འཕགས་པའི་བདེན་པ་དང་པོ། སྡུག་བསྔལ་གྱི་བདེན་པ།

ང་ཚོའི་མི་ཚེའི་གཞི་རྩའི་བདེན་དོན་ཞིག་ནི། ཚང་མར་བདེ་སྐྱིད་འདོད་པ་ལས་སྡུག་བསྔལ་འདོད་མཁན་སུ་གཅིག་ཀྱང་མེད་པ་དེ་རེད། མི་སུ་གཅིག་ཀྱང་དཀའ་ངལ་དང་སྡུག་བསྔལ་མི་འདོད་པ་དེ་ང་རང་ཚོ་སོ་སོའི་ཉམས་མྱོང་གི་ཐོག་ནས་མཐོང་རྒྱུ་ལས་སླ་པོ་རེད། དེ་ལྟ་ནའང་ང་ཚོའི་མི་ཚེའི་ཧྲིལ་པོའི་ནང་དཀའ་ངལ་གྱི་རིགས་སྣ་ཚོགས་པ་གློ་བུར་དུ་འབྱུང་བཞིན་ཡོད། དོན་ངོ་མར་ང་ཚོས་དཀའ་ངལ་དེ་དག་ལས་གཡོལ་ཐབས་ཇི་ཙམ་བྱེད་ཀྱང་དེ་དུང་མུ་མཐུད་ནས་འབྱུང་གི་ཡོད། ང་ཚོའི་ཉིན་རེའི་མི་ཚེའི་ནང་ག་དུས་དཀའ་ངལ་ཕྲད་ནའང་། དེ་ལ་ནམ་རྒྱུན་གང་ཐུབ་ཅི་ཐུབ་ཀྱིས་གདོང་ལེན་བྱེད་ཐབས་བྱེད་ཀྱི་ཡོད། འོན་ཀྱང་། དཀའ་ངལ་དེ་དག་འབྱུང་བ་དང་དེ་ལྟར་རེ་རེ་བཞིན་དུ་གདོང་ལེན་བྱ་རྒྱུ་དེ་ནི་རྫོགས་མཐའ་མེད་པའི་ལས་ཀ་ཞིག་རེད། བདག་ཅག་གི་སྟོན་པ་སངས་རྒྱས་པའི་སྐབས་སུ་སེམས་ཅན་ཐམས་ཅད་དང་ས་ཕྱོགས་ཀུན་ལ་གཅིག་གྱུར་གྱི་བདེན་པ་དང་དངོས་ཡོད་གནས་ཚུལ་ཡིན་པའི་མི་ཚེའི་བདེན་དོན་འགའ་ཞིག་མཁྱེན་རྟོགས་བྱུང་ཡོད། དེ་དག་ལ་ང་ཚོས་འཕགས་པའི་བདེན་པ་བཞི་ཞེས་ཟེར་གྱི་ཡོད། དེ་ཡང་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་རྟོགས་ནས་གདུལ་བྱར་གསུངས་པའི་འཕགས་པའི་བདེན་པ་དང་པོ་དེ་ནི། ང་ཚོ་ཚང་མར་འཕྲད་བཞིན་པའི་དཀའ་ངལ་དངོས་སམ་སྡུག་བསྔལ་གྱི་བདེན་པ་དེ་ཡིན་པ་རེད། དེ་ནི་དོན་ངོ་མར་ང་རང་ཚོ་སོ་སོ་རང་ཉིད་ཀྱིས་སྡུག་བསྔལ་འབྱུང་བར་རྒྱུན་སྲིང་གི་ཡོད། གལ་ཏེ་ང་ཚོས་སོ་སོ་རང་ཉིད་ལ་དཀའ་ངལ་ཇེ་མང་བཟོ་རྒྱུ་དེ་མཚམས་འཇོག་མ་བྱས་ན། དེ་དག་ནམ་ཡང་མཚམས་མེད་པར་མུ་མཐུད་ནས་འབྱུང་གི་རེད། དེ་ལ་གོམ་པ་དང་པོ་ནི། སྡུག་བསྔལ་གྱི་བདེན་པ་ཟེར་བ་དེ་དངོས་གནས་གང་ཡིན་པ་ཡང་དག་པར་ངོས་འཛིན་དགོས་རྒྱུ་དེ་རེད།

བདེ་སྐྱིད་དང་སྡུག་བསྔལ་གྱི་འཕེལ་འགྲིབ། 

ང་ཚོར་འཕྲད་པའི་དཀའ་ངལ་དང་སྡུག་བསྔལ་གྱི་རིགས་སྣ་ཚོགས་པ་ཞིག་ཡོད། སྐབས་འགར་ང་ཚོའི་མི་ཚེ་སུན་སྣང་ཅན་དང་སེམས་ངལ་ཅན་ཞིག་ཆགས་སྲིད་པ་རེད། སོ་སོ་རང་ཉིད་ཀྱི་ཆེད་དུ་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་སྐྲུན་པར་ང་ཚོས་འབད་བརྩོན་གང་ཐུབ་བྱེད་ཀྱི་ཡོད་ཀྱང་། གནས་སྟངས་ཚང་མ་ང་ཚོས་ཇི་ལྟར་རེ་བ་བྱེད་པ་ནང་བཞིན་ཏག་ཏག་ཅིག་སྒྲུབ་ཀྱི་མེད། དཔེར་ན། ང་ཚོའི་ཕན་ཚུན་གྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བ་དང་། མི་རྣམས་ཀྱིས་སོ་སོ་ལ་ལྟ་ཚུལ་ངན་པ་འཛིན་པ། རང་ཉིད་ནད་ཀྱིས་མནར་བ། ལས་ཀ་ཤོར་བ་སོགས་ང་ཚོ་ལ་ནམ་ཡང་མི་འདོད་པའི་གནས་ཚུལ་དེ་འདྲ་ཡོང་གི་ཡོད། ང་ཚོས་དེ་ལྟར་འབྱུང་བ་ལས་ཇི་ཙམ་གྱིས་ཐར་ཐབས་དང་གཡོལ་ཐབས་བྱེད་མིན་ལ་མ་ལྟོས་པར། དེ་དག་ནི་འབྱུང་གི་ཡོད། དེ་དག་ལ་ང་ཚོ་ཡང་སེ་སེམས་འཚབ་ཅན་ཆགས་པའམ། ཡང་ན་དེ་དག་ལ་རྦད་དེ་སྣང་མེད་གཏོང་ཐབས་བྱེད་ཀྱི་ཡོད་ནའང་། དེས་གནས་སྟངས་ཇེ་སྡུག་ཏུ་གཏོང་གི་ཡོད། དེ་ལ་བརྟེན་ནས་ང་ཚོ་སྔར་ལས་ཀྱང་མི་སྐྱིད་པ་ཆགས་ཀྱི་ཡོད། 

ང་ཚོས་བདེ་སྐྱིད་མྱོང་བའི་དམིགས་ཡུལ་ཞིག་གྲུབ་ནའང་། བདེ་སྐྱིད་དེ་ཡུན་དུ་མི་གནས་པའི་དཀའ་ངལ་ཞིག་ཡོད། དེ་ང་ཚོ་ལ་འདོད་བློ་ཚིམས་པ་ཞིག་ནམ་ཡང་ཡོང་གི་མེད་ལ་དེ་ལས་མང་བ་ཞིག་ང་ཚོར་དགོས་འདོད་བྱེད་ཀྱི་ཡོད། དོན་ངོ་མར་ང་ཚོས་ “དེ་ལས་མང་བ་” ཞིག་དགོས་པ་དེའི་རྗེས་སུ་དེད་ནས་རང་གི་དུས་ཚོད་དང་ནུས་པ་ཧ་ཅང་མང་པོ་ཞིག་རྫོགས་གཏོང་གི་ཡོད། དཔེ་ཆ་བཞག་ན། དེང་སང་སྤྱི་ཚོགས་བརྒྱུད་ལམ་དུ་ང་ཚོས་སོ་སོའི་རང་པར་ཞིག་བརྒྱབས་ནས་ཁྱབ་སྤེལ་གཏོང་དགོས་ན། དེའི་སྐབས་ཀྱི་ང་ཚོའི་བསམ་བློའི་ཁྱེར་སོ་ལ་བསམ་མནོ་ཞིག་གཏོང་དང་། ང་ཚོ་ལ་དགའ་རྟགས་རེ་རེ་ཐོབ་མ་ཐག་གི་དགའ་སྣང་དང་སྤྲོ་སྣང་དེ་དུས་ཡུན་རིང་ལོད་གནས་ཀྱི་ཡོད་དམ། ད་དུང་དགའ་རྟགས་དེ་ལས་མང་བ་རག་ཡོད་མེད་ག་ཚོད་མགྱོགས་པོ་བལྟ་ཡི་ཡོད་དམ། ཡང་ང་ཚོ་ལ་དགའ་རྟགས་རྒྱག་མཁན་དེ་ཙམ་མང་པོ་མེད་ན། ག་ཚོད་ཀྱི་སེམས་སྡུག་བྱེད་ཀྱི་ཡོད་དམ། དེ་ནི་སྡུག་བསྔལ་རེད། མ་རེད་དམ། 

ང་ཚོས་མི་ཚེའི་སྐྱིད་སྡུག་གི་འཕེལ་འགྲིབ་མྱོང་བའི་ལུས་སེམས་ལ་རྒྱུན་སྲིང་གི་ཡོད། 

དེ་ལྟར་མི་ཚེ་ནི་དུས་རྟག་ཏུ་འཕེལ་འགྲིབ་འགྲོ་ཡི་ཡོད། སྐབས་རེར་ང་ཚོ་སྐྱིད་པོ་དང་ཧ་ཅང་ཡག་པོ་ཚོར་གྱི་ཡོད་པ་དང་ཡང་སྐབས་འགར་ང་ཚོ་སེམས་སྐྱོ་བ་དང་མི་སྐྱིད་པ་ཚོར་གྱི་ཡོད། དེ་ལ་ནམ་རྒྱུན་ང་ཚོས། “དེ་ནི་མི་ཚེ་རེད་” ཅེས་བརྗོད་པ་ཙམ་ལས། དེ་ལས་གཏིང་ཟབ་པའི་གནས་སྟངས་ལ་བལྟ་ཡི་མེད། འོན་ཀྱང་། ང་ཚོས་སྐད་ཅིག་རྗེས་མའི་ནང་གང་ཚོར་རྒྱུ་ཡིན་པ་ནམ་ཡང་ཤེས་ཀྱི་མེད། དེ་ཡིན་དུས་ང་ཚོ་ལ་མི་ཚེ་དངོས་གནས་གང་འདྲ་ཞིག་དགོས་འདོད་ཡོད་པ་ནི་དེ་རེད་དམ། སྟབས་ལེགས་པ་ཞིག་ལ་སངས་རྒྱས་ཀྱིས་དངོས་གནས་གཏིང་ཟབ་པར་དཔྱད་ནས་དེ་དག་ཐམས་ཅད་ཀྱི་གཞི་རྩར་གྱུར་བའི་དཀའ་ངལ་ངོ་མ་དེ་གཟིགས་ཡོད། དཀའ་ངལ་དངོས་སམ་སྡུག་བསྔལ་གྱི་བདེན་པ་དེ་ནི་ང་ཚོར་ཡོད་པའི་ལུས་པོ་དང་སེམས་ཀྱི་རིགས་དེ་དག་ཡིན་པ་རེད། ང་ཚོར་ཡོད་པའི་ལུས་སེམས་གཞི་ལ་བཞག་ནས་བདེ་སྐྱིད་དང་སྡུག་བསྔལ་གྱི་འཕེལ་འགྲིབ་སྣ་ཚོགས་པ་ཉམས་སུ་མྱོང་གི་ཡོད་པ་དང་དེ་དག་ནི་རྡོ་ཁབ་ལེན་ལྟ་བུ་དེའི་ཕྱོགས་སུ་འཐེན་འགྲོ་ཡི་ཡོད། ང་ཚོས་ད་དུང་དེ་ལས་གཏིང་ཟབ་ཏུ་བལྟས་ན། དཀའ་ངལ་ངོ་མ་དེ་ནི་ང་ཚོར་ལུས་སེམས་ཡོད་པའི་དབང་གིས་དེ་ལས་མང་བའི་བདེ་སྡུག་སྐྲུན་པ་དང་དེ་དག་རྒྱུན་སྲིང་གི་ཡོད། དེ་ཡང་ད་ལྟའི་དུས་སྐབས་ཙམ་དང་བདུན་ཕྲག་རྗེ་མའི་བར་ཙམ་མིན་པར། ང་ཚོ་མ་ཤི་བར་དུ་དེ་ལྟར་སྡུག་བསྔལ་རྒྱུན་སྲིང་གི་ཡོད། ད་དུང་ང་ཚོས་སོ་སོའི་སྡུག་བསྔལ་རྣམས་ཚེ་འདི་ལ་རྒྱུན་སྲིང་པ་ཙམ་དུ་མ་ཟད། སྐྱེ་བ་ཕྱི་མའི་ནང་དུའང་རྒྱུན་སྲིང་གི་ཡོད་ཅེས་སངས་རྒྱས་ཉིད་ཀྱིས་གསུངས་ཡོད། ཐ་ན་ང་ཚོས་སྐྱེ་བ་ཕྱི་མ་ཡོད་པའི་སྐོར་ཤེས་ཀྱི་མེད་པ་དང་ཁས་ལེན་བྱེད་ཀྱི་མེད་ནའང་། ང་ཚོས་མ་འོངས་པའི་མི་རབས་ཀྱི་ནང་དཀའ་ངལ་དེ་དག་ཇི་ལྟར་རྒྱུན་སྲིང་གི་ཡོད་པ་དེ་མཐོང་ཐུབ། ང་ཚོའི་ལས་ཀ་བྱེད་ཕྱོགས་ཀྱིས་དཀའ་ངལ་རྣམས་ཇི་ལྟར་རྒྱུན་བསྲིངས་ནས་གོ་ལའི་སྟེང་དུ་ང་ཚོ་འཚོ་བ་ལས་བརྒལ་ནས་མི་རབས་ནས་མི་རབས་བར་ཡུན་རིང་པོར་གནས་ཀྱི་ཡོད་པ་ནི་ད་ལྟའི་གནས་གཤིས་དཀའ་ཉེན་གྱི་གནས་སྟངས་ཀྱི་ཐོག་ནས་གསལ་པོར་མཐོང་ཐུབ་པ་ཞིག་རེད། 

འོ་ན་ང་ཚོའི་ལུས་སེམས་ཀྱི་དཀའ་ངལ་ངོ་མ་དེ་གང་རེད་དམ་ཞེ་ན། ང་ཚོའི་ལུས་སེམས་ནི་ཚད་བཀག་ཅན་ཡིན་པ་རེད། ང་ཚོའི་ལུས་པོ་ཚད་བཀག་ཅན་ཡིན་པ་ནི། ལུས་ལ་ན་ཚ་འབྱུང་བ་དང་རིམ་པས་རྒས་ནས་ལུས་པོ་ཉམས་རྒུད་འགྲོ་ཡི་ཡོད། དེ་ནི་འོ་མ་ཤེལ་དམ་གང་ལྟ་བུ་རེད། དེ་དག་གི་དུས་ཚོད་ཚད་བཀག་ཅན་ཡིན་པས་དུས་ཚོད་རྫོགས་འགྲོ་ཡི་ཡོད། ཡིན་ནའང་འོ་མ་ལས་ཀྱང་སྡུག་ག་ཞིག་ནི་ང་ཚོའི་ལུས་པོ་ལ་དུས་ཚོད་རྫོགས་པའི་ཚེས་གྲངས་གསལ་པོ་ཞིག་མེད་པ་དེ་རེད། ང་ཚོའི་ལུས་པོ་མཐར་ག་དུས་རྫོགས་པའི་ཚེས་གྲངས་དེ་ང་ཚོས་ཤེས་ཀྱི་མེད། ང་ཚོར་ལུས་པོ་དེ་ཇི་སྲིད་དུ་ཡོད་པ་དེ་སྲིད་དུ་དེ་ལ་གཅེས་སྐྱོང་ཆེད་དུས་ཚོད་ག་ཚོད་ཙམ་གཏོང་གི་ཡོད་པའི་ཐད་ལ་བསམ་བློ་གཏོང་དགོས། ང་ཚོས་སོ་སོའི་ལུས་པོ་གཙང་མ་ཉར་དགོས་པ་དང་། གྱོན་ཆས་གཡོག་དགོས་པ། ཁ་ལག་སྤྲོད་དགོས་པ། གསང་སྤྱོད་ནང་དུ་ཁྱེར་དགོས་པ། ལུས་རྩལ་སྤྲོད་དགོས་པ། ངལ་གསོ་དགོས་པ། གཉིད་ཁུག་དགོས་པ། ལུས་པོ་ལ་རྨས་སྐྱོན་དང་ནད་ན་ཚ་བྱུང་ཚེ་དེ་ལ་གཅེས་སྐྱོང་བྱེད་དགོས་ཀྱི་ཡོད། དེ་འདྲ་བྱེད་པ་ལ་སྐྱིད་སྣང་ག་ཚོད་ཡོད་དམ། དེ་ཡང་རྒྱ་གར་གྱི་མཁས་པ་ཆེན་པོ་ཞིག་གིས། “ང་ཚོ་ཚང་མ་ནི་ལུས་པོའི་བྲན་གཡོག་རེད།” ཅེས་སྙིང་རྗེ་པོ་ཞིག་གསུངས་ཡོད། 

ང་ཚོའི་སེམས་དང་མཉམ་དུ་སེམས་ཚོར་གྱི་རིགས་དེ་དག་ཀྱང་ཚད་བཀག་ཅན་ཡིན་པ་རེད། ང་ཚོས་སོ་སོའི་སེམས་ལ་སློབ་སྦྱོང་སྤྲོད་པ་དང་སྦྱོང་བརྡར་སྤྲོད་དགོས་ཀྱི་ཡོད། དུ་དུང་ཡང་ང་ཚོས་མི་ཤེས་པའི་གནད་དོན་ཧ་ཅང་མང་དག་ཅིག་ཡོད། ང་ཚོའི་ཉིན་རེའི་མི་ཚེའི་ནང་གང་འབྱུང་བཞིན་ཡོད་པ་དེ་ཕར་ཞོག དཔེར་ན། གོ་ལའི་སྤྱི་དྲོད་འཕེལ་ཚད་དང་། བཅོས་མའི་བློ་གྲོས། མི་གཟུགས་འཕྲུལ་ཆས་དང་འབྲེལ་བའི་གནད་དོན། ལྟར་སྣང་གི་ཁོར་ཡུག་བཅས་ཀྱི་མཇུག་འབྲས་ལ་སོགས་པ་ང་ཚོས་གནད་དོན་གང་འདྲ་ཞིག་ཡིན་ནའང་དེའི་པར་རིས་ཆ་ཚང་བ་དེ་མཐོང་ཐུབ་ཀྱི་མེད། དེ་ལས་སྡུག་ག་ཞིག་ལ་ང་ཚོ་ལོ་ན་ཆེ་རུང་ཕྱིན་ཏེ་རང་གི་ལུས་པོ་རྒས་པ་ནང་བཞིན་ང་ཚོའི་སེམས་པའང་ཉམས་རྒུད་འགྲོ་གི་ཡོད། དཔེར་ན། ང་ཚོའི་དུས་ཡུན་ཐུང་ངུའི་དྲན་པ་དེ་བརླག་པ་དང་། སེམས་ཀྱིས་ལས་ཀ་བྱེད་ཕྱོགས་དེ་ལྷོད་དུ་འགྲོ་བ། དེ་བཞིན་ང་ཚོ་ལས་སླ་པོའི་སྒོ་ནས་གནད་དོན་ཐད་མགོ་རྨོངས་འགྲོ་ཡི་ཡོད། 

དེ་དག་ཐམས་ཅད་ཀྱི་སྒང་ལ་ང་ཚོའི་ཚོར་བ་ལ་ལས་སླ་པོའི་ཐོག་ཕོག་ཐུག་ཤོར་ནས་སེམས་ཚོར་རྣམས་གདུལ་དཀའ་བ་ཆགས་ཏེ། ཐ་ན་བསམ་བློ་གསལ་པོ་ཞིག་གཏོང་བ་ལའང་འགོག་རྐྱེན་བྱེད་ཀྱི་ཡོད། དེ་དག་ཐམས་ཅད་ཀྱི་དཀའ་ངལ་དངོས་དེ་ནི། ང་ཚོའི་ཚད་བཀག་ཅན་གྱི་སེམས་དང་། ལུས་པོ། སེམས་ཚོར། ཚོར་བ་གཞན་རྣམས་རྒྱུན་བསྲིངས་ནས་དཀའ་ངལ་དེ་ལས་མང་བ་བཟོ་ཡི་ཡོད། 

ང་ཚོའི་ཚད་བཀག་ཅན་གྱི་ལུས་པོས་མཚོན་པར་བྱེད་པའི་སྡུག་བསྔལ་བདེན་པའི་རྣམ་པ་བཞི།

སངས་རྒྱས་ཀྱིས་སྡུག་བསྔལ་བདེན་པ་དེ་རྣམ་པ་བཞིའི་སྒོ་ནས་ང་ཚོའི་ཚད་ཅན་གྱི་ལུས་པོས་མཚོན་པར་མཛད་ཡོད་དེ།

  • དང་པོ་ནི་དེ་དག་མི་རྟག་པ་རེད། སྐབས་རེར་ང་ཚོའི་འཕྲོད་བསྟེན་ཡག་པོ་དང་བདེ་ཐང་ཡོད་སྐབས་སྐྱིད་པོ་ཚོར་གྱི་ཡོད། ཡིན་ནའང་གནད་དོན་ཅུང་ཟད་ཙམ་ཞིག་ལ་བརྟེན་ནས་ང་ཚོའི་ལུས་པོའི་ཆ་སྙོམས་མེད་པ་བཟོ་སྲིད་པ་དང་དེའི་རྐྱེན་གྱིས་ང་ཚོ་ན་བ་དང་ཚོར་བ་མི་སྡུག་པ་སྐྱེ་ཡི་ཡོད། ང་ཚོའི་ལུས་པོ་ནི་ཅི་འདྲའི་བརྟན་པོ་མེད་པ་དང་འཇིག་སླ་བ་ཞིག་ཡིན་པར་བལྟ་དགོས། གནད་དོན་ཆུང་ཙག་གཅིག་ལ་བརྟེན་ནས་རྨས་སྐྱོན་ཐེབས་པ་དང་སྡུག་བསྔལ་གྱི་རྒྱུ་ཆགས་ཀྱི་ཡོད། དེ་དག་ཐམས་ཅད་ཀྱི་གཞི་རྩར་གྱུར་བ་ནི་སྐད་ཅིག་རེ་རེ་བཞིན་དུ་ང་ཚོ་འཆི་བའི་ཕྱོགས་སུ་ཐག་ཉེ་རུ་ཉེ་རུ་འགྲོ་བཞིན་ཡོད། ང་ཚོས་སོ་སོའི་ལུས་པོ་ནི་གཏན་ཏུ་བདེ་ཐང་དང་སྟོབས་ཤུགས་ཅན་ཞིག་ཏུ་ཉར་ཆོག་ཅེས་བསམ་གྱི་ཡོད་པ་དང་། ཐ་ན་ང་ཚོ་རྒས་པའི་སྐབས་སུའང་སོ་སོ་གཞོན་གཞོན་སྐབས་ཟས་པའི་ཁ་ལག་དེ་དག་གཅིག་པ་བཟའ་ཆོག་པ་དང་གཞོན་གཞོན་སྐབས་གང་བྱས་པའི་ལས་ཀ་དེ་དག་གཅིག་པ་བྱེད་ཆོག་པར་བསམ་གྱི་ཡོད། འོན་ཀྱང་། དེ་ནི་རང་གིས་རང་ལ་མགོ་སྐོར་གཏོང་བ་ཞིག་ཡིན། ང་ཚོ་གཞོན་གཞོན་གནས་པའི་ཆེད་དུ་འཛད་མཐའ་མེད་པའི་འབད་བརྩོན་བྱེད་པ་དེས་རང་ཉིད་སེམས་ཁྲལ་དང་སེམས་ངལ་ཁོ་ན་འབྱུང་བའི་རྒྱུ་ཆགས་ཀྱི་ཡོད། 
  • གཉིས་པ་ནི་ང་ཚོའི་ལུས་པོ་ཉིད་ཀྱང་སྡུག་བསྔལ་དང་དཀའ་ངལ་ཅན་ཞིག་ཡིན་པ་རེད། གལ་ཏེ་ང་ཚོས་དྲི་ཞིམ་གྱི་བྱུག་པ་དང་། མཛེས་བཟོ་བྱེད་པ། ལུས་སྦྱོང་གི་ལམ་ནས་ལུས་ཀྱི་ཤ་གནད་དང་ཤ་རྒྱུས་རྣམས་ཡར་རྒྱས་སུ་བཏང་ན་ང་ཚོ་སྐྱིད་པ་ཡོང་གི་རེད་ཅེས་བསམ་སྲིད། འོན་ཀྱང་། ང་ཚོས་སོ་སོ་རང་ཉིད་མཛེས་པོ་དང་ལྟ་ན་སྡུག་པ་ག་ཚོད་བཟོ་ཐབས་བྱེད་ཀྱང་ད་དུང་འདང་ངེས་ཀྱི་མཛེས་མ་དང་རྫིག་པོ་མཐོང་གི་མ་རེད་བསམ་པའམ། ཡང་ན་སོ་སོའི་མཛེས་ཉམས་དེ་བརླག་འགོ་བཙུག་གི་འདུག་བསམས་ནས་སེམས་ཁྲལ་བྱེད་ཀྱི་ཡོད། ང་ཚོས་མཛེས་བཟོ་བྱེད་པའམ་རང་གི་ལུས་པོའི་ཤ་གནད་རྒྱས་པའི་ཆེད་ལུས་སྦྱོང་བྱེད་པ། དེ་བཞིན་འཕྲོད་བསྟེན་དང་འཚམས་པའི་ཟས་སྤྱོད་ག་ཚོད་ཙམ་བསྟེན་ནའང་། ང་ཚོའི་ལུས་པོའི་དཀའ་ངལ་ནི་ང་ཚོ་ད་དུང་ཡང་ན་བ་དང་། རྒ་བ། ཐ་ན་ང་ཚོར་དོན་སྐྱེན་ཞིག་བྱུང་ནས་རྨས་སྐྱོན་གྱི་རིགས་འབྱུང་སྲིད་པ་རེད། 
  • གསུམ་པ་ནི་སྟོང་པ་སྟེ། གལ་ཏེ་ང་ཚོས་སོ་སོའི་གཟུགས་པོ་མ་བཀྲུས་ན། དྲི་མ་ཁ་བ་དང་། གལ་ཏེ་སོ་མ་བཀྲུས་ན། དབུགས་གཏོང་སྐབས་དྲི་མ་ཁ་བ། དེ་བཞིན་ང་ཚོའི་ཕྱིར་གཏོང་བའི་གཅིན་དང་བཙོག་པ་རྣམས་ལས་ཀྱང་དྲི་མ་ཁ་ཡི་ཡོད། གལ་ཏེ་ང་ཚོས་ཐེངས་མ་ཁ་ཤས་སོས་འཆོས་པའི་ཁའི་ནང་གི་ཁ་ལག་དེ་ཕྱིར་དོར་ནས་གཞན་ལ་སྤྲད་ན། དེ་གཙང་མ་དང་བཟའ་རུང་བ་ཞིག་ཡིན་པ་སུས་བསམ་སྲིད་དམ། འདིར་དཀའ་ངལ་གང་རེད་ཅེ་ན། ང་ཚོ་ཚང་མ་ “ངའམ་བདག་” ཅེས་བྱ་བ་ཕན་ཚུན་ལྟོས་མེད་ཀྱིས་རང་དབང་དུ་ཡོད་པའམ། ཡང་ན་ “བདག་” ཟེར་བ་དེ་ང་ཚོའི་ལུས་པོ་ལས་ཐ་དད་འབྲེལ་མེད་ཀྱི་ངོ་བོར་ “ལྟ་ན་སྡུག་པའི་གཟུགས་པོ་” ཞེས་བློའི་འཆར་སྣང་གི་འཛམ་གླིང་ནང་གནས་ཀྱི་མེད། ང་ཚོ་ནི་རང་གི་ལུས་ཀྱི་སྐྱོན་གྱི་ཆ་དེ་དག་ལ་མ་བལྟོས་པར་དེ་ལ་འཁར་ནས་ཡོད་པས། ང་ཚོས་སྡུག་བསྔལ་ལས་ཐར་བ་དང་གཞན་དོན་སྒྲུབ་པའི་ཆེད་དུ་དེ་དག་ལ་གཅེས་སྐྱོང་བྱེད་དགོས་པ་དང་བེད་སྤྱོད་ཡང་དག་པ་ཞིག་གཏོང་དགོས། 
  • བཞི་པ་ནི་བདག་མེད་པ་སྟེ། ང་ཚོའི་མི་ཚེ་དངོས་ཀྱི་ནང་གཞན་དག་གིས་ང་ཚོའི་གཟུགས་པོ་མཐོང་བ་ལས་གཞན་མཐོང་ཐུབ་ཀྱི་མེད། མི་གཞན་དག་གིས་ང་ཚོ་བརྙན་འཕྲིན་རྩེད་མོ་ (video game) ལྟ་བུའི་ནང་མཐོང་བའི་ཆེད་དུ་ང་ཚོས་དྲྭ་ཐོག་གི་སྤྲུལ་པ་དང་འདྲ་བ་ཞིག་བཟོ་སྲིད་ནའང་། འཛམ་གླིང་དངོས་ཀྱི་ནང་མི་ཞིག་ང་ཚོ་དང་ཐུག་པའི་སྐབས་སུ་མི་དེས་སོ་སོ་ནང་བཞིན་ང་ཚོའི་གཟུགས་པོ་དེ་མཐོང་གི་ཡོད། ཐ་ན་ང་ཚོའི་སེམས་ནང་སོ་སོ་ལོ་དྲུག་ཅུར་སོན་པའི་སྐབས་ལོ་ཉི་ཤུའི་སྐབས་སུ་བྱས་པ་ལྟ་བུ་བསམ་གྱི་ཡོད་ཀྱང་། མི་གཞན་དག་གིས་ང་ཚོ་ལ་ལྟ་བའི་སྐབས་ང་ཚོ་ནི་ལོ་དྲུག་ཅུའི་མི་དེའི་ལུས་པོ་མཐོང་གི་ཡོད། གལ་ཏེ་ང་ཚོ་དེ་གོ་མ་ཚོད་པ་དང་དེ་ལ་ཁས་ལེན་མ་བྱས་ན། རང་གིས་རང་མགོ་སྐོར་གཏོང་བཞིན་ཡོད་པ་དང་ལོ་ཚད་རན་འཚམས་མེད་པའི་ཚུལ་བསྟན་ནས་དཀའ་ངལ་འབྱུང་བའི་རྒྱུ་བྱེད་སྲིད་པ་ཡིན།

ཕྱོགས་བསྡོམས།

ང་ཚོའི་ཚད་བཀག་ཅན་གྱི་ལུས་པོ་ནི་མི་རྟག་པ་དང་དཀའ་ངལ་ཅན་ཞིག་ཡིན་པས། དེ་ནི་སྡུག་བསྔལ་བདེན་པའི་དཔེ་མཚོན་ཞིག་ཡིན་པ་དང་ང་ཚོ་དེ་ལས་ལོགས་སུ་བཀར་ནས་གནས་མི་ཐུབ། གཞན་དག་གིས་ང་ཚོ་ལ་ལྟ་བའི་སྐབས། ང་ཚོ་དགའ་ན་མ་དགའ་ན་གང་ལྟར་ཡང་གཞན་གྱིས་གང་མཐོང་བ་དེ་ནི་ང་ཚོའི་ལུས་པོ་ཡིན། དེ་ལྟ་བུའི་ལུས་པོ་དེ་དཀའ་ངལ་ཅན་ཞིག་ཏུ་ཡིན་ནའང་། ང་ཚོས་ངོས་འཛིན་དགོས་པའི་སངས་རྒྱས་ཀྱིས་གསུངས་པའི་སྡུག་བསྔལ་གྱི་བདེན་པ་ནི། ང་ཚོས་སོ་སོར་ཡོད་པའི་ལུས་པོ་འདི་གཞི་རྩར་བཟུང་ནས་མི་ཚེ་ནས་མི་ཚེར་བརྒྱུད་དེ་ཉམས་སུ་མྱོང་བའི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་ཞིང་། ནམ་ཡང་རྫོགས་མཐའ་མེད་པའི་སྣང་ཚུལ་གྱི་སྡུག་བསྔལ་དང་འདོད་བློ་མི་ཚིམས་པའི་སྐྱིད་སྣང་རྒྱུན་སྲིང་གི་ཡོད་པ་དེ་རེད། དེ་ནི་ཁྱེད་ལ་དངོས་གནས་དགོས་འདོད་ཡོད་པ་ཞིག་རེད་དམ།།

Top