བྱང་ཆུབ་སེམས་ཀྱི་སྙིང་རྗེ་ཆེན་པོ།
བརྩེ་བ་དང་སྙིང་རྗེའི་བདག་ཉིད་བླ་ན་མེད་པ་སྟོན་པ་ཤཱཀྱ་ཐུབ་པར་བསམ་བློ་གཏོང་སྐབས། ང་ཚོས་ཁོང་གི་རླབས་ཆེ་བའི་མཛད་པ་དང་འཕྲིན་ལས་བསམ་བློ་འཁོར་གྱི་ཡོད། ལྷག་པར་དུ་གཞན་དོན་ཆེད་ཁོང་གིས་བསྟན་པའི་དམ་པའི་ཆོས་རྣམས་བློ་ལ་འཆར་གྱི་ཡོད། ཆོས་དེ་དག་གི་ཁྲོད་ནས་གཞན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་བྱེད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྟན་པའི་ཆོས་ངོ་མཚར་ཆེ་བ་རྣམས་ལ་བསམ་བློ་གཏོང་བའི་སྐབས། དེ་ནི་དངོས་གནས་དྲང་གནས་བློ་སྟོབས་དང་ཚོར་བ་འདྲེན་ནུས་པ་ཞིག་ཡིན། སྤྱོད་འཇུག་ནང་། བྱང་ཆུབ་སེམས་སྦྱོང་གི་འགྲེལ་བ་ཧ་ཅང་རྒྱས་པོ་གསུངས་ཡོད།
གལ་སྲིད་ང་ཚོས་གཞན་ལ་ཕན་ཐོགས་བྱ་རྒྱུའི་ཐབས་ལེགས་ཤོས་དེར་བསམ་བློ་བཏང་ན། བྱང་ཆུབ་སེམས་ལས་ལྷག་པ་མེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ང་ཚོར་དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་སློབ་ཀྱི་ཡོད། ང་ཚོས་སོ་སོ་སྐལ་བ་དང་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་དགོས། རྒྱུ་མཚན་ནི། ང་ཚོར་རྩ་ཆེའི་མི་ལུས་ཐོབ་པ་དང་དམ་པའི་ཆོས་དང་ཁྱད་པར་དུ་ཐེག་པ་ཆེན་པའི་ཆོས་མཇལ་རྒྱུའི་གོ་སྐབས་ཐོབ་ཡོད། ད་ལྟ་ང་ཚོར་མཐུན་རྐྱེན་ཚང་མ་ཚང་ཡོད་ཅིང་། གནས་སྟངས་ཐབས་རྡུགས་དེ་འདྲ་མེད། དེར་བརྟེན་གོ་སྐབས་འདི་བེད་སྤྱོད་ཚུལ་བཞིན་དུ་བཏང་ནས་སྟོན་པ་ཤཱཀྱ་ཐུབ་པས་ཐུགས་བརྩེ་བ་ཆེན་པོས་བསྟན་པ་ལྟར་གཞན་དོན་སྒྲུབ་རྒྱུ་དང་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུར་འབད་བརྩོན་བསྟེན་དགོས།
སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་ནང་། ང་ཚོས་སངས་རྒྱས་ནི་ཚད་མའི་སྐྱེས་བུ་ཞིག་ཡིན་པའང་སྙིང་རྗེའི་གཞན་དབང་དུ་གྱུར་བ་གང་གི་མཛད་འཕྲིན་ལས་ཤེས་ཐུབ་ཅེས་གསུངས། ང་ཚོས་སངས་རྒྱས་ནི་སྙིང་རྗེ་ཆེན་པོའི་བདག་ཉིད་དུ་བཀུར་གྱི་ཡོད། སྙིང་རྗེ་ལྡན་པ་ཞེས་པའི་ཐ་སྙད་སྤྱོད་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེ་ན། ཁོང་གིས་མཐའ་གཅིག་ཏུ་གཞན་དོན་སྒྲུབ་པར་མཛད་ཀྱི་ཡོད། གཞན་དོན་འདུན་པ་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་རྐྱེན་གྱིས་ཁོང་གི་རང་རྒྱུད་ཀྱི་སྐྱོན་རྣམས་བསལ་ནས་གཞན་དོན་སྒྲུབ་པའི་ནུས་པ་ཐོབ་ཡོད། ཆོས་ལ་དད་པ་ཡོད་ཀྱང་རུང་མེད་ཀྱང་རུང་སྙིང་རྗེ་ཅན་ཞིག་བྱེད་པ་ནི་ཕན་ཡོན་ཤིན་ཏུ་ཆེ། སུ་འདྲ་ཞིག་གི་སེམས་བཟང་པོ་དང་སྙིང་རྗེ་ཆེ་བ་ཡོད་པ་དེར་གཞན་དོན་སྒྲུབ་པའི་ནུས་པ་ཆེ་བ་ཡོད།
ངས་ཡང་ནས་ཡང་དུ་དགོད་བྲོའི་ཚུལ་དུ། “གལ་སྲིད་རང་ཤེད་ཚ་པོ་བྱེད་དགོས་ཀྱི་ཡོད་ན། མ་མཐར་རྣམ་དཔྱོད་ལྡན་པའི་རང་ཤེད་བྱེད་དགོས།” ཞེས་བརྗོད་ཀྱི་ཡོད། གལ་ཏེ་གཞན་ལ་གནོད་པ་བསྐྱལ་ནས་རང་གི་བདེ་བ་སྒྲུབ་འདོད་ན། གཞན་གྱིས་རང་ཉིད་ལ་རོགས་རམ་བྱེད་མི་འདོད་པ་ནི་གསལ་པོ་རེད། དེར་བརྟེན་གལ་སྲིད་གཞན་ལ་དོན་དམ་པའི་ཕན་ཐོགས་བྱེད་འདོད་ན། གཞན་ལ་སེམས་ཁུར་བྱེད་དགོས། དེ་ནི་རྣམ་དཔྱོད་ལྡན་པའི་རང་ཤེད་ཡིན། སོང་ཙང་། ང་ཚོས་རང་ཉིད་ལ་སེམས་ཁུར་དངོས་གནས་ཡོད་པ་དང་། དེའི་ཐད་རྣམ་དཔྱོད་དང་ལྡན་པ་ཡིན་ན། སོ་སོའི་དོན་དག་སྒྲུབ་པའི་ཐབས་ཡག་ཤོས་ནི་གཞན་ལ་རོགས་རམ་བྱེད་པའི་ཐོག་ནས་ཡིན་པ་ཤེས་དགོས།
འཛམ་བུ་གླིང་འདིའི་ནང་། མི་རྣམས་ལ་སྤྱིར་བཏང་ནས་གཞན་དང་སྤྱི་ཚོགས། དེ་བཞིན་མི་ངན་གྱི་རིགས་ཁ་ཤས་མ་གཏོགས་གཞན་ཧ་ལམ་ཕལ་མོ་ཆེ་ལ་དོ་ཁུར་གྱི་བསམ་བློ་ཡོད་ན། དེ་དག་མི་བཟང་པོ་ཞིག་ཏུ་ལྟ་གི་རེད། མི་དེ་དག་ནི་རྟག་ཏུ་སྤྱི་ཚོགས་ལ་ཕན་ཐོགས་དང་གཞན་ལ་སེམས་ཁུར་ཆེན་པོ་བྱེད་མཁན་ཡིན་པ་སོང་ཙང་། དེ་ལྟའི་མི་རྣམས་ཁ་བྲལ་ནས་འགྲོ་སྐབས་ཚང་མས་བློ་ཕམ་པོ་བྱེད་ཀྱི་ཡོད། མི་དེ་དག་ཕྱིན་ཟིན་པའམ་འདས་ཟིན་པའི་རྗེས་ཁོང་ཚོའི་བྱས་རྗེས་ལ་མི་རྣམས་ལོ་མང་རིང་དྲན་གསོ་དང་ཡི་རང་ཞུ་གི་ཡོད། དེ་ལས་ལྡོག་སྟེ། དམར་ཤོག་རྒྱལ་ཁབ་ཁ་ཤས་ཀྱི་ནང་། སོ་སོའི་དབང་ཆ་དང་ཁེ་ཕན་ཆེད་ཐབས་ཤེས་ཡོད་རྒུ་བྱེད་མཁན་རྣམས་གྲོངས་ཟིན་རྗེས་མི་རྣམས་ཀྱིས་དྲན་གསོ་དང་བསྔགས་བརྗོད་བྱ་རྒྱུའི་ཚབ་ཏུ་སྟབས་ཡག་སོང་ཞེས་བརྗོད་ནས་དྲན་པ་བརྗེད་ཀྱི་ཡོད། གཞན་ལ་སེམས་ཁུར་བྱེད་མཁན་འགོ་ཁྲིད་རྣམས་ཀྱི་བྱས་རྗེས་ལ་མི་རྣམས་དགའ་པོ་དང་སྙིང་ཉེ་པོ་སོགས་བྱེད་ཀྱི་ཡོད། གལ་ཏེ་འཛམ་གླིང་ནང་འཚེ་བའི་ལས་ཤུགས་ཆེན་པོ་བྱེད་མཁན་གྱི་མི་ཞིག་ཡོད་ན། ཐ་ན་ཆོས་ཁས་མི་ལེན་མཁན་གྱི་མི་རྣམས་ཀྱིས་གཏུམ་དྲག་ཅན་ཞིག་ཏུ་ལྟ་གི་ཡོད། དེ་ལ་མི་སུ་གཅིག་གིས་ཀྱང་དགའ་པོ་མི་བྱེད། མི་ངན་དེ་རིགས་ལ་ཐ་ན་བྱ་བྱེའུ་ཡན་ཆད་ཀྱི་དགའ་པོ་མ་བྱས་པར་འཁྲིས་སུ་འཁོར་གྱི་མེད།
ང་ཚོ་འགྲོ་བ་མིའི་སྤྱི་ཚོགས་ཤིག་གི་ནང་སྡོད་ཀྱི་ཡོད། དེར་བརྟེན་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་ཀྱི་ཡོད། ཚོགས་པ་ཞིག་ལ་མཚོན་ནའང་ཚོགས་པའི་ལས་དོན་ཚགས་ཚུད་པོ་ཡོང་མིན་དེ་དེའི་ཁོངས་མི་རྣམས་ཀྱི་བྱམས་པ་དང་མཉམ་རུབ་ལ་རག་ལས་ཡོད། ཨ་རི་ནས་ཡིན་པའི་ངོས་ཀྱི་གྲོགས་པོ་ཞིག་གིས། མིའི་རང་བཞིན་ནི་ཧ་ཅང་གདུག་རྩུབ་ཅན་ཞིག་རེད་བསམ་གྱི་འདུག་ཅེས་ང་ལ་བཤད་བྱུང་། ངས་ཁོང་ལ་ཆོབ་བསླངས་ནས་དེ་དངོས་གནས་ཡིན་ནམ་ཞེས་བརྗོད་པ་ཡིན། གང་ཡིན་ཟེར་ན། དུད་འགྲོའི་ནང་དུའང་རང་བཞིན་ངན་པ་གང་ཡིན་པ་དེ། དཔེར་ན། སྟག་དང་། སེང་གེ་སོགས་ཤ་གཟན་སེམས་ཅན་དེ་དག་གིས་སོ་སོ་འཚོ་གནས་ཆེད་གཞན་རྣམས་གསོད་ཀྱི་ཡོད། དེ་བཞིན་མཆེ་བ་དང་སྡེར་མོ་ཡོད་པའི་སེམས་ཅན་རྣམས་ཀྱང་ཧ་ཅང་གདུག་རྩུབ་ཆེན་པོ་ཡོད། དེ་ལས་ལྡོག་སྟེ། རྩྭ་དང་རྩི་ཤིང་སོགས་ལ་བརྟེན་མཁན་རྩྭ་གཟན་སེམས་ཅན་རྣམས་ཧ་ཅང་ཞི་ཞིང་དུལ་ཅན་ཡོད། འགྲོ་བ་མི་རྣམས་གདུག་རྩུབ་ཆེ་བའི་སེམས་ཅན་དེ་དག་ནང་བཞིན་མེད། མིས་གཞན་ལ་སྡེར་མོ་དང་སོ་སོགས་རྒྱག་གི་མེད། མི་ལ་སྙིང་རྗེ་བའི་སེན་མོ་ཐུང་ཐུང་དང་སྡེར་མོ་སོགས་ཡོད། གལ་སྲིད་ང་ཚོས་ཞི་མི་ཞིག་ལ་བལྟས་ན། ཞི་མིའི་བདག་པོས་དེས་བྱམས་པོ་ག་ཚོད་བྱས་ཀྱང་། ཞི་མིའི་རང་བཞིན་ཐོག་ནས་ཙི་ཙི་བསད་དེ་བཟའ་གི་ཡོད། དེར་བརྟེན་ངའི་བསམ་པར། འགྲོ་བ་མིའི་རང་བཞིན་ངོ་མ་ནི་ཤ་གཟན་སེམས་ཅན་ལྟར་གདུག་རྩུབ་ཅན་ཞིག་རེད་བསམ་གྱི་མི་འདུག
མི་ཞིག་ཡིན་པའི་ཆ་ནས་སེམས་བཟང་པོས་གཞན་ལ་སེམས་ཁུར་བྱས་པའི་ཐོག་ནས་ནང་སེམས་ཀྱི་ཡོན་ཏན་ཡར་རྒྱས་གཏོང་ཐུབ་པ་ནི་གསལ་པོ་རེད། ང་ཚོ་ཚང་མ་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་ཡོད་སྟབས། ཕན་ཚུན་གཅིག་ཕན་གཅིག་རོགས་བྱ་རྒྱུ་ནི་གནད་འགག་ཆེ། དེ་ནི་སྤྱི་ཚོགས་ཀྱི་རང་བཞིན་གྱི་འགྲོ་སྟངས་ཡིན། སྤྱི་ཚོགས་ཀྱི་ངོས་ནས་ལས་དོན་ཡག་པོ་སྒྲུབ་པར། དེའི་ཚོགས་མི་ཚང་མ་ལ་རག་ལས་ཡོད། དེར་བརྟེན་ཕན་ཚུན་སེམས་ཁུར་བྱེད་པའི་བསམ་བློའི་འཁྱེར་སོ་ཞིག་ཡར་རྒྱས་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། བསམ་པ་དེ་བསྐྱེད་ནས་གང་ཐུབ་ཅི་ཐུབ་ཀྱིས་མཐའ་ཡས་པའི་སེམས་ཅན་རྣམས་ལ་རྒྱ་སྐྱེད་གཏོང་དགོས།
སངས་རྒྱས་ཀྱི་ཚུལ་ཁྲིམས་དང་སྤྱོད་ཚུལ་འཛིན་ཕྱོགས་ཐད་ཆོས་གསུངས་པའི་སྐབས། བྱ་མི་རུང་བའི་ལས་འགའ་ཞིག་དང་། ཡང་བྱ་རུང་བའི་གནད་དོན་མང་པོ་ཡོད་པས། དེ་དག་ལ་ང་ཚོས་བརྩི་འཇོག་བྱེད་དགོས། གནས་དང་དུས་སོགས་ལ་ལྟོས་ནས་འགག་བྱ་དགོས་པའི་དབང་གིས་སངས་རྒྱས་ཀྱིས་བཀག་གནང་བའམ་བྱ་མི་རུང་བ་འགའ་ཞིག་བྱ་རུང་བ་ཡིན། དེ་ལ་ང་ཚོས་རྣམ་དཔྱོད་ཀྱིས་ཚུལ་བཞིན་ཤེས་པར་བྱེད་དགོས། དེའང་གཞན་ལ་ཕན་འདོགས་པའི་ཀུན་སློང་དང་བཅས་ཡིན་དགོས།
དེར་བརྟེན་ང་ཚོས་སེམས་བཟང་པོའི་ཐོག་ནས་གཞན་ལ་ཕན་གང་ཐུབ་ཐུབ་བྱས་ཏེ་གནོད་པ་རྩ་བ་ནས་བྱ་རྒྱུ་མེད། དང་པོ་ང་ཚོས་སོ་སོའི་འཁྲིས་སུ་ཡོད་པའི་ངོ་ཤེས་དང་གཉེན་ཉེ་རྣམས་ལ་བློ་དེ་སྦྱོང་བརྡར་བྱས་ནས་ཕྱིས་སུ་རིམ་བཞིན་གཞན་ལ་རྒྱ་སྐྱེད་གཏོང་དགོས་པ་དང་། དེ་ནས་སོ་སོའི་རྒྱལ་ཁབ་ནང་གི་མི་ཚང་མར་སྙོབ་པ་བྱེད་དགོས། དེ་རྗེས་འཛམ་གླིང་ནང་མི་ཚང་མར་རྒྱ་སྐྱེད་གཏོང་དགོས། དེ་ལྟར་རྒྱ་སྐྱེད་བཏང་ནས་མཐར་ཁམས་གསུམ་འཁོར་བའི་ནང་གི་སེམས་ཅན་ཡོད་དོ་ཅོག་ལ་དམིགས་དགོས། གཞན་སེམས་ཅན་ཐམས་ཅད་རང་དང་འདྲ་བར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན། དེ་ནི་ང་ཚོས་བསམ་བློ་གཏོང་དགོས་ཚུལ་དེ་ཡིན།
ཨ་ཅང་ཅང་ཨ་མ་ཞིག་གིས་རང་གི་བུ་ལ་ཡག་པོ་རྐྱང་རྐྱང་བྱུང་ན་བསམ་གྱི་ཡོད། དེ་ནི་སྟོབས་ཤུགས་ཧ་ཅང་ཆེ་བ་ཞིག་ཡིན། འོན་ཏེ་ཕྱོགས་གཞན་ཞིག་ནས། བསམ་བློ་དེས་རང་གི་བུ་གཅིག་པུར་དམིགས་པའི་ཚད་ཅན་ཞིག་ཡིན། དེར་བརྟེན་ང་ཚོས་གཞན་གྱི་ཁེ་ཕན་ཆེད་བསམ་བློ་ཤུགས་དྲག་པོ་ཞིག་བསྐྱེད་དེ། ཁ་ཤས་ཙམ་ལ་མིན་པར་ཐམས་ཅད་ལ་ཁྱབ་པ་བྱེད་དགོས།
གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་ཐུབ་པ་བྱེད་པའི་སླད་དུ་རང་ངོས་ནས་དེ་ལྟར་བྱེད་ཐུབ་པའི་ནུས་པ་གོང་སྤེལ་གཏོང་དགོས། དེ་ནི་ཐར་པའམ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་བྱ་རྒྱུ་དེ་ཡིན། གཞན་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པའི་ཀུན་སློང་དེ་གཉིས་ལ་མཚོན་ན། དེ་ནི་བྱང་ཆུབ་སེམས་ཀྱི་དམིགས་པ་ཡིན། དེ་ཡང་ང་ཚོས་གཞུང་འདིའི་ནང་ནས་མཇལ་རྒྱུ་ཡོད་ལ་སོ་སོས་ཀློགས་ནའང་འགྲིགས། ད་ལྟ་ཁྱེད་རང་ཚོས་དེ་ཏཱ་ལའི་བླ་མའི་དྲུང་ནས་གོ་ཐོས་བྱུང་བ་རེད། དེར་བརྟེན་དེ་ནི་བདེ་བ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པར་ངེས་ཤེས་རྙེད་ཕྱིར་ཐབས་ཤེས་བྱེད་དགོས། དེ་བཞིན་དཀའ་ངལ་སེལ་བ་དང་སེམས་བཟང་པོ་རྣམས་རྒྱུད་ལ་སྐྱེད་ཆེད་དཀའ་ལས་རྒྱག་དགོས། དེ་ལྟར་ང་ཚོས་གཞན་དོན་སྒྲུབ་ཀྱི་ཡིན་ཞེས་པའི་ཀུན་སློང་བརྟན་པོ་ཞིག་བཅོས་ནས་དུས་དང་རྣམ་པ་ཐམས་ཅད་དུ་ནམ་ཡང་ཉམས་པར་བྱེད་ཀྱི་མིན་ཞེས་པའི་ཆོད་སེམས་བརྟན་པོ་ཞིག་དགོས། དེ་ལྟ་བུའི་བསམ་བློ་དེ་སོ་སོར་ཡོད་པའི་རྒྱུ་ནོར་གྱི་ནང་ནས་རྩ་ཆེ་ཤོས་དང་བླ་ན་མེད་པ་ཞིག་ཏུ་བརྩི་དགོས།