འཕགས་པའི་བདེན་པ་བཞི་པ། ལམ་གྱི་བདེན་པ།

སྡུག་བསྔལ་གྱི་རྒྱུ་འགོག་པའི་འགོག་བདེན་ཐོབ་པར་བྱེད་པའི་ལམ་གྱི་བདེན་པ་ནི་སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་དེ་ཡིན་པ་རེད། སྟོང་པ་ཉིད་ནི་ང་ཚོས་ཕྱིན་ཅི་ལོག་པའི་སྒོ་ནས་རང་གཞན་གྱི་ཆོས་ཐམས་ཅད་ཇི་ལྟར་ཡོད་པའི་ཚུལ་ལ་བསམ་བློ་གང་གཏོང་བ་དེ་དང་མི་མཐུན་པ་དེ་ཡིན། སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་དེ་ནི་སེམས་ཀྱི་ལམ་དངོས་སམ་ལམ་གྱི་བདེན་པ་དེ་ཡིན་ཞིང་། དེས་འགོག་བདེན་ཐོབ་པར་བྱེད་པའི་ལམ་ལྟ་བུར་བྱ་བ་བྱེད་ཀྱི་ཡོད།

འཕགས་པའི་བདེན་པ་དང་པོ་གསུམ།

སངས་རྒྱས་ཀྱིས། ང་ཚོ་ཚང་མར་འཕྲད་པའི་སྡུག་བསྔལ་དངོས་དེ་ནི་ང་ཚོས་མི་སྐྱིད་པ་དང་འདོད་བློ་མི་ཚིམས་པའི་བདེ་བའི་འཕེལ་འགྲིབ་མྱོང་བ་ལ་རྒྱུན་སྲིང་བ་མ་ཟད། ཚད་བཀག་ཅན་གྱི་ལུས་སེམས་ཡང་ནས་ཡང་དུ་ཡོད་པ་དེ་ལ་བརྟེན་ནས་ང་ཚོས་དེ་དག་ཉམས་སུ་མྱོང་གི་ཡོད་ཅེས་གསུངས་ཡོད། དེ་དག་གི་རྒྱུ་དངོས་ནི་ང་ཚོ་དང་ཚོར་བ་དེ་དག་ཇི་ལྟར་ཡོད་པའི་ཚུལ་དེ་ལ་རྨོངས་པའི་མ་རིག་པ་དེ་ཡིན་པ་རེད། ང་ཚོས་དེ་དག་ནི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་ཡོད་པར་བསམ་བློ་གཏོང་གི་ཡོད། དཔེར་ན། རང་སྐྱ་འཕེར་བའི་རྡོག་རྡོག་ཚུགས་ཐུབ་ཅན་གྱི་ངོ་བོ་ཞིག་ཏུ་འཛིན་གྱི་ཡོད་པ་དང་འཁྲུལ་བའི་སྒོ་ནས་ང་ཚོར་གང་སྣང་བ་དེ་དག་གི་གནས་ལུགས་ངོ་མའམ་དེ་དག་དངོས་གནས་ཇི་ལྟར་ཡོད་པ་དང་མཐུན་གྱི་ཡོད་པར་ཡིད་ཆེས་པ་དེ་ཡིན། ཕྱིན་ཅི་ལོག་པའི་བློ་དེས་ཉོན་མོངས་པ་རྐྱེན་སློང་བྱེད་པ་དང་དེས་ཀྱང་ང་ཚོས་གང་ཡིད་ལ་བྱེད་པ་དེ་ལ་ཁས་ལེན་བྱེད་པའམ་སྲུང་སྐྱོབ་བྱེད་པའི་དབང་མེད་ལས་ཀྱི་སྐུལ་ཤུགས་ཤིག་རྐྱེན་སློང་བྱེད་ཀྱི་ཡོད། ཡིན་ནའང་དེ་དག་ནི་འཁྲུལ་སྣང་ཁོ་ནར་ཟད་དོ། །ཕྱིན་ཅི་ལོག་པའི་བློ་འདི་ང་ཚོ་འཆི་བའི་དུས་སུ་ཚད་བཀག་ཅན་གྱི་ལུས་སེམས་དང་མཉམ་དུ་དབང་མེད་ཀྱི་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བའི་ནང་སྐྱེ་བའི་རྐྱེན་སློང་བྱེད་ཀྱི་ཡོད། 

དེ་ལྟ་ནའང་། སངས་རྒྱས་ཀྱིས་རྒྱུ་དངོས་དེ་དག་སྤོང་ཐུབ་ངེས་ཡིན་པ་དང་སྡུག་བསྔལ་དངོས་དེ་དག་སླར་མི་འབྱུང་བའི་ཚུལ་དུ་སྤོང་ཐུབ་ངེས་ཡིན་པར་རྟོགས་ནས་གསུངས་ཡོད། འཕགས་པའི་བདེན་པ་བཞི་པས་དེ་ལྟ་བུའི་སྔུག་བསྔལ་ཐམས་ཅད་ཟད་པའི་འགོག་བདེན་ཐོབ་པའི་གཉེན་པོ་དངོས་ཀྱི་སྐོར་བཤད་ཀྱི་ཡོད། 

ཡང་དག་པའི་རྟོགས་པ་ནི་མ་རིག་པ་རྩད་ནས་མེད་པ་བཟོ་བའི་ལམ་དངོས་དེ་ཡིན།

ནམ་རྒྱུན་ལྡན་ནས་ང་ཚོས་མི་སྐྱིད་པ་དང་། འདོད་བློ་མི་ཚིམས་པའི་བདེ་བའམ། གང་ཡང་མེད་པའི་ཚོར་བ་མྱོང་བའི་སྐབས། ང་ཚོས་དེ་ལས་ཁྱད་པར་དུ་འཕགས་པ་དང་རྡོག་རྡོག་ཅིག་བཟོས་ཏེ། དེ་དུས་གཏན་དུ་གནས་ཀྱི་རེད་ཅེས་བསམ་གྱི་ཡོད། འོན་ཀྱང་། ང་ཚོས་ཚོར་བ་གང་འདྲ་ཞིག་མྱོང་བ་ཡིན་ནའང་དེ་ལ་དམིགས་བསལ་གང་ཡང་མེད་པ་ནི་གསལ་པོ་རེད། དེ་དག་ཐམས་ཅད་ནི་ཡུན་དུ་མི་གནས་པ་དང་མི་རྟག་པ་རེད། དེ་དག་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དེ་དག་གི་ངར་ཤུགས་མུ་མཐུད་དེ་འགྱུར་བ་འགྲོ་ཡི་ཡོད་པ་དང་མཐར་དེ་དག་མཇུག་རྫོགས་འགྲོ་ཡི་ཡོད། བདེན་དོན་དེ་མ་རྟོགས་པ་དང་དེ་ལས་ལྡོག་ནས་བསམ་བློ་གཏོང་བར་བརྟེན་ “ང་རང་བདེ་སྐྱིད་དང་ནམ་ཡང་འབྲལ་འདོད་མེད། འདི་ནི་ཧ་ཅང་སྐྱིད་སྣང་ལྡན་པ་ཞིག་རེད་འདུག་” ཟེར་བའམ། ཡང་ན་ “ང་རང་མི་སྐྱིད་པའམ་སྡུག་བསྔལ་འདི་ལས་འབྲལ་འདོད་འདུག འདི་ནི་ཧ་ཅང་འཇིགས་སུ་རུང་བ་ཞིག་རེད་འདུག ངས་འདི་ལ་ཁ་གཏད་གཅོག་ཐུབ་ཀྱི་མི་འདུག་” ཟེར་བའམ། ཡང “ང་ལ་གང་ཡང་མེད་པའི་ཚོར་བ་ནམ་ཡང་རྒུད་པ་མེད་པ་འདི་དགོས་ཀྱི་འདུག འདི་ནི་དངོས་གནས་བདེ་བའི་ཚོར་བ་ཞིག་འདུག་” ཅེས་བསམ་བློའི་ནང་ཡོད་པའི་སྐད་སྒྲ་དེས་སྐད་ཆེན་པོ་རྒྱག་ནས་ང་ཚོར་མགོ་སྐོར་བཏང་ཡོད། “ང་” ལ་འཛིན་པ་འདི་དང་ཚུགས་ཐུབ་ཀྱི་ངོ་བོ་ཞིག་གི་ནང་དུ་ཡོད་པའི་ “ང་” ཡི་སྒྲོ་འདོགས་འདིས་ཉོན་མོངས་པ་དང་། ངང་ངམ་ཤུགས་ཀྱི་སྤྱོད་ལམ། ང་ཚོའི་སྡུག་བསྔལ་དངོས་ལ་རྒྱུན་སྲིང་བ་བཅས་རྐྱེན་སློང་བྱེད་ཀྱི་ཡོད།

ཁྱེད་རང་ “ང་” ཞེས་བྱ་བ་རང་སྐྱ་འཕེར་བ་དང་། ལུས་སེམས་ལ་ལྟོས་མི་དགོས་པའི་རང་དབང་བ། སོ་སོའི་བསམ་བློའི་ནང་ཡོད་པའི་རྩོམ་པ་པོ་ལྟ་བུ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཅིའི་ཕྱིར་བསམ་གྱི་ཡོད་དམ། དེ་ནི་རང་གིས་རང་ལ་དྲི་བ་གཏོང་དགོས་པ་ཞིག་རེད། གལ་ཏེ་ཁྱེད་ཀྱིས། “དེ་འདྲ་ཞིག་ཚོར་གྱི་ཡོད་པ་སོང་ཙང་། དེ་འདྲ་རེད་བསམ་གྱི་འདུག་” ཅེས་རང་གིས་རང་ལ་དྲི་དགོས་ཞེས་བརྗོད་ན། “གང་ཡིན་ཞེ་ན། ངས་དེ་འདྲ་བསམ་གྱི་འདུག་” ཅེས་པ་དེ་གནད་དོན་ཞིག་ལ་ཡིད་ཆེས་བྱེད་པའི་རྒྱུ་མཚན་ཡང་དག་པ་ཞིག་རེད་དམ། ང་ཚོས་རྟོག་པའི་འཆར་སྒོ་ཞིག་ལ་ཡིད་ཆེས་བྱེད་པའམ། དམིགས་བསལ་སོ་སོ་རང་ཉིད་ཀྱི་ཐད་ལ་ “གང་ཡིན་ཞེ་ན། ངས་བསམ་གྱི་འདུག་” ཅེས་པ་ལ་གཞི་བཞག་ནས་ཡིད་ཆེས་བྱེད་པའི་སྐབས། དེ་ལ་ང་ཚོས་ཉེན་སྲུང་དང་བདེ་འཇགས་མེད་པ་ཅིའི་ཕྱིར་ཚོར་གྱི་ཡོད་དམ། དེ་གང་ཡིན་ཞེ་ན། ང་ཚོའི་ཡིད་ཆེས་ནོར་བའམ་ཡིད་ཆེས་ལོག་པ་དེ་ལ་རྒྱབ་རྟེན་མེད་པ་རེད། དེ་ལ་བདེན་དོན་དང་རྒྱུ་མཚན་གཉིས་པོ་གང་རུང་གིས་རྒྱབ་རྟེན་བྱས་མེད།

བདེན་དོན་དེ་གང་རེད་ཅེ་ན། ང་ཚོས་ནམ་རྒྱུན་མཐོང་བ་དང་། ཐོས་པ། དྲི་མ་སྣོམ་པ། བྲོ་བ་མྱོང་བ། རེག་བྱ་ཚོར་བ། བསམ་བློ་གཏོང་བའི་སྐབས་སུ་མྱོང་སྲིད་པའི་བདེ་བ་དང་། སྡུག་བསྔལ། དེ་གཉིས་གང་ཡང་མིན་པའི་ཚོར་བ་ལ་དམིགས་བསལ་གང་ཡང་མེད་པ་རེད། དེ་དག་གང་ལའང་རྗེས་སུ་ཆགས་པ་དང་འཛིན་རྒྱུ་གང་ཡང་མེད་པ་རེད། དེ་དག་ལ་འཛིན་པ་སྐྱེ་བ་ནི་ནམ་མཁའི་སྤྲིན་པ་ལ་འཛིན་པ་ལྟ་བུ་སྙིང་པོ་རྩ་བ་ནས་མེད་པ་རེད། དེ་ག་ནང་བཞིན་ “ང་” ཟེར་བ་དེ་དང་གནས་སྐབས་གང་རུང་གི་ནང་སོ་སོས་གང་ཚོར་བཞིན་པ་ལ་དམིགས་བསལ་གང་ཡང་མེད། ང་ཚོ་ནི་སོ་སོའི་བསམ་བློའི་ནང་སྐད་ཆ་བཤད་བཞིན་དུ་རང་འདོད་ལྟར་གྲུབ་དགོས་པའི་རང་སྐྱ་འཕེར་བ་དང་ཚུགས་ཐུབ་ཏུ་གྲུབ་པ་ཞིག་མིན། ང་ཚོ་ཡོད་ནའང་ཡོད་ལུགས་ཡོད་སྟངས་དེ་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་ཞིག་དང་དེ་ལ་བརྟེན་ནས་དེ་འདྲ་ཞིག་ཚོར་གྱི་འདུག་ཅེས་དང་ངས་དེ་འདྲ་ཞིག་བསམ་གྱི་འདུག་ཅེས་རྒྱུ་མཚན་དེ་ཙམ་ཞིག་ལ་ཡིད་ཆེས་བྱེད་པ་དེ་གོ་དོན་ལོག་པར་འཛིན་གྱི་ཡོད། 

གོ་དོན་ལོག་འཛིན་འདི་དང་སོ་སོ་རང་ཉིད་ཀྱི་ཐད་ལ་རྨོངས་པའི་ཡིད་ཆེས་དེ་སྤོང་བར། ང་ཚོར་དེའི་འགལ་ཟླའི་གཉེན་པོ་ཞིག་དགོས་ཀྱི་ཡོད། དེ་ལ་བརྟེན་ནས་དེ་དག་རྩད་ནས་བཅོམ་གྱི་རེད། སོ་སོའི་སེམས་ཞི་འཇམ་བཟོ་བ་དང་དེ་འདྲ་བསམ་བློ་གཏོང་རྒྱུ་མཚམས་འཇོག་བྱེད་པ་ཙམ་གྱིས་ང་ཚོའི་རྨོངས་པ་དེ་གནས་སྐབས་རིང་མགོ་ནོན་བྱེད་སྲིད་ནའང་། དེ་དག་གིས་སླར་མི་འབྱུང་བའི་ཚུལ་དུ་མེད་པ་བཟོ་བར་སྔོན་འགོག་བྱེད་ཀྱི་མེད། ང་ཚོའི་སྡུག་བསྔལ་དངོས་ཀྱི་རྒྱུ་སྤངས་ནས་འགོག་པའི་བདེན་པ་ཐོབ་པར་བྱེད་པའི་སེམས་ཀྱི་ལམ་བདེན་ནི། མ་རིག་པའི་ཕན་ཚུན་ཞི་མཐུན་མི་སྲིད་པའི་ལྡོག་ཟླར་གྱུར་བའི་སེམས་ཀྱི་གནས་བབས་ཤིག་ཡིན་དགོས། མ་རིག་པའི་ལྡོག་ཟླ་ནི་རིག་པ་ཡིན་པས། ང་ཚོ་ལ་གང་གི་རིག་པ་དེ་དགོས་སམ། ང་ཚོ་ནི་རང་སྐྱ་འཕེར་བའི་ངོ་བོར་གནས་ཡོད་པའི་གོ་དོན་ལོག་པའམ་ཕྱིན་ཅི་ལོག་པའི་བློ་དེ་གང་གིས་རྩ་མེད་དུ་བཟོ་ཡི་ཡོད་པ་དེ་ནི་དེ་འདྲ་བ་ཞིག་མེད་པའི་རྟོག་མེད་ཀྱི་ཤེས་པ་དེ་ཡིན་པ་རེད། སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་དང་ཐ་ན་དེའི་ཐད་ང་ཚོ་ལ་ཡང་དག་པའི་བསམ་བློ་ཞིག་ཡོད་ནའང་། དེ་ནི་སྟོང་ཉིད་ལ་རྟོག་བཅས་ཀྱི་དམིགས་པ་ཙམ་ཡོད་པ་ཞིག་མིན། དེ་ནི་རྒྱུ་མཚན་རིགས་པ་དང་རྟོག་མེད་ཀྱི་ཉམས་མྱོང་ལ་གཞི་བྱས་པའི་རིག་པ་སྟེ། ང་ཚོས་ཕྱིན་ཅི་ལོག་པའི་སྒོ་ནས་གང་ཡིད་ཆེས་བྱེད་པ་དེ་བདེན་པ་ཡིན་པ་དང་དེ་དག་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད་པ་དེས་ “གང་ཡིན་ཞེ་ན། ངས་བསམ་གྱི་འདུག་” ཅེས་དང་འདི་ནི་ནོར་བ་ཡིན་པའི་མ་རིག་པ་དེ་ཙམ་ལ་གཞི་བྱས་ནས་དངོས་པོའི་གནས་ལུགས་དང་མཐུན་པའི་ཡིད་ཆེས་ལོག་པ་དེ་རྩ་མེད་བཟོ་ཡི་ཡོད། དེ་གང་ཡིན་ཞེ་ན། མ་རིག་པའི་བག་ཆགས་དང་གོམས་པ་ནི་ཧ་ཅང་གཏིང་ཚུགས་པོ་དང་བརྟན་པོ་ཆགས་ཡོད་པ་སོང་ཙང་། དེ་དག་རྩ་མེད་བཟོ་བར་ཆ་ཤས་དང་རིམ་པ་མང་པོ་བརྒྱུད་དགོས་ཀྱི་ཡོད། 

ལམ་གྱི་བདེན་པའི་རྣམ་པ་བཞི།

བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ལམ་གྱི་བདེན་པ་ནི་ཆོས་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་ཤེས་རྟོགས་ཐུབ་པ་དང་ཤེས་རབ་དེས་སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པ་ལ་གྲོགས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད། སེམས་བྱུང་འདིས་བདེན་པ་གང་ཡིན་པ་དང་བརྫུན་པ་གང་ཡིན་པ་རྣམ་པར་འབྱེད་ཀྱི་ཡོད།

  • དང་པོ། ལམ་སྟེ། ཤེས་རབ་འདི་ནི་སེམས་ཀྱི་ལམ་ཞིག་ཡིན་པ་དང་དེས་རིམ་པས་མ་རིག་པའི་རིམ་པ་སྣ་ཚོགས་པ་རྩ་མེད་བཟོ་བ་དང་ཡོངས་སུ་འགོག་པར་བྱེད་ཀྱི་ཡོད། ཐོག་མར་ཤེས་རབ་འདིས་སོ་སོའི་ཕ་མ་དང་རྒྱ་ཆེ་ས་ནས་བསམས་ན་སྤྱི་ཚོགས་ལྟ་བུས་ང་ཚོའི་སེམས་ཀྱི་ནང་གཏིང་ཚུགས་པོར་བཅུག་ཡོད་པའི་དད་པ་དང་རིན་ཐང་གི་ལམ་ལུགས་སྣ་ཚོགས་པ་ཞིག་སྦྱངས་ཡོད་པ་དང་ཁས་ལེན་བྱས་ཡོད་པ་ལ་གཞི་རྩ་བཞག་པའི་ང་ཚོའི་མ་རིག་པ་དང་རྨོངས་པ་གཏན་དུ་མེད་པ་བཟོ་ཡི་ཡོད། དེའི་ནང་ཚོང་ལས་ཁྱབ་བསྒྲགས་དང་སྤྱི་ཚོགས་བརྒྱུད་ལམ་ལས་ཐོབ་པའི་གནད་དོན་རྣམས་ཀྱང་ཚུད་ཡོད་པ་རེད།

    སྤྱི་ཚོགས་བརྒྱུད་ལམ་ཐོག་ཁྱེད་ཀྱིས་སྙིང་རྗེ་པོ་དང་སྐྱིད་པོའི་ངང་གནས་པའི་མི་རྣམས་ཀྱི་རང་པར་མཐོང་བའི་སྐབས། དེས་སོ་སོ་རང་ཉིད་གང་འདྲ་ཞིག་མཐོང་དགོས་པ་དང་སོ་སོའི་མི་ཚེ་གང་འདྲ་ཞིག་དགོས་པའི་བསམ་བློ་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཀྱི་ཡོད་དམ། དེས་སོ་སོའི་ཐད་ལ་ཚོར་བ་ཡག་པོ་སྐྱེ་རུ་འཇུག་གི་འདུག་གམ་ཡང་ན་ཚོར་བ་སྡུག་ཅག་ཅིག་སྐྱེ་རུ་འཇུག་གི་འདུག སྤྱི་ཚོགས་བརྒྱུད་ལམ་ནང་ཁྱབ་སྤེལ་བཏང་བ་དེ་དག་གིས་མི་ཚེ་དངོས་མི་སྟོན་པའི་ཤེས་རབ་ནི། དེ་དག་གིས་མི་ཚེ་དངོས་སྟོན་གྱི་ཡོད་པའི་ཡིད་ཆེས་ལོག་པ་དེ་དང་རང་ཉིད་གཏན་དུ་བྲལ་བའི་ལམ་ཡིན། དེའི་འབྲས་བུར་ང་ཚོས་དེ་དག་དང་བསྡུར་ནས་དེ་འདྲ་ཞིག་ཡོང་བའི་ཞེ་འདོད་བྱེད་པ་ན། དེ་ལྟ་བུའི་ཡིད་ཆེས་ལོག་པ་དེས་བཟོས་པའི་སྡུག་བསྔལ་དང་སེམས་འཚབ་གཏན་ནས་མེད་པ་བཟོ་གི་ཡོད།

    གོམ་པ་དང་པོ་འདི་ལས་འདས་ཏེ། ང་ཚོ་ “འཕགས་པའི་” གོ་འཕང་ཐོབ་པའི་སྐབས། མུ་མཐུད་གོམས་པའི་དབང་གིས་ཤེས་རབ་འདིས་རིམ་པ་བཞིན་དུ་ངང་གིས་འབྱུང་བའི་མ་རིག་པ་དེ་གཏན་དུ་མེད་པ་བཟོ་ཡི་ཡོད། དཔེར་ན། དེ་ལ་བསམ་བློ་བཏང་ནས་སེམས་ནང་གི་ཕལ་ཆེར་རྒྱུན་ཆད་མེད་པའི་སྐད་སྒྲའི་རྒྱབ་ཏུ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་དང་རྙེད་དུ་ཡོད་པའི་ “ང་” ཟེར་བ་ཞིག་ཡོད་པ་ལྟ་བུ་རེད། ང་ཚོ་ཐར་པ་ཐོབ་པ་དང་མཐར་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཀྱི་ཡོད། སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྡུག་བསྔལ་གྱི་རྒྱུ་རྣམས་རྩད་ནས་མེད་པར་བཟོ་ཡི་ཡོད་པ་དེ་ང་ཚོས་རྟོགས་པའི་སྐབས། དེས་དེ་དག་ལས་ཐར་བའི་ཐབས་མེད་བསམ་པའི་ཕྱིན་ཅི་ལོག་པའི་བློ་དེ་ཡང་མེད་པ་བཟོ་གི་ཡོད། 
  • གཉིས་པ། རིག་པ་སྟེ། རང་སྐྱ་འཕེར་བ་དང་ཚུགས་ཐུབ་ཀྱི་ངོ་བོར་གྲུབ་པའི་ “ང་” ཟེར་བ་ཞིག་མེད་པའི་ཤེས་རབ་དེ་ནི་མ་རིག་པ་དང་དེ་ལྟ་བུ་ཞིག་ཡོད་སྙམ་པའི་ཡིད་ཆེས་ལོག་པ་དེ་རྩད་ནས་མེད་པ་བཟོ་བའི་ཐབས་རན་ཞིང་འཚམས་པ་དེ་ཡིན་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་དེ་ནི་ཕན་ཚུན་ཞི་མཐུན་མེད་པའི་ལྡོག་ཟླ་དེ་ཡིན། ཁྱེད་ཀྱིས་དེ་འདྲ་ཞིག་ཡོད་པ་དང་དེ་འདྲ་ཞིག་མེད་པ་གཉིས་དུས་མཉམ་དུ་ཡིད་ཆེས་བྱེད་མི་ཐུབ། བྱེད་ཐུབ་བམ། གནད་དོན་འདིས་ཤེས་རབ་འདི་ནི་འགོག་བདེན་ཐོབ་པའི་ཐབས་ལམ་རན་འཚམས་མེད་པ་དེ་ཡིན་པའི་གོ་དོན་ལོག་པ་དེ་སེལ་གྱི་ཡོད། 
  • གསུམ་པ། སྒྲུབ་པ་སྟེ། སྟོང་ཉིད་རྟོགས་པའི་ཤེས་རབ་ནི་རིམ་པ་བཞིན་དུ་འཕགས་པའི་གོ་འཕང་དང་དེ་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་དེ་ཡིན། འདིས་ཏིང་ངེ་འཛིན་གྱི་གཏིང་ཟབ་པའི་གནས་བབས་ནང་གི་གཅིག་ཐོབ་པ་ནི་སྒྲུབ་པ་འདི་དག་ཐོབ་པའི་ཐབས་ཡིན་བསམ་པའི་ཡིད་ཆེས་ལོག་པ་ལ་ཁ་གཏད་གཅོག་གི་ཡོད། 
  • མཐའ་མ་ནི་ངེས་འབྱིན་ཏེ། ཤེས་རབ་འདི་ནི་ཐ་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགོག་རྐྱེན་བྱེད་པའི་ཉོན་མོངས་པའི་གོམས་པ་དང་བག་ཆགས་དང་བཅས་པ་གཏན་དུ་ངེས་པར་འབྱིན་པ་ཐོབ་པའི་ཐབས་ཡིན་པ་རེད། འདིས་ཉོན་མོངས་པ་དེ་དག་ནི་ང་ཚོའི་སེམས་ཀྱི་རང་བཞིན་གྱི་ཆ་ཤས་ཡིན་པ་དང་དེ་དག་རྩད་ནས་མེད་པ་ནམ་ཡང་བཟོ་མི་ཐུབ་བསམ་པའི་ཕྱིན་ཅི་ལོག་པའི་བློ་དེ་ལ་ཁ་གཏད་གཅོག་གི་ཡོད། 

ཕྱོགས་བསྡོམས།

ཆོས་རྣམ་འབྱེད་ཀྱི་ཤེས་རབ་དང་མཉམ་དུ་ངེས་པའི་སྟོང་ཉིད་ལ་རྟོག་མེད་མངོན་སུམ་དུ་རྟོགས་པའི་ཤེས་པའི་ལམ་གྱི་བདེན་པ་ནི། ང་ཚོའི་སྡུག་བསྔལ་གྱི་རྒྱུ་དངོས་རྩད་ནས་བཅོམ་པའི་གཉེན་པོ་དེ་ཡིན་པ་རེད། དེ་ཐོབ་པ་ན་ལམ་གྱི་བདེན་པ་འདིས་རིམ་བཞིན་དུ་སྐྱེ་བ་ནས་སྐྱེ་བར་དབང་མེད་ཀྱི་ཡང་ནང་ཡང་དུ་འབྱུང་བའི་སྡུག་བསྔལ་རྒྱུན་སྲིང་བའི་རྒྱུ་དངོས་ཡིན་པའི་མ་རིག་པ་དང་ཡིད་ཆེས་ལོག་པ་གཏན་དུ་མེད་པ་བཟོ་ཡི་ཡོད། དེ་ལྟ་བུའི་སེམས་ཐོབ་པ་ནི་ང་ཚོས་འབད་འབུངས་བྱེད་ཆོག་པའི་རིན་ཐང་ཆེ་ཤོས་ཀྱི་གནད་དོན་ཞིག་མ་ཡིན་ནམ།།

Top