སྟོང་པ་ཉིད་ཟེར་བ་དེ་གང་ཡིན་ནམ།

​སྟོང་པ་ཉིད་ཟེར་བ་དེ་ “ཅི་ཡང་མེད་པ་” ཞེས་པའི་དོན་མིན། དེ་གང་ཡང་མེད་པ་ཞིག་དང་། ང་ཚོའི་དཀའ་སྡུག་ཚང་མ་མེད་པས་དེ་དག་དྲན་པ་བརྗེད་དགོས་ཟེར་བའི་དོན་མ་རེད། སྟོང་པ་ཉིད་ཅེས་པ་ནི་ཡིན་པ་མི་སྲིད་པའི་ཆོས་ཀྱི་སྒྲུབ་སྟངས་ལྟར་ཡོངས་སུ་མེད་པས་མེད་པ་ཉིད་དམ་སྟོང་པ་ཉིད་ཅེས་ཟེར་བ་ཡིན། ང་ཚོའི་རྣམ་རྟོག་ལས་བཟོས་པའི་ཆོས་ཀྱི་སྒྲུབ་སྟངས་ཞིག་ཡོད་ཚུལ་ནི་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་མ་རེད། ཆོས་ག་འདྲ་ཞིག་ཡིན་ཀྱང་སོ་སོའི་ནུས་པ་བརྟེན་ནས་ཡོད་ཚུལ་ཞིག་འཇོག་ཐུབ་ཐབས་མེད་པས། ཐ་ན་དཀའ་སྡུག་ཡིན་ཀྱང་རང་གི་ངོ་བོའི་ཐོག་ནས་དཀའ་སྡུག་ཞེས་སྒྲུབ་ཚུལ་ཞིག་མེད། ཀུན་རྫོབ་ཀྱི་དབང་དུ་བྱས་ན། ང་ཚོས་སེལ་དགོས་པའི་དཀའ་སྡུག་ཞིག་ཡོད་ཆོག་ཀྱང་། དེ་ནི་ཐ་སྙད་དང་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་བསམ་ཚུལ་དང་ཚིག་གིས་བཏགས་པ་ཙམ་གྱི་ “དཀའ་སྡུག་” ཅེས་འཇོག་ཐུབ་པ་ཡིན།

ལེགས་སྦྱར་སྐད་དུ་ “ཤཱུནྱ་ཏཱ་” (voidness) ཞེས་དང་དུས་རྒྱུན་དབྱིན་སྐད་ཐོག་ “emptiness” བསྒྱུར་གྱི་ཡོད་པའི་ “སྟོང་ཉིད་” ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ནང་གི་རྟོགས་པ་གཙོ་བོ་གཅིག་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ང་ཚོ་ཚང་མའི་མི་ཚེའི་ནང་གི་དཀའ་སྡུག་གི་མཐར་ཐུག་འབྱུང་རྐྱེན་ནི་རང་དང་གཞན་སོགས་ཆོས་ཐམས་ཅད་ཀྱི་ཡོད་ཚུལ་ལ་རྨོངས་པའི་རྨོངས་པ་དེ་ཡིན་པ་མཁྱེན་ཅིང་། དེ་ལ་བརྟེན་ནས་མིའི་སེམས་ཀྱིས་ཆོས་ཐམས་ཅད་ལ་ཡིན་པ་མི་སྲིད་པའི་ཆོས་ཀྱི་གྲུབ་ཚུལ་ཞིག་བཟུང་བ་དང་། དེ་ལྟར་རང་གི་འཛིན་ཚུལ་ནི་དངོས་པོའི་གནས་ལུགས་དང་མི་མཐུན་པ་ཞིག་ཡིན་པ་ལ་རྨོངས་པའི་མ་རིག་པ་དེས་དཀའ་ངལ་དང་སྡུག་བསྔལ་བསྐྲུན་གྱི་ཡོད། དཔེར་ན། ང་ཚོས་རང་ཉིད་སོ་སོའི་ཕམ་ཉེས་ཤོར་བའི་མི་ཞིག་དང་། ཇི་ལྟར་བྱས་ཀྱང་དོན་ཆེན་སྒྲུབ་མ་ཐུབ་མཁན་ཞིག་ཡིན་པའི་ཚུལ་དུ་སེམས་ཀྱི་བཟོས་ན། རང་མཐོང་བརླགས་ནས་སེམས་ཞུམ་པ་ཙམ་དུ་མ་ཟད། རང་ཉིད་ལ་གདེང་ཚོད་མེད་པར་ཆགས་ཤིང་། རང་ཉིད་ལ་ཐོབ་སྐལ་ཏུ་ཡོད་པའི་ཡར་རྒྱས་གཏོང་འདོད་ཀྱི་བསམ་བློ་དེ་ཡང་འདོར་སྲིད་པ་ཡིན། དེ་ལྟར་རང་ཉིད་མི་ཚེའི་ནང་ཉམས་དམའ་བའི་གནས་སྟངས་ཤིག་ཆགས་རྒྱུ་ཡིན་པ་ཁོ་ཐག་གཅོད་ཀྱི་ཡོད།

སྟོང་པ་ཉིད་ཞེས་པ་ནི། ང་ཚོས་རང་བཞིན་ལྷན་སྐྱེས་ཀྱི་སྒོ་ནས་འཆར་ཚུལ་དང་མཐུན་པའི་དངོས་པོ་རྣམས་ཀྱི་གནས་ཚུལ་ངོ་མ་ལས་མཐའ་གཅིག་ཏུ་བྲལ་བའམ་རྩ་བ་ནས་མེད་པ་ཞིག་ལ་ཟེར། ང་ཚོའི་རྣམ་རྟོག་གིས་བསྐྲུན་པའི་ཆོས་རྣམས་བདེན་པར་ཡིད་ཆེས་གཏིང་ཚུགས་པོ་ཡོད་པའི་གོམས་གཤིས་ལ་བརྟེན་ནས་ངང་ངམ་ཤུགས་ཀྱིས་ཡིན་པ་མི་སྲིད་པའི་ཆོས་ཀྱི་སྣང་ཚུལ་ཤར་གྱི་ཡོད། དཔེར་ན། “ཕམ་ཉེས་ཅན་” ཞེས་ཟེར་བའི་དབང་དུ་བཏང་ན། དེ་ནི་འཛིན་སྟངས་ཙམ་ཞིག་དང་དེ་ལས་བྱུང་བའི་ཚིག་ཙམ་ཞིག་ཡིན། ང་ཚོས་ “ཕམ་ཉེས་ཅན་” ཞེས་པའི་བསམ་བློ་དེ་སོ་སོ་རང་ཉིད་ལ་བཏགས་ནས་དེ་ལྟར་ཡིན་པར་འཛིན་པའི་སྐབས་སུ་ “ཕམ་ཉེས་ཅན་” ཞེས་པའི་འཛིན་སྟངས་དང་ཚིག་དེ་དག་ཀུན་རྫོབ་ཙམ་ལས་དོན་དངོས་མིན་པ་ཤེས་དགོས། སྤྱིར་བཏང་ང་ཚོའི་མི་ཚེའི་ནང་ཐེངས་མང་པོ་ཞིག་ལ་ཕམ་ཉེས་ཤོར་བའམ། ཡང་ན་ཕམ་ཉེས་མ་ཤོར་ནའང་། རང་ཉིད་སྐྱོན་བྲལ་ཡང་དག་ཅིག་ཡིན་པའི་བསམ་ཚུལ་དང་རང་ཉིད་ཡག་པོ་ཞིག་མ་ཡིན་པ་ལ་བརྟེན་ནས་ཕམ་ཉེས་ཤོར་བའི་ཚོར་བ་ཡོང་སྲིད་པ་ཞིག་ཡིན། དེ་གཉིས་ག་རེ་ཡིན་ཀྱང་མི་ཚེའི་ནང་ལེགས་གྲུབ་བྱུང་བ་དང་ཕམ་ཉེས་ཤོར་བ་མ་ཡིན་པའི་གཞན་གྱི་གནས་ཚུལ་ཡང་མང་པོ་བྱུང་ཡོད་པ་ཤེས་དགོས། འོན་ཀྱང་ང་ཚོས་རང་ཉིད་ལ་ “ཕམ་ཉེས་ཅན་” ཞེས་པའི་མིང་དུ་འདོགས་ན། ང་ཚོས་སེམས་ནང་རང་ཉིད་ “ཕམ་ཉེས་ཅན་” ཞེས་པའི་སྒམ་ཆུང་ཞིག་ནང་བཅུག་ནས། དེའི་ནང་ཡོད་པའི་མི་དེ་དོན་ངོ་མར་བདེན་པར་གྲུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ད་དུང་རང་ཉིད་ལ་དངོས་སུ་རང་བཞིན་ལྷན་སྐྱེས་ཀྱིས་མ་ལེགས་པའམ་སྡུག་པའི་ཆ་ཞིག་ཡོད་པའི་རྒྱུ་མཚན་ལས་སྒམ་ཆུང་དེའི་ནང་ཚུད་པའི་སྣང་ཚུལ་ཡོང་སྲིད།  དེ་ལ་བརྟེན་ནས་ “ཕམ་ཉེས་ཅན་” ཞེས་པའི་སྒམ་ཆུང་དེའི་ནང་ཡོད་པ་ནི་ང་ཚོས་མི་ཚེའི་ནང་གང་བྱས་མིན་དང་། མི་གཞན་གྱིས་གང་བསམ་མིན་སོགས་ལ་མ་ལྟོས་པར། རང་ངོས་ནས་རང་དབང་གིས་སྒམ་ཆུང་ནང་ཚུད་པའི་བསམ་བློ་འཁོར་འཇུག་གི་ཡོད།

འདི་ལྟར་ཕམ་ཉེས་ཅན་གྱི་སྒམ་ཆུང་ནང་འཁར་ནས་ཚུད་པའི་ཡོད་ཚུལ་དང་། དེ་ཡང་ཚུད་དགོས་ངེས་ཞིག་ཡིན་པའི་བསམ་ཚུལ་སོགས་ནི་རྟོག་པའི་འཆར་སྣང་ཁོ་ན་ཡིན་ལ། དངོས་པོའི་གནས་ལུགས་གང་དང་ཡང་མཐུན་གྱི་མེད། མི་སུ་གཅིག་ཀྱང་སྒམ་ཆུང་ནང་འཁར་ནས་མེད། ང་ཚོ་ཕམ་ཉེས་ཅན་ལྟ་བུར་ཡོད་པ་དེ་ནི་སོ་སོར་བཏགས་པའི་འཛིན་སྟངས་དང་མིང་ཙམ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་པས།  “ཕམ་ཉེས་ཅན་” ཞེས་པའི་འཛིན་སྟངས་དང་། “ཕམ་ཉེས་ཅན་” ཞེས་པའི་ཐ་སྙད་ནི་ཀུན་རྫོབ་ཙམ་ཞིག་གི་དབང་དུ་ཡོད་པ་ཡིན། དེ་ནི་འོས་ཤིང་འཚམས་པའི་སྒོ་ནས་མི་གཞན་ཞིག་ལ་བེད་སྤྱོད་བྱེད་སྲིད། དཔེར་ན། ཤོག་སྦག་སོགས་རྒྱག་པའི་སྐབས་སུ་རྒྱན་ཤོར་བའི་སྐབས་གནས་སྟངས་དེར་ཕམ་ཉེས་ཅན་ཞེས་ཟེར་ཆོག་ཀྱང་། རང་བཞིན་ལྷན་སྐྱེས་སུ་ཕམ་ཉེས་ཅན་ཡིན་མཁན་ཞིག་མེད། དེ་ལྟར་ལྷན་སྐྱེས་དང་བདེན་པར་གྲུབ་པའི་ཕམ་ཉེས་ཅན་ཞིག་ཡོད་ན། དེ་ལ་དུས་ནམ་ཡང་རྒྱན་སོགས་ཐོབ་ཐབས་མེད་པ་རེད།

ང་ཚོས་ཕམ་ཉེས་ཅན་ཞེས་པ་ཞིག་དོན་དམ་པའམ་བདེན་པར་གྲུབ་པ་མེད་པར་རྟོགས་པའི་སྐབས་སུ། དོན་དམ་པར་དངོས་པོའི་གནས་ལུགས་དང་མ་མཐུན་པའི་གྲུབ་ལུགས་ཞིག་མེད་པ་ཡང་ཤེས་པ་ཡིན། ང་ཚོ་དོན་ངོ་མར་ཕམ་ཉེས་ཅན་ཞིག་ཡིན་བསམ་པའི་ཚོར་བ་དེ་རང་གིས་རང་ལ་བེད་སྤྱོད་བྱས་པའི་ “ཕམ་ཉེས་ཅན་” ཞེས་པའི་འཛིན་སྟངས་དང་ཐ་སྙད་ཙམ་ཞིག་ལ་བརྩི་ཆོག། གང་ཡིན་ཞེ་ན། མཚམས་མཚམས་ང་ཚོར་ཕམ་ཉེས་ཅན་ཞིག་ཆགས་ཀྱི་ཡོད། ཡིན་ནའང་ང་ཚོ་ལ་ལྷན་སྐྱེས་སུ་སྐྱོན་ཞིག་ཡོད་པ་ལ་བརྟེན་ནས། དེས་རང་དབང་གིས་ང་ཚོ་རྟག་ཏུ་ཕམ་ཉེས་ཅན་ཞིག་བཟོ་གི་མེད། བྱས་ཙང། སྟོང་པ་ཉིད་ནི་ཡིན་པ་མི་སྲིད་པའི་ཆོས་ཀྱི་གྲུབ་ཚུལ་འདི་དག་ལས་ཡོངས་སུ་སྟོང་བ་ཞིག་ལ་ཟེར་ཅིང་། འདས་མ་འོངས་ད་ལྟ་སོགས་དུས་ག་འདྲ་ཞིག་གི་ནང་དེ་ལྟ་བུའི་རང་བཞིན་གྱིས་གྲུབ་ཚུལ་གཅིག་ཀྱང་མེད།

ང་ཚོའི་རྟོག་པའི་འཆར་སྣང་ལ་བཟོ་བཅོས་རྒྱག་རྒྱུ་དང་། དེ་ལ་ཡིད་ཆེས་བྱ་རྒྱུ་མཚམས་འཇོག་བྱེད་པའི་ནུས་པ་མ་ཡོང་གོང་ལ་སྟོང་པ་ཉིད་ཀྱི་རྣམ་གཞག་ལ་གོམས་འདྲིས་ཤུགས་ཆེན་བྱེད་དགོས་པ་ཡིན། ཡིན་ནའང་ང་ཚོས་འབད་བརྩོན་གྱིས་སྟོང་པ་ཉིད་ལ་སྒོམ་བརྒྱབ་པ་ཡིན་ན། ང་ཚོས་རང་ཉིད་ལ་ཕམ་ཉེས་ཅན་ཡིན་པའི་འཛིན་ཚུལ་སླེབས་པའི་སྐབས་སུ་བསམ་བློ་དེ་ཆོ་མེད་ཞིག་མཐོང་ནས་རྟོག་པའི་འཆར་སྣང་དེ་མེད་པ་བཟོ་ཐུབ། མཐར་དེ་ལྟ་བུའི་མ་ཡིན་པ་ཡིན་པར་སྣང་བའི་གོམས་གཤིས་ལས་ཐར་ནས་རང་ཉིད་ཕམ་ཉེས་ཅན་ཞིག་ཡིན་པའི་བསམ་བློ་ནམ་ཡང་འཁོར་གྱི་མ་རེད།

བརྙན་པར། དགེ་བཤེས་ལྷག་རྡོར། “སྟོང་ཉིད་ཟེར་བ་དེ་གང་རེད་དམ།”

ཕྱོགས་བསྡོམས།

ཡིན་པ་མི་སྲིད་པའི་ཆོས་མེད་པའི་རྒྱུ་མཚན་ཙམ་གྱིས་ཆོས་ཐམས་ཅད་མེད་ཅེས་པའི་དོན་མིན། སྟོང་པ་ཉིད་ཀྱིས་རང་ངོས་ནས་རང་བཞིན་གྱིས་གྲུབ་པ་ལྟ་བུའི་ཡིན་པ་མི་སྲིད་པའི་ཡོད་ཚུལ་ཞིག་ཁས་ལེན་མི་བྱེད་པ་རེད་མ་གཏོགས། ཀུན་རྫོབ་ཀྱི་དབང་དུ་བྱས་པའི་འཛིནས་སྟངས་དང་ཐ་སྙད་ “འདི་” དང་ “ཕ་གི་” ཞེས་ཆོས་ཀྱི་གྲུབ་ལུགས་ཞིག་ཡོད་པ་དེ་འགོག་གི་མེད།།

Top