ཁོང་ཁྲོ། ཉོན་མོངས་ལ་གདོང་ལེན་བྱེད་ཚུལ།

06:14
ཁོང་ཁྲོ་ཟེར་བ་ནི། ང་ཚོའི་མི་དགའ་ས་ཞིག་དང་། ཡང་ན་སྡིགས་ར་སྐུལ་མཁན་ཞིག་གི་ཕྱོགས་སུ་འཛིན་པའི་ཞེ་སྡང་ཤུགས་ཆེན་ཞིག་ཡོད་པ་དེ་ཡིན། དེ་ནི་ཉོན་མོངས་ཤིག་ཡིན་པའི་ཆ་ནས། དེས་ང་ཚོའི་སེམས་ཀྱི་ཞི་བདེ་བརླག་པར་བྱེད་པ་དང་། ང་ཚོའི་རང་ཚུགས་ཤོར་གྱི་ཡོད། དེ་ལ་ཉམས་ལེན་སྣ་ཚོགས་པ་བརྒྱུད་དེ་བཟོད་པ་གོང་འཕེལ་བཏང་ནས་ང་ཚོས་ཁོང་ཁྲོ་མེད་པ་བཟོ་ཐུབ་པ་དང་། མི་ཚེ་བཟང་པོ་ཞིག་སྐྱེལ་ཐུབ་པ་ཡིན།

མི་ཚེའི་ནང་གི་དཀའ་ངལ།

ང་རང་ཚོའི་མི་ཚེའི་ནང་དཀའ་ངལ་འགའ་ཞིག་ཡོད་པ་ཕལ་ཆེར་ཚང་མས་གཅིག་མཚུངས་སུ་ཤེས་ཚོར་ཡོང་གི་ཡོད་པ་དང་། ཚང་མར་བདེ་སྐྱིད་འདོད་པ་ལས། དཀའ་སྡུག་གི་རིགས་མི་འདོད་པ་ཡིན། འོན་ཀྱང་ད་དུང་ང་ཚོ་ལ་རྟག་ཏུ་དཀའ་ངལ་སྣ་ཚོགས་པ་ཞིག་འཕྲད་བཞིན་ཡོད། སྐབས་རེར་སེམས་མ་སྐྱིད་པ་ཆགས་པ་དང་། དཀའ་ངལ་འཕྲད་པ། དེ་བཞིན་ང་རང་ཚོའི་འཆར་ཅན་གྱི་ལས་དོན་བྱ་གཞག་དང་། སྤྱི་ཚོགས་ཀྱི་གོ་གནས། འཚོ་བའི་གནས་བབས། ནང་མིའི་གནས་བབས་བཅས་ལ་སེམས་ངལ་ཡི་ཐང་ཆད་པའི་སུན་སྣང་ཞིག་སྐྱེ་གི་ཡོད། ང་ཚོ་ལ་གང་དགོས་པ་དེ་མ་ཐོབ་པའི་དཀའ་ངལ་ཡོད་ལ། རང་ཉིད་མི་ཚེའི་ནང་གྲུབ་འབྲས་ཐོན་པ་ཞིག་ཡོང་བར་འདོད་ཀྱི་ཡོད། རང་སོ་སོའི་ནང་མི་བཟའ་ཚང་དང་ཚོང་ལས་ཀྱི་རིགས་སོགས་གང་ཡིན་པ་དེ་དག་ལ་ལམ་ལྷོང་དང་ལེགས་པའི་ཆ་ཁོ་ནར་ཡོང་འདོད་བྱེད་ཀྱི་ཡོད། ཡིན་ནའང་རྟག་པར་གང་འདོད་པ་ལྟར་ཡོང་གི་མེད། དེ་ལྟར་དཀའ་ངལ་དེའི་རིགས་ཡོད་སྐབས་སུ་ང་ཚོ་སེམས་མ་སྐྱིད་པ་ཆགས་ཀྱི་ཡོད། མཚམས་རེར་ང་ཚོ་ལ་འདོད་པ་རྩ་ནས་མེད་པའི་གནས་སྟངས་དེ་འདྲ་འབྱུང་བཞིན་ཡོད། དཔེར་ན། ན་བ་དང་། རྒས་འཁོགས་ཆགས་པའི་སྐབས་སུ་ལུས་ཟུངས་ཧ་ཅང་སྐྱོ་པོར་གྱུར་བའམ། མིག་དང་རྣ་སོགས་དབང་པོ་ཉམས་པ་ལྟ་བུ་ནི་སུ་ལའང་འབྱུང་འདོད་མེད་པ་རྩོད་མེད་རེད། 

ང་ཚོ་ལས་ཀ་ལ་ཡོད་པའི་སྐབས་སུ་དཀའ་ངལ་ཡོད་པ་དང་། མཚམས་མཚམས་བཀྲ་མི་ཤིས་པའི་གནས་སྟངས་སྡུག་པོ་དེ་འདྲ་བྱུང་བ་ལ་བརྟེན་ནས། ང་ཚོའི་ཚོང་ལས་ཀྱི་བྱ་གཞག་ལ་ཉམས་རྒུད་ཧ་ལོག་པ་དེ་འདྲ་ཡོང་གི་ཡོད་པ་དེ་ནི། ང་ཚོ་ལ་གང་མི་འདོད་པ་དེ་དང་འཕྲད་ཀྱི་ཡོད་པ་གསལ་པོ་རེད། ཡིན་ནའང་དཀའ་ངལ་དེ་འདྲའི་རིགས་ཡོང་ཡོང་པ་རེད། ཡང་མཚམས་རེར་ང་ཚོ་ལ་གནོད་པ་དང་སྐྱོན་ཆག་རིགས་ཐོག་ཏུ་འབབ་པ་དང་། རང་ཉིད་རང་གིས་རྨས་པ་དང་། འཆི་རྐྱེན་དང་རྨས་རྐྱེན་གྱི་འབྱུང་གཞིའི་ཆག་སྒོ་དང་། ན་བ་དང་ཚ་བ་ལ་སོགས་པ་དེ་དག་ཐམས་ཅད་ང་ཚོར་ནམ་རྒྱུན་དུ་ནས་ཕྲད་དང་འཕྲད་མུས་ཀྱི་དཀའ་ངལ་རིགས་རྣམས་ཡིན། 

དེར་མ་ཟད། ང་ཚོ་ལ་སེམས་ཚོར་དང་སེམས་ཁམས་ཀྱི་དཀའ་ངལ་རིགས་མང་པོ་ཞིག་ཀྱང་འཕྲད་བཞིན་ཡོད། ང་ཚོས་དེའི་རིགས་ནམ་རྒྱུན་གཞན་ལ་གསལ་སྟོན་དང་གྲོས་བསྡུར་བྱེད་འདོད་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད། འོན་ཀྱང་། ང་ཚོའི་སེམས་ནང་། རང་ཉིད་ཀྱི་ཕྲུ་གུར་བཅངས་པའི་རེ་བ་དང་། ང་ཚོའི་སེམས་འཁྲེལ་དང་བློ་འཚབ་སོགས་དཀའ་ངལ་མང་པོ་ཞིག་གིས་རང་ཉིད་ལ་བསུན་པོ་བཟོ་བཞིན་ཡོད། གནས་སྟངས་དེ་དག་ནི། ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་དཀའ་ངལ་ཞེས་ཟེར་ཞིང་། ལེགས་སྦྱར་སྐད་ཀྱི་ནང་དེ་ལ་སཾ་སཱ་ར་སྟེ། འཁོར་བ་ཞེས་པ་དེ་ཡིན།

Top