མ་ཤེས་པའམ་མ་རིག་པ།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་སྒོ་ནས་ཆོས་གསུངས་ཡོད། དེ་དག་ནི་རྟོགས་པ་མཐོན་པོར་སླེབས་པའི་འཕགས་པའི་ “ཨཱརྱ་” གང་ཟག་གང་རུང་གིས་མངོན་སུམ་དུ་བདེན་པར་རྟོགས་པའི་བདེན་དོན་གྱི་གནས་ལུགས་བཞི་ཡིན། དེ་རྣམས་ནི།
༡༽ ང་རང་ཚོ་ཚང་མ་མི་ཚེའི་ནང་དཀའ་སྡུག་མྱོང་གི་ཡོད།
༢༽ དཀའ་སྡུག་གང་མྱོང་བ་དེ་དག་རྒྱུ་ལ་བརྟེན་ནས་ཡོང་གི་ཡོད།
༣༽ དཀའ་སྡུག་དེ་དག་སླར་མི་འབྱུང་བའི་ཚུལ་གྱིས་ཡོངས་སུ་འགོག་ཐུབ་ཀྱི་ཡོད།
༤༽ དེ་ལྟ་བུའི་འགོག་པ་ནི་དཀའ་སྡུག་གི་རྒྱུ་མེད་པར་བཟོ་བའི་རྟོགས་པ་ལ་བརྟེན་ནས་འཐོབ་ཀྱི་ཡོད།
ང་ཚོས་དཀའ་སྡུག་དེ་དག་གི་རྒྱུ་མཐར་ཐུག་དེའི་སྐོར་བཤད་པའི་སྐབས་སུ་དབྱིན་སྐད་ཐོག་ “ignorance” ཞེས་བསྒྱུར་བའི་མ་རིག་པ་ལ་ཐུག་གི་ཡོད། ཡིན་ནའང་ཨིན་སྐད་ནང་མ་རིག་པ་ལ “unawareness” ཞེས་བསྒྱུར་ན་ཡག་ག་མཐོང་གི་འདུག། རྒྱུ་མཚན་ནི་ “ignorance” ཞེས་པའི་ཚིག་དེས་ང་ཚོ་གླེན་རྟགས་ཅན་ཡིན་པ་ལྟ་བུའི་གོ་དོན་སྤྲོད་ཅིང་། དེ་ནི་ཚིག་ཡག་པོ་ཞིག་མ་རེད། མ་རིག་པ་ནི་ང་ཚོ་གླེན་པ་ཡིན་ཟེར་བའི་དོན་མ་རེད།
མ་རིག་པ་ལ་དབྱེ་བ་གཉིས་ཡོད་པ་ནི། དང་པོ་དེ་ནི་ང་ཚོའི་སྤྱོད་ལམ་གྱི་ཆ་ནས་བཤད་པའི་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་དེ་ཡིན་ཅིང་། དེ་ནི་ང་ཚོས་གནོད་བྱེད་མི་དགེ་བའི་བྱ་སྤྱོད་སྤེལ་བ་ཡིན་ན། དེས་དཀའ་སྡུག་གི་རྒྱུ་བྱེད་ཀྱི་ཡོད་པ་རེད། དེ་ལས་གཏིང་ཟབ་པ་བསམ་བློ་གཏོང་བའི་སྐབས། ང་ཚོས་དངོས་པའི་གནས་ལུགས་ལ་རྨོངས་པའི་མ་རིག་པའི་སྐོར་བཤད་ཀྱི་ཡོད། ང་ཚོར་ཆོས་ཐམས་ཅད་རང་བཞིན་ཀྱིས་གྲུབ་པ་ལྟ་བུའི་བསམ་པའི་གོམས་གཤིས་ཤིག་ཡོད་པ་དང་། དེ་ལ་ཨིན་སྐད་ནང་ “self-established existence” ཞེས་བསྒྱུར་ཆོག།དེ་ནི་ང་ཚོར་ཡོད་པའི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པར་འཛིན་པའི་གོམས་གཤིས་དེ་ཡིན། གོམས་གཤིས་འདི་ཡོད་པ་ལ་བརྟེན་ནས་སྐད་ཅིག་རེ་རེ་བཞིན་ཆོས་རྣམས་རང་བཞིན་གྱིས་སོ་སོའི་སེམས་ནང་རང་ངོས་ནས་གྲུབ་པར་སྣང་གི་ཡོད། དེས་ག་རེ་སྟོན་གྱི་ཡོད་ཅེ་ན། ཕྱི་རོལ་གྱི་ཆོས་དེ་དག་སོ་སོ་ནས་རང་སྟེང་དུ་ཚུགས་ཐུབ་ཏུ་ཡོད་པ་དང། རང་དབང་གིས་ཡོད་པ། ཆོས་གཞན་གང་ལའང་བརྟེན་མི་དགོས་པའི་སྣང་ཚུལ་ཞིག་འཛིན་གྱི་ཡོད། འོན་ཀྱང་འདི་ལྟ་བུའི་ཆོས་རྣམས་ཀྱི་གྲུབ་སྟངས་དེ་ནི་དོན་དམ་གྱི་དངོས་པོའི་ཡོད་ལུགས་དང་མཐུན་གྱི་མེད་པ་དེ་མ་ཤེས་པར། ང་ཚོས་ཆོས་རྣམས་ཀྱི་གྲུབ་ལུགས་ངོ་མ་དེ་ལྟར་ཡིན་པ་ལྟར་འཛིན་གྱི་ཡོད།
དེ་ནི་གོ་སླ་པོ་ཞིག་མིན། འོག་ཏུ་བཀོད་པའི་དཔེ་མཚོན་གྱི་ལམ་ནས་ག་རེ་བཤད་ཀྱི་ཡོད་པའི་སྐོར་གསལ་སྟོན་བྱེད་རྒྱུ་ཡིན། དཔེ་ཆ་བཞག་ན། ང་ཚོས་སོ་སོའི་སྣུམ་འཁོར་གཏོང་བཞིན་པའི་སྐབས། འགྲུལ་ལམ་གཞན་དེའི་ནང་ཁ་ལོ་བ་གཞན་ཞིག་གིས་སྣུམ་འཁོར་གྱི་དུང་སྒྲ་གཏོང་བཞིན་ང་ཚོའི་སྔོན་དུ་བརྒལ་ནས་འགྲོ་རྩིས་བྱེད་ཀྱི་ཡོད་ན། སྐབས་དེར་ང་ཚོས་ཁ་ལོ་པ་དེ་ལ་མཐོང་སྣང་གང་འདྲ་ཞིག་ཡོང་ངམ། དེ་ནི་མི་གླེན་རྟགས་ཅན་ཞིག་གིས་བྲེལ་འཚུབ་ཀྱིས་ང་ཚོའི་སྔོན་དུ་བརྒལ་ནས་འགྲོ་རྩིས་བྱེད་ཀྱི་ཡོད་པའི་མཐོང་སྣང་དེ་ཡིན་ཅིང་། དེ་ཡང་ཆོས་གཞན་གང་ལ་ཡང་མ་བརྟེན་ནས་ཁོ་རང་རང་ངོས་ནས་རང་བཞིན་གྱིས་གླེན་རྟགས་ཅན་ཞིག་ཏུ་སྣང་གི་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། མི་དེ་དངོས་གནས་སོ་སོ་གླེན་པ་ལྟར་བཟོས་ནས་དུང་སྒྲ་གཏོང་བཞིན་ང་ཚོའི་སྔོན་དུ་བརྒལ་འདོད་བྱེད་དུས་ཁོ་རང་ངོས་ནས་མ་འགྲིག་པའམ་སྐྱོན་ཞིག་ཡོད་པ་གསལ་པོ་རེད། ང་ཚོས་དུང་སྒྲ་གོ་ཞིང། དུང་སྒྲ་གཏོང་མཁན་གྱི་མི་དེ་མཐོང་བའི་སྐབས་རང་བཞིན་གྱིས་ “གླེན་པ་ཁྱོད་” ཅེས་བསམ་གྱི་ཡོད། མི་དེ་ང་ཚོ་ལ་དེ་ལྟར་སྣང་བ་དང་ང་ཚོས་ཀྱང་མཐོང་སྣང་དེ་ནི་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་རེད་བསམ་གྱི་ཡོད། དངོས་གནས་བྱས་ན། བསམ་ཚུལ་འདི་ལྟ་བུ་ནི་གླེན་པ་རེད།
སྟོང་པ་ཉིད་ཀྱིས་གང་ཞིག་ནུས་མེད་བཟོ་གི་ཡོད་དམ།
མི་དེ་གླེན་རྟགས་ཅན་ལྟ་བུར་གྲུབ་པའི་རྟོག་བཅས་ཀྱི་ཤེས་པ་འདིའི་ཞེན་ཡུལ་དེ་གང་ཡིན་ནམ། དེ་ལྟ་བུའི་ཤེས་པའི་ཞེན་ཡུལ་དེ་ནི་གླེན་རྟགས་ཅན་གྱི་མི་དེ་ནི་དངོས་གནས་གྲུབ་པ་དང་། གོང་དུ་ཞུས་པའི་སྣུམ་འཁོར་དེའི་ནང་རང་བཞིན་གྱིས་གྲུབ་པའི་མི་གླེན་པ་ཡོད་པར་འཛིན་པ་དེ་རེད། དེ་ནི་ང་ཚོའི་རྟོག་པའི་ངོས་ལ་ཡོད་པའི་སྣང་ཚུལ་དེ་ཡིན། དཔེར་ན། ངའི་བསམ་པར་ཉལ་ཁང་གཞན་པ་ཞིག་གི་ནང་མི་ཞིག་འདུག་བསམ་གྱི་ཡོད། དེའི་སྐབས་ཀྱི་ཞེན་ཡུལ་ནི་ཉལ་ཁང་དེའི་ནང་ཡོད་པའི་མི་ག་གེ་མོ་དེ་ཡིན་ཅིང། དེ་ནི་སྐབས་དེའི་དངོས་ཡོད་གནས་སྟངས་དང་མཐུན་གྱི་ཡོད་བསམས་པ་དེ་རེད། ཞེན་ཡུལ་ནི་དབུ་མ་བའི་ལྟ་གྲུབ་སློབ་སྦྱོང་བྱེད་པའི་སྐབས་ཧ་ཅང་གལ་ཆེ་བའི་བརྡ་ཆད་ཅིག་ཡིན།
རྟོག་བཅས་ཀྱི་ཤེས་པ་གང་འདྲ་ཞིག་ཡིན་པ་དེའི་ནང་དུ་ཡུལ་མང་པོ་ཡོད་ཅིང་། སྐབས་འདིར་ “ཞེན་ཡུལ་” ནང་གི་ “ཞེན་” ཞེས་པའི་ཚིག་དེ་ “ཞེན་པ་” ཟེར་བ་ལྟ་བུ་བྱ་ཚིག་ལ་བེད་སྤྱོད་བྱེད་ཆོག་ལ་མིང་རྐྱང་ལའང་བེད་སྤྱོད་བྱེད་ཆོག དཔེར་ན། ས་སྐྱ་པའི་ལུགས་ལ་ཞེན་པ་བཞི་བྲལ་ཞེས་པའི་སྐབས་ཀྱི་ཞེན་པ་ལྟ་བུ་རེད། ཞེན་པ་ཞེས་པ་ནི་རྟོག་བཅས་ཀྱི་ཤེས་པའི་ནང་གང་སྣང་བ་དང་མཐུན་པའི་དངོས་པོའི་གནས་ལུགས་དང་སྦྲེལ་ནས་གཟུང་བའི་ཞེན་པ་ཞིག་ལ་ཟེར་བ་ཡིན། ནམ་རྒྱུན་དུ་རང་བཞིན་གྱིས་གྲུབ་པ་དང་རང་ངོས་ནས་གྲུབ་པར་འཛིན་པ་དེ་ཡོད་པའི་སྐབས། དེ་ནི་གང་ཡོད་པའམ་གྲུབ་པ་སྣང་ཚུལ་དེ་དངོས་གནས་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་རེད་བསམ་ནས་བདེན་པར་འཛིན་གྱི་ཡོད་པ་རེད། གོང་དུ་ཞུས་ཟིན་པའི་དཔེ་མཚོན་ལྟར་ན། ང་ཚོས་སྣུམ་འཁོར་གྱི་དུང་སྒྲ་གཏོང་བཞིན་པའི་ཁ་ལོ་བ་དེ་རང་ངོས་ནས་གླེན་རྟགས་ཅན་ཞིག་དུ་འཛིན་པའམ་ཞེན་པ་དེ་ཡིན། འདི་འདྲ་བའི་རྟོག་པ་ཞིག་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ཕ་རོལ་པོ་དེ་གླེན་པ་ལྟ་བུར་སྣང་གི་ཡོད། བྱས་ཙང་། ང་ཚོས་རང་གི་རྟོག་པའི་འཆར་སྣང་ལ་ཡིད་ཆེས་བྱས་ནས་མི་དེ་གླེན་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། སྐབས་འདིའི་ཤེས་པའི་ཞེན་ཡུལ་དང་སྣང་ཚུལ་ནི་སྣུམ་འཁོར་ནང་ཡོད་པའི་མི་གླེན་པ་ངོ་མ་དེ་ཡིན་པ་རེད།
“སྟོང་པ་ཉིད་” ཞེས་པ་ནི་གང་ཡང་རུང་བ་ཞིག་མེད་པའི་དོན་ (མེད་པ་ཉིད་, absence) ཡིན། སྐབས་འདིར་རྩ་བ་ནས་མེད་པའི་ཆོས་ནི་ང་ཚོའི་འཛིན་ས་དང་ཆགས་སའི་ཞེན་ཡུལ་དེ་མེད་པ་རེད། རང་ངོས་ནས་གྲུབ་པ་ལྟར་སྣང་བའི་གླེན་རྟགས་ཅན་གྱི་མི་དེ་དོན་དམ་པར་མེད་ལ་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་མ་ཡིན། འགྲུལ་ལམ་ཕ་གི་ལ་སྣུམ་འཁོར་གཏོང་བཞིན་པའི་གང་ཟག་ཞིག་ཡོད་པ་ཡིན་ནའང། དེ་གླེན་པ་ལྟར་རང་ངོས་ནས་གྲུབ་པ་ཞིག་མེད་ཅིང་། རང་ངོས་ནས་གྲུབ་པའི་མི་གླེན་པ་སུ་གཅིག་ཀྱང་མི་སྲིད། གང་ཡིན་ཞེ་ན། མི་སུ་ཡིན་ཡང་རང་བཞིན་གྱིས་གླེན་པར་གྲུབ་པ་ཞིག་ནི་མེད། དེར་བརྟེན་སྣུམ་འཁོར་དེའི་ནང་རང་བཞིན་གྱིས་གྲུབ་པའི་གླེན་པ་ཞིག་མེད། དེ་ནི་སྤྱིར་བཏང་གི་སྟོང་པ་ཉིད་ཀྱི་ཐོག་ལ་བསམ་བློ་གཏོང་སྟངས་ཤིག་ཡིན། འོན་ཀྱང་ང་ཚོས་ད་དུང་སྟོང་ཉིད་ཀྱི་གོ་བ་ཡག་ཏུ་གཏོང་དགོས། གང་ཡིན་ཟེར་ན། འདི་ཡང་སྟོང་ཉིད་ཀྱི་གོ་དོན་གནད་དུ་འཁེལ་བ་ཞིག་ཆགས་མེད།
ད་དུང་དེ་ཙམ་གནད་དུ་འཁེལ་བ་ཞིག་མེད་ཀྱང་གོ་སླ་བའི་དཔེ་མཚོན་ཞིག་བཞག་ན། ཕྲུ་གུ་ཞིག་གིས་ཉལ་ཁྲིའི་འོག་ལ་གདོང་འདྲེ་ཡོད་བསམ་པའི་རྟོག་པ་དེའི་ཞེན་ཡུལ་ནི་ཉལ་ཁྲིའི་འོག་དེར་ཡོད་པའི་གདོང་འདྲེ་ངོ་མ་དེ་ཡིན་པ་རེད། ཡིན་ནའང་ཕྲུ་གུ་དེར་ཞེད་སྣང་ཡོད་པ་ནི་དངོས་ཡོད་གནས་སྟངས་གང་དང་ཡང་མཐུན་གྱི་མེད། བྱས་ཙང་། ང་ཚོས་མེད་པ་ཉིད་བཤད་པའི་སྐབས་སུ་དེ་ནི་གཞི་བྱེ་བྲག་པ་གང་ཞིག་གཏན་ནས་མེད་པ་དང་། དང་པོ་ནས་མེད་པའམ་གཞི་མ་གྲུབ་པའི་ཆོས་ཞིག་མེད་པ་ལ་ཟེར་བ་ཡིན། དེ་ནི་རྩ་བ་ནས་མི་སྲིད་པ་ཞིག་རེད།
ཡིན་ནའང་སྟོང་པ་ཉིད་ཟེར་བའི་སྐབས། ང་ཚོས་མི་སྲིད་པའི་ཆོས་ཤིག་མེད་པའི་སྐོར་བཤད་ཀྱི་ཡོད། དཔེར་ན། གོང་དུ་ཞུས་པའི་གདོང་འདྲེ་ལྟ་བུ་རེད། ང་ཚོས་ཆོས་རྣམས་ཀྱི་གྲུབ་ལུགས་སམ་ཡོད་ལུགས་མི་སྲིད་པའི་སྐོར་བཤད་ཀྱི་ཡོད། དཔེར་ན། ཉལ་ཁྲིའི་དེའི་འོག་ལ་ཞི་མི་ཞིག་ཡོད་ཆོག་ཅིང་། དེ་ལ་ཕྲུ་གུ་དེས་གདོང་འདྲེར་འཛིན་ཆོག་ཀྱང་ཞི་མི་དེ་གདོང་འདྲེར་གྲུབ་མེད་པ་ཡིན། རྒྱུ་མཚན་ནི་ “གདོང་འདྲེ་ལྟར་གྲུབ་པའི་” ཆོས་ཤིག་མེད་པ་རེད། འདིར་མེད་པ་ཉིད་ཀྱིས་ཞི་མི་མེད་ཅེས་དགག་པ་བརྒྱབ་པ་མིན་པར། ཞི་མི་གདོང་འདྲེ་ལྟར་རང་བཞིན་གྱིས་་ཡོད་པའི་གྲུབ་ལུགས་དེར་དགག་པ་བརྒྱབ་ཀྱི་ཡོད།
རྟོག་པས་བཏགས་པ་དེ་ཚད་མར་འཇོག་པ།
ཡང་བསྐྱར་ང་ཚོས་བཞག་པའི་གླེན་པའི་དཔེ་མཚོན་དེར་གཅིག་བལྟས་ན། ལྟོས་བཅས་ཀུན་རྫོབ་ཀྱི་དབང་དུ་བྱས་ན། ཁ་ལོ་བ་དེས་གླེན་པ་གཅིག་ནང་བཞིན་སྣུམ་འཁོར་གཏོང་གི་ཡོད་སྲིད་ཀྱང་། ང་ཚོས་རྟོག་པས་མི་དེ་ལ་ “གླེན་པ་” ཞེས་བཏགས་ནས་དེ་ཚད་མར་ཇི་ལྟར་འཇོག་ཐུབ་བམ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཟླ་བ་གྲགས་པས་ཚད་མས་བཏགས་པ་ལ་ཚད་འཛིན་གྱི་ཆ་རྐྱེན་གསུམ་གསུངས་ཡོད།
དང་པོ། སྔོན་མ་ནས་གཏན་ལ་ཕབ་ཞིང་ཁས་ལེན་ཡོད་པའི་ཀུན་རྫོབ་ཀྱི་ཡོད་ཚུལ་དེ་དང་མཐུན་པའི་བློས་འདོག་ཚུལ་ཞིག་ཡོད་དགོས། འཇར་མ་ནི་ནང་སྣུམ་འཁོར་གཏོང་བར་འགྲོ་ལུགས་ཀྱི་ཁྲིམས་ངེས་ཅན་ཡོད་པས། ལག་པ་དུང་སྒྲ་འབུད་སར་བཞག་ནས་སྣུམ་འཁོར་བཏང་སྟེ་གཞན་གྱི་སྔོན་དུ་བརྒལ་ནས་འགྲོ་ཐབས་བྱེད་པ་ཚུལ་མཐུན་ལ་བརྩི་ཡི་མེད། གལ་སྲིད་མི་ཞིག་གི་དེ་ལྟར་བྱེད་ཀྱི་ཡོད་ན་ཁོ་གླེན་པ་ཞིག་ལ་ངོས་འཛིན་བྱེད་ཆོག་པ་ཡིན། འདི་ནི་ལྟོས་ས་ལྟོས་ཕྱོགས་ཀྱི་ཀུན་རྫོབ་དབང་དུ་བྱས་པ་རེད། འོན་ཀྱང་རྒྱ་གར་ནང་དེ་ལྟར་སྣུམ་འཁོར་གཏོང་བ་དེ་འཆར་ཅན་མཐོང་རྒྱུ་ཡོད་པ་ཞིག་ཡིན། ཐེངས་གཅིག་ང་ནུབ་ཕྱོགས་ལ་ཐེངས་དང་པོ་འགྲོ་མཁན་རྒྱ་གར་བ་ཞིག་དང་མཉམ་དུ་ཡོ་རོབ་ལ་ཡོང་བའི་སྐབས་ཁོ་རང་ཧོན་འཐོར་ཆེ་ཤོས་བྱུང་ས་ནི་ཡོ་རོབ་ལ་ཁ་ལོ་བ་རྣམས་སྣུམ་འཁོར་གྱི་དུང་སྒྲ་མ་འབུད་པར་གཏོང་བ་དེ་ཆགས་སོང་། གང་ཡིན་ཟེར་ན། ནུབ་ཕྱོགས་ལ་དུང་སྒྲ་འབུད་ནས་སྣུམ་འཁོར་གཏོང་མཁན་ཞིག་ཡིན་ན། དེ་གླེན་པར་བརྩི་བ་ལྟར་བལྟ་སྟངས་དེའི་ཐོག་ནས་མི་དེར་གླེན་པ་ཞེས་བརྗོད་ན་འགྲིག་པ་ཡིན།
གཉིས་པ། སྐབས་འདིར་ཕྱིའི་སྣང་ཚུལ་ལམ་ཀུན་རྫོབ་བདེན་པ་རྟོགས་པའི་ཚད་མའི་བློ་དང་མི་འགལ་བ་ཞིག་དགོས་པ་དེ་ཡིན། ཡུལ་གྱི་སྒོ་ནས་བཤད་ན། མི་དེས་གླེན་པ་ལྟར་སྣུམ་འཁོར་གཏོང་གི་འདུག་གམ་མི་འདུག ང་རང་གི་མིག་ཤེལ་དེ་ཡག་པོ་བྱས་ནས་གྱོན་འདུག་གམ། ང་རང་གི་རྣ་བར་ཉན་ཆས་ཀྱི་ཡོ་བྱད་དེ་ཡག་པོ་བྱས་ནས་གྱོན་འདུག་གམ་མིན་འདུག།ངས་མ་ནོར་བར་ཏག་ཏག་མཐོང་བ་དང་ཐོས་ཀྱི་འདུག་གམ། ཡང་མི་གཞན་གྱིས་ཀྱང་ཁ་ལོ་བ་དེས་དུང་སྒྲ་སྒྲོགས་བཞིན་གཞན་གྱི་སྔོན་དུ་བརྒལ་འདོད་བྱེད་ཀྱི་ཡོད་པ་མཐོང་གི་འདུག་གམ་མི་འདུག་སོགས་རང་གཞན་གཉིས་ཀས་ཡུལ་གྱི་མཐོང་ལུགས་ཚད་མ་དང་མི་འགལ་བ་ཞིག་ཡིན་པ་ལ་ཟེར།
གསུམ་པ། རྟོག་པས་གང་བཏགས་པ་དེ་མཐར་ཐུག་དོན་དམ་རྟོགས་པའི་ཚད་མའི་བློ་དང་མི་འགལ་བ་དེ་ཡིན། འདི་ནི་གང་ཟག་དེ་ག་འདྲ་བྱས་ནས་གླེན་པ་ལྟར་གྲུབ་པའི་གྲུབ་ལུགས་ཇི་བཞིན་དུ་མཐོང་མཁན་གྱི་ཚད་འཛིན་བློ་དེར་གོ་དགོས། དེ་ཡང་མི་དེ་ག་འདྲ་བྱས་ནས་གླེན་པ་ཡིན་ནམ། མི་དེ་རང་གི་སྣུམ་འཁོར་གང་དུ་དང་གང་འདྲ་བྱས་ནས་གཏོང་གི་ཡོད་པ་ལ་ལྟོས་པའི་ཀུན་རྫོབ་དུ་གླེན་པ་ལྟར་སྣང་བ་ཡིན་ནམ། ཡང་ན་མི་དེ་རང་ངོས་ནས་གླེན་པ་ཞིག་ལྟར་གྲུབ་པར་འཛིན་པའི་ང་ཚོའི་འཆར་སྣང་ཙམ་ཞིག་ཡིན་ནམ། གལ་སྲིད་ང་ཚོས་མི་དེ་རང་བཞིན་གྱིས་གླེན་པ་ལྟར་གྲུབ་པ་མཐོང་གི་ཡོད་ན། དེ་ནི་དོན་དམ་པའི་ཆོས་རྣམས་ཀྱི་གནས་ལུགས་གཟིགས་པའི་ཚད་མའི་བློ་དང་འགལ་འགྲོ་བ་ཡིན། མི་དེ་ལྟོས་བཅས་ཀུན་རྫོབ་ཀྱི་སྒོ་ནས་གླེན་པ་ལྟར་སྣུམ་འཁོར་གཏོང་གི་ཡོད་ན། དེ་ནི་ཏག་ཏག་བསྡད་པ་དང་། སྤྱི་སྲོལ་གྱི་འགྲོ་སྟངས་དང་མཐུན་པ། དེ་བཞིན་ཚད་མའི་འདོགས་ཚུལ་ཞིག་དང་ཕྱིའི་སྣང་ཚུལ་གྱི་སྒོ་ནས་བདེན་པ་ཡིན། ང་ཚོས་ཁ་ལོ་བ་དེ་རང་ངོས་ནས་གླེན་པ་ལྟར་ག་འདྲ་ཡོད་པ་དེ་སྤྲོས་བཤད་བྱེད་ཀྱི་ཡོད། ཁོ་གླེན་པ་ལྟར་ཡོད་པ་ནི་རྐྱེན་མང་པོ་ལ་བརྟེན་དགོས་པ་ཙམ་ཡིན། དེ་ཡང་དམིགས་བསལ་བློའི་འདོགས་ཚུལ་སོགས་མང་པོ་ཞིག་ཡོད་པ་འོག་ཏུ་ཤོད་རྒྱུ་ཡིན།
ང་ཚོར་ཕྱི་ཚུལ་གྱི་རྫུན་པའི་སྣང་ཚུལ་ཞིག་ཡོད་པ་དེ་སྤྲོས་བཤད་བྱས་ནས་གང་མེད་པ་ཞིག་ལ་ཡོད་ཚུལ་གྱི་བློའི་འཆར་སྣང་ཞིག་བསྐྲུན་གྱི་ཡོད། དེ་ཡང་ཡོད་ཚུལ་ལམ་གྲུབ་ཚུལ་མེད་པ་དེ་ཡིན། ང་ཚོས་དེ་བསམ་བཞིན་དུ་དེ་ལྟར་བྱེད་ཀྱི་མེད་པར། དེ་ནི་དྲན་ཤེས་མེད་པ་ཡིན། དེ་ནི་རང་བཞིན་གྱིས་དེ་ལྟར་ཡོང་གི་ཡོད། གང་ཡིན་ཞེ་ན། ང་ཚོར་ཆོས་ཐམས་ཅད་དེ་ལྟར་མཐོང་ཚུལ་གྱི་གོམས་གཤིས་ཡོད་པས་ཡིན། སྐབས་འདིར་སྤྲོས་བཤད་བྱས་པ་ནི་ཁ་ལོ་བ་དེ་རང་བཞིན་གྱིས་གླེན་པར་གྲུབ་པ་ལྟར་འཛིན་པ་དེ་ཡིན་ཅིང་། དེ་འདྲའི་རང་བཞིན་གྱིས་འཛིན་ཚུལ་ནི་དོན་དམ་དངོས་པོའི་གནས་ལུགས་གང་དང་ཡང་མཐུན་གྱི་མེད། སྐབས་འདིར་ཡང་བསྐྱར་ང་ཚོས་ཡོད་པ་མི་སྲིད་པའི་གྲུབ་ལུགས་ཞིག་མེད་ཟེར་བའི་སྐོར་བཤད་ཀྱི་ཡོད་པ་ལས་ཡོད་པ་མི་སྲིད་པའི་ཡུལ་ཞིག་གི་སྐོར་བཤད་ཀྱི་མེད།
“ལྷན་སྐྱེས་” དང་ “རང་བཞིན་” གཉིས་ཀྱི་ཁྱད་པར།
རང་བཞིན་གྱིས་གྲུབ་པ་དང་བློའི་འདོགས་ཚུལ་ཞེས་པའི་དོན་གང་ཡིན་པའི་སྐོར་ལ་ཏོག་ཙམ་ཞིབ་ཚགས་པོ་བཤད་རྒྱུ་ཡིན། དེ་ཡང་ང་ཚོས་ལྷན་སྐྱེས་དང་རང་བཞིན་གཉིས་ཀྱི་ཁྱད་པར་ཤེས་དགོས་པ་ཡིན།
ང་ཚོར་ལྷན་སྐྱེས་ཀྱི་ཁྱད་ཆོས་མང་པོ་ཡོད་པ་རེད། དཔེར་ན། ང་ཚོ་འགྲོ་བ་སེམས་ཅན་ཞིག་ཡིན་པའི་ཆ་ནས་ང་ཚོ་ལ་རང་ཆས་སུ་ཡོད་པའི་སེམས་ཀྱི་རྒྱུན་ལ་ལྷན་སྐྱེས་སུ་ཡོད་པའི་ལུས་དང། ངག ཡིད། བསམ་ཤེས། སེམས་ཚོར་སོགས་ཡོད་པ་རེད། དེ་ཙམ་མ་ཟད། ང་ཚོར་ཁམས་བདེ་གཤེགས་སྙིང་པོ་དང་དེའི་ཡོན་ཏན་ཆ་ཚང་ལྷན་སྐྱེས་སུ་ཡོད། བོད་སྐད་ནང་གི་བརྡ་ཆད་ལྷན་སྐྱེས་དང་ལེགས་སྦྱར་སྐད་ནང་ས་ཧ་ཇ་ཞེས་པ་དེར་དབྱིན་སྐད་དུ་ “innate” ཞེས་དང་། ཡང་མཚམས་མཚམས་ “དུས་གཅིག་ཏུ་འབྱུང་བ་” “simultaneously arising” ཞེས་ཀྱང་བསྒྱུར་བ་ཡོད། དེའི་དོན་ནི་དེ་དག་ནི་ཞར་བྱུང་དུ་རང་ཆས་སུ་ཡོད་པའི་ཁྱད་ཆོས་རྣམས་ཡིན་པ་དང་། དེ་དག་ཀྱང་སེམས་ཀྱི་སྐད་ཅིག་རེ་རེའི་དུས་གཅིག་ཏུ་འབྱུང་གི་ཡོད། ང་ཚོ་གཉིད་ཁུག་པ་དང་གཉིད་ལས་སད་པའི་གནས་སྐབས་ཀྱི་མྱོང་བ་རེ་རེའི་ནང་ང་ཚོ་ལ་ལུས་ངག་ཡིད་གསུམ་དུས་གཉམ་དུ་ཡོད། ང་ཚོ་གཉིད་ཁུག་བཞིན་པའི་སྐབས་སུ་སྐད་ཆ་ཤོད་པ་མེད་སྲིད་ཀྱང་། སྐད་ཆ་ཤོད་པའི་ནུས་པ་ང་ཚོར་ཡོད། དཔེར་ན། གཞན་གྱིས་ང་ཚོར་ལྟ་དུས་གཉིད་ཁུག་པ་མཐོང་ཐུབ་ཀྱི་ཡོད། གཉིད་ཁུག་པའི་སྐབས་སུ་ང་ཚོས་སྔུར་བ་འཐེན་གྱི་མེད་ཀྱང་། དབུགས་གཏོང་ལེན་ལ་ཆ་སྙོམ་གྱི་རང་བཞིན་ཞིག་དང་དལ་བའི་རང་བཞིན་ཞིག་ཡོད་པས། ང་ཚོ་གཉིད་ཁུག་ཡོད་པ་ཤོད་ཐུབ་པ་ལྟར་ཡིན། དེ་ནི་ང་ཚོས་དུས་རྟག་ཏུ་གཞན་ལ་འབྲེལ་བ་བྱེད་སྟངས་ཀྱི་དཔེ་མཚོན་ཞིག་ཡིན། འདི་ལྟ་བུའི་ཁྱད་ཆོས་ལ་ནམ་རྒྱུན་ཨིན་སྐད་ནང་ “སྐད་ཆའམ་ངག་” ཅེས་བསྒྱུར་གྱི་ཡོད་ནའང་། དེ་ངག་གི་སྨྲ་བརྗོད་ཙམ་ཞིག་གི་དོན་མིན་པར། འདི་དག་ནི་ལྷན་སྐྱེས་ཀྱི་ཆ་རྐྱེན་རྣམས་རེད།
“རང་བཞིན་” ཞེས་པའི་ཐ་སྙད་དེ་ནི་གཞན་ལས་ཐ་དད་པ་ཞིག་ཡིན། དེ་ཡང་ཆོས་གང་ཞིག་གྲུབ་ཡོད་ན། དེ་ནི་རང་བཞིན་ལྷན་སྐྱེས་ཀྱིས་གྲུབ་པའི་དོན་ཞིག་དང་། འོན་ཀྱང་དེ་ནི་རང་དབང་གིས་ཆོས་ཤིག་གྲུབ་པ་དང་གྲུབ་པ་ནང་བཞིན་སྣང་གི་ཡོད། མཚམས་རེར་ཡུལ་ཁོ་རང་གང་ཡིན་པ་དེའི་སྟེང་དུ་ཡོད་པའི་མཚན་ཉིད་ངེས་ཅན་སྟོན་པའི་ཁྱད་ཆོས་ཞིག་ཡིན་པ་ལྟར་བཤད་ཀྱི་ཡོད། གླེན་པ་ལྟ་བུ་དེ་ཡང་ཁོ་རང་དང་མཉམ་དུ་དངོས་གནས་ནོར་འཁྲུལ་ཞིག་ཡོད་པ་དང་། ཁོ་རང་རང་གི་སྟེང་དུ་རྟག་ཏུ་རྙེད་རྒྱུ་ཡོད་པ་ཞིག་དང་། དེ་ཡང་རང་དབང་གིས་ཁོ་རང་གླེན་པར་གྲུབ་པ་ཞིག་ཡིན། ཡང་མི་ཞིག་དང་འབྲེལ་ནས་ང་ཚོའི་སེམས་ནང་ཡང་ཡང་འཁོར་ཆོག་པའི་བསམ་བློ་ནི། ནམ་རྒྱུན་ང་ཚོས་ “ངའི་ཁྱིམ་མཚེས་ག་དུས་ཡིན་ཀྱང་གཞས་སྐད་སྒྲ་ཆེན་པོ་གཏོང་མཁན་སྡུག་ཅག་དེ་” ཞེས་བསམ་པའམ། “ད་ལྟ་རང་ངས་མཐོང་བའི་མི་ཡག་པོ་དེ་” ཞེས་པ་ལྟ་བུ་ག་དུས་ཡིན་ཀྱང་མི་དེ་དག་ལ་རང་བཞིན་གྱིས་གྲུབ་ལུགས་ཞིག་ཡོད་པ་ལྟར་མཐོང་གི་ཡོད། འདིར་ངས་སེམས་ཚོར་ཤུགས་ཆེན་པོ་ཡོད་པའི་དཔེ་མཚོན་འགའ་བཀོད་པ་ཡིན། འོན་ཀྱང་འདི་ནི་ཆོས་མཐའ་དག་ལ་ཡོད་པའི་འཛིན་ཚུལ་ཞིག་ཡིན། རང་ཉིད་ཀྱང་རང་བཞིན་གྱིས་ཡོད་པའི་གྲུབ་ལུགས་ཞིག་གི་ཐོག་ནས་རང་བཞིན་གྱིས་འགྲོ་བ་མི་ཞིག་ཡིན་པར་མཐོང་བ་ལྟ་བུ་རེད།
ཁ་ལོ་བ་ཁོ་རང་གི་རྒྱུད་ལ་རང་བཞིན་གྱིས་གྲུབ་པའི་གླེན་པ་ལྟར་མཐོང་བའི་ཆོས་དེ་ཡོད་པ་དེས་ཁོ་རང་གང་ལ་ཡང་མ་བརྟེན་པར་རང་དབང་དུ་གྲུབ་ལུགས་ཤིག་ཡོད་པ་ལྟར་མཐོང་གི་ཡོད། ང་ཚོས་ཆ་བསིལ་ནས་བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་སྐབས་ཡུལ་གྱི་ངོས་ནས་རང་བཞིན་གྱིས་གྲུབ་པ་དེ་བརྙེད་རྒྱུ་མེད་པ་གསལ་པོ་རེད། གལ་སྲིད་ང་ཚོས་སྣུམ་འཁོར་ནང་ཡོད་པའི་མི་དེར་དཔྱད་པ་བྱེད་འགོ་བཙུག་ན། རྡུལ་ཕྲན་དང་ནུས་ཤུགས་ཀྱི་གཞི་ཧ་ཅང་མང་པོ་ཞིག་རྙེད་ཐུབ་པ་ལས་མི་དེ་གླེན་པ་ཡིན་པའི་ཆོས་རྡོག་རྡོག་ཅིག་ལ་མཛུབ་མོ་བཙུགས་ནས་སྟོན་མི་ཐུབ་པ་ཡིན། ཡང་ང་ཚོས་ཁ་ལོ་བ་དེ་ཡིས་དུང་སྒྲ་འབུད་པའི་བྱེད་ལས་ཀྱི་འགུལ་ཤུགས་དེ་སྐར་ཆ་ས་ཡ་ལ་ཕྱེས་ནས་ཞིབ་པར་བལྟས་ན། དུང་སྒྲ་འབྱུང་སའི་ཡོ་ཆས་ལ་སྣོན་མཁན་གྱི་མཛུབ་མོ་དེ་ཕྱོགས་གཉིས་ལ་མི་ཊར་སྟོང་ཆ་གཅིག་ཙམ་ཕར་འགུལ་ཚུར་འགུལ་བྱེད་པའི་གཡོ་འགུལ་གྱི་མྱུར་ཚད་ཙམ་ལས་བརྙེད་མི་ཐུབ། དེར་བརྟེན་མི་དེ་གླེན་པ་བཟོ་མཁན་གང་ཡིན་ནམ། ཁྱེད་རང་གིས་མི་དེའི་སྐར་ཆ་ས་ཡ་མང་པོར་ཕྱེ་བའི་སྤྱོད་ལམ་གྱི་ཆ་ཞིག་ལ་མཛུབ་མོ་བཙུགས་ནས་མི་དེ་གླེན་པ་རེད་ཟེར་ཐུབ་བམ། བྱས་ཙང་། མི་དེ་གླེན་པ་ལྟར་ང་ཚོའི་མཐོང་སྣང་ལ་ཡོད་ཀྱང་། ཡུལ་རང་གི་ངོས་ནས་རང་སྟོབས་ཀྱིས་མི་དེ་གླེན་པ་བཟོ་མཁན་ཞིག་བརྙེད་རྒྱུ་མེད།
འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་བྱས་ན། ཁོས་གླེན་པ་ནང་བཞིན་ལས་ཀ་བྱེད་ཀྱི་ཡོད། སྐབས་འདིར་ང་ཚོས་མཐོང་སྣང་རྫུན་པ་དང་འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་བྱས་པའི་མཐོང་སྣང་གཉིས་ཀྱི་ཚད་ཏག་ཏག་དེ་ངོས་ལེན་བྱེད་དགོས། ཁ་ལོ་བ་དེས་གླེན་པ་ནང་བཞིན་ལས་ཀ་བྱེད་ཀྱི་ཡོད་པ་དེ་བདེན་པ་རེད། དཀའ་ངལ་ནི། མི་དེ་གླེན་པ་ནང་བཞིན་གྲུབ་པ་ཞིག་ཇི་ལྟར་སྣང་གི་ཡོད་པ་དེ་ཡིན། ཁོས་རྒྱུ་རྐྱེན་གཞན་ལ་བརྟེན་ནས་གླེན་པ་ནང་བཞིན་ལས་ཀ་བྱེད་ཀྱི་ཡོད། དེ་ཡང་ཁོ་རང་ལས་གཞན་པའི་ཆོས་རྣམས་ལ་བརྟེན་ནས་ཡོད། དེ་ནི་ཁོ་རང་རང་གི་རྒྱུད་ལ་ནུས་པ་འདྲ་པོ་ཞིག་ཡོད་པའི་དབང་གིས་གླེན་པ་ནང་བཞིན་བྱ་སྤྱོད་སྤེལ་གྱི་ཡོད་པ་ཞིག་མ་རེད། ཁོས་གླེན་པ་ནང་བཞིན་བྱ་བ་བྱེད་པ་དེ་སྣུམ་འཁོར་གཏོང་བའི་སྐབས་ལག་པ་ཕྱོགས་ངེས་ཅན་ཞིག་ལ་བསྐོར་བ་སོགས་ལུས་ཀྱི་ཆ་ཤས་ལ་གཞི་རྟེན་བྱེད་པ་དང་། ཁོ་རང་སྣུམ་འཁོར་འཚང་འགག་ནང་ཚུད་ནས་ཡོད་པ་དང་བྲེལ་བ་ཡོད་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད། གལ་སྲིད་ཁོ་རང་བཞིན་གྱིས་གླེན་པ་ཞིག་ཡིན་ན། སྣུམ་འཁོར་མི་གཏོང་བའི་སྐབས་དང་། ཐ་ན་གཉིད་ཁུག་པའི་སྐབས་སུའང་གླེན་པ་ཡིན་དགོས། མི་དེས་གླེན་པ་ནང་བཞིན་ལས་ཀ་བྱེད་པ་ནི། དེའི་སྐབས་སུ་ཁོ་རང་གནས་སྟངས་ཤིག་གི་ནང་ཡོད་པ་ལ་བརྟེན་ནས་བྱེད་ཀྱི་ཡོད། དེ་བཞིན་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་བའི་རྒྱུ་རྐྱེན་གཞན་མང་པོ་ཡོད་ཆོག དཔེར་ན། རིག་གཞུང་དང་། སེམས་ཁམས་དང་། སོ་སོ་སྒེར་གྱི་གནས་སྟངས་སོགས་ལ་བརྟེན་ནས་ཡོང་ཆོག་པ་ཡིན། དེ་དག་ཐམས་ཅད་ལ་བརྟེན་ནས་མི་དེས་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་གི་ཡོད་པ་སྟོན་གྱི་ཡོད།
བློའི་འདོགས་ཚུལ།
དེར་མ་ཟད། ད་དུང་སྤྱིར་བཏང་གི་སྐད་ཆ་ཞིག་བཤད་ན། མི་དེས་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་བའི་ཤེས་པ་དེ ་“གླེན་པ་” ཞེས་པའི་འཛིན་སྟངས་ལ་བརྟེན་ཡོད་པ་བཤད་ཆོག། གལ་སྲིད་གླེན་པ་ཟེར་བའི་འཛིན་སྟངས་དེ་མེད་པ་ཡིན་ན། ང་ཚོས་ཁོས་གླེན་པ་ནང་བཞིན་སྣུམའཁོར་གཏོང་གི་འདུག་ཅེས་བཤད་མི་ཐུབ་པ་ཡིན། དེ་ཐུབ་བམ། འཛིན་སྟངས་འདི་བརྒྱུད་ནས་ང་ཚོས་བློས་བཏགས་པའི་གནས་དེ་ཤོད་དགོས་པ་ཡིན།
བློས་བཏགས་པ་ཟེར་བ་དེ་གང་ལ་གང་འཚམས་ཀྱི་མགོ་རྙོག་པོ་ཞིག་མཐོང་སྲིད། ང་ཚོས་མི་དེར་གླེན་པ་ཞེས་འབོད་པ་ཙམ་གྱིས་མི་དེ་གླེན་པ་ཆགས་ཀྱི་མེད། དེ་ཆགས་སྲིད་དམ། སྐབས་འདིར་ང་ཚོས་ཕྲུ་གུ་ཆུང་ཆུང་ཚོས་ “ཁྱེད་རང་གླེན་པ་རེད་” ཅེས་ཕན་ཚུན་སྐད་ལོག་རྒྱག་གི་ཡོད་པའི་སྐོར་ལ་བཤད་ཀྱི་མེད་ལ། བློས་བཏགས་པ་དང་མིང་ནས་འབོད་པ་ཙམ་གྱིས་དེ་ཆགས་དགོས་པའི་ནུས་པའང་མེད། མི་མང་པོ་ཞིག་གིས་བློས་བཏགས་པ་ཟེར་དུས་ཚིག་དང་འཛིན་སྟངས་ལ་བརྟེན་ནས་བཟོས་པའི་ཆོས་ཤིག་ཡིན་པར་བསམ་གྱི་ཡོད་ཀྱང་། དེ་ནི་ནང་པའི་ཆོས་ཀྱི་ནང་ནས་བཤད་པའི་བློས་བཏགས་ཟེར་བའི་དོན་དག་རྩ་ནས་མ་རེད།
དེའི་སྐོར་ལ་བསམ་བློ་ཞིག་གཏོང་དང་། ང་ཚོས་མི་དེ་ལ་གླེན་པ་ཞེས་བློས་བཏགས་ནའང་འདྲ་མ་བཏགས་ནའང་འདྲ། ང་ཚོས་ “གླེན་པ་” ལ་བསམ་བློ་གཏོང་གི་ཡོད་ནའང་འདྲ་མེད་ནའང་འདྲ། དེ་བཞིན་སྐབས་དེར་རྒྱ་ལམ་དེར་ཡོད་པའི་མི་གཞན་པ་དེ་ཚོས་ཁོས་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་གི་ཡོད་པ་མཐོང་ནའང་འདྲ་མ་མཐོང་ནའང་འདྲ་སྟེ། ཁོས་ད་དུང་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་གི་ཡོད་དམ། གལ་སྲིད་ཁོ་རང་རྒྱ་ལམ་ནང་དུ་གཅིག་པུ་དེ་ཡིན་པ་དང་། མི་སུས་ཀྱང་ཁོ་ལ་གླེན་པ་ཟེར་གྱི་མེད་ནའང་། ད་དུང་ཁོས་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་གི་ཡོད་དམ།
འདིར་ང་ཚོས་གླེན་པ་ཞེས་པའི་འཛིན་སྟངས་ཡོད་མཁན་དང་། མེད་མཁན་གྱི་སྡེ་ཚན་གཉིས་ཀྱི་བསམ་བློ་ལ་ཁྱད་པར་ཡོད་ཅེས་བཤད་དགོས། བྱས་ཙང། དེ་ནི་སྡེ་ཚན་མི་འདྲ་བ་གཉིས་དང་དང་དེ་ལ་ཡོད་པའི་རྣམ་རྟོག་གི་སྒྲོམ་གཞི་ལ་རག་ལུས་པ་ཡིན། འདིར་ང་ཚོས་ཁོས་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་བ་དེ་འཇིག་རྟེན་ཀུན་རྫོབ་ཀྱི་ལུགས་དང་བསྟུན་ནས་བཤད་ཐུབ་ཀྱང་། མི་དེས་མཐའ་གཅིག་དུ་རང་བཞིན་དང་རང་ངོས་ནས་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་གི་མེད། དེ་ནི་མི་སུ་འདྲ་ཞིག་གིས་མི་དེ་མཐོང་ཡོད་མེད་པ་མ་ལྟོས་པར། གླེན་པ་ནང་བཞིན་མཐོང་དང་མ་མཐོང་དེ་ཁྲིམས་དང་ལུགས་སྲོལ་ངེས་ཅན་ཞིག་ལ་ལྟོས་ནས་བཞག་དགོས་པ་ཡིན། གལ་སྲིད་ང་ཚོས་མི་དེ་གང་ལ་ཡང་མ་ལྟོས་པར་ཁོ་རང་རང་ངོས་ནས་གྲུབ་པའི་ཚུལ་དུ་སྣུམ་འཁོར་གཏོང་ལུགས་ཞིག་བཞག་ནས་གླེན་པར་བརྩིས་ན། དེ་ནི་ཡིན་པ་མི་སྲིད་པ་ཞིག་རེད། འདི་དག་ནི་བློས་བཏགས་ཚུལ་འཇོག་པའི་སྐབས་སུ་མི་རྣམས་ཀྱི་མགོ་རྙོག་སའི་གཞི་དེ་དག་ཡིན།
དེ་ལྟར་ཡིན་ན་ང་ཚོའི་སེམས་ནང་ “ང་ཚོས་ཡུལ་གྱི་ངོས་ནས་མི་དེས་སྣུམ་འཁོར་གཏོང་སྟངས་ཞིག་འཇོག་ཐུབ་བམ་” ཞེས་བསམ་སྲིད་ཅིང་། དེ་ནི་ཞིབ་འཇུག་བྱེད་འོས་པའི་དྲི་བ་ཡག་པོ་ཞིག་ཡིན། དོན་ངོ་མར་གནས་སྟངས་ག་རེ་འབྱུང་བཞིན་པ་དེ་ལ་འཛིན་པ་སྐྱེ་བ་དེ་དཀའ་ངལ་ཞིག་རེད། དཔེར་ན། ཁ་ལོ་བ་དེས་དངོས་གནས་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་གི་འདུག་གམ་མིན་འདུག་ཅེས་ཁོ་དངོས་གནས་ག་རེ་ཡིན་ཚུལ་གྱི་གནས་དེར་སླེབས་སྐབས། ང་ཚོ་རང་བཞིན་གྱིས་གྲུབ་པའི་གནས་དེར་ཡོད་པ་ཡིན། མི་འདིས་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་གི་ཡོད་པ་དེ་ནུབ་ཕྱོགས་ཀྱི་ལམ་ལུགས་སྲོལ་ནང་ཡོད་པའི་ “གླེན་པ་” ཞེས་པའི་འཛིན་སྟངས་ཤིག་ཡོད་པ་དེ་གཞིར་བཞག་བྱས་ནས་བཤད་ཡོད་ཀྱང་། འདིར་སྤྲོས་བཤད་ནི་མི་དེ་དངོས་གནས་གླེན་པ་ཡིན་པ་དེ་རེད། དེ་ནི་རང་ངོས་ནས་གྲུབ་པའི་གྲུབ་སྟངས་ཞིག་དང་དེ་ནི་གང་ཡིན་པ་མི་སྲིད་པ་དེ་ཡིན།
ངའི་བསམ་པར། འདིས་ང་ཚོའི་རྨོངས་པ་དེ་ག་ཚོད་ཀྱི་རྩ་བ་བརྟན་པ་ཞིག་ཡིན་པ་སྟོན་གྱི་འདུག གང་ཡིན་ཟེར་ན། ང་ཚོ་ཚང་མར་དངོས་པོ་རྣམས་ཀྱི་ཡོད་ཚུལ་དངོས་གནས་དེ་གང་ཡིན་མིན་དང་། དེ་ལྟར་དངོས་གནས་ཀྱི་ཡོད་ཚུལ་དེ་ཤེས་འདོད་ཡོད། དེ་ལྟར་མ་ཡིན་ནམ། ང་ཚོས་ “འདི་དངོས་གནས་ཁང་པ་ཡག་པོ་ཞིག་འདུག་” ཟེར་བའམ། ཡང་ན་ “དོ་དགོང་དངོས་གནས་སྐྱིད་པོ་བྱུང་” ཞེས་རང་བཞིན་གྱིས་ཡོད་བསྡད་པ་ཞིག་དང་ཚང་མས་དེ་ལྟར་མཐོང་དགོས་ཀྱི་ཡོད་པ་ལྟ་བུར་ཤོད་ཀྱི་ཡོད། དེ་ལྟར་ང་ཚོ་གོམས་པ་ཆེ་དྲགས་ནས་ཚང་མ་རང་བཞིན་གྱིས་དེ་ལྟར་གྲུབ་པ་དང་ཐམས་ཅད་དེ་བཞིན་སྣང་གི་ཡོད། འདི་ནི་ “འཁྲུལ་སྣང་” ཞེས་དང་། ཡང་མཚམས་རེེར་འདི་ལ་ “གཉིས་སྣང་” ཟེར་གྱི་ཡོད། འདིར་གཉིས་སུ་ཡོད་པ་ཞེས་པ་ནི། མི་མཐུན་པའི་དོན་ལ་གོ་བ་ཡིན་པས། དོན་དངོས་གང་ཡིན་པ་ལྟར་མ་ཡིན་པ་ཞེས་དང་། དེའི་དོན་ནི་སྣང་ཚུལ་དེ་དངོས་ཡོད་དང་མི་མཚུངས་པའི་དོན་ཡིན། གཉིས་སྣང་འཇོག་ཚུལ་འདི་ནི། རི་བོ་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་ནང་དབུ་མ་ཐལ་འགྱུར་བའི་ལུགས་ཀྱི་ཐ་སྙད་བེད་སྤྱོད་བྱེད་སྟངས་ཤིག་ཡིན།
སྐབས་དོན་ནི་མི་དེས་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་གི་ཡོད་པ་དེ་ནི་འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་བྱས་ན་དོན་ལ་གནས་ཡོད། ང་ཚོར་མི་སུས་ཀྱང་མོས་མཐུན་མི་བྱེད་པའི་བསམ་ཚུལ་ཧ་ཅང་ཐལ་དྲགས་པ་དེ་འདྲ་ཡོང་ཆོག་ལ། ཡང་གཞན་གྱི་མོས་མཐུན་བྱེད་པའི་བསམ་ཚུལ་ཡང་ཡོང་ཆོག།འདི་ག་འཇར་མི་ནིའི་ནང་ཁ་ལོ་བ་དེས་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་གི་ཡོད་པ་ལ་མི་གཞན་ཚོས་མོས་མཐུན་བྱེད་ཀྱང་། དེ་ལ་བརྟེན་ནས་མི་དེ་དངོས་གནས་གླེན་པ་ཆགས་ཀྱི་མེད། ཡང་ང་ཚོ་ལ་ཁྱི་ཞིག་གིས་སྣུམ་འཁོར་གཏོང་གི་ཡོད་པའི་བསམ་ཚུལ་ཡོད་ཆོག་ཀྱང་། དེ་ལ་སུས་ཀྱང་མོས་མཐུན་བྱེད་ཀྱི་མ་རེད། བྱས་ཙང་། བསམ་ཚུལ་ལ་ཡང་ཚད་ལྡན་གྱི་བསམ་ཚུལ་དང་ཆེས་ཐལ་དྲགས་པའི་བསམ་ཚུལ་ཡོད།
དོན་དག་ནི་འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་ཆོས་རྣམས་གང་ཡིན་པ་རྟོགས་མཁན་གྱི་ཚད་མའི་ཤེས་པ་ཡོད་པ་རེད། དེ་རྟོགས་དགོས་པ་གལ་ཆེན་པོ་ཡིན། བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་སོ་སོས་ཁྱད་པར་འདི་ལ་འགྲེལ་བཤད་རྒྱག་སྟངས་ཀྱང་ཐུན་མོང་མ་ཡིན་པ་རེར་ཡོད། དགེ་ལུགས་པའི་ཆོས་བརྒྱུད་ལྟར་ན། འདིའི་སྐོར་ལ་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་ཀྱི་ཁྱད་པར་ཕྱེས་ནས་ཤོད་ཅིང་། ལོག་པའི་ཀུན་རྫོབ་ཞེས་པ་ནི་ཀུན་རྫོབ་ཀྱི་དབང་དུ་གང་ཡིན་པ་དེ་དང་མི་མཐུན་པ་ཞིག་ལ་གོ་བ་ཡིན། ཆོས་གང་ཞིག་ཀུན་རྫོབ་ཀྱི་དབང་དུ་གང་ཡིན་པའམ་གང་ཡོད་པའི་ཡོད་ཚུལ་དང་ཆོས་གང་ཞིག་གང་ཡིན་པ་ནང་བཞིན་ཇི་ལྟར་གྲུབ་ཚུལ་གཉིས་ལ་ཁྱད་པར་ཆེན་པོ་ཡོད།
དགེ་ལུགས་པའི་གཞུང་ལས་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་ཀྱི་ཚད་མའི་འདོགས་ཚུལ།
བསམ་ཚུལ་གང་ཞིག་ཚད་མ་ཡིན་པ་ང་ཚོས་ཇི་ལྟར་ཤེས་ནུས་སམ། ང་ཚོས་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་ཚད་མས་འདོགས་ཚུལ་གྱི་ཚད་འཛིན་གསུམ་དེ་བེད་སྤྱོད་བྱེད་ཀྱི་ཡོད། དགེ་ལུགས་པའི་གཞུང་ནང་འགྲེལ་བཤད་བརྒྱབ་པ་ནང་བཞིན་སྐབས་འདིར་དབུ་མ་རང་རྒྱུད་པ་དང་དབུ་མ་ཐལ་འགྱུར་བ་གཉིས་ཀྱི་འགྲེལ་ཚུལ་དེར་ཁྱད་པར་ཡོད་ཅིང་། བཀའ་བརྒྱུད་པའི་གཞུང་ནང་འདིའི་འགྲེལ་ཚུལ་ཏོག་ཙམ་མི་འདྲ་བ་ཡོད། སྤྱིར་དབུ་མའི་ལུགས་ཀྱི་གནད་དོན་གཙོ་བོ་ནི། ཆོས་ཐམས་ཅད་བློས་བཏགས་པ་ལ་བརྟེན་ནས་ཡོད་པ་དེ་ཡིན། འོན་ཀྱང་ཆོས་ཐམས་ཅད་བློས་བཏགས་པ་དེས་བཟོས་བཞག་པ་ཡིན་ཞེས་པའི་དོན་མིན། དབུ་མ་པའི་བློས་བཏགས་པ་ཞེས་པའི་འགྲེལ་ལུགས་དེ་ནི། ཡུལ་དང་ཡུལ་ཅན་གཉིས་བར་གྱི་འབྲེལ་བའི་སྐོར་འགྲེལ་བརྗོད་གནང་མཁན་གྱི་རྒྱས་སྤྲོས་ཉུང་བའི་རྒྱ་གར་གྱི་གྲུབ་མཐའ་འོག་མ་སེམས་ཙམ་པ་སོགས་ཀྱི་འགྲེལ་ཚུལ་ལས་མཆོག་ཏུ་གྱུར་ཞིང་རྩེ་ཕུད་དེ་ཡིན་པ་རེད། གྲུབ་མཐའ་སྨྲ་བ་རྣམས་ལ་གོ་རིམ་མ་ནོར་བར་སློབ་སྦྱོང་བྱེད་དགོས་པའི་དོན་དག་གཙོ་བོ་གཅིག་ནི། ཡུལ་དང་ཡུལ་ཅན་བར་གྱི་འབྲེལ་བའི་ཐད་ལ་ཡར་ཐོན་གྱི་སྒོ་ནས་རྒྱ་ཆེ་བ་དང་གཏིང་ཟབ་པའི་རིམ་པ་རྟོགས་པའི་ཆེད་དུ་ཡིན།
གཞུང་ནང་བེད་སྤྱོད་བྱས་་པའི་བློས་བཏགས་ཙམ་གྱི་དཔེར་བརྗོད་ནི། མི་ཞིག་ “རྒྱལ་པོ་” ཡིན་པ་བློས་བཏགས་པ་དང། མི་ཞིག་རྒྱལ་པོ་ལྟར་ཡོད་པ་ནི་ “རྒྱལ་པོ་” ཞེས་པའི་ཐ་སྙད་དང་འཛིན་སྟངས་ལ་ལྟོས་ནས་འཇོག་དགོས། གལ་སྲིད་སྤྱི་ཚོགས་ཀྱི་ལམ་ལུགས་ལ་རྒྱལ་པོ་ཞེས་པ་ཞིག་མེད་ན། མི་སུ་གཅིག་ཀྱང་རྒྱལ་པོ་ཆགས་ཡག་མེད་པ་གསལ་པོ་རེད། འདིར་ཡོད་པའི་དྲི་བ་ནི། བློས་བཏགས་པ་དེ་ཚད་མ་ཇི་ལྟར་ཆགས་སམ། དབུ་མ་རང་རྒྱུད་པ་རྣམས་ཀྱིས། ཆོས་ཐམས་ཅད་ཀྱི་སྟེང་དུ་འཚོལ་ན་བརྙེད་རྒྱུ་ཡོད་པའི་རང་བཞིན་གྱི་ཁྱད་ཆོས་ཡོད་པར་ཁས་ལེན་པ་དང་། དེ་ལ་བརྟེན་ནས་ཆོས་རྣམས་གང་ཡིན་པ་དེ་ལ་ཡང་དག་པར་བློས་འདོགས་པར་བྱེད་ཀྱི་ཡོད། རྒྱལ་པོ་ལ་རང་ངོས་ནས་རྒྱལ་པོ་ཞེས་འདོགས་རུང་གི་ཆ་ཞིག་ཡོད་པ་ལས་རྒྱལ་པོ་ཞེས་བློས་བཏགས་པ་ཡིན། དེ་མིན་ན་ང་ཚོས་ཁྱི་ཞིག་གམ་གད་ཕྱིས་བྱེད་མཁན་ཞིག་ལ་ “རྒྱལ་པོ་” ཞེས་མིང་བཏགས་ན། དེ་དག་ཀྱང་རྒྱལ་པོ་ཆགས་དགོས། ང་ཚོས་འདིའི་རྒྱབ་ལ་ཆབ་སྲིད་ཀྱི་བསམ་བློ་ཞིག་མཐོང་ཆོག་ཅིང་། དེ་ནི་དགོད་བྲོ་བའི་གཏམ་ཞིག་མ་ཡིན། ལྟ་གྲུབ་འདི་ནི་རྒྱ་གར་ནང་གོང་འཕེལ་ཕྱིན་པ་དང་རྒྱ་གར་སྤྱི་ཚོགས་ནང་རིགས་དང་རུས་ལ་གལ་ཆེན་པོ་བརྩི་གི་ཡོད་པ་སོང་ཙང་། མི་ཞིག་རྒྱལ་པོའི་རིགས་རྒྱུད་ཀྱི་ཁོངས་སུ་བརྩི་བ་ལ། མི་དེ་ལ་རང་ངོས་ནས་རྒྱལ་རྒྱུད་དུ་གྲུབ་པའི་ཆ་ཞིག་ཡོད་དགོས་པ་ལྟ་གྲུབ་ཀྱིས་བཤད་ཡོད། དེ་ནི་དབུ་མ་རང་རྒྱུད་པ་ཡིན།
དབུ་མ་ཐལ་འགྱུར་བ་རྣམས་ཀྱིས། མ་རེད། གང་ཟག་ཁོ་རང་ངམ་ཡུལ་གྱི་ངོས་ནས་རྒྱལ་པོ་ཞེས་འདོགས་རུང་གི་ཆ་གཅིག་ཀྱང་མེད་པར་འདོད་ཀྱི་ཡོད། ཀུན་རྫོབ་ཀྱི་དབང་དུ་བྱས་ན། རྒྱལ་པོ་ཞིག་ཡིན་པའི་མཚན་ཉིད་དང་ཁྱད་ཆོས་བཞག་ཆོག་པ་ཞིག་ཡིན་ཏེ། རྒྱལ་པོའི་མངའ་ཐང་ལུགས་སྲོལ་ལྟར་རྒྱལ་ཁབ་ཞིག་དབང་སྒྱུར་བྱེད་མཁན་ལ་ཟེར་ཅིང་། རྒྱལ་པོ་ཞེས་པ་དེ་ག་རེ་ཡིན་པར་མཚོན་པར་བྱེད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་ཡིན། དངོས་པོ་ག་འདྲ་ཞིག་ཡིན་ཀྱང་མཚན་ཉིད་མེད་ན། དོན་བྱེད་མི་ནུས་པ་ཡིན་ནའང། དེ་དག་ནི་འཇིག་རྟེན་ཀུན་རྫོབ་ཙམ་གྱི་དབང་དུ་བྱས་ནས་བཞག་པ་ཡིན། ཀུན་རྫོབ་ཀྱི་དབང་དུ་ཡོད་ཚུལ་དེ་ནི་ཡུལ་རང་གི་ངོས་ནས་ཡོད་པའི་ཡོད་ཚུལ་ཞིག་མིན་པས། དཔེར་ན། མི་ཞིག་རྒྱལ་པོ་ཆགས་པ་ལ་མི་དེར་རང་ངོས་ནས་སམ་རང་སྟོབས་ཀྱིས་རྒྱལ་པོ་ཡིན་པའི་ཆ་ཞིག་ཡོད་པའི་དོན་མ་ཡིན་པ་ལྟ་བུ་རེད།
འོ་ན་ང་ཚོས་བློས་བཏགས་པ་དེ་ཚད་མ་ཞིག་ཡིན་པ་ཇི་ལྟར་ཤེས་ནུས་སམ། འདི་ལ་སླར་ཡང་སློབ་དཔོན་ཟླ་བ་གྲགས་པས་བཞག་པའི་བློའི་འདོགས་ཚུལ་གྱི་ཚད་འཛིན་གསུམ་དེར་འགྲོ་དགོས། གནད་དོན་འདི་དག་ཧ་གོ་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པ་སོང་ཙང་། ང་ཚོས་དཔེར་བརྗོད་གཞན་ཞིག་གི་སྒོ་ནས་འགྲེལ་བཤད་རྒྱག་རྒྱུ་ཡིན། ཐོག་མར་ང་ཚོ་ཚང་མས་མོས་མཐུན་ཡོད་པའི་འཇིག་རྟེན་ཐ་སྙད་ཀྱི་འགྲོ་སྟངས་ཞིག་གཏན་ལ་དབབ་དགོས། ང་ཚོ་ནང་ལ་སླེབས་པ་དང་སོ་སོའི་རོགས་ཟླ་ལ་ལྟ་བའི་སྐབས་ཁོང་གི་གདོང་པའི་རྣམ་འགྱུར་ཁྱད་འཚར་ཞིག་བསྟན་ནས་བསྡད་ཡོད་པ་མཐོང་ཞིང། སྐབས་འདིར་བགྲོ་གླེང་གོ་བདེ་བའི་ཕྱིར་རོགས་པ་དེ་བུད་མེད་ཡིན་པར་ཆ་བཞག་རྒྱུ་ཡིན། ཁོང་གི་དཔྲལ་བ་གཉེར་མ་ཡོད་པ་དང་། སྨིན་མ་བསྡུ་བའི་མཐོང་སྣང་བྱུང་དུས་ཁོང་སྤྲོ་ལངས་པ་དང་བློ་ཕམ་ནས་བསྡད་ཡོད་པ་ཤེས་ནུས་ཤིང། དེ་འདྲ་ཞིག་མཐོང་བ་ལ་གཏན་འབེབས་ཟིན་པའི་འཇིག་རྟེན་ཀུན་རྫོབ་ཀྱི་འགྲོ་ལུགས་འགྲོ་སྟངས་ཤིག་དགོས་ཀྱི་ཡོད། འདི་ནི་ཚད་འཛིན་དང་པོ་དེ་རེད། འགྲོ་བ་མིའི་རིགས་སྤྱི་དང་ཁྱད་པར་ནུབ་ཕྱོགས་པའི་ལུགས་སྲོལ་ལ་མི་ཞིག་ཁོང་ཁྲོ་ལངས་ན་སྨིན་མ་བསྡུ་བ་དང་གཉེར་མ་སྐྱེ་བ་སོགས་ཡོང་གི་ཡོད། ཁྱི་ངར་ན་ངར་སྒྲ་འབྱིན་པ་ནང་བཞིན་མི་སྤྲོ་ལངས་ན་རྣམ་འགྱུར་དེ་ལྟར་སྟོན་གྱི་ཡོད། འདིར་ང་ཚོའི་རོགས་པས་འགྲོ་བ་མིའི་རིགས་སྤྱི་མཚུངས་ལྟར་ཁོང་ཁྲོ་ལངས་པའི་སྐབས་ཀྱི་རྣམ་འགྱུར་དེ་སྟོན་བཞིན་ཡོད། དེ་ནི་སྣང་ཚུལ་ཞིག་ཚད་མ་ཡིན་མིན་ལྟ་སྟངས་ཞིག་དང་། ཡང་དེའི་སྔོན་ལ་ཁོང་ཁྲོ་ལངས་སྐབས་ཀྱི་རྣམ་འགྱུར་དེ་དང་བསྡུར་ན་འགྲོ་ལུགས་འགྲོ་སྟངས་མཐུན་མིན་ཐད་ལའང་བལྟ་ཆོག་པ་ཡིན།
ཚད་འཛིན་གཉིས་པ་ནི། ཚད་མའི་སྒོ་ནས་ཀུན་རྫོབ་རྟོགས་པའི་བློ་དང་མི་འགལ་བ་ཞིག་དགོས། དེ་ཡང་ང་ཚོས་མིག་ཤེལ་གྱོན་ནས་གློག་སྤར་བ་དང་། དེ་ནས་རྣམ་འགྱུར་དེ་གསལ་པོ་དང་ཏག་ཏག་ཅིག་མཐོང་བ་བཟོ་དགོས་པ་ལས། ནག་ཁུང་ཡིན་པ་དང་། གསལ་པོ་མ་མཐོང་བ། མིག་ཤེལ་གྱོན་མེད་པ་སོགས་ཀྱི་གནས་སྐབས་མ་ཡིན་པ་དགོས། ཚད་འཛིན་འདི་ནི་ཁ་ཡོད་ལག་ཡོད་ཅིག་དང་དངོས་ཡོད་དང་མཐུན་པ་ཞིག་ཡིན།
གཞུང་ནང་དངོས་སུ་གསལ་ཁ་མེད་ནའང་གནད་དོན་གཉིས་པ་དང་བསྟུན་ནས་ཆོས་གང་ཞིག་གིས་འབྲས་བུ་སྦྱིན་ནུས་པ་ཞིག་དགོས་པ་ལྟ་བུའི་ཚད་འཛིན་གཞན་པ་ཡང་བལྟ་ཞིབ་བྱེད་ཆོག དཔེར་ན། ང་ཚོས་ “བཀྲིས་བདེ་ལེགས་” ལབ་པ་དང་མོས་ཚུར་ལ་ལན་འདེབས་གང་ཡང་མ་བྱེད་པ་ཡིན་ན། ལྷག་པར་དུ་དེ་ནི་མོ་རང་རླུང་ལངས་ཡོད་པའི་རྣམ་འགྱུར་དེ་དངོས་གནས་ཏག་ཏག་ཡིན་པའི་དཔང་པོ་བྱེད་ཀྱི་ཡོད། མོ་རང་གི་སྤྱོད་ལམ་གཞན་པ་ནམ་རྒྱུན་བཀྲ་ཤིས་བདེ་ལེགས་ཀྱི་ལན་མ་སྤྲད་པ་དེས་མོ་རང་རླུང་ལངས་ཡོད་པ་ར་སྤྲོད་བྱེད་ཀྱི་ཡོད། འདི་ནི་ཕྱོགས་གཞན་ཞིག་ནས་བཤད་ན། ཁོང་ཁྲོས་ནམ་རྒྱུན་འཆར་ཅན་གྱི་འབྲས་བུ་སྨིན་པ་ལྟ་བུ་ཡིན། ད་དུང་དངོས་གནས་མོ་རང་རླུང་ལངས་ཡོད་མེད་ལྟ་འདོད་ཡོད་ན། ང་ཚོས་མོ་རང་ལ་སྐད་ཆ་འདྲི་ཆོག་གི་རེད།
འདི་ཙམ་ལ་མཚམས་བཞག་ནས་ང་ཚོས་ “རེད། རླུང་ལངས་པ་དེ་ནི་ཉིན་མོ་དེར་མོ་རང་ལ་མ་སྐྱིད་པ་ཞིག་བྱུང་བ་ཡིན་གྱི་རེད། དེ་ཡང་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་པ་ཡིན་” ཞེས་བཤད་ན། ང་ཚོའི་ཤེས་པ་དེ་ཚད་མ་ཞིག་ཡིན། དེ་ནི་མཐར་ཐུག་དོན་དམ་གྱི་དོན་དེ་ཚད་མའི་སྒོ་ནས་རྟོགས་པའི་ཤེས་པ་དང་མི་འགལ་ཞིང་། ཆོས་རྣམས་ཇི་ལྟར་གནས་ཀྱི་ཡོད་པ། ང་ཚོའི་གྲོགས་མོ་རླུང་ལངས་ནས་བསྡད་ཡོད་པའི་ཡོད་ལུགས་དང་མི་འགལ་བ་ཞིག་ཡིན།
ང་ཚོའི་རོགས་པ་འདི་དང་དེ་ཡི་རྒྱུ་མཚན་ཙམ་ལ་བརྟེན་ནས་རླུང་ལངས་པ་ལྟར་སྣང་བ་མིན་པར། འདི་ལས་བཟློག་སྟེ་ང་ཚོས། “དཀོན་མཆོག་མཁྱེན། མོ་ཡང་བསྐྱར་རླུང་ལངས་འདུག། མོ་མི་རླུང་ཚ་བོ་ཞིག་རེད། ག་དུས་ཡིན་ནའང་དེ་དང་འདི་ལ་བརྟེན་ནས་རླུང་ལངས་སྡོད་ཀྱི་འདུག།ངས་བཟོད་ཐུབ་པ་མི་འདུག་” ཅེས་བསམ་ན། དེ་ནི་དོམ་དམ་རྟོགས་པའི་ཚད་པའི་ཤེས་པ་དང་འགལ་བ་ཡིན། མི་སུ་གཅིག་ཀྱང་རང་བཞིན་གྱིས་དེ་ལྟར་གྲུབ་པ་མེད།
གོ་དོན་འདི་འདྲ་ཞིག་ལ་བརྟེན་ནས་ཕ་རོལ་པོ་དེ་རང་བཞིན་གྱིས་གྲུབ་པའི་ཁོང་ཁྲོ་ཟ་མཁན་ནང་བཞིན་མཐོང་མི་དགོས་པར། ཁོང་ཁྲོ་ཟ་ཡོད་པ་བློས་བཏགས་པ་ཡིན་པ་ཁུངས་ཐུབ་བྱེད་ཀྱི་ཡོད། ང་ཚོས་སྟོང་པ་ཉིད་ཀྱི་སྐོར་བཤད་པའི་སྐབས་སུ་ང་ཚོས་མོ་རང་རླུང་ཚ་པོ་དང་ཞེད་སྣང་ཚ་པོ་ཞིག་འདུག་བསམ་པའི་སྐོར་བཤད་ཀྱི་ཡོད། སྟོང་ཉིད་ཟེར་བ་ནི། དེ་ལྟ་བུ་དོན་དམ་དུ་ཡོད་ཚུལ་ལས་བྲལ་བའི་ཡོད་སྟངས་ཞིག་ལ་གོ་དགོས། དེ་ནི་རང་གི་རོགས་པ་ལ་རང་བཞིན་གྱིས་ནོར་འཁྲུལ་ཞིག་ཡོད་པ་དང་། དེ་ཡོད་པ་ལ་བརྟེན་ནས་མི་དེ་དང་མཉམ་དུ་སྡོད་འདོད་མེད་པ་དང་སྡོད་ཡག་ལ་དཀའ་ངལ་དངོས་གནས་ཤིག་བཟོ་གི་ཡོད། ང་ཚོས་རང་གི་རོགས་པ་རང་བཞིན་གྱིས་དེ་ལྟར་ཡོད་པར་ཡིད་ཆེས་བྱེད་པའི་སྐབས་དེ་ལ་གནོད་འཚེའི་སྒོ་ནས་ཡ་ལན་སྤྲོད་པ་དང་། དེ་ལ་བརྟེན་ནས་ང་ཚོས་རོགས་པར་རླུང་ལངས་པ་དང་བཟོད་སྒོམ་མེད་པ་ཆགས་ཀྱི་ཡོད།
ཁྱེད་ཀྱིས། “ང་ཚོས་གནས་སྟངས་ལ་ཞི་འཇམ་པོའི་སྒོ་ནས་བསྟུན་མཁས་པོ་བྱེད་པ་དེ་ཡང་སོ་སོའི་རོགས་པ་དེ་ཁོང་ཁྲོ་ག་རེ་བྱས་ནས་ཟ་གི་ཡོད་པ་ཤེས་པ་ལ་རག་ལུས་པ་མ་ཡིན་ནམ།” ཞེས་འདྲི་སྲིད་པ་རེད། ང་ཚོས་མོ་རང་ཁོང་ཁྲོ་ག་རེ་བྱས་ནས་ཟ་བ་ཡིན་ཧ་མ་གོ་བ་ཡིན་ནའང་། མོ་རང་རང་བཞིན་གྱིས་རྟག་པར་ཁོང་ཁྲོ་ཚ་པོ་རེད་བསམ་མི་དགོས་པར། རྒྱུ་དང་རྐྱེན་ཞིག་ལ་བརྟེན་ནས་ཁོང་ཁྲོ་ཟ་བ་རེད་ཅེས་ཤེས་ཐབས་བྱེད་དགོས། དེ་ལྟར་ཤེས་པ་ལ་བརྟེན་ནས་གནས་སྟངས་དེ་ལ་འགྱུར་བ་ཞིག་གཏོང་ཐུབ། གང་ལྟར་ཡང། ང་ཚོས། “ངའི་རོགས་པ་ཁོང་ཁྲོ་ཟ་བ་དང་བློ་ཕམ་བྱུང་འདུག” ཅེས་ཟེར་རྒྱུ་ནི་དོན་ལ་གནས་པ་ཞིག་ཡིན་ཅིང་། དེ་ཧ་ཅང་གལ་ཆེན་པོ་ཡིན། གལ་སྲིད་ང་ཚོས་ཀུན་རྫོབ་ཀྱི་འགྲོ་ལུགས་ལྟར་རང་གི་རོགས་པ་ཁོང་ཁྲོ་ཟ་ཡོད་པ་ངོས་ལེན་མ་བྱེད་པ་ཡིན་ན། ང་ཚོ་ལ་སྙིང་རྗེ་དང་གཞན་ལ་རོགས་རམ་བྱེད་སའི་གཞི་རྩ་ག་རེ་ཡོད་དམ། དེ་ལྟར་མོ་རང་ལ་ཕན་ཐོགས་པའི་བྱེད་ལས་ཐམས་ཅད་དོན་མེད་ཆགས་ནས་ང་ཚོ་ཆད་པའི་མཐའ་ལ་ལྷུང་འགྲོ་བ་ཡིན།
ཡང་དག་ཀུན་རྫོབ་བདེན་པ་ཞེས་པ་གང་ཞིག་ལ་ངོས་འཛིན་བྱེད་དགོས་ཚུལ་གྱི་ནན་བཤད་འདིས་སྟོང་ཉིད་རྟོགས་པ་དང་སྙིང་རྗེ་རྟོགས་པ་གཉིས་ཀྱི་དབར་ལ་འབྲེལ་བ་ཧ་ཅང་གཏིང་ཟབ་པོ་ཡོད་པ་བཟོ་གི་ཡོད། འདི་མེད་ན་མི་གཞན་གྱི་བདེ་སྡུག་ལ་ཛ་དྲག་གིས་དོ་སྣང་མི་བྱེད་ཅིང་། དེ་ཡིས་གཞན་དཀའ་སྡུག་མྱོང་སྐབས་རོགས་རམ་བྱེད་རྒྱུ་ལ་དངོས་གནས་སྣང་ཆུང་བྱེད་ཀྱི་ཡོད། འདི་ནི་གནད་དོན་ཞིབ་ཅིང་ཕྲ་བ་ཞིག་རེད། འོན་ཀྱང་ངས་འདི་གལ་ཆེན་པོ་ཞིག་རེད་བསམ་གྱི་ཡོད།
རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལས།
གལ་སྲིད་ཁྱེད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་ཤེས་ཀྱི་ཡོད་ན། བཟང་ཕྱོགས་དགེ་བ་དང་ངན་ཕྱོགས་མི་དགེ་བའི་ལས་རྣམས་ཀྱང་དོན་ངོ་མར་དགེ་བ་དང་མི་དགེ་བ་ཡིན་པ་ལ་སྣང་མེད་གཏོང་རྒྱུ་མེད། དེ་ནི་དངོས་གནས་བདེན་པ་རེད། ང་ཚོས་རྟེན་འབྱུང་གི་རྣམ་གཞག་བཤད་པའི་སྐབས་སུ་ང་ཚོས་ཆོས་ཐམས་ཅད་མཐར་ཐུག་ན་ཆོས་གང་ཡང་རུང་བ་ཆགས་སྲིད་པའི་བར་དུ་གཅོག་འཕྲི་བྱེད་ཀྱི་མེད། སྲོག་གཅོད་པ་ནི་ཀུན་སློང་གང་ཡིན་ལ་མ་ལྟོས་པར་མི་དགེ་བའི་ལས་ཤིག་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཚོང་པ་ ༤༩༩ སྐྱོབ་པའི་ཆེད་དུ་གྲུ་མཁན་ཞིག་བསད་པ་ལྟར་ཀུན་སློང་སྙིང་རྗེ་ཤུགས་དྲག་པོས་བསད་ཀྱང་། དེ་ནི་ད་དུང་སྲོག་གཅོད་མི་དགེ་བའི་ལས་ཤིག་ཆགས་ཀྱི་ཡོད་ལ། དེ་ཡི་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་མྱོང་དགོས་ཀྱི་ཡོད། དེ་ནི་དཔེར་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཚེར་མ་ཟུག་པ་ལྟར་ཡིན། མི་དགེ་བའི་ལས་དེའི་མཇུག་འབྲས་སྡུག་བསྔལ་ཉུང་ཉུང་ཞིག་ལས་མྱོང་མི་དགོས་པའི་རྒྱུ་མཚན་ནི། སྙིང་རྗེས་ཀུན་ནས་བསླངས་ཏེ་ལས་དེ་བརྩམས་པས་རེད། ཡིན་ནའང་དེ་ནི་ད་དུང་མི་དགེ་བའི་ལས་ཡིན་པས། མི་དགེ་བའི་ལས་ཀྱིས་སྡུག་བསྔལ་ཡོང་བར་བྱེད་པའི་ལས་རྒྱུ་འབྲས་ཀྱི་རྣམ་གཞག་གང་ཡིན་པ་དེ་རང་འཇགས་གནས་ཡོད། མི་དགེ་བའི་ལས་ཀྱི་ནུས་ཤུགས་དེ་ལྟོས་བཅས་ཡིན་ནའང། དེ་མཐའ་གཅིག་ཏུ་ལྟོས་བཅས་མ་རེད། གང་ཡིན་ཞེ་ན། མི་དགེ་བའི་ལས་དེ་དགེ་བའི་ལས་ཆགས་མི་ཐུབ། ནང་པ་སངས་རྒྱས་པས་འཇིག་རྟེན་གྱི་ཆོས་ལ་གོ་རིམ་ཡོད་པ་ཁས་ལེན་བྱེད་ཀྱི་ཡོད།
ཀུན་རྫོབ་ཀྱི་དབང་དུ་བྱས་ནས་སྲོག་གཅོད་པ་ནི་མི་དགེ་བའི་ལས་ཤིག་ཡིན། འོན་ཀྱང་འདི་མི་དགེ་བའི་ལས་ཆགས་པར་བྱེད་མཁན་དེ་གང་ཡིན་ནམ། ང་ཚོས་ཤོད་ཐུབ་པ་ཞིག་ལ་སྲོག་གཅོད་པའི་བྱ་བ་དེ་ལ་རང་ངོས་ནས་གྲུབ་པའི་ནུས་པ་ལས་མི་དགེ་བའི་ལས་ཟེར་བ་ཞིག་རྙེད་རྒྱུ་མེད། སྲོག་གཅོད་པ་ཞེས་པ་ནི། སྲོག་གཅོག་པ་པོ་ཞིག་ཡོད་པ་དང་། སྲོག་གཅོད་བྱའམ་སྲོག་གཅོད་སའི་ཡུལ། དེ་ལས་བྱུང་བའི་སེམས་ཀྱི་རྒྱུན་ཞིག་དང་དེ་ལ་བརྟེན་ནས་མྱོང་འགྱུར་སྡུག་བསྔལ་གྱི་འབྲས་བུ་དེ་དག་ལ་བརྟེན་ནས་འཇོག་དགོས་པ་ཡིན། མི་དགེ་བའི་ལས་ཀྱི་ནུས་ཤུགས་ནག་ཉེས་ཅན་ཁོ་རང་གི་སེམས་རྒྱུན་གྱི་ཆ་ཤས་སུ་གྱུར་ནས་སྲོག་གཅོད་པ་པོ་དེས་མ་འོངས་པར་མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་བསྔལ་མྱོང་བ་ཡིན། ང་ཚོས་མི་དགེ་བའི་ལས་གང་རུང་ཞིག་ཡིན་པ་དེ་དག་ནི་རྒྱུ་དང་རྐྱེན་ལ་ལྟོས་མི་དགོས་པའི་ནམ་མཁའ་སྟོང་པ་ལ་བཞག་པའི་མི་དགེ་བ་ལྟ་བུ་ཙམ་ཞིག་གི་ཐོག་ནས་ཤོད་མི་ཐུབ། མི་དགེ་བའམ་གནོད་གཞི་ཅན་གྱི་ལས་ནི། མ་འོངས་པར་ནག་ཉེས་ཅན་ཁོ་རང་ལ་སྡུག་བསྔལ་གྱི་འབྲས་བུ་མྱོང་རུང་གི་བྱེད་ལས་ཞིག་ལ་ཟེར་གྱི་ཡོད།
འོ་ན་སྲོག་གཅོད་ཀྱི་ལས་དེ་མི་དགེ་བ་ཡིན་པ་གང་གིས་བཟོ་གི་ཡོད་དམ། བྱ་བ་དེ་མི་དགེ་བ་ཡིན་མིན་ནི་དེ་ལས་གཞན་པའི་རྐྱེན་ལ་རག་ལུས་པ་ཡིན། སྐབས་འདིར་ལས་དེའི་རྣམ་སྨིན་གྱི་འབྲས་བུ་ལ་རག་ལུས་ཡོད། ལས་དེ་རང་ངོས་ནས་རང་བཞིན་གྱིས་མི་དགེ་བ་ཡིན་པ་དང་། དེའི་སྟེང་འཚོལ་ན་བརྙེད་རྒྱུ་ཡོད་པ་ལྟ་བུ་ཞིག་མ་ཡིན།
བགྲོ་གླེང་བྱེད་བཞིན་པའི་གནད་དོན་འདིར་ང་ཚོའི་ཉིན་རེའི་མི་ཚེ་དང་འབྲེལ་བ་ཡོད་པའི་དཔེར་བརྗོད་གཞན་ཞིག་འགོད་ན། སོ་སོའི་ཁྱི་ཡིས་ཐབ་ཚང་ཞ་ལའི་སྟེང་ལ་བཙོག་པ་བཟོ་བ་དེ་ང་ཚོས་མཐོང་སྐབས་ཁོང་ཁྲོ་ཟ་ནས་སྐད་ལོག་བརྒྱབ་སྟེ། “ཁྱི་སྡུག་ཅག།ལས་ཀ་སྡུག་ཅག་འདི་བྱས་ནས་ཞ་ལ་འཛོར་པོ་བཟོས་སོང་།” ཞེས་སྡུག་ཅག་དེ་གཞན་གང་ལ་ཡང་མ་བརྟེན་ནས་རང་ངོས་ནས་བྱ་བ་དེ་ལྟར་བྱས་པ་ལྟ་བུར་སྐད་རྒྱག་གི་ཡོད། དཔེར་བརྗོད་འདིར་ཁྱི་དེས་མྱོང་བར་འགྱུར་བའི་ལས་ཀྱི་རྣམ་སྨིན་འབྲས་བུ་ལས་ “མིས་བཟོས་པའམ་བྱས་པའི་” ལས་ཀྱི་འབྲས་བུ་མྱོང་རྒྱུ་དེ་ལ་བསམ་བློ་གཏོང་ན་ལས་སླ་བ་ཡོད། འདིར་ང་ཚོས་དོ་སྣང་བྱེད་དགོས་པ་ཞིག་ལ། ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་དང་མི་བཟོས་པའི་འབྲས་བུ་གཉིས་ཀྱི་དབར་ལ་ཁྱད་པར་ཡོད། མིས་བཟོས་པའི་ལས་སམ་སྐབས་འདིར་ཁྱིས་བཟོས་པའི་ལས་ཀྱི་འབྲས་བུ་ནི་འཛོར་པོ་བཟོས་པ་དང་། ང་ཚོས་དེ་གཙང་མ་བཟོ་དགོས་ཀྱི་ཡོད། ཚད་འཛིན་དེ་གཞི་ལ་བཞག་ནས་ཞ་ལའི་སྟེང་ལ་ཁྱིས་གང་བྱས་པ་དེ་ནི་ཡིད་དུ་འོང་བ་ཞིག་མིན།
རྟེན་ཅིང་འབྲེལ་བར་འབྱུང་བ་དང་གདམ་ཀ་ཁག།
ཚད་མའི་བློས་བཏགས་པ་དང་བསམ་ཚུལ་གྱི་བགྲོ་གླེང་འདི་ལ་བསམ་ཞིབ་བྱེད་པའི་སྐབས་ཐག་གཅོད་ཡང་དག་པ་ཞིག་ཡོང་བ་ལ་ང་ཚོས་སློབ་སྟོན་ག་རེ་བྱེད་ཐུབ་བམ། གནས་ཚུལ་ཞིག་ཐག་གཅོད་བྱེད་པ་ལ་ཆ་རྐྱེན་མི་འདྲ་བ་མང་པོ་ཞིག་ཚང་དགོས་ཀྱི་ཡོད། དེ་ནི་གནད་དོན་གང་ཞིག་གི་ཐད་ལ་གདམ་ཀ་བྱེད་དཀའ་བའི་དྭོགས་པ་ལ་ལན་རྒྱག་པའམ། ཡང་ན་ཐེ་ཚོམ་སེལ་ཐབས་ལ་བློས་བཏགས་པའི་ཚུལ་མ་ནོར་བ་འདི་ཡིན་དང་འདི་མིན་གྱི་གདམ་ཀ་ཡོད་པ་ཙམ་མིན་པར། འཇིག་རྟེན་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་ཆེས་འོས་ཤིང་འཚམས་པའི་ཐག་གཅོད་ཞིག་བྱེད་པ་ལ། ང་ཚོས་གང་ཐུབ་ཀྱིས་འབྲས་བུ་ལ་ཤུགས་རྐྱེན་ཐེབ་རྒྱུ་ཡིན་པའི་ཆ་རྐྱེན་གང་མང་མང་ལ་བསམ་བློ་གཏོང་ཐབས་བྱེད་དགོས། གནས་ཚུལ་ག་འདྲ་ཞིག་བྱུང་བ་ཡིན་ནའང་། དེ་ནི་རྒྱུ་གཅིག་རང་གིས་རྐྱེན་བྱས་ནས་བྱུང་བ་ཞིག་མིན་པས། ང་ཚོའི་བྱ་བ་དང་། གང་ཞིག་བྱེད་རྒྱུའི་ཐག་གཅོད་དེར་སྤྲོས་བཤད་བྱེད་ཡག་མང་དྲགས་རྒྱུ་མེད་པ་དེ་གལ་ཆེན་པོ་ཡིན། དཔེར་ན། གལ་སྲིད་ང་ཚོས་སྐད་ཆ་གཅིག་ལབ་པ་དང་མི་ཁ་ཤས་ཁོང་ཁྲོ་ཟ་གི་ཡོད་ན། མི་དེར་ང་ཚོས་གང་ཞིག་ལབ་པ་ཙམ་གྱིས་ཁོང་ཁྲོ་ཟ་བ་མ་ཡིན་པར། དེ་མིན་གྱི་ཁོང་ཁྲོ་ཟ་བྱེད་ཀྱི་རྒྱུ་རྐྱེན་མང་པོ་ཡོད་སྲིད་པ་རེད།
“ང་ཚོར་ཇི་སྲིད་ཀུན་སློང་བཟང་པོ་ཡོད་པ་དེ་སྲིད་དུ་ལས་ཀ་ག་འདྲ་ཞིག་བྱེད་རྒྱུའི་ཐག་གཅོད་བྱས་ཀྱང་འགྲིག་གི་ཡོད་” ཅེས་ཟེར་རྒྱུ་དེ་ལས་སླ་པོ་ཞིག་ཡོད་ཀྱང་། དབྱིན་ཇིའིནང་གཏམ་དཔེ་ཞིག་ཡོད་པ་རེད། “དམྱལ་བར་འགྲོ་རྒྱུའི་ལམ་དེ་ཀུན་སློང་བཟང་པོ་ཞིག་གི་སྒོ་ནས་བཟོས་ཡོད།” ཅེས་ཟེར་གྱི་ཡོད། དེར་མ་ཟད། ང་ཚོའི་ལས་དོན་བྱེད་སྟངས་བྱེད་ལུགས་ཀྱི་རིམ་པའི་རྒྱུད་རིམ་རེ་རེ་བཞིན་གདམ་ཀ་བྱེད་པ་དེའི་རྒྱབ་ལ་དགོས་དོན་དང་ཀུན་སློང་མང་པོ་ཡོད་པས། དེ་ནི་མགོ་རྙོག་ཆེན་པོ་ཡོད།
མི་འགའ་ཞིག་གིས། “རང་བཞིན་གྱིས་བྱེད་དགོས།” ཤེས་ཟེར་གྱི་ཡོད། ཡིན་ནའང་རྐྱེན་ལ་ལྟོས་མི་དགོས་པ་རང་བཞིན་གྱིས་བྱེད་རྒྱུ་ཞེས་པ་ནི་ཡང་སེ་དབང་རྩ་འཁྲུགས་པའི་སྒོ་ནས་བྱེད་པ་ལ་གོ་གི་ཡོད། གལ་ཏེ་སོ་སོའི་ཕྲུ་གུ་མ་འབྱར་ངུ་བཞིན་ཡོད་ན། ང་ཚོའི་སེམས་ནང་ལམ་སེང་འགྲམ་ལྕག་གཞུ་རྒྱུ་བསམ་བློ་འཁོར་གྱི་རེད། འོན་ཀྱང་བསམ་བློ་དེ་རང་བཞིན་གྱིས་འཁོར་བ་རྒྱུ་མཚན་ཙམ་བྱས་ཏེ་འགྲམ་ལྕག་གཞུ་རྒྱུའི་ཐབས་ལམ་དེ་ཐག་གཅོད་ཡག་ཤོས་རེད་ཅེས་ཤོད་ཀྱི་མ་རེད། ང་ཚོས་གནས་ཚུལ་ཞིག་ཐག་ཆོད་པ་ལ་རྒྱུ་རྐྱེན་གང་མང་མང་ལ་བསམ་བློ་གཏོང་ཐབས་བྱེད་དགོས་ཤིང་། དམིགས་བསལ་གྱི་མི་ཞིག་དང་མཉམ་དུ་འབྲེལ་བ་གཅོད་དང་མི་གཅོད། ཡང་ན་སོ་སོའི་ལས་ཀ་བརྗེ་པོ་རྒྱག་དང་མི་རྒྱག་ལྟ་བུ་ཐག་གཅོག་བྱེད་པ་ལ་དེ་གལ་ཆེན་པོ་ཡིན། དེ་འདྲའི་སྐབས་སུ་སོ་སོ་ག་རེ་བྱེད་རྩིས་ཡོད་པ་དང་། ག་རེ་བྱེད་འདོད་ཡོད་པ། ག་རེ་བྱེད་དགོས་པ། དེ་བཞིན་སོ་སོའི་སེམས་ནང་གི་དེ་མ་ཐག་པའི་ཤེས་རྟོགས་དེས་ག་རེ་ཟེར་གྱི་ཡོད་པ་བཅས་ང་ཚོས་གསལ་པོ་བཟོ་དགོས་ཀྱི་ཡོད། འདི་བཞི་པོ་ཏོག་ཙམ་མི་འདྲ་བ་ཡོང་སྲིད།
དཔེར་ན། ང་ཟས་ཚོད་ངེས་ཅན་གྱི་འཕྲོད་བསྟེན་བསྟེན་དགོས་ཀྱི་འདུག། ཟས་ཚོད་ངེས་ཅན་གྱི་འཕྲོད་བསྟེན་དེ་དང་འཚམས་པའི་ཟས་བཟའ་འདོད་འདུག། ཡིན་ནའང་ང་འཁུར་ར་དུམ་བུ་གཅིག་བཟའ་འདོད་འདུག། ངའི་སེམས་ནང་གི་དེ་མ་ཐག་པའི་ཤེས་རྟོགས་ཀྱིས་བཟས་ཚར་བ་དང་འགྱོད་པ་སྐྱེ་གི་རེད་ཟེར་གྱི་འདུག། སྐབས་འདིར་གོང་དུ་བཤད་པའི་ཐག་གཅོད་མི་འདྲ་བ་བཞི་དེར་དཔྱད་པ་བྱེད་དགོས་ཤིང་། དེ་དག་གི་རྒྱུ་མཚན་ལ་ཡང་བསམ་བློ་གཏོང་དགོས། དེ་ནི་གཅིག་བྱས་ན། ང་ཚོ་འཁུར་ར་ལ་རྔམས་ནས་དེ་བཟའ་འདོད་ཀྱི་བློ་སྐྱེས་པ་ཡིན་སྲིད། ང་ཚོ་ག་རེ་བྱས་ནས་སྐམ་པོ་བཟོ་འདོད་ཡོད་དམ། དེ་འཕྲོད་བསྟེན་གྱི་ཆེད་དུ་ཡིན་ནམ་ཡང་ན་དོན་མེད་ཡིན། ཡང་ན་མི་གཞན་གྱིས་ཡིད་དབང་འཕྲོག་པོ་མཐོང་ནས་རོགས་པ་རག་པའི་ཆེད་དུ་ཡིན། ཡང་ང་ཚོས་ལས་ཀ་ག་རེ་བྱེད་ཀྱི་ཡོད་པ་དེའི་མཇུག་འབྲས་གང་ཞིག་ཡོང་མིན་ལ་ལེགས་ཉེས་དཔྱོད་དགོས་པ་དང། དེ་ནི་རྒྱུ་རྐྱེན་མི་འདྲ་བ་ཚང་མ་ལ་གང་ཚད་ལྡན་ཡིན་པ་དང་གང་ཚད་ལྡན་མིན་པའི་ལེགས་ཉེས་ཀྱང་དཔྱོད་དགོས་པ་ཡིན། དཔེ་ཆ་བཞག་ན། “ང་ད་ལྟ་ཁ་ལག་བཟའ་འདོད་མི་འདུག། ཁ་ལག་བཟའ་རྩིས་མེད་ཀྱང་། གལ་སྲིད་ངས་ད་ལྟ་མ་བཟས་ན་ཉིན་གང་བཟའ་རྒྱུའི་གོ་སྐབས་ཐོབ་ཀྱི་མ་རེད། བྱས་ཙང་། ང་ད་ལྟ་གཅིག་བཟས་ན་ཡག་གི་རེད།” ཅེས་བསམ་པ་ལྟ་བུ་རེད།
འདི་ལྟར་ང་ཚོས་རྒྱུ་རྐྱེན་མི་འདྲ་བ་ཚང་མ་ལ་གང་ཐུབ་ཀྱིས་ཚོར་བ་སྐྱེན་པོས་བསམ་བློ་བཏང་ནས་ཐག་གཅོད་ཐབས་བྱེད་དགོས། འདི་ནི་ཐག་གཅོད་དཀའ་བའི་རིགས་དང་འཕྲད་སྐབས་དམིགས་བསལ་གྱི་གལ་ཆེན་པོ་ཡིན། སྟོད་ཐུང་ནག་པོའམ་སྔོན་པོ་གང་ཞིག་གྱོན་དགོས་པ་དང་། ཟ་ཁང་ནང་གི་ཟས་ཐོའི་རེའུ་མིག་ནས་ག་རེ་གདམ་ཀ་བྱ་རྒྱུ་སོགས་གང་ཡིན་རུང་གཅིག་གདམ་ཀ་བྱས་བཞག་ན་འགྲིག་གི་ཡོད། རྒྱུ་མཚན་ནི་ཐག་གཅོད་བྱ་རྒྱུ་དེ་ལས་སླ་པོ་ཞིག་མིན་པས། དེ་འདྲའི་རིགས་ལ་དཔྱད་པ་མང་པོ་བྱ་རྒྱུའི་འདོད་པ་མེད།
རྩ་ཉོན་དྲུག་ནང་གི་གཅིག་ནི་ཐག་གཅོད་མི་ཐུབ་པའི་ཐེ་ཚོམ་ཡིན་ཞིང། དེ་ནི་བློ་ཐག་མ་ཆོད་པ་དེར་ཟེར་གྱི་ཡོད་པས། དེ་ནི་གང་ལ་གང་འཚམས་ཀྱི་བློ་ལ་འཐད་པོ་ཞིག་ཡོད། འདི་ལྟ་བུའི་སེམས་ཀྱི་གནས་བབས་སྐྱོ་ཤིང་བརྟན་པོ་མེད་པ་དེ་ལས་ཐར་བ་ལ། གཅིག་བྱེད་རྩིས་ཡོད་པ་དང་བྱེད་འདོད་ཀྱི་བསམ་བློ་སྐྱེད་པར་བྱེད་མཁན་གྱི་རྐྱེན་དེར་ཞིབ་ཕྲའི་ཆོས་ཀྱི་དཔྱད་པ་བྱེད་ཆོག་གི་རེད། ལས་ཀྱི་སྐོར་དང་སེམས་ཀྱི་བྱེད་རྩོལ་དང་འབྲེལ་ཡོད་ཀྱི་གསུང་ཆོས་ཁག་ནས་རྐྱེན་འདི་དག་བྱུང་ཚུལ་སྐོར་མགོ་རྙོག་ཆེ་ལ་རྒྱས་སྤྲོས་ཀྱི་ལམ་ནས་འགྲེལ་བཤད་བརྒྱབ་ཡོད། དེ་དག་ལས་རྐྱེན་གང་ཞིག་ཚད་མ་ཡིན་མིན་གྱི་རྣམ་གཞག་དཔྱད་ཚུལ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྨྲ་བ་རྣམས་ལྟར་དཔྱད་པ་བྱེད་ཆོག་གི་རེད།
བྱས་ཙང་། ང་ཚོས་ཐག་གཅོད་ཡང་དག་པ་ཞིག་བྱས་ཡོད་པ་ཇི་ལྟར་ཤེས་ནུས་སམ། དེ་ནི་རང་ཉིད་སངས་རྒྱས་ཞིག་ཡིན་ན་མ་གཏོགས་རང་གིས་ཐག་གཅོད་ཡང་དག་པ་ཞིག་བྱས་ཡོད་མེད་ནམ་ཡང་ཤེས་མི་ཐུབ་ལ། ང་ཚོས་གང་ཐག་བཅད་པའི་འབྲས་བུ་གང་ཞིག་ཡོང་མིན་ཡང་ཤེས་ཀྱི་མེད། དེར་མ་ཟད། དམིགས་བསལ་གྱི་མི་ཞིག་དང་མཉམ་དུ་འབྲེལ་བ་མཚམས་གཅོད་པའི་སྐབས་ཀྱི་ཐག་གཅོད་ལ་འགྱུར་བ་འགྲོ་སྲིད་པ་ཡང་གྲ་སྒྲིག་བྱས་ནས་སྡོད་དགོས། རྒྱུ་རྐྱེན་གང་མང་ལ་ལེགས་ཉེས་དཔྱད་ཚར་བའི་རྗེས་སུ་རང་ཉིད་རོགས་པ་གཞན་དང་མཉམ་དུ་བགྲོ་གླེང་ནང་ཞུགས་ནས་འབྲེལ་བ་མཚམས་གཅོད་རྒྱུ་དེ་ཇི་ལྟར་གོང་འཕེལ་འགྲོ་གི་ཡོད་པ་བལྟ་རྒྱུ་ནི་དཀའ་ལས་ཁག་པོ་ཞིག་ཡིན།
འདིར་སྟོང་པ་ཉིད་ཀྱི་བགྲོ་གླེང་ཐོག་ནས་བཤད་ན། སྟོང་པ་ཉིད་ཅེས་པ་ནི་སྐབས་དོན་ཡང་དག་པའི་ཐག་གཅོད་བྱེད་མཁན་གྱི་གནས་སྟངས་ནང་རང་ངོས་ནས་སམ་དང་བཞིན་གྱིས་གྲུབ་པ་ཞིག་མེད་པ་ལ་གོ་དགོས་པ་ཡིན། དེ་ལྟ་བུའི་ཡོད་ལུགས་དང་གྲུབ་ལུགས་ཤིག་མེད་པར། ཐག་གཅོད་ནི་རྒྱུ་རྐྱེན་མི་འདྲ་བ་མང་པོ་ཞིག་ལ་བརྟེན་དགོས་ཀྱི་ཡོད། བྱས་ཙང་། དེ་ནི་ང་ཚོས་གང་ཞིག་ཐག་གཅོད་བྱེད་པའམ་བཤད་པ་དེ་རང་དབང་གིས་ཡོད་པ་ཞིག་དང་། དེས་འབྲས་བུ་སྨིན་པར་བྱེད་ཀྱི་ཡོད་པའི་བཟོ་འདྲ་པོ་དེ་འདྲ་མིན། འབྲས་བུ་ག་འདྲ་ཞིག་བྱུང་རུང་དེ་དག་ནི་ང་ཚོས་གང་བྱེད་ཀྱི་ཡོད་པ་གཅིག་པུ་ལས་བྱུང་བ་མ་ཡིན་པར། དེ་དག་ནི་རྒྱུ་རྐྱེན་མི་འདྲ་བ་ས་ཡ་མང་པོ་ལ་བརྟེན་ནས་ཡོང་གི་ཡོད།
ང་ཚོས་རྐྱེན་བྱས་ནས་བྱ་བ་སྡུག་ཅག་གཅིག་བྱུང་བ་དང་འགྱོད་པ་སྐྱེས་པའི་སྐབས་སུ་ང་ཚོའི་ལས་དེ་རང་བཞིན་གྱིས་ཡོད་པས་རང་སྟོབས་ཀྱི་བྱ་བ་སྡུག་ཅག་བྱེད་པའི་ནུས་པ་ཡོད་པ་ལྟ་བུ་སྣང་ཞིང་། ང་ཚོར་མཐོང་སྣང་དེ་འདྲ་བྱུང་ནས་དེ་ལ་ཡིད་ཆེས་པ་སོང་ཙང་ང་ཚོ་འགྱོད་པ་སྐྱེ་གི་ཡོད། ཀུན་རྫོབ་ཀྱི་དབང་དུ་བྱས་ནས་བཤད་ན། ང་ཚོས་ལས་ཀ་སྡུག་ཅག་དེ་ལ་རྐྱེན་ཞིག་བྱས་ཡོད་སྲིད་ཀྱང་། ང་ཚོའི་རྐྱེན་བྱས་པ་དེ་རང་སྟོབས་ཀྱིས། གཞན་གང་ལ་བརྟེན་མི་དགོས་པའི་ཐོག་ནས་ལས་སྡུག་ཅག་བཟོས་མེད་པ་ནི་ངེས་པ་ཡིན། དེ་ལ་རྒྱུ་རྐྱེན་མང་པོ་ཡོད་དེ། དཔེར་ན། སངས་རྒྱས་ཀྱིས། ཆུ་སྣོད་དམ་བུམ་པ་ཆུས་གང་བ་དེ་ཆུའི་ཐིགས་པ་དང་པོ་དེ་ལ་བརྟེན་ནས་གང་བ་མིན་ལ། ཐིགས་པ་ཐ་མ་དེ་ལ་བརྟེན་ནས་གང་བ་ཞིག་ཀྱང་མིན། དེ་ནི་ཐིགས་པ་ཚང་མ་བསྡོམས་ནས་གང་བ་ཞིག་ཡིན། དེ་ལྟར་འབྲས་བུ་ཞིག་སྨིན་པ་ལ་དེའི་རྒྱུ་རྐྱེན་སྟོང་ཕྲག་ནས་སྟོང་ཕྲག་ཡོད་ལ། དེ་དག་ལ་འབྲས་བུ་ག་རེ་འབྱུང་གི་ཡོད་པའི་འགན་འཁྲི་ཡང་ཡོད་པ་ཡིན།
འགན་འཁྲི་དང་ནག་ཉེས།
དཔེར་ན། ངས་ཆུ་ཤེལ་ཕོར་གང་གཤོས་ནས་ཞ་ལ་བཙོག་པ་བཟོས་ན། བཙོག་པ་བཟོས་པ་དེ་ང་ལ་བརྟེན་ནས་ཤེལ་ཕོར་མར་ཟགས་པ་ཙམ་མ་ཡིན་པར། ཤེལ་ཕོར་དེ་ཅོག་ཙེའི་ཟུར་ལ་འཇོག་མཁན་གྱི་མི་དང་། ཅོག་ཙེ་བཟོ་མཁན་གྱི་མི། དེ་ཙམ་དུ་མ་ཟད། ཅོག་ཙེའི་མཐོ་ཚད་དེ་ཙམ་ཡོད་པ་དང་དེའི་སྐབས་སུ་གློག་གསལ་པོ་མེད་པས་མ་མཐོང་བ་སོགས་རྒྱུ་རྐྱེན་ས་ཡ་མང་པོ་ཡོད།
ཅོག་ཙེ་བཟོ་མཁན་དང་ཤེལ་ཕོར་དེ་ཅོག་ཙེའི་ཟུར་ལ་འཇོག་མཁན་གྱིས་བཙོག་པ་བཟོས་པར་འགན་ཡོད་ཅེས་ང་ཚོས་ཟེར་མི་ཐུབ་པ་ངེས་པ་རེད། འགན་དེ་ཆུ་གཤོ་མཁན་ང་ཚོར་ཡོད་ཀྱང་། ང་ཚོར་ནག་ཉེས་ཅན་དེ་མ་རེད། ངས་ཆུ་གཤོས་ཀྱང་དེས་ང་རང་བཞིན་གྱིས་མི་གླེན་པ་ཁོབ་ཏོ་ཅན་ཞིག་ཡིན་པ་སྒྲུབ་མི་ཐུབ། རང་བཞིན་གྱིས་གྲུབ་པའི་གླེན་པ་ཁོབ་ཏོ་ཅན་ཞིག་ཡིན་ན། གང་དུ་ཕྱིན་ཀྱང་ངས་གཅིག་བཤོ་དགོས་ཚོད་ཡིན། མི་རྣམས་ཀྱིས་གནས་ཚུལ་དེ་དག་རང་བཞིན་གྱིས་སོ་སོའི་ངོ་བོ་མཚོན་པར་བརྩི་གི་ཡོད། དཔེར་ན། “ང་མི་ཁོབ་ཏོ་ཞིག་ཡིན།” བསམ་པའམ། “ངས་གློག་གི་ཤེལ་ཏོག་དེ་མི་ཆག་པ་བྱས་ནས་བརྗེ་པོ་རྒྱག་ཐུབ་ཀྱི་མ་རེད། བྱས་ཙང་། ང་ལ་རོགས་པ་བྱེད་དང་།” ཞེས་ཟེར་བ་སོགས་ཀྱི་བསམ་བློ་འདི་དག་ནི་ང་ཚོ་ཚང་མ་ལ་ཐུན་མོང་དུ་ཡོད་པ་ཞིག་ཡིན། འདི་ནི་ང་ཚོར་ཉིན་རེའི་མི་ཚེའི་ནང་ཡོད་པའི་བསམ་བློ་གཏོང་སྟངས་ཞིག་གི་སྐོར་བཤད་ཀྱི་ཡོད་པ་མ་གཏོགས་ལྟ་གྲུབ་དང་འབྲེལ་བའི་གཏིང་ཟབ་པའི་གནད་དོན་སྐོར་བཤད་ཀྱིན་མེད།
“ནག་ཉེས་” ཞེས་པ་དེས་ང་ཚོའི་རྒྱུད་ལ་རང་བཞིན་གྱིས་མི་སྡུག་ཅག་བཟོ་མཁན་ཞིག་ཡོད་པ་དང་ང་ཚོས་གང་བྱས་པ་རྣམས་ཀྱང་རང་བཞིན་གྱིས་སྡུག་ཅག་ཆགས་ཀྱི་ཡོད་པ་ལྟ་བུ་ལ་གོ་བ་ཡིན། དེ་ལྟར་ང་ཚོས་ལས་ཀ་ཞིག་བྱས་པ་དང་། ལས་ཀ་དེ་རང་བཞིན་གྱིས་སྡུག་ཅག་ཡིན་པ་ལ་ངོས་བཟུང་སྟེ་སོ་སོ་རང་ཉིད་ཀྱང་རང་བཞིན་གྱིས་མི་སྡུག་ཅག་ཡིན་པ་ལྟར་མཐོང་ནས་འདི་ལྟ་བུའི་ངོ་རྟགས་དེ་སེམས་ལ་བཅངས་ནས་མི་གློད་པ་ཡིན། སྟོང་ཉིད་རྟོགས་པ་ལ་བརྟེན་ནས་དངོས་པོ་ག་འདྲ་ཞིག་དང་མི་སུ་འདྲ་ཞིག་ཡིན་ནའང་གཞན་ལ་མ་བརྟེན་པ་རང་ངོས་ནས་སམ་རང་བཞིན་གྱིས་སྡུག་ཅག་ཆགས་མི་ཐུབ་པ་ང་ཚོས་ཤེས་ཀྱི་རེད། གོ་བ་འདི་གཏིང་ཟབ་པོའི་སྒོ་ནས་ཤེས་པའི་སྐབས་རང་ཉིད་ནག་ཉེས་པ་ཡིན་པའི་ཚོར་བ་སླེབས་མི་སྲིད། འོན་ཀྱང་གལ་སྲིད་ང་ཚོས་སྟོང་ཉིད་ཀྱི་དོན་ཡང་དག་པ་རྟོགས་པ་ཡིན་ན། སོ་སོས་བྱས་པ་དང་བྱེད་བཞིན་པའི་ལས་ཀྱི་འགན་འཁྲི་དེ་སོ་སོ་རང་ཉིད་ལ་ཡོད་པ་ཤེས་ཐུབ།
ཕྱོགས་བསྡོམས།
སྟོང་ཉིད་ཀྱི་དོན་རྟོགས་པ་ལ་བརྟེན་ནས་ང་ཚོའི་འགྲམ་ནས་སྣུམ་འཁོར་གཏོང་མཁན་གྱི་ཁ་ལོ་བ་དེས་སྣུམ་འཁོར་གྱི་དུང་སྒྲ་སྒྲོགས་ཞིང་། ང་ཚོའི་སྔོན་དུ་བརྒལ་ནས་འགྲོ་ཐབས་བྱེད་དེ་གླེན་པ་ངོ་མ་ལྟར་སྣང་གི་ཡོད་པ་ཤེས་ནའང། སྣང་ཚུལ་དེ་དངོས་པོའི་གནས་ཚོད་དོན་དམ་དང་མཐུན་གྱི་ཡོད་པ་ལ་ཡིད་ཆེས་བྱེད་ཀྱི་མེད། དཔེར་ན། གླེན་པ་ཞེས་པའི་འཛིན་སྟངས་དང་ཐ་སྙད་དེ་ལ་བརྟེན་ནས་ང་ཚོས་དངོས་པོ་ཐམས་ཅད་ “འདི།” དང་། “དེ།” ཞེས་རྒྱུ་རྐྱེན་མང་པོ་ལ་བརྟེན་ནས་ཇི་ལྟར་འབྱུང་བ་ཤེས་ཀྱི་ཡོད། དེ་ལྟར་གོ་བ་ཞིག་ཐོབ་ན་མི་དེ་ལ་དམིགས་ནས་བཟོད་སྒོམ་མེད་པ་དང་ཁོང་ཁྲོ་ཟ་བ་སོགས་ཡོང་གི་མ་རེད། འཇར་མན་རྒྱལ་ཁབ་ཀྱི་ལམ་དང་ལུགས་སྲོལ་གྱི་ལྟ་ཚུལ་ལྟར་ན། མི་དེས་གླེན་པ་ནང་བཞིན་སྣུམ་འཁོར་གཏོང་གི་ཡོད་པ་ལྟར་སྣང་སྲིད་ཀྱང་། དེས་མི་དེ་རང་བཞིན་གྱིས་སྡུག་ཅག་གཅིག་ཡིན་པའི་ནག་ཉེས་འགེལ་མི་ཐུབ།།