ་སྔགས་སམ་མན་ངག་ཞིག་དགོས་ན། རང་གི་མཐོང་སྣང་ལ་ཡོད་པ་རྣམས་རྩ་བའི་ཆ་ནས་བེད་མེད་དང་གད་སྙིགས་འདྲ་པོ་ཡིན་པ་དྲན་གསོ་བའི་ཆེད་དུ་ཁྱེད་ཀྱིས་ “གད་སྙིགས་དང་བཙོག་པ་” ཞེས་བརྗོད་ཆོག དཀའ་ངལ་གཙོ་བོ་ནི། ང་ཚོས་དྲན་གསོ་བྱེད་དགོས་པ་དེ་ཡིན་ཅིང་། དེ་ཡང་ང་ཚོས་ཉོན་མོངས་ཤུགས་ཆེན་པོ་མྱོང་བའི་སྐབས་སུ་དྲན་གསོ་འདི་ངེས་པར་དུ་དགོས་ཀྱི་ཡོད། འདི་ལ་བོད་པ་རྣམས་ཀྱིས། རང་ལ་མ་ཉེས་ཁག་གཡོགས་བྱུང་བའི་སྐབས་དང་ “ངས་བྱེད་རྒྱུ་མ་བྱུང་། ང་ལ་རྫུན་མ་དང་རྐུན་མ་ཞིག་ཟེར་དོན་གང་ཡིན་ནམ།” ཞེས་ཚོར་ཤུགས་དྲག་པོའི་སྒོ་ནས་བཤད་པའི་སྐབས་སུ་ང་རྡོག་རྡོག་རང་དབང་བ་ཞིག་སྣང་བ་ཤར་བ་ལྟ་བུ་རེད།
ནང་ཆོས་དང་རྒྱ་གར་གྱི་ཆོས་ལུགས་གཞན་བར་གྱི་ཁྱད་པར།
ཁྱེད་ཀྱིས་ནང་ཆོས་ལྟར་རྒྱ་གར་ནང་ཆོས་ལུགས་གཞན་ཡོད་པ་དང་། ཆོས་ལུགས་དེ་དག་རེ་རེས་ཀྱང་དཀའ་ངལ་རྣམས་ནི་ཡོད་པ་དང་དཀའ་ངལ་དེ་དག་ལས་ཐར་རྒྱུ་ཡོད་པའང་བཤད་ཀྱི་ཡོད་པའི་སྐོར་གསུངས་སོང། བཤད་མི་དགོས་པ་ལྟར། ཆོས་ལུགས་ཚང་མས་རང་གི་ཆོས་ལུགས་ལ་ཡོད་པའི་ཐབས་ལམ་དེ་ཡག་ཤོས་ཡིན་ཞེས་བཤད་ཀྱི་ཡོད་པས། ཁྱེད་ཀྱི་ངོས་ནས་བསམ་ཚུལ་འདི་གཞི་ལ་བཞག་པའི་ཐོག་ནང་པའི་ཆོས་ལུགས་ལ་དམིགས་བསལ་གྱི་ཁྱད་ཆོས་ག་རེ་ཡོད་མིན་འགྲེལ་བཤད་ཅིག་གནང་ན་འགྲིག་གི་རེད་དམ།
ཁྱེད་རང་གི་གསུངས་པ་དེ་བདེན་པ་རེད། ཧིན་རྡུའི་ཆོས་ལུགས་དང་། གཅེར་བུ་བའི་ཆོས་ལུགས། ནང་པའི་ཆོས་ལུགས་སོགས་ཚང་མས་དབང་མེད་ཀྱིས་ཡང་ནས་ཡང་དུ་འཁོར་བ་ལ་སྐྱེ་བ་ལས་གྲོལ་ནས་ཐར་པ་འཐོབ་ཚུལ་སྐོར་དང་། ཐར་པའི་གོ་འཕང་ཞེས་པ་དེ་ག་འདྲ་ཞིག་ཡོད་པའི་ཐད་ལ་འགྲེལ་བཤད་བྱེད་ཀྱི་ཡོད། ཆོས་ལུགས་དེ་དག་ཚང་མས་ཐར་པ་འཐོབ་པའི་ལམ་ནི། ཁོ་རང་ཚོས་འགྲེལ་བརྗོད་བྱེད་སྟངས་ཀྱི་དངོས་པོའི་གནས་ལུགས་དེ་རྟོགས་པ་ལ་བརྟེན་ནས་ཡོང་གི་ཡོད་པ་བཤད་ཀྱི་ཡོད། འདི་ལྟར་འགྲེལ་བཤད་རྒྱག་སྟངས་ཞིག་གིས་ཐོག་ནས་ནང་པའི་ཆོས་ལུགས་འདི་རྒྱ་གར་གྱི་ཆོས་ལུགས་དང་རན་འཚམས་ཀྱི་འབྲེལ་ཆགས་ནས་ཡོད་པ་ཡིན། འོན་ཀྱང་ནང་པ་ལ་དངོས་གནས་དྲང་གནས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་པ་ནི་འཕགས་པའི་བདེན་པ་བཞི་ཡིན། ནང་པས་གསུང་རྒྱུ་ལ།
- ཆོས་ལུགས་གཞན་པས། སྡུག་བསྔལ་ག་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་འགྲེལ་བཤད་རྒྱག་སྲིད་ཀྱང་། སངས་རྒྱས་ཀྱིས་སྡུག་བསྔལ་བདེན་པའི་སྐོར་ལ་བཤད་ཡོད་པ་ཡིན།
- ཆོས་ལུགས་གཞན་པས། རྨོངས་པ་མ་ཤེས་པའི་ཆ་འགའ་ཞིག་ལ་བརྟེན་ནས་སྡུག་བསྔལ་ཡོང་གི་ཡོད་ཚུལ་བཤད་སྲིད་ཀྱང་། སངས་རྒྱས་ཀྱིས་ཆེས་གཏིང་ཟབ་པ་མཐར་ཐུག་གི་མ་རིག་པའི་སྐོར་ལ་གསུངས་ཤིང། དེ་ནི་རྒྱུ་ངོ་མ་ཀུན་འབྱུང་བདེན་པ་ཡིན།
- ཆོས་ལུགས་གཞན་པས། སྡུག་བསྔལ་འགོག་པར་བྱེད་པའི་འགོག་བདེན་རེད་ཅེས་བསམ་སྲིད་པ་དེ་ནི་རྟག་པ་དང་བརྟན་པོ་མེད་ལ་སྡུག་བསྔལ་ལས་ཡོངས་སུ་ཐར་བ་ཞིག་ཀྱང་མ་ཡིན།
- ཆོས་ལུགས་གཞན་པའི་ནང་གསལ་བའི་གོ་རྟོགས་དེས་ལམ་གྱི་གནས་བབས་ངེས་ཅན་ཞིག་གི་བར་དུ་འཁྲིད་ཐུབ་ཀྱང་། དེ་ནི་ཐར་པའི་བར་དུ་འཁྲིད་ཐུབ་པའི་སེམས་ཀྱི་ལམ་ངོ་མའམ་ལམ་གྱི་བདེན་པ་དེ་མ་ཡིན།
རང་བཞིན་གྱིས་ཆོས་ལུགས་གཞན་པས་ཀྱང་ནང་ཆོས་ཀྱི་ཐད་ལ་དེ་ལྟར་བཤད་ཀྱི་རེད། དེར་བརྟེན་ང་ཚོས་དངོས་པོའི་གནས་ལུགས་དེ་ག་རེ་ཡིན་པ་ལ་དངོས་གནས་དཔྱད་ཞིབ་བྱེད་དགོས་ཀྱི་ཡོད། ང་ཚོས་གོང་དུ་ཚིགས་བཅད་ནང་མཐོང་ཟིན་པ་ལྟར། ནང་ཆོས་ཙམ་མ་ཡིན་པར་ཧིན་རྡུ་དང་། གཅེར་བུ་བ་སོགས་ཆོས་ལུགས་གང་འདྲ་ཞིག་ཡིན་ཀྱང་ཆོས་ཕྱོགས་ཀྱི་ལམ་ཡོངས་སུ་རྫོགས་པའི་རྨང་གཞི་ནི། དངོས་པོའི་གནས་ལུགས་ལ་ལྟ་ཚུལ་དེ་རེད། དེ་ཡང་གཏན་ཚིགས་དང་། མྱོང་བ། གོ་རྟོགས་སོགས་ཀྱིས་ཚོད་ལྟ་དང་བརྡར་ཤ་བཅད་པ་ཞིག་དགོས་པ་དེ་ཡིན།
ཆོས་ལུགས་ཀྱི་ལམ་ཞིག་ལ་འཇུག་ནས་མི་ཚེ་འདིའི་ནང་མི་བཟང་བ་དང་སྙིང་རྗེ་ཆེ་བ་ཞིག་བྱེད་རྒྱུ་དང་། ཐར་པ་དོན་གཉེར་གྱི་ཆོས་ལུགས་ཀྱི་ལམ་ལ་འཇུག་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། གལ་སྲིད་ང་ཚོས་ཐམས་ཅད་མཁྱེན་པའི་སྐོར་ལ་སྐད་ཆ་ཤོད་ཀྱི་ཡོད་ན། དེ་ལ་རྟགས་དང་རྒྱུ་མཚན་གཞི་ལ་བཞག་ནས་འགྲེལ་བཤད་གང་ཚད་མ་ཡིན་པའི་བརྟག་དཔྱད་ཞིབ་འཇུག་བྱེད་ཆོག ཡིན་ནའང་ཆོས་ཀྱི་ལམ་ལ་འཇུག་མཁན་མང་ཆེ་བས་དངོས་གནས་ཐར་པ་འཐོབ་པའི་ཆེད་དུ་དམིགས་ཀྱི་མེད། ཁོ་ཚོས་ཐར་པ་འཐོབ་པའི་ཆེད་དུ་ཡིན་ཞེས་བཤད་སྲིད་ཀྱང་། དོན་ངོ་མར་ཐར་པའི་དོན་གང་ཡིན་ཤེས་ཀྱི་མེད། ཚེ་འདིའི་རང་གི་མི་ཚེའི་འཚོ་བ་ཡར་རྒྱས་གཏོང་བའི་ཆེད་དུ་ཆོས་ཕྱོགས་ཀྱི་ལམ་ལ་འཇུག་གི་ཡོད། དེ་ཡང་འགྲིག་བསྡད་ཡོད་པ་མ་གཏོགས་ནོར་བ་ཞིག་མ་རེད།
བྱས་ཙང་། ༸གོང་ས་མཆོག་ལ་ཆོས་ལུགས་ཡག་ཤོས་དེ་གང་རེད་དམ་ཞེས་དྲི་བ་དྲིས་སྐབས་ཁོང་གིས་ང་རང་ཚོ་མི་རེ་ངོ་རེ་ལ་བྱམས་སེམས་ཆེ་བ་དང་སྙིང་རྗེ་ཆེ་བ་ཞིག་ཆགས་པ་ལ་ཕན་ཐོགས་མཁན་གྱི་ཆོས་ལུགས་དེ་ནི་ཡག་ཤོས་རེད་ཅེས་གསུངས་ཡོད། མི་ཚང་མ་མི་འདྲ་བ་རེད། བྱས་ཙང། སྙིང་རྗེ་དང། བྱམས་པ། བཟོད་བསྲན། དགོངས་ཡངས་སོགས་གོང་འཕེལ་གཏོང་བ་ལ་ཆོས་ཀྱི་ལམ་ཁུངས་ཐུབ་ཆེ་བ་ཞིག་ཡོད་ཅེས་བཤད་ཐུབ་ཡག་མེད། ཁྱད་ཆོས་བཟང་པོ་དེ་དག་ནི་ཆོས་ལུགས་མི་འདྲ་བའི་ནང་གཅིག་མཚུངས་སུ་གོང་ནས་གོང་དུ་སྤེལ་ཐུབ། འདི་ནི་ཆོས་ལུགས་ནང་ཕན་ཚུན་མཐུན་སྒྲིལ་ཡོང་བའི་གཞི་རྟེན་དེ་ཡིན།
ཆོས་ཀྱི་ལམ་ལ་ཡར་རྒྱས་གཏོང་ཚུལ།
ངས་ཆོས་ཀྱི་ལམ་ཡར་རྒྱས་གཏོང་ཚུལ་སྐོར་ལ་འདྲི་འདོད་བྱུང་། ཨུ་རུ་སུའི་ནང་ང་ཚོར་ལོ་ལྔ་ཅན་གྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད། དེ་བཞིན་གཅིག་བྱས་ན་ཁྱེད་རང་གིས་ཀྱང་ནང་ཆོས་ཉམས་ལེན་ལ་ཐོག་མར་ཞུགས་མཁན་རྣམས་ལོག་ལམ་དུ་མི་འགྲོ་བའི་ཆེད་ལོ་གཅིག་གམ། གསུམ། ལྔ་ཙམ་གྱི་རིང་ལ་ཆོས་ཀྱི་ལམ་ཡར་རྒྱས་གཏོང་བར་ག་རེ་བྱེད་ཐུབ་པའི་སྐོར་སློབ་སྟོན་ཞིག་གནང་རོགས་ཞུ་རྒྱུ་ཡིན།
མ་ཐ་ཡང་ང་རང་བསླབ་པ་སློབ་གཉེར་བྱས་མྱོང་བའི་སྲོལ་རྒྱུན་ལམ་ལུགས་ལྟར། གྲགས་ཆེ་ཤོས་དང་ཡིད་རྟོན་རུང་ཤོས་ཀྱི་ཐབས་ལམ་ཞིག་ནི། ལམ་རིམ་ཉམས་ལེན་བྱ་རྒྱུ་དེ་ཡིན། ལམ་རིམ་ནང་ཆོས་ཀྱི་ལམ་ཡར་རྒྱས་གཏོང་བའི་ཆེད་དུ་ང་ཚོས་ཧ་གོ་དགོས་པ་དང་། ཤེས་དགོས་པ། གོང་འཕེལ་གཏོང་དགོས་པ་རྣམས་གཅིག་རྗེས་གཉིས་མཐུད་དུ་རིམ་པ་བཞིན་དུ་བསྟན་ཡོད།
སྲོལ་རྒྱུན་གྱི་ལམ་རིམ་ལ་སློབ་སྦྱོང་བྱེད་སྟངས་ཞིག་ནི། གནད་དོན་ཞིག་སློབ་སྦྱོང་བྱེད་པའི་སྐབས་དེའི་སྐོར་མཐར་ཕྱིན་པ་ཤེས་ཐབས་བྱས་ནས། ཡོང་རྒྱུའི་བརྗོད་བྱ་གཞན་དེར་བསམ་བློ་མི་གཏོང་རྒྱུ་དེ་ཡིན། དེ་ལྟར་གནད་དོན་གྱི་ཆ་ཤས་གཅིག་རྟོགས་ཚར་བའི་རྗེས་སུ་གནད་དོན་གཞན་དེ་རྟོགས་ཐབས་བྱེད་དགོས། དེང་སང་ལམ་གྱི་རིམ་པ་ཚང་མ་དེབ་གཟུགས་ནང་བཀོད་ནས་དུས་གཅིག་ལ་ལྟ་ཀློག་བྱེད་ཆོག་ཀྱང་། ད་དུང་མུ་མཐུད་ནས་ལམ་གྱི་གནད་དོན་རེ་རེའི་སྟེང་དུ་དུས་ཚོད་ངེས་ཅན་བཏང་ནས་སྦྱོང་དགོས་པ་ཡིན། དེབ་ཚང་མ་བལྟས་ཚར་བའི་རྗེས་ལ་ཡང་། ཡང་བསྐྱར་བསྐྱར་ཀློག་བྱས་ནས་གནད་དོན་དེ་རྣམས་ནང་ཕན་ཚུན་འབྲེལ་བ་ཡོད་སྟངས་ལ་བལྟ་དགོས།
ང་ཚོས་དྲན་དགོས་པ་ཞིག་ལ་ཡར་རྒྱས་ཟེར་བ་ནི་ཐིག་དཀྱུས་འཐེན་པ་བཞིན་མིན་པར། དེ་ནི་གོ་རིམ་ངེས་མེད་ཀྱིས་ཡར་མར་འཕེལ་འགྲིབ་ཡོང་གི་ཡོད། བྱས་ཙང་། ཉིན་གཅིག་ཡག་པོ་ཆགས་པ་དང་ཉིན་གཞན་དེར་མ་ཆགས་ན་དེ་ལ་དམིགས་བསལ་གང་ཡང་མེད་པར་མུ་མཐུད་རྒྱུ་གལ་ཆེན་པོ་ཡིན། འདི་ནི་ངའི་དགེ་བའི་བཤེས་གཉེན་གྱི་ཡང་སྲིད་ཀྱི་ཤོད་འགྲོས་དགའ་ཤོས་ཞིག་རེད། ཁོང་གིས་ག་དུས་ཡིན་ནའང། “འདི་དམིགས་བསལ་གང་ཡང་མ་རེད་” ཅེས་གསུངས་ཀྱི་རེད། ཁྱེད་རང་གིས་གང་མྱོང་བ་དེ་དམིགས་བསལ་གང་ཡང་མ་རེད། མཚམས་རེར་ཡག་པོ་ཡོང་གི་རེད་ལ་མཚམས་རེར་སྡུག་པོ་ཡོང་གི་རེད། བྱས་ཙང་། དེ་ལ་ག་རེ་ཡོད་དམ།
དེ་འདྲ་སོང་ཙང་། ལོ་ལྔ་ཅན་གྱི་འཆར་འགོད་སྒྲིག་པ་ནི་དངོས་ཡོད་དང་མཐུན་པ་ཞིག་མ་རེད། རྒྱུ་མཚན་ནི་མི་སོ་སོ་ངོས་ནས་ཡར་རྒྱས་མི་འདྲ་བ་རེར་གཏོང་གི་ཡོད། འོན་ཀྱང་༸གོང་ས་མཆོག་གིས། ཁྱེད་ཀྱི་ཉམས་ལེན་ལ་ཡར་རྒྱས་བཏང་ཡོད་མེད་ལྟ་རྒྱུ་དེ་ནི་ཉིན་གཅིག་ནས་ཉིན་གཅིག་དུ་བལྟ་བའམ། ཟླ་བ་ནས་ཟླ་བར་ལྟ་བ་མ་ཡིན་པར། ལོ་ལྔ་ཡི་ཡུན་ཚད་ཙམ་ཞིག་ནང་ཇི་ཙམ་ཡར་རྒྱས་ཕྱིན་ཡོད་མེད་བལྟ་དགོས་ཞེས་གསུངས་ཡོད། ང་ཚོས་སྔོན་མ་དཀལ་ངལ་ལ་གདོང་ལེན་བྱེད་སྟངས་དང་ད་ལྟའི་སྐབས་སུ་ང་ཚོས་གདོང་ལེན་བྱེད་སྟངས་གཉིས་ཀྱི་བར་བསྡུར་ནས་ང་ཚོ་ཞི་འཇམ་དུ་ཕྱིན་འདུག་གམ་མི་འདུག་བལྟ་བའི་སྐབས་ཇི་ཙམ་ཡར་རྒྱས་ཕྱིན་ཡོད་མེད་ཤེས་ཐུབ།
དེ་ལ་ཐབས་ལམ་དང་བྱེད་སྟངས་གཞན་དག་ཀྱང་ཡོད་པ་རེད། དཔེར་ན། སྔོན་འགྲོ་ཉམས་ལེན་བྱ་རྒྱུ་དེ་ཡིན། དེའི་སྐབས་ཕྱག་འབུམ་དང་སྐྱབས་འགྲོ་འབུམ་བསགས་པ་སོགས་བྱེད་རྒྱུ་ཡོད། མི་མང་པོས་ཉམས་ལེན་གྱི་ཐམས་ལམ་འདི་ནས་འགོ་བཙུག་གི་ཡོད། ངའི་བསམ་པར། ཐབས་ལམ་འདི་གཉིས་ཀྱིས་ཆོས་ལ་འཇུག་ཚུལ་སྟོན་གྱི་ཡོད་རེད་བསམ་གྱི་འདུག། ཁྱེད་རང་སྔོན་འགྲོ་འགོ་འཛུགས་བྱེད་པའི་སྐབས་སུ་དུས་རྒྱུན་རང་གི་བླ་མའི་སེམས་སྐུལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ནི་རང་ལ་ཉམས་ལེན་སོགས་ཀྱི་མྱོང་བ་དེ་ཙམ་མེད་ཀྱང་། རང་གི་བླ་མ་ལས་ཧང་སངས་ཡག་གི་སེམས་སྐུལ་ཐེབས་ཡོད་པ་དང་། ཁོང་གིས་གང་གསུངས་པ་དེ་དག་ཐམས་ཅད་ཕན་ཐོགས་ཅན་ཡིན་པའི་ཡིད་ཆེས་དང་གདེང་ཚོད་ཡོད་པ་ཡིན། བྱས་ཙང་། ཁྱད་ཀྱིས་སྔོན་འགྲོ་ཉམས་ལེན་འབུམ་ཚར་ལ་སོགས་པ་གཏོང་གི་ཡོད།
ངས་སློབ་གཉེར་བྱས་པའི་ཐབས་ལམ་དེ་༸གོང་ས་མཆོག་གི་དུས་རྒྱུན་ནས་སློབ་སྟོན་གནང་ཞིང་། ངས་འགྲེལ་བཤད་བྱེད་བཞིན་པའི་ཚིགས་བཅད་འདི་རེད། ཐོག་མར་དམིགས་བྱེད་ཀྱི་ཡུལ་གང་ཡིན་པ་དང་། དེ་འཐོབ་རུང་ཡིན་པའི་ཡིད་ཆེས་རྙེད་པའི་སྒོ་ནས་དེའི་རྗེས་སུ་སྔོན་འགྲོ་གཏོང་དགོས་ཀྱི་ཡོད།
བཤད་མི་དགོས་པ་ཞིག་ལ་མི་ཞིག་གིས་ལམ་འདི་གཉིས་བར་གྱི་ལམ་དབུ་མ་ལའང་ཉམས་ལེན་བྱེད་ཆོག་པ་ཡིན། སྔོན་ཚུད་ནས་སྔོན་འགྲོ་གཏོང་རྒྱུ་འགོ་བཙུགས་པ་དང་མཉམ་དུ་བསྒྲུབ་བྱ་འཐོབ་རུང་ཡིན་པའི་ཡིད་ཆེས་ཀྱང་བསྐྱེད་ཐབས་བྱེད་ཀྱི་ཡོད། ཡང་མིན་ན་ཁྱེད་ཀྱིས་སློབ་སྦྱོང་དང་ཉམས་ལེན་འདི་བྱེད་པ་དང་མཉམ་དུ་སྔོན་འགྲོ་གཏོང་རྒྱུ་ཡང་འགོ་བཙུགས་ཚར་བ་ཡིན་ནའང་འགྲིག་པ་ཡིན། དེར་བརྟེན་ཉམས་ལེན་འདི་དག་མཉམ་དུ་སྦྱར་ནས་བྱེད་སྟངས་མི་འདྲ་བ་ཡོད། ངའི་བསམ་པར། གལ་སྲིད་ང་ཚོས་བོད་བརྒྱུད་ནང་བསྟན་གྱི་བླ་མ་མང་པོའི་ཆོས་གསུང་སྟངས་དང་། ངས་འགྲེལ་བཤད་རྒྱག་བཞིན་པའི་སྒྲོམ་གཞིའི་བར་ལ་བསམ་བློ་དངོས་གནས་ཤིག་གཏོང་འགོ་བཙུག་པ་ཡིན་ན། དེ་གཉིས་ཕན་ཚུན་འོས་ཤིང་མཚམས་པ་ཞིག་མཐོང་གི་འདུག འགྲོ་ལུགས་འདི་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་བྱང་ཆུབ་སེམས་བསྐྱེད་ཚུལ་གཉིས་ཏེ། དང་པོ་ལྟོས་བཅས་ཀུན་རྫོབ་སེམས་བསྐྱེད་དང་། དེ་ལ་བརྟེན་ནས་མཐར་ཐུག་དོན་དམ་སེམས་བསྐྱེད་དམ། ཡང་ན་དང་པོ་དོན་དམ་སེམས་བསྐྱེད་དང་། དེ་ནས་ཀུན་རྫོབ་ཀྱི་སེམས་བསྐྱེད་ཚུལ་ལ་ཐུག་གི་ཡོད། དེར་བརྟེན་རང་ལ་ཆོས་ཀྱི་ལམ་གང་ཞིག་འཚམས་ཤོས་དང་རན་ཤོས་ཡིན་པ་ཐག་གཅོད་བྱེད་དགོས།
ཕྱོགས་བསྡོམས།
འཕགས་པའི་བདེན་པ་བཞི་པོ་དེ་དག་བདེན་པ་གཉིས་ཀྱི་ནང་གསུངས་པའི་ནང་ཆོས་ཀྱི་དངོས་པོའི་གནས་ལུགས་ཀྱི་སྐོར་དང་། དེ་བཞིན་སྐྱབས་གནས་དཀོན་མཆོག་གསུམ་དང་འབྲེལ་བ་ག་འདྲ་ཆགས་ཀྱི་ཡོད་པ་དེ་ནི་ཚད་ཧ་ཅང་མཐོ་བའི་དཔྱད་ཞིབ་བྱེད་སྟངས་ཞིག་ཡིན། དཔྱད་ཞིབ་འདི་ཡིས་བདེན་པ་དང་དཀོན་མཆོག་རྣམས་གང་ཡིན་པ་གསལ་སྟོན་བྱེད་པ་ཙམ་དུ་མ་ཟད། ནང་ཆོས་ཀྱི་ལྟ་གྲུབ་དང་ཉམས་ལེན་གྱི་སྒྲོམ་གཞི་གསལ་པོ་ཞིག་ཀྱང་མཁོ་སྤྲོད་བྱེད་ཀྱི་ཡོད། ང་ཚོས་༧་གོང་ས་མཚོག་གིས་གསུངས་པའི་བསྡུས་ཀྱང་གནད་ལ་སྨིན་པའི་ཚིགས་བཅད་གཅིག་བེད་སྤྱོད་བྱས་ནས་རྟོགས་པ་འདི་དག་ལ་མུ་མཐུད་དཔྱད་ཞིབ་ཀྱི་རྨང་གཞི་ལྟ་བུར་བྱས་ཡོད། དེ་ལ་བརྟེན་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཐོབ་པ་དེས་རྒྱུ་མཚན་དང་ལྡན་པའི་སྒོ་ནས་ང་ཚོའི་གོ་རྟོགས་ཇི་ལྟར་འཕེལ་རྒྱས་གཏོང་རྒྱུ་ཙམ་དུ་མ་ཟད། ནང་ཆོས་ནང་གསལ་བའི་གནད་འགག་ཅན་གྱི་གོ་རྟོགས་རྣམས་ནང་ཕན་ཚུན་རམ་འདེགས་ཇི་ལྟར་བྱེད་ཚུལ་རྣམས་ཀྱང་སྟོན་གྱི་ཡོད། དེར་བརྟེན་ཞིབ་ཅིང་ཕྲ་ལ་མ་ཚང་བ་མེད་པའི་ཆོས་ཀྱི་ལམ་ཞིག་གསལ་སྟོན་བྱས་ཡོད།།