སྔོན་གླེང།
འཕགས་པའི་བདེན་པ་བཞི།
སངས་རྒྱས་བཅོན་ལྡན་འདས་ནི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ལ་རྒྱ་གར་ལ་འཚོ་བཞུགས་གནང་ཡོད། ཁོང་གི་སློབ་མ་རྣམས་ཀྱི་ཁམས་དང་བསམ་པ་ནུས་པ་སྣ་ཚོགས་ཡོད་པའི་རྒྱུ་མཚན་གྱིས་རང་བབས་ཀྱི་གོ་རྟོགས་ཡོང་ཆེད་སོ་སོར་ཆོས་དོན་མི་འདྲ་བ་གསུངས་ཡོད་ཀྱང་། ཐོག་མར་གདུལ་བྱ་ཚང་མ་ལ་ཁོང་ཉིད་སངས་རྒྱས་པའི་ཚུལ་གྱི་གཞི་རྩའི་ནང་གི་རྟོགས་པ་དེ་བསྟན་ཡོད། དེ་ལ་ཁོང་གིས་ “འཕགས་པའི་བདེན་པ་བཞི་” ཞེས་གསུངས་པ་རེད། འདི་དག་ནི་སོ་སོའི་སྐྱེས་བུ་རྣམས་ཀྱི་བདེན་པར་མཐོང་མི་ཐུབ་པའི་མི་ཚེའི་ནང་གི་བདེན་དོན་བཞི་ཡིན་ནའང། རྟོགས་པ་མཐོན་པོར་སླེབས་པའི་ (འཕགས་པའི་) གང་ཟག་རྣམས་ཀྱིས་ནི་རྟོག་མེད་མངོན་སུམ་གྱི་སྒོ་ནས་བདེན་པར་གཟིགས་ཀྱི་ཡོད། མདོར་བསྡུས་ན། བདེན་པ་བཞི་པོ་འདི་དག་གིས་གཤམ་གྱི་དྲི་བ་ཁག་ལ་ལན་རྒྱག་གི་ཡོད།
- མི་ཚང་མས་མི་ཚེའི་ནང་མྱོང་བའི་དངོས་ཡོད་ཀྱི་དཀའ་ངལ་དང་སྡུག་བསྔལ་གྱི་རིགས་རྣམ་གང་ཡིན་ནམ།
- དེ་དག་གི་རྒྱུ་གང་ཡིན་ནམ།
- དཀའ་ངལ་དང་སྡུག་བསྔལ་དེ་དག་ནམ་ཡང་སླར་མི་འབྱུང་བའི་ཚུལ་དུ་མེད་པ་བཟོས་ནས་དེ་དག་འགོག་པའི་འགོག་པ་ཞིག་འཐོབ་ཐུབ་བམ།
- སྡུག་བསྔལ་གྱི་རྒྱུ་རྣམས་མེད་པ་བཟོ་གི་ཡོད་པ་སོང་ཙང་། འགོག་པ་དེ་འཐོབ་པའི་ནང་གི་རྟོགས་པ་དེ་གང་ཡིན་ནམ།
དྲི་བ་འདི་དག་གི་ལན་ལ། སངས་རྒྱས་ཀྱིས་རང་གི་སྐུ་ཚེ་ལྷག་མའི་ནང་ཟབ་རྒྱས་ཀྱི་ཆོས་གང་གསུངས་པའི་རྩ་བའི་སྒྲོམ་གཞིར་གྱུར་ཡོད་པ་དང་། འདི་ནི་སངས་རྒྱས་ཀྱིས་ཐོག་མར་གང་གསུངས་པའི་ཆོས་དེ་ཡིན།
ང་ཚོས་བདེན་པ་བཞི་ལ་བསམ་ཞིབ་བྱས་ནས་བལྟ་བའི་སྐབས། དེ་དག་སོ་སོ་རང་ངོས་ནས་ལོགས་སུ་གནས་ནས་ཡོད་པ་ཞིག་མིན། དེ་དག་གཞི་རྩ་གཅིག་ནས་མགོ་བཙུགས་སྟེ་གོ་དོན་ཡོངས་སུ་རྫོགས་པ་རྟོགས་པའི་སྐབས་དམིགས་ཡུལ་ཞིག་ལ་སླེབས་ཀྱི་ཡོད། གོ་ལས་སླ་པོ་བྱས་ནས་བཤད་ན། བདེན་པ་བཞིའི་གཞི་རྩ་ནི། མི་ཚེའི་བདེན་དོན་བཞི་སྟེ། དངོས་པོའི་གནས་ལུགས་གང་ཡིན་པ་དེ་ཡིན།
གལ་སྲིད་ནང་ཆོས་དེ་ཚིག་གཅིག་ནང་བསྡུ་དགོས་བྱུང་ན། ནང་པའི་དགེ་རྒན་ཡིན་པའི་ངའི་གྲོགས་པོ་ཞིག་གིས་གསུངས་པ་ལྟར། དེ་ནི་དངོས་ཡོད་རིང་ལུགས་དེ་ཡིན།
གལ་སྲིད་ང་ཚོས་དངོས་པོའི་གནས་ལུགས་དེ་ཤེས་བྱ་མི་སྲིད་པ་དང་བདེན་པ་མ་ཡིན་པའི་འཆར་སྣང་མེད་པའི་སྒོ་ནས་མཐོང་ནས་དེ་རྟོགས་པ་དང་ངོས་ལེན་བྱེད་ཐུབ་པ་ཡིན་ན། ང་ཚོས་མི་ཚིའི་ནང་གི་དཀའ་ངལ་གྱི་གནས་སྟངས་རྣམས་དངོས་ཡོད་ཀྱི་ལམ་ནས་གདོང་ལེན་བྱེད་ཐུབ།
དེར་བརྟེན་དངོས་པོའི་གནས་ལུགས་ཀྱི་ཆོས་རྣམས་ནི་བདེན་པ་བཞིའི་གཞི་རྩ་དེ་ཡིན། གང་ལྟར་ཡང་། དངོས་པོའི་གནས་ལུགས་ཀྱི་ཁོངས་སུ། ཆོས་རྣམས་ག་འདྲ་གནས་ཡོད་པ་དང་། དེ་དག་གི་ནང་དུ་མི་ཚེའི་ནང་བྱ་བ་ག་འདྲ་བྱེད་ཀྱི་ཡོད་པའི་རིམ་པ་མི་འདྲ་བ་མང་པོ་ཚུད་ཡོད། དེ་དག་ཐམས་ཅད་ཀྱི་སྐོར་ལ་སངས་རྒྱས་ཀྱིས་ཆོས་གསུངས་ཡོད།
དཀོན་མཆོག་གསུམ།
བདེན་པ་བཞི་ལས་གསལ་པོར་མཐོང་ཐུབ་པ་ནི། ང་ཚོའི་སྡུག་བསྔལ་དང་དཀའ་ངལ་དེ་དག་ལས་ཐར་བའི་ཆེད་མི་ཚེའི་ནང་ཁ་ཕྱོགས་ཤིག་བསྟེན་དགོས་པ་དེ་ཡིན། ཁ་ཕྱོགས་དེ་ལ་ “དཀོན་མཆོག་གསུམ་མམ།” ཡང་ན་ “སྐྱབས་གནས་དཀོན་མཆོག་གསུམ་” ཞེས་བརྗོད་པའི་ནང་པའི་ཐུན་མིན་གྱི་ཐ་སྙད་དེས་བསྟན་ཡོད། དེ་དག་ནི་སངས་རྒྱས་དང་། ཆོས། དགེ་འདུན་བཅས་གསུམ་ཡིན། དེ་དག་སོ་སོ་ལ་དོན་དག་མི་འདྲ་བ་ཁ་ཤས་ཡོད་ཀྱང་། དོན་ཟབ་ཤོས་ཀྱི་ཆ་ནས་དེ་དག་གིས་གང་མཚོན་གྱི་ཡོད་པ་ནི།
- ཆོས་ནི། ང་ཚོས་འབད་བརྩོན་བྱེད་བཞིན་པའི་དམིགས་ཡུལ། དེ་ཡང་སོ་སོའི་སྡུག་བསྔལ་དང་དཀའ་ངལ། དེ་དག་གི་རྒྱུ་རྣམས་རྩ་བ་ནས་མེད་པར་བཟོ་རྒྱུ་དང་། དཀའ་ངལ་དེ་དག་སེལ་བ་ལ་གོ་རྟོགས་ཆ་ཚང་བ་ཞིག་འཐོབ་པ་དེ་ཡིན།
- སངས་རྒྱས་ནི། དམིགས་ཡུལ་དེ་ཡོངས་སུ་རྫོགས་པ་ཐོབ་ནས་ང་རང་ཚོ་སོ་སོ་ངོས་ནས་དེ་འཐོབ་པ་ག་འདྲ་བྱེད་དགོས་མིན་གསུང་མཁན་དེ་ཡིན།
- དགེ་འདུན་ནི། གང་གསུངས་པའི་ཆོས་ཀྱི་རྗེས་སུ་འབྲངས་ནས་དམིགས་ཡུལ་དེའི་ཆ་ཤས་ཙམ་ཐོབ་ཡོད་ཀྱང་། དམིགས་ཡུལ་ཆ་ཚང་བ་ཐོབ་མེད་པའི་གང་ཟག་རྣམས་ཡིན།
ནཱ་ལེནྜའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས།
༸གོང་ས་མཆོག་གིས་གནའ་བོའི་རྒྱ་གར་ནང་པའི་གཙུག་ལག་ཁང་ཞིག་གི་སློབ་དཔོན་ནམ་པཎ་གྲུབ་བཅུ་བདུན་ལ་གསོལ་འདེབས་ཀྱི་ཚུལ་དུ་ཤིན་ཏུ་ཡིད་དབང་འཕྲོག་པའི་ཕྱག་དཔེ་ཅིག་བྲིས་གནང་ཡོད། གཙུག་ལག་ཁང་དེ་ལ་ནཱ་ལེནྜ་ཞེས་འབོད་པ་དང་ལོ་ངོ་སྟོང་ཕྲག་རིང་གནས་ཡོད་ཅིང་། དེའི་འཛིན་སྐྱོང་དགོན་པ་ཞིག་དང་འདྲ་བར་སྐབས་དེ་དུས་ཀྱི་གཙུག་ལག་སློབ་ཁང་སྐད་གྲགས་ཆེ་ཤོས་ཞིག་དང་། དེས་རྒྱ་གར་ནང་པའི་སློབ་དཔོན་སྙན་གྲགས་ཆེ་ཤོས་མང་པོ་བསྐྲུན་ཡོད། ༸གོང་ས་མཆོག་གིས་ཕྱག་དཔེ་ནང་སྐད་གྲགས་ཆེ་ཤོས་ཀྱི་སློབ་དཔོན་བཅུ་བདུན་རེ་རེ་ལ་གསོལ་འདེབས་ཀྱི་ཚུལ་དུ་མཛད་ནས་ “ཁྱེད་ཀྱི་རྗེས་སུ་བཟུང་བར་བྱིན་གྱིས་རློབས།” ཞེས་བཀོད་ཡོད་ཅིང་། དེ་དག་སོ་སོར་གསོལ་བ་འདེབས་པའི་རྗེས་སློབ་དཔོན་ནམ་པཎ་སྒུབ་ཐམས་ཅད་ལ་གསོལ་བའི་སྤྱི་ཡོངས་ཀྱི་ཚིགས་བཅད་ཁ་ཤས་ཞིག་ཀྱང་མཛད་ནས་མཇུག་བསྡུས་གནང་ཡོད།
ངས་འདིར་བཀོད་འདོད་པ་ནི། མཇུག་བསྡུ་བའི་སྐབས་ཀྱི་ཚིགས་བཅད་དེ་དག་ལས་གཅིག་ལ་འགྲེལ་བཤད་བྱ་རྒྱུ་དེ་ཡིན། ཚིགས་བཅད་དེ་ཡིས་ངས་སྔོན་ནས་བཤད་ཚར་ཙམ་གྱི་དངོས་པོའི་གནས་ལུགས་ (བདེན་པ་གཉིས་) དང་བདེན་པ་བཞི། སྐྱབས་གནས་དཀོན་མཆོག་གསུམ་བཅས་ཀྱི་དོན་བསྡུས་ནས་བསྟན་ཡོད། སྐྱབས་གནས་ཞེས་པ་ནི། གལ་སྲིད་ང་ཚོས་དོན་གསུམ་གྱིས་བསྟན་པའི་ཁ་ཕྱོགས་ལ་ཕྱིན་ན། ང་རང་ཚོ་སོ་སོ་སྡུག་བསྔལ་དང་དཀའ་ངལ་ལས་སྐྱོབ་ཀྱི་རེད།
ཚིགས་བཅད་ཀྱི་བསྟན་དོན་ནི།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས།
ཤེས་གསུངས་པ་ནི། ཆོས་ཐམས་ཅད་ཀྱི་རྩ་བའི་གནས་ཚུལ་བདེན་པ་གཉིས་ཀྱི་དོན་ཤེས་པ་སྟེ། “གནས་ཚུལ་ལམ་གནས་པ་” ཞེས་པའི་དོན་ནི། ཆོས་རྣམས་ཇི་ལྟར་གནས་པ་དང་ཇི་ལྟར་བྱ་བ་བྱེད་པ་ལ་གོ་བ་ཡིན། ཕྱོགས་གཞན་ཞིག་ནས་དངོས་པོའི་གནས་ལུགས་ཤེས་པ་ལ་ཟེར་གྱི་ཡོད།
བདེན་བཞིས་འཁོར་བར་འཇུག་ལྡོག་ཇི་བཞིན་ངེས།
ཤེས་གསུངས་པ་ནི། བདེན་པ་བཞི་ལ་བརྟེན་ནས་ང་ཚོ་འཁོར་བར་ཇི་ལྟར་འཇུག་གི་ཡོད་པ་དང་། ང་ཚོའི་དབང་མེད་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ལས་ཇི་ལྟར་ལྡོག་ཐུབ་པའི་རྣམ་གཞག་ལ་ངེས་པ་རྙེད་པ་ཡོང་གི་ཡོད།
གལ་སྲིད་ང་ཚོས་དངོས་པོའི་གནས་ལུགས་རྟོགས་པ་ཡིན་ན། བདེན་པ་བཞི་ལ་བརྟེན་ནས་དཀའ་ངལ་རྣམས་ཇི་ལྟར་མུ་མཐུད་ནས་རྒྱུན་སྲིང་དུ་འཇུག་གི་ཡོད་པ་དང་། དེ་དག་ཇི་ལྟར་མེད་པ་བཟོ་ཐུབ་པ་དེའང་རྟོགས་ཐུབ།
ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན།
ཞེས་གསུངས་པ་ནི། ཚད་མས་རྟོགས་ནས་དཀོན་མཆོག་གསུམ་དངོས་ཡིན་པའི་ཡིད་ཆེས་བརྟན་དུ་འགྲོ་གི་ཡོད།
དྲན་དགོས་པ་ཞིག་ནི། སྐྱབས་གནས་གསུམ་ནི་ང་ཚོས་ཐོབ་ཐུབ་པའི་དམིགས་ཡུལ་ངོོ་མ་དེ་གཞི་ལ་བྱས་ནས་གོ་རིམ་བཞིན་སྒྲིག་ཡོད་པ་སྟེ། ང་ཚོའི་དཀའ་ངལ་ཚང་མ་ནམ་ཡང་སླར་མི་འབྱུང་བའི་ཚུལ་དུ་ཡོངས་སུ་འགོག་པ་དང་། དེ་ལྟར་འགོག་པའི་གོ་རྟོགས་ལ་ཟེར་བ་ཡིན།
གལ་སྲིད་ཁྱེད་རང་ནང་ཆོས་ཀྱི་ལམ་ལ་ཉམས་ལེན་བྱེད་འདོད་ཡོད་ན། ཁྱེད་རང་གི་དམིགས་ཡུལ་བཟུང་ནས་བྱེད་ཀྱི་ཡོད། འོ་ན་དམིགས་ཡུལ་དེ་སྒྲུབ་ཐུབ་ངེས་ཡིན་པ་ཁྱེད་ཀྱིས་ཇི་ལྟར་ཤེས་སམ། དེ་བཅོས་སྒྲུང་ཞིག་ཡིན་ནམ། དེ་སྒྲུང་སྙན་པོ་ཞིག་གམ་དངོས་གནས་བདེན་པ་ཞིག་ཡིན་ནམ། མི་མང་པོ་ཞིག་གིས། “ངའི་དགེ་བའི་བཤེས་གཉེན་གྱིས་དེ་འདྲ་རེད་ཅེས་གསུངས་སོང། ང་རང་ཡིད་ཆེས་བྱེད་འདོད་ཡོད་པས། ཡིད་ཆེས་བྱས་པ་ཡིན།” ཞེས་དད་པ་ཙམ་ལ་གཞི་རྟེན་བྱས་ནས་དམིགས་ཡུལ་དེ་སྒྲུབ་པའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད།
མི་མང་པོ་ཞིག་ལ་དད་པ་ཡོད་པ་ཙམ་གྱི་ཆོག་ཀྱང་། འདི་ནི་དུས་རྟག་ཏུ་ཉམས་ལེན་བྱེད་ཡག་གི་ལམ་བརྟན་ཤོས་ཞིག་མིན། དད་པ་ལ་བརྟེན་ནས་ཉམས་ལེན་བྱས་ཏེ་དུས་ཚོད་རྒྱུན་རིང་པོ་ཕྱིན་ཀྱང་། ཡང་སེ་གནས་ཚུལ་ག་རེ་ཡོང་གི་ཡོད་ཟེར་ན། ངས་ག་རེ་བྱེད་བཞིན་ཡོད་དམ། ཞེས་དྲི་བ་འགོད་ཡག་འགོ་བཙུག་གི་རེད། དེའི་རྒྱུ་མཚན་ནི། དཀའ་ངལ་དངོས་གནས་བཟོ་མཁན་གྱི་ཁོང་ཁྲོ་དང་། འདོད་ཆགས། རང་འདོད་དོན་གཉེར་སོགས་ད་དུང་སེམས་ནང་མྱོང་ཞིང་། དེ་དག་མེད་པ་བཟོ་རྒྱུ་དངོས་གནས་དཀའ་ལས་ཁག་པོ་ཡོད། བྱས་ཙང་། ཡར་རྒྱས་ནི་ག་ལེར་ག་ལེར་འགྲོ་གི་ཡོད། འོན་ཀྱང་ཡར་རྒྱས་ལ་ཚད་དང་གོ་རིམ་མེད་པར་རྟག་ཏུ་ཡར་མར་འཕེལ་འགྲིབ་འགྲོ་གི་ཡོད་པ་དེ་ཤེས་དགོས། ཉི་མ་ཁ་ཤས་ལ་ཡག་པོ་དང་། ཡང་ཉིན་མ་ཁ་ཤས་སྡུག་ཏུ་འགྲོ་གི་ཡོད། གལ་སྲིད་ང་ཚོས་ནང་ཆོས་ཉམས་ལེན་གྱི་ཐབས་ལམ་རྣམས་དད་པ་གཅིག་པུ་ལ་གཞིར་བྱས་ཡོད་ན། ཁྱེད་རང་འབྲས་བུ་ཐོབ་རྒྱུ་གང་ཡང་མེད་པ་འདྲ་པོ་མཐོང་ནས་སེམས་ཤུགས་ཆག་སྲིད་པ་ཡིན། དེ་ནས་ཁྱེད་ཀྱིས། “ཨོ། དམིགས་ཡུལ་དེ་དངོས་གནས་སྒྲུབ་ཐུབ་ཀྱི་ཡོད་དམ།” བསམས་ནས་དྲི་བ་འདྲི་ངེས་པ་ཡིན།
དེ་འདྲ་སོང་ཙང་། ཚིགས་བཅད་འདིའི་ནང། “ཚད་མས་དྲངས་པ་” ཞེས་གསུངས་པ་ཡིན། ཕྱོགས་གཞན་ཞིག་ནས་ང་ཚོས་ཚད་མ་དང་རྒྱུ་མཚན་གཞི་ལ་བཞག་ནས་དམིགས་ཡུལ་ཞིག་ཡོད་པ་དང་དེ་དངོས་གནས་འཐོབ་རྒྱུ་ཡོད་པ་ཤེས་སོང་བ་ཡིན་ན། དམིགས་ཡུལ་གྱི་ཐད་ལ་ཡོད་པའི་ཡིད་ཆེས་དང་། དེ་འཐོབ་སྲིད་པའི་རང་བཞིན་ཡིན་པ། དེ་དངོས་གནས་ཐོབ་མཁན་གྱི་མི་ཡོད་པ་སོགས་ཀྱི་ངེས་ཤེས་ཧ་ཅང་བརྟན་པོ་ཆགས་ཀྱི་ཡོད། དེ་ལ་ཁྱེད་ཀྱིས་དེབ་རྩ་ཆེན་པོ་ཞིག་གི་ནང་བྲིས་པའི་རྒྱུ་མཚན་ཙམ་གྱི་མ་ཡིན་པར། དངོས་གནས་ཡིན་པའི་ཡིད་ཆེས་རྙེད་ཀྱི་ཡོད། དེ་དག་དངོས་གནས་ཡིན་པར་ཡིད་ཆེས་རྙེད་པའི་རྒྱུ་མཚན་ནི། བདེན་པ་གཉིས་ནི་དངོས་པོའི་གནས་ལུགས་དེ་ཡིན་ཞིང། བདེན་པ་བཞི་དང་སྐྱབས་གནས་གསུམ་པོ་ནི་དངོས་པོའི་གནས་ལུགས་དེ་ལ་གཞིར་བྱས་ནས་རིགས་པས་སྒྲུབ་པར་བྱེད་ཀྱི་ཡོད།
ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས།
ཞེས་གསུངས་པ་ཡིན།
ང་ཚོས་ས་བོན་འདེབས་ཀྱི་ཡོད་ཀྱང་། སྐབས་འདིར་ས་བོན་མ་བཏབ་པར་རྩ་བ་འཛུགས་ཀྱི་ཡོད། འདི་ལྟ་བུའི་ཚིག་གི་གདམ་ཀ་ཡོད་པ་འདིས་གང་བསྟན་གྱི་ཡོད་ཟེར་ན། བདེན་པ་གཉིས་དང་། བདེན་པ་བཞི། སྐྱབས་གནས་གསུམ་གྱི་སྒྲོམ་གཞི་ནི་ནང་ཆོས་ཀྱི་ལམ་ཡོངས་སུ་རྫོགས་པའི་རྩ་བ་ཡིན་པར་སྟོན་གྱི་ཡོད། དེ་ལྟར་ཆོས་ཐམས་ཅད་དེའི་རྗེས་སུ་འབྲང་གི་ཡོད། རྩ་བ་འདི་ང་ཚོའི་སེམས་ནང་བརྟན་པོར་ཚུགས་པའི་ཐོག་ཉམས་ལེན་ཡོངས་སུ་རྫོགས་པ་དེ་ཡིད་ཆེས་ལ་གཞིར་བྱས་ཡོད། དེ་ལྟར་ཁྱེད་རང་ག་རེ་བྱེད་བཞིན་པ་དང་། དམིགས་ཡུལ་དེ་འཐོབ་རུང་ཡིན་པ། དེ་བཞིན་དམིགས་ཡུལ་དེ་གང་ཡིན་པ་བཅས་རྟོགས་པ་ཡིན།
ངའི་བསམ་པར། དེ་ནི་ནང་ཆོས་ལ་འཇུག་པའི་ཐབས་ཧ་ཅང་གལ་ཆེན་པོ་ཞིག་རེད། གང་ཡིན་ཞེ་ན། གལ་སྲིད་ང་ཚོས་ཆོས་ཕྱོགས་ཀྱི་ལམ་ཞིག་གི་རྗེས་སུ་འབྲང་འདོད་ཡོད་ན། ལམ་དེ་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་ཡིན་པའི་ཡིད་ཆེས་རྙེད་དགོས་པ་གལ་ཆེན་པོ་ཡིན་ཅིང་། འདི་ནི་སེམས་ཚོར་དབང་གིས་འཕེན་པའི་རྩ་བ་ནས་མི་སྲིད་པའི་རྣམ་པར་དག་པའི་འཆར་སྣང་ཞིག་མ་ཡིན། གལ་སྲིད་ང་ཚོས་སོ་སོའི་ཆོས་ཕྱོགས་ཀྱི་མི་ཚེའི་ནང་ག་རེ་བྱེད་བཞིན་པ་དེ་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་ཡིན་པའི་ཡིད་ཆེས་རྙེད་པ་ཡིན་ན། དེའི་ནང་ང་ཚོས་བཟང་ཕྱོགས་ཀྱི་སེམས་ཚོར་མཉམ་དུ་སྤྱོད་ཆོག ང་ཚོ་ལ་དེ་ལྟ་བུའི་གོ་རྟོགས་དང་། དགེ་བའི་སེམས་ཚོར་ ༼དཔེར་ན། སྙིང་རྗེ་དང་། སྤྲོ་སེམས། བསོད་བསྲན་ལ་སོགས་པ་༽ གཉིས་ཀྱི་དབར་ལ་ཆ་སྙོམ་ཞིག་དགོས་ཀྱི་ཡོད།
བདེན་པ་གཉིས།
ལྟོས་བཅས་སམ་ཀུན་རྫོབ་བདེན་པ།
གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས།
ཞེས་གསུངས་ཡོད། དེ་ཡང་ཆོས་ཐམས་ཅད་ཇི་ལྟར་གནས་པའི་གཞིའི་གནས་ཚུལ་བདེན་པ་གཉིས་ཀྱི་དོན་ཤེས་པར་བྱ་དགོས་པ་དེ་ཡིན།
ཚིགས་བཅད་ཀྱི་ཚིགས་རྐང་དང་པོ་དེས་བདེན་པ་གཉིས་སྐོར་ལ་བཤད་ཡོད་ཅིང་། དེ་ཡང་ “ལྟོས་བཅས་ཀྱི་བདེན་པའམ་ཀུན་རྫོབ་ཀྱི་བདེན་པ་” དང་ “མཐུར་ཐུག་དོན་དམ་གྱི་བདེན་པ་” གཉིས་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་གང་ཡིན་པའི་སྐོར་གྱི་བདེན་དོན་མི་འདྲ་བ་གཉིས་ཡིན། དེ་གཉིས་ལས་གཅིག་ནི་ཕྱི་ངོས་ཀྱི་སྣང་ཚུལ་གྱི་རིམ་པའི་དབང་དུ་བྱས་ནས་བཤད་ཡོད་པ་དང་། གཞན་དེ་ནི་མཐར་ཐུག་དོན་གྱི་ཆ་ནས་བཤད་ཡོད། ལྟ་སྟངས་མི་འདྲ་བའི་དབང་གིས་མ་གཏོགས་བདེན་པ་གཉིས་ཀ་རྒྱུ་མཚན་དང་ལྡན་པ་ཡིན་ཞིང་། འདི་དག་ལ་བཤད་པ་དང་ངོ་སྤྲོད་བྱེད་ཚུལ་མི་འདྲ་བ་དུ་མ་ཡོད་ནའང་། སྐོབས་འདིར་༸གོང་ས་མཆོག་གིས་དུས་རྒྱུན་ཆོས་ཞུ་བ་སྤྱི་ལ་བདེན་པ་གཉིས་ཀྱི་སྐོར་གསུང་བའི་སྐབས་འགྲེལ་བཤད་གནང་སྟངས་ལྟར་བྱ་རྒྱུ་ཡིན།
རྒྱུ་དང་འབྲས་བུ།
ང་ཚོས་མྱོང་བཞིན་པའི་ཆོས་མཐའ་དག་གི་ཕྱི་ངོས་སྣང་ཚུལ་གྱི་རིམ་པའི་བདེན་པ་དེ་གང་ཡིན་ནམ། དེ་ཡང་ང་ཚོས་མྱོང་བ་ཐམས་ཅད་དུས་ད་ལྟ་རང་འབྱུང་བཞིན་ཡོད་པའི་རྒྱུ་མཚན་ནི། དེ་དག་སྔོན་སོང་གི་རྒྱུ་ཞིག་དང་འབྲེལ་ཡོད་པས་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན་གནས་སྟངས་ག་འདྲ་ཞིག་འབྱུང་བ་ཡིན་ནའང་དེ་དག་ཐམས་ཅད་རྒྱུ་དང་འབྲས་བུ་ལ་བརྟེན་ནས་ཡོང་གི་ཡོད། དངོས་ཁམས་རིག་པའི་ནང་ལ་ཡང་རྒྱུ་འབྲས་ཀྱི་རྣམ་གཞག་དེ་བཤད་ཡོད་། འོན་ཀྱང་དེ་ནི་གཟུགས་ཅན་དངོས་པོའི་ཆོས་ཁོ་ནའི་དབང་དུ་བྱས་ནས་བཞག་ཡོད། དཔེར་ན། སྤོ་ལོ་ལ་རྡོག་རྒྱག་བཞུ་བ་དང་སྤོ་ལོའི་འགུལ་སྐྱོད་གཉིས་བར་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་ལྟ་བུ་རེད། འདི་ལྟ་བུའི་འབྲེལ་བ་ནི་གཟུགས་ཅན་གྱི་དངོས་པོ་གཉིས་ཕན་ཚུན་འཐབ་ལེན་བྱེད་པའི་འཐབ་ཤུགས་རིག་པའི་རྒྱུ་འབྲས་ཀྱི་རྣམ་གཞག་ཅིག་རེད།
ང་ཚོས་དངོས་པོ་ཞིག་གྲུབ་པ་ལ་དགོས་ངེས་ཀྱི་ཆ་རྐྱེན་ཡོད་ཚད་ལ་བསམ་ཞིབ་བྱེད་པའི་སྐབས་རྒྱུ་འབྲས་གྱི་རྣམ་གཞག་འདི་རྙོག་འཛིངས་ཆེ་བའི་རིམ་པའི་ཐོག་ནས་འགྲེལ་བརྗོད་བྱེད་ཆོག་པ་ནི་བཤད་མི་དགོས་པ་རེད། དཔེ་ཆ་བཞག་ན། གལ་སྲིད་ང་ཚོས་དཔལ་འབྱོར་གྱི་དཀའ་ངལ་དང་། གོ་ལའི་སྤྱི་དྲོད་འཕེལ་ཚད། ས་ཁུལ་ཁག་གི་དམག་འཁྲུག་སོགས་ལ་བལྟ་སྐབས་དེ་དག་རྒྱུ་རྐྱེན་གཅིག་ནས་ཡོང་གི་མེད་པ་གསལ་པོ་རེད། དེ་དག་ལ་རྒྱུ་རྐྱེན་རྩ་བ་ཉིད་ནས་མེད་པའམ་འབྲེལ་མེད་ཀྱི་རྒྱུ་རྐྱེན་ནས་ཡོང་བ་ལྟ་བུ་ནི་དེ་བས་ཀྱང་མིན། གནས་སྟངས་དེའི་རིགས་ཚང་མ་རྒྱུ་རྐྱེན་མི་འདྲ་བ་མང་པོ་ཞིག་ལ་བརྟེན་ནས་ཡོང་གི་ཡོད། རྒྱུ་རྐྱེན་དེ་དག་ནི་ད་ལྟ་འབྱུང་བཞིན་པའི་རྒྱུ་རྐྱེན་ཙམ་མིན་པར། འདས་པའི་དུས་སུ་ག་རེ་བྱུང་བའི་གནས་ཚུལ་ལའང་འབྲེལ་ནས་ཡོད། དཔེར་ན། ཨུཀ་རཡི་ནི་ (Ukraine) རྒྱལ་ཁབ་ཀྱི་གནས་སྟངས་ལྟ་བུར་ད་ལྟའི་གནས་སྟངས་དང་འདས་ཟིན་པའི་ཨུ་རུ་སུའི་མཉམ་འབྲེལ་རྒྱལ་ཁབ་སྐབས་ཀྱི་གནས་སྟངས། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་གནས་སྟངས་སོགས་དང་འབྲེལ་བ་མེད་པར་དབྱེ་བ་འབྱེད་མི་ཐུབ་པ་ལྟ་བུ་རེད། དེང་སང་གི་དཔལ་འབྱོར་དང་ཁོར་ཡུག་གི་གནས་སྟངས་ག་འདྲ་ཡོད་པ་ནི་ལོ་རྒྱུས་ནང་བྱུང་ཟིན་པའི་གནས་ཚུལ་མང་པོ་ཞིག་གི་མཇུག་འབྲས་ཡིན། དེར་བརྟེན་ད་ལྟ་འབྱུང་བཞིན་པའི་གནས་སྟངས་འདི་མི་གཅིག་གམ་རྒྱུ་རྐྱེན་གཅིག་རང་གི་ནོར་འཁྲུལ་ཡིན་ཞེས་ང་ཚོས་བཤད་མི་ཐུབ། ཆོས་ཐམས་ཅད་རྒྱུ་དང་རྐྱེན་གྱི་སྦྲེལ་མཐུད་ཆེན་པོ་ཞིག་ལ་བརྟེན་ནས་ཡོང་གི་ཡོད། འདི་ནི་དངོས་པོའི་གནས་ལུགས་ཡིན། དེ་ལྟར་མ་ཡིན་ནམ།
ཡང་ན། གལ་སྲིད་ང་ཚོས་སེམས་ཁམས་རིག་པ་དང་འབྲེལ་བའི་ཐོག་ནས་སོ་སོའི་ནང་མི་ལ་དཀའ་རྙོག་ཅིག་ཡོད་པ་ཡིན་ན། ཡང་བསྐྱར་དེ་ལ་ང་ཚོས་དཀའ་རྙོག་དེ་རྒྱུ་རྐྱེན་གཅིག་རང་ནས་བྱུང་བའམ་རྒྱུ་རྐྱེན་རྩ་བ་ཉིད་ནས་མེད་ས་ནས་བྱུང་ཞེས་ཀྱང་ཤོད་མི་ཐུབ། ཁྱིམ་ཚང་གི་ནང་མི་མི་རེ་ངོ་རེ་ནས་དཀའ་རྙོག་དེ་ལ་རྒྱུའི་ཆ་རྐྱེན་བྱས་ཡོད། དེ་ག་ནང་བཞིན་ནང་མི་སོ་སོའི་གཤིས་སྤྱོད་སྟོན་སྟངས་དེ་ཁོ་ཚོས་ལས་ཀ་བྱེད་པའི་སྐབས་དང་། སློབ་གྲྭར་འགྲོ་བའི་སྐབས། གྲོགས་པོ་དང་མཉམ་དུ་འགྲོ་བའི་སྐབས་འབྲེལ་བ་རྩ་ནས་མེད་ཅེས་བཤད་མི་ཐུབ། གནས་སྟངས་ག་འདྲ་ཞིག་ཡིན་ནའང་དེས་ཤུགས་རྐྱེན་ཞིག་སྤྲོད་ཀྱི་ཡོད། དེར་མ་ཟད། ནང་མི་ཁྱིམ་ཚང་གི་གནས་སྟངས་དེ་སྤྱི་ཚོགས་དང་། དེ་དང་འབྲེལ་བའི་ཆབ་སྲིད། དཔལ་འབྱོར་གྱི་ལམ་ལུགས་ལས་ལོགས་སུ་ཡོད་པ་ཞིག་མ་ཡིན་པར། དེ་དག་ཚང་མས་དངོས་ཤུགས་བརྒྱུད་གསུམ་ནས་ནང་གི་དཀའ་རྙོག་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད།
སྐབས་འདིར་དངོས་ཡོད་རིང་ལུགས་ཞེས་པ་ནི། ཆོས་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་ལྟོས་དང་གཅིག་གིས་གཅིག་ལ་ཕན་གནོད་ཀྱི་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་དེ་ལ་གོ་གི་ཡོད། གནས་སྟངས་ག་འདྲ་ཞིག་བྱུང་བ་ཡིན་ནའང་དེ་རྒྱུ་དང་རྐྱེན་གྱི་རྙོག་འཛིངས་ཅན་གྱི་སྦྲེལ་མཐུད་ཆེན་པོ་ཞིག་ལ་བརྟེན་ནས་འབྱུང་བཞིན་པའི་འབྲས་བུ་ཡིན། དེ་ནི་དངོས་པོའི་གནས་ལུགས་དེ་ཡིན།
གལ་སྲིད་གཟུགས་ཅན་གྱི་དངོས་པོ་དང་། དེ་ཙམ་དུ་མ་ཟད། གོ་ལ་སྤྱིའི་དཀའ་རྙོག དེ་བཞིན་ནང་མའི་དཀའ་རྙོག་སོགས་ཀྱི་གནས་སྟངས་ཡང་འདི་འདྲ་ཞིག་ཡིན་ན། ང་རང་ཚོ་མི་སྒེར་སོ་སོ་དང་འབྲེལ་བའི་ཚད་གཞི་ག་འདྲ་ཞིག་ལ་གཞི་བཞག་དགོས་སམ། ང་ཚོའི་བདེ་སྐྱིད་དང་སྡུག་བསྔལ་ཟེར་བ་ག་འདྲ་ཞིག་ལ་ཟེར་དགོས་སམ། དེ་དག་ལ་རྒྱུ་ཡོད་པ་ཞིག་ཡིན་ནམ། རྒྱུ་མེད་པ་ལས་བྱུང་བ་ཞིག་ཡིན་ནམ། གང་ལྟར་ཡང་། མཚམས་རེར་ང་ཚོ་སྐྱིད་པོ་ཡོང་བ་དང་། ཡང་མཚམས་རེར་སྡུག་བསྔལ་ཡོང་གི་ཡོད། སྐད་ཅིག་ཕྱི་མ་ལ་བདེ་སྡུག་གཉིས་ལས་གང་ཞིག་ཡོང་གྲབས་ཡོད་མེད་ཤེས་ཚོད་མི་ཐིག་པ་ཡིན། བྱས་ན་དེ་དག་རྒྱུ་མེད་པ་ལས་བྱུང་བ་ཞིག་ཡིན་ནམ། ཡང་མིན་ན། ངས་ད་ལྟ་ག་རེ་བྱེད་བཞིན་པ་ཙམ་ལ་བརྟེན་ནས་ཡོང་བ་ཡིན་ནམ། དེ་ལ་གོ་རྒྱུ་དེ་ཙམ་མི་འདུག། འདུག་གམ། དཔེར་ན། ངས་ཉིན་མ་གཉིས་ལ་ཁ་ལག་གཅིག་རང་གཅིག་བཟའ་ཐུབ་པ་དང། ཉིན་གཅིག་ཁ་ལག་དེ་བཟའ་བའི་སྐབས་སྐྱིད་པོ་ཡོང་ཞིང་། ཉིན་གཞན་དེར་སྡུག་བསྔལ་ཚོར་གྱི་ཡོད། བྱས་ཙང། མི་སྐྱིད་པ་དང་སྡུག་བསྔལ་དེ་ཁ་ལག་ལས་ཡོང་གི་མེད། དེ་ཙམ་མ་ཟད་། ང་རང་བརྩེ་བ་ཆེ་ཤོས་ཡོད་སའི་མི་དེ་དང་མཉམ་དུ་ཡོད་ནའང་། ད་དུང་མཚམས་རེར་སྐྱིད་སྣང་དང་མཚམས་རེར་སྡུག་སྣང་ཚོར་གྱི་ཡོད། ང་ཕྱུག་པོ་ཞིག་དང་བྱ་བ་ལམ་འགྲོ་ཡོང་བཞིན་ཡོད་ནའང་། ད་དུང་སྐྱིད་པོ་མེད་པ་ཡོང་སྲིད།
འོ་ན་བདེ་སྐྱིད་དང་སྡུག་བསྔལ་འདི་དག་གང་ནས་ཡོང་གི་ཡོད་དམ། འདི་དག་རྟོགས་པ་མཐོ་བའི་མི་ཞིག་གིས་མཐེབ་ཅུ་ཞིག་ལ་མཛུབ་གནོན་བྱས་པ་ལ་བརྟེན་ནས་མཚམས་རེར་ང་སྐྱིད་པོ་དང་མཚམས་རེར་མ་སྐྱིད་པ་ཡོང་བ་ཡིན་ནམ། དགོངས་འགལ་མེད་པ་ཞུ། ཕོག་ཐུག་ཡོང་བའི་ཆེད་ཞུས་མེད། ངས་བྱབ་མེད་པའི་མཐའ་ལ་འགྲོ་གི་འདུག ཡིན་ནའང་གཟུགས་ཅན་གྱི་དངོས་པོ་འགུལ་བའམ་ཁྱེད་རང་གི་ལག་པ་འཚིག་པ། ཐབ་ཚ་པོ་ཞིག་ལ་སྟེས་དབང་གིས་རེག་པས་ལག་པར་གནོད་འཚེ་བྱུང་བ་སོགས་ང་ཚོས་གང་མྱོང་བ་ཐམས་ཅད་རྒྱུ་དང་འབྲས་བུའི་རྣམ་གཞག་ལ་བརྟེན་དགོས་ཀྱི་ཡོད་ན། བདེ་སྐྱིད་དང་སྡུག་བསྔལ་ཡང་དེ་ལྟར་ཤེས་ནུས་པའི་རྒྱུ་འབྲས་ཀྱི་རྣམ་གཞག་ལ་བརྟེན་དགོས་ངེས་མ་ཡིན་ནམ། འདི་ནི་སྐབས་དོན་ཚིགས་སུ་བཅད་པའི་ནང་གི་ཚིགས་རྐང་དང་པོ་དེའི་ནང་གསུངས་པའི་ཀུན་རྫོབ་བདེན་པ་དང་འབྲེལ་ཡོད་ཀྱི་དྲི་བ་དང་དངོས་པོའི་གནས་ལུགས་ཀྱི་གནད་དོན་གཙོ་བོ་དེ་ཡིན། འདིས་ང་ཚོའི་བདེ་སྡུག་གི་ཚོར་བ་དང་སྤྱོད་ལམ་དབར་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་དང་མཐུན་པའི་དངོས་པོའི་གནས་ལུགས་ཤིག་ལ་གོ་བ་ཡིན།
ལས།
འདི་ནི་གཞི་རྩའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལས་འབྲས་སྐོར་ལ་འབྲེལ་བ་ཡོད་པ་ཞིག་ཡིན། ལས་ཞེས་པ་དེ་གང་ཡིན་ནམ། འདི་ནི་བརྗོད་གཞི་ལས་སླ་པོ་ཞིག་མིན། ལས་ཀྱི་འགྲེལ་བཤད་ཁ་ཤས་ཡོད་པ་དང་། དེ་ལ་གོ་བ་ལོག་སྒྲུབ་ཧ་ཅང་མང་པོ་ཡོད། ཡིན་ནའང་གཞི་རྩའི་ཆ་ནས་བཤད་ན།
ལས་ཞེས་པ་ནི། ང་ཚོའི་ལུས་ཀྱི་བྱ་སྤྱོད་སྤེལ་སྟངསདང་། ངག་གི་སྐད་ཆ་ཤོད་སྟངས། ཡིད་ཀྱི་བསམ་བློ་གཏོང་སྟངས་ཐམས་ཅད་ལ་ཁ་ལོ་སྒྱུར་ནས་ཁྱད་ཆོས་མཚོན་པར་བྱེད་མཁན་ངང་ངམ་ཤུགས་ཀྱི་རང་བཞིན་ཅན་ཞིག་ལ་གོ་བ་ཡིན།
གལ་ཏེ་ང་ཚོས་ངན་ཕྱོགས་ (མི་དགེ་བ) ཀྱི་སྤྱོད་ལམ་དང་། བཟང་ཕྱོགས་ (དགེ་བ།) ཀྱི་སྤྱོད་ལམ། ཡང་ན་བཏང་སྙོམས་ཀྱི་སྤྱོད་ལམ་སོགས་ག་འདྲ་ཞིག་ལ་བསམ་བློ་གཏོང་བ་ཡིན་ན། དེ་དག་ངང་ངམ་ཤུགས་ཀྱིས་ཡོང་གི་ཡོད།
- ང་ཚོ་རླུང་ལངས་ནས་མི་ཞིག་ལ་སྐད་ལོག་རྒྱག་འདོད་བྱུང་བའི་སྐབས་ངང་ངམ་ཤུགས་ཀྱིས་སྐད་ལོག་རྒྱག་གི་ཡོད།
- ང་ཚོ་ཚད་ལས་བརྒལ་བའི་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པས་ཕྲུ་གུ་བདེ་པོ་ཡིན་མིན་བལྟ་འདོད་སྐྱེས་ནས་ངང་ངམ་ཤུགས་ཀྱིས་ཡང་ནས་ཡང་དུ་ཕྲུ་གུ་ལ་བལྟ་རྟོག་བྱེད་ཡག་མང་དྲགས་པ་དེ་འདྲ་ཡོང་གི་ཡོད།
- ང་ཚོ་གྲོད་ཁོག་ལྟོགས་ནས་འཁྱགས་སྒམ་ནང་ནས་ཁ་ཟས་བཟའ་འདོད་ལངས་སྐབས་ངང་ངམ་ཤུགས་ཀྱིས་དེར་འགྲོ་གི་ཡོད།
འདི་ལྟ་བུའི་ངང་ངམ་ཤུགས་ཀྱི་སྐུལ་ཤུགས་དེ་ག་ནས་ཡོང་གི་ཡོད་པ་དང་། འདིས་ང་ཚོ་ཁ་ཕྱོགས་ག་འདྲ་ཞིག་ལ་འཁྲིད་ཀྱི་ཡོད་དམ། འདི་དག་ནི་ལས་དང་འབྲེལ་བའི་ཐོག་ནས་བཀོད་པའི་དྲི་བ་ཁག་ཡིན། དེའི་ཐད་ནང་པ་སངས་རྒྱས་པའི་འགྲེལ་བཤད་རྒྱག་སྟངས་ལ། ང་ཚོས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ངང་ངམ་ཤུགས་ཀྱི་སྤྱོད་ཚུལ་གྱིས་བྱ་བ་བྱེད་པའི་སྐབས་དེས་སེམས་རྒྱུན་སྟེང་ལ་བག་ཆགས་དང་ནུས་པ་ཞིག་བསྐྲུན་ནས་དེའི་རྗེས་ཀྱི་ང་ཚོའི་མྱོང་ཚོར་ག་འདྲ་ཞིག་ཡིན་ཀྱང་ནུས་པ་དེ་མུ་མཐུད་ནས་ཡོང་གི་ཡོད། གནས་སྟངས་མི་འདྲ་བའི་རྐྱེན་བྱས་ནས་རང་གི་སྤྱོད་ལམ་དེ་དག་བསྐྱར་ཟློས་བྱེད་རྒྱུའི་ཚོར་བ་ཞིག་ལ་འཁྲིད་ཀྱི་ཡོད། ཚོར་བ་དེ་གཞིར་བྱས་ནས་ངང་ངམ་ཤུགས་ཀྱི་བསམ་བློ་དེ་བྱུང་བ་དང་། དེ་ལ་བརྟེན་ནས་བྱ་བ་ཡང་ནས་ཡང་དུ་བྱེད་དགོས་པའི་ནང་དབང་མེད་ཀྱིས་འཐེན་འགྲོ་གི་ཡོད། འདི་ལྟ་བུའི་ངང་ངམ་ཤུགས་ཀྱི་སྐུལ་ཤུགས་ཀྱི་ནང་དུ་ལས་འབྲས་དངོས་དེ་ཚུད་ནས་ཡོད།
འདི་ལ་ང་ཚོས་གཟུགས་ཁམས་ཆགས་ཚུལ་གྱི་རིག་པའི་སྒོ་ནས་ཀྱང་འགྲེལ་བཤད་རྒྱག་ལོས་ཆོག། དཔེར་ན། བྱ་སྤྱོད་བྱེ་བྲག་པ་ཞིག་སྤེལ་བའི་སྐབས་སུ་དབང་རྩའི་བགྲོད་ལམ་ཞིག་བསྐྲུན་པ་དེ་ལ་ཁ་སྣོན་བྱེད་ཀྱི་ཡོད། དེའི་རྗེས་སུ་སྤྱོད་ལམ་གྱི་འགྲོ་སྟངས་གཅིག་ལ་ལས་སླ་པོའི་སྒོ་ནས་འཇུག་ཐུབ་ཀྱི་ཡོད། ནང་པས་གཟུགས་ཁམས་ཀྱི་རྟེན་གཞི་འདི་ལ་ངོས་ལེན་མི་བྱེད་པ་མིན། ཆོས་འདི་ལ་ཉམས་མྱོང་གི་ལྟ་ཚུལ་ཙམ་གྱི་ཐོག་ནས་འཇུག་གི་ཡོད། འོན་ཀྱང་ད་དུང་ཡང་འདི་རྒྱུ་དང་འབྲས་བུའི་རྣམ་གཞག་གི་དཔེ་མཚོན་དུ་བཞག་ནས་བརྟག་དཔྱད་བྱེད་ཀྱི་ཡོད།
འོ་ན་བདེ་བ་དང་སྡུག་བསྔལ་ཞེས་པ་ག་རེ་ཡིན་ནམ། ནང་པ་སངས་རྒྱས་པས་དེ་དག་ཀྱང་ལས་ཀྱི་རྒྱུ་དང་འབྲས་བུ་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད། གལ་སྲིད་ཁྱེད་རང་སྡུག་བསྔལ་མྱོང་བ་ཡིན་ན། དེ་ནི་རྒྱུན་རིང་པོ་ཞིག་ནས་ངང་ངམ་ཤུགས་ཀྱིས་ཉོན་མོངས་པའི་དབང་གིས་བྱས་པའི་མི་དགེ་བའི་སྤྱོད་ལམ་གྱི་འབྲས་བུ་ཡིན། གལ་སྲིད་ཁྱེད་རང་བདེ་བ་ཉི་ཚེ་བ་སྟེ། ཡུན་རིང་མི་གནས་ཤིང་ནམ་ཡང་འདོད་པ་ཚིམ་རྒྱུ་མེད་པ་ཞིག་མྱོང་ནའང་། ད་དུང་བདེ་པོ་ཚོར་གྱི་ཡོད་ན། དེ་ནི་རྒྱུན་རིང་པོ་ཞིག་ནས་བཟོད་པ་དང་གཞན་ཕན་དགེ་བའི་ནུས་པའི་དབང་གིས་བྱས་པའི་བཟང་ཕྱོགས་ཀྱི་སྤྱོད་ལམ་གྱི་འབྲས་བུ་ཡིན། ཡིན་ནའང་སྤྱོད་ལམ་འདི་ད་དུང་ཡང་ངང་ངམ་ཤུགས་ཀྱིས་ཡོང་གི་ཡོད། གང་ཡིན་ཞེ་ན། དེ་ནི་ང་ཚོ་ཇི་ལྟར་གནས་པའི་ཐད་ལ་རྨོངས་པ་དང་འདྲེས་ནས་ཡོད་པས། ངང་ངམ་ཤུགས་ཀྱི་ཕན་ཐོགས་བྱེད་མཁན་ཞིག་གམ། ཡང་ན་ངང་ངམ་ཤུགས་ཀྱི་སྐྱོན་མེད་ཡང་དག་ཅིག་ཡིན་བསམ་གྱི་ཡོད།
ང་ཚོས་རྒྱུ་འབྲས་ཀྱི་འབྲེལ་བ་འདི་ཇི་ལྟར་ཤེས་སམ། དེ་ལ་ཐོག་མར་དགེ་བ་དང་མི་དགེ་བའི་སྤྱོད་ལམ་གཉིས་ཀྱི་ཁྱད་པར་ཤེས་དགོས། དེ་གཉིས་ཀྱི་ཁྱད་པར་དེ་ཁྱེད་རང་གི་སྤྱོད་ལམ་དེས་གཞན་ལ་ཤུགས་རྐྱེན་བྱེད་པ་ལ་གཞི་བཅོལ་ནས་བྱུང་བ་ཞིག་མ་ཡིན། དཔེར་ན། གལ་སྲིད་ཁྱེད་རང་མི་ཞིག་ལ་ཁོང་ཁྲོ་ཆེན་པོ་ལངས་ནས་གྲི་འཛུགས་པ་ཡིན་ན། དེ་ནི་གནོད་བྱེད་མི་དགེ་བའི་བྱ་བ་ཞིག་ཡིན། ཡང་ཕྱོགས་གཞན་ཞིག་ནས་གལ་སྲིད་ཁྱེད་རང་བཤག་བཅོས་ཆེད་ལས་སྨན་པ་ཞིག་ཡིན་པའི་ཆ་ནས་གཞན་ལ་སྲོག་སྐྱོབ་བཤག་བཅོས་བྱེད་སྐབས་མི་གཞན་ཞིག་གི་གཟུགས་པོ་བཤགས་ན། དེ་ནི་བཟང་ཕྱོགས་དགེ་བའི་བྱ་བ་ཞིག་ཡིན། དེར་བརྟེན་མི་ཞིག་ལ་གྲི་བཙུགས་པའི་བྱ་བ་དེ་དགེ་བ་དང་མི་དགེ་བ་གང་ཞིག་ཡིན་མིན་གྱི་དབྱེ་བ་འབྱེད་པའི་ཐག་གཅོད་བྱེད་ཐུབ་པའི་ཆ་དེ་མིན། དེ་དག་ཐམས་ཅད་་ཀུན་སློང་ལ་རག་ལུས་པ་ཡིན། ཀུན་སློང་ཞེས་པ་ནི། བྱ་བ་ཞིག་བྱས་ནས་བྱ་བ་དེ་ལ་བརྟེན་ནས་དམིགས་ཡུལ་སྒྲུབ་འདོད་བྱེད་པའི་སེམས་ཀྱི་གནས་བབས་ཤིག་ཡིན།
གལ་སྲིད་ལས་གང་ཞིག་ཁོང་ཁྲོ་དང་། འདོད་ཆགས། འདོད་རྔམ། གཏི་མུག ཕྲག་དོག ཁེངས་དྲེགས། རང་འདོད་དོན་གཉེར་སོགས་ཀྱི་ཀུན་ནས་བསླངས་ཏེ་བྱས་པ་ཡིན་ན། ཁྱེད་ཀྱིས་ལས་ཀ་ཡག་པོ་ཞིག་བྱེད་ཀྱི་ཡོད་ནའང་། དེ་ནི་མི་དགེ་བའི་ལས་སམ་བྱ་བ་ཞིག་ཡིན། དཔེར་ན། གལ་སྲིད་ཁྱེད་ཀྱིས་མི་ཞིག་ལ་འདོད་ཆགས་དང་འཁྲིག་པ་སྤྱོད་འདོད་ཀྱི་སེམས་གནག་འཁྱེར་ནས་ལུས་མཉེ་ཡག་པོ་ཞིག་བྱེད་པ་ཡིན་ན། ཁྱེད་རང་གི་བྱ་བ་དེ་མི་དགེ་བ་ཡིན། ཕྱོགས་གཞན་ཞིག་ནས། གལ་སྲིད་ལྟོས་བཅས་ཀྱི་སྒོ་ནས་ལས་སམ་བྱ་བ་དེ་ཉོན་མོངས་དང་མ་འདྲེས་པ་ཞིག་ཡིན་ན། བྱ་བ་དེ་ཡག་པོ་ཞིག་རྩ་ནས་མེད་ཀྱང་། དེ་དགེ་བའི་ལས་སམ་བྱ་བ་ཡིན། དཔེར་ན། ཁྱེད་རང་ཕ་མ་ཡིན་པའི་ཆ་ནས་སྤྱོད་པ་སློག་མཁན་རང་གི་ཕྲུ་གུ་དེ་ཁོ་རང་གི་ཁང་མིག་ནང་བཅུག་ནས་ཉེས་ཆད་གཏོང་གི་ཡོད། དེ་ནི་ཁོང་ཁྲོས་ཀུན་ནས་བསླངས་པ་ཞིག་མིན་པར། བརྩེ་བ་དང་སེམས་འཁུར་གྱིས་ཁོ་ཚོར་སྤྱོད་ངན་མི་ཆགས་པའི་ཐབས་ལམ་སློབ་ཀྱི་ཡོད། གང་ལྟར་ཡང་གནས་སྟངས་མང་པོ་ཞིག་གི་ནང་དགེ་བའི་ལས་དེ་དག་ད་དུང་ཡང་ངང་ངམ་ཤུགས་ཀྱིས་བྱེད་ཀྱི་ཡོད། རྒྱུ་མཚན་ནི་རང་ཉིད་ཀྱི་བྱ་བ་དེ་སྣང་མེད་ཀྱི་སྐུལ་འདེད་དང་འདྲེས་ནས་བྱ་བ་དེ་ལས་བྱུང་བའི་བདེན་པའི་ངོ་བོར་ཡོད་པའི་ཚོར་བ་ཡོད། དེ་ལ་སྐབས་འདིར་དཔེ་མཚོན་དུ་ཕ་མ་ཡག་པོ་ཞེས་པ་དེ་བཞག་པ་ཡིན།
དེ་འདྲ་ཡིན་ན། ང་ཚོས་ཉོན་མོངས་གཞིར་བྱས་པའི་སྡུག་བསྔལ་དང་མི་དགེ་བའི་སྤྱོད་ལམ་གཉིས་བར་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་དང་། ལྟོས་བཅས་ཀྱི་སྒོ་ནས་ཉོན་མོངས་མེད་པའི་བདེ་སྐྱིད་དང་དགེ་བའི་སྤྱོད་ལམ་བར་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་དེ་ཤེས་ཀྱི་ཡོད་དམ། དྲི་བ་འདི་ནི་དངོས་གནས་བློ་ལ་འཐད་པོ་ཞིག་ཡིན་པ་ཙམ་དུ་མ་ཟད། གནད་འགགས་ཅན་ཞིག་ཀྱང་ཡིན། དེ་གང་ཡིན་ཞེ་ན། སངས་རྒྱས་ཀྱིས་ལས་དང་ཉོན་མོངས། དེ་བཞིན་ང་ཚོ་ཇི་ལྟར་གནས་ཡོད་པ་དེ་ང་ཚོ་ཇི་ལྟར་ཚོར་གྱི་ཡོད་པ་དེའི་རྒྱུ་བྱེད་ཀྱི་ཡོད་པ་ལ་རྨོངས་བསྡད་ཀྱི་ཡོད་པ་ངོས་འཛིན་གནང་ཡོད། དེ་དག་ནི་སྡུག་བསྔལ་དང་འདོད་པ་ཚིམ་རྒྱུ་མེད་པའི་བདེ་བ་ཉི་ཚེ་བའི་རྒྱུ་རྣམས་ཡིན། ང་ཚོས་འདི་ལྟ་བུའི་ཚོར་བའི་རིགས་གཉིས་ཀས་ཁྱབ་པའི་སྡུག་བསྔལ་ལས་ཐར་བའི་ཆེད་དུ་དེ་གཉིས་ཀ་བརྒལ་ནས་འགྲོ་དགོས་ཀྱི་ཡོད།
ད་བསམ་བློ་ཞིག་ཐོངས་དང་། དཔེར་ན། ཁྱེད་ཀྱིས་མི་ཞིག་དང་གནས་སྟངས་ཞིག་གི་ཐད་ལ་ཁོང་ཁྲོ་དང་བཅས་ཏེ་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་སྤེལ་བའི་སྐབས་ཁྱེད་རང་བདེ་པོ་དང་ཞི་ལྷོད་འདུག་གམ། ཁྱེད་རང་གི་ནུས་པ་དེ་ཞི་ལྷོད་ཅིག་འདུག་གམ། མེད། དེ་ཞི་ལྷོད་ཅིག་རྩ་ནས་མེད་པར་སེམས་ལ་དཀྲོག་རྐྱེན་ཐེབས་ཡོད། དུས་ཚོད་དེ་འདྲའི་སྐབས་ལ་ཁྱེད་རང་སྐྱིད་པོ་ཡོད་དམ། ངའི་བསམ་པར། མི་སུ་འདྲ་ཞིག་ཡིན་ཀྱང་ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་མྱོང་བཞིན་པའི་སྐབས་སུ་སྐྱིད་པོ་འདུག་ཟེར་གྱི་མ་རེད། དེ་ག་ནང་བཞིན། གལ་སྲིད་ཁྱེད་རང་འདོད་རྔམ་ཆེན་པོ་སྐྱེས་པའི་སྐབས་སུ་རང་གི་ནུས་པ་ལ་བརྟག་ཞིབ་བྱེད་པ་ཡིན་ན། ཁྱེད་རང་ཞི་ལྷོད་ངང་མེད་པར། རང་ལ་ད་དུང་འདང་ངེས་ཞིག་མི་ཐོབ་པའི་སེམས་ཁྲེལ་བྱེད་ཀྱི་ཡོད། ཁྱེད་རང་མི་ཞིག་ལ་ཤིན་ཏུ་ཆགས་ནས་ཧ་ཅང་དྲན་པའི་སྐབས་སུའང་ཁྱེད་རང་ཞི་ལྷོད་མེད་པར། རང་གི་ནུས་པ་ལ་དཀྲོག་རྐྱེན་ཐེབས་ཀྱི་ཡོད། དེ་ལས་ལྡོག་སྟེ། ཁྱེད་རང་གི་སེམས་ནང་ཁོང་ཁྲོ་དང་། འདོད་རྔམ། རང་འདོད་དོན་གཉེར་སོགས་མེད་པར། སེམས་པ་བཟང་པོ་བྱ་རྒྱུའི་ཐབས་ཤེས་བྱེད་པའི་སྐབས་ཁྱེད་རང་གི་སེམས་དེ་ལྟོས་ས་ལྟོས་ཕྱོགས་ཀྱི་སྒོ་ནས་ཞི་ཞིང་ལྷོད་ལ་བབས་པ་ཞིག་དང་། ལུས་སེམས་ཀྱི་ནུས་པའང་ཆ་སྙོམ་ལ་ཞི་འཇམ་པ་ཡོང་གི་ཡོད། རེད་དམ་མ་རེད། རྩ་བའི་ཆ་ནས་ཁྱེད་རང་སྐྱིད་པོ་ཚོར་གྱི་ཡོད་ཀྱང་། འདི་ནི་བདེ་བ་ཕྲ་མོའི་གནས་སྐབས་ཡིན་སྲིད་ཅིང་། དེ་ནི་བཅོས་མ་ཞིག་གང་ཡང་མིན། ཐ་ན་ཁྱེད་རང་ངང་ངམ་ཤུགས་ཀྱི་ཡག་པོ་བྱེད་མཁན་ཞིག་དང་། ཚང་མ་སྐྱོན་མེད་ཡང་དག་བཟོ་འདོད་ཡོད་མཁན་ཞིག་ཡིན་ནའང་། ཁྱེད་རང་ཁོང་ཁྲོ་དབང་གིས་བྱ་སྤྱོད་སྤེལ་བའི་སྐབས་དང་བསྡུར་ན། ཁྱེད་རང་གི་གཞན་ལ་ཕན་པའི་ལས་ཀ་བྱེད་པ་དེས་ལུས་སེམས་ཀྱི་ནུས་པ་ཞི་ལྷོད་པ་དང་རང་ཉིད་སྐྱིད་དུ་འགྲོ་གི་ཡོད། ཡང་བཤད་མི་དགོས་པ་ཞིག་ལ། གལ་སྲིད་ཁྱེད་ཀྱིས་དགེ་བའི་བྱ་བ་ཞིག་བྱེད་པའི་སྐབས་སུ་ནོར་འཁྲུལ་བྱེད་པ་ལ་ཞེད་སྣང་སྐྱེད་པའམ། ཡང་ན་སོ་སོ་ཡག་པོ་དེ་ཙམ་མེད་བསམ་པ་ཡིན་ན། དེ་འདྲ་བའི་བསམ་བློ་དང་སེམས་འཁྲེལ་ནང་སེམས་ཞི་ལྷོད་ཅིག་མི་ཡོང་བ་ངེས་པ་རེད།
འདིར་ང་ཚོས་དོ་སྣང་བྱེད་འོས་པ་དེ་གང་ཡིན་ནམ། སྡུག་བསྔལ་གྱི་མྱོང་ཚོར་རམ། ཡང་ན་ལྟོས་བཅས་ཀྱི་བདེ་བ་བྱ་བ་རྫོགས་ཚར་ནའང་དུས་ཡུན་ཐུང་ངུ་ཞིག་ལས་གནས་ཀྱི་མེད་པ་དེ་ཡིན་ནམ། འདིས་ག་རེ་སྟོན་གྱི་ཡོད་ཟེར་ན། དེ་སྔོན་བྱས་ཚར་བའི་བྱ་བ་དེས་བྱ་བ་གཞན་དག་ཅིག་བྱེད་པའི་སྐབས་སུ་གང་ཚོར་བ་དེ་ལའང་ཤུགས་རྐྱེན་ཐེབས་པ་སྟོན་གྱི་ཡོད། སངས་རྒྱས་བཅོན་ལྡན་འདས་ཀྱིས་ལས་དང་ང་ཚོས་མྱོང་བའི་བདེ་སྡུག་གི་རིམ་པའི་བར་གྱི་འབྲེལ་བ་གསུངས་པའི་སྐབས་སུ། གང་ལྟར་ཡང་སངས་རྒྱས་ཀྱིས་གཙོ་བོ་ང་ཚོས་བྱ་བ་ཞིག་བྱས་ཚར་བའི་རྗེས་སུ་མི་རིང་བར་བྱུང་བའི་ཚོར་བ་ལ་ལྟོས་ནས་གསུངས་པ་ཙམ་མ་ཡིན་པར། ཁོང་གིས་རྒྱུན་རིང་པོའི་འབྲས་བུ་ཞིག་གཙོ་བོར་བྱས་ནས་གསུངས་ཀྱི་ཡོད། གང་ལྟར། ང་ཚོས་རང་ཤུགས་ཀྱི་སེམས་ཚོར་དང་འབྲེལ་བའི་སྤྱོད་ལམ་དང་ལུས་ཀྱི་ནང་ནུས་པ་རྒྱུན་ཆད་མེད་པ་འགྲོ་ཚུལ་བར་གྱི་འབྲེལ་བར་བསམ་བློ་གཏོང་བའི་སྐབས་གཞི་ནས་སངས་རྒྱས་ཀྱིས་གསུངས་པའི་གནད་དོན་དེ་ལ་རྗེས་སུ་ཡི་རངས་བྱེད་འགོ་བཙུག་ཐུབ།
དེར་བརྟེན་ང་ཚོས་གང་མྱོང་བའི་ལྟོས་བཅས་ཀུན་རྫོབ་ཀྱི་བདེན་པ་ཞེས་པ་ནི། ང་ཚོའི་སྤྱིར་བཏང་སེམས་ཀྱི་གནས་བབས་ཚུད་པའི་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་དང་། དེ་ཡང་ང་ཚོས་བྱ་བ་ཞིག་བྱེད་འདོད་ཀྱི་བསམ་བློ་ཙམ་དུ་མ་ཟད། ང་ཚོར་མྱོང་བའི་བདེ་སྡུག་རྣམས་ཀྱང་ཚུད་ཡོད། འདི་ནི་དངོས་པོའི་གནས་ལུགས་ཀྱི་ཆ་ཤས་སམ་རྣམ་པ་གཅིག་སྟེ། ཚིགས་བཅད་དེའི་ནང་ཡོད་པའི་ཚིགས་རྐང་དེས་གནད་དོན་འདི་ལ་རྨང་གཞི་ཞེས་ཆོས་ཐམས་ཅད་ཇི་ལྟར་གནས་པའི་ཚུལ་དང། བྱ་བ་བྱེད་པའི་ཚུལ་དེ་ཡིན་པར་གསུངས་ཡོད།
མཐར་ཐུག་གི་བདེན་པ། ༼དོན་དམ་བདེན་པ།༽
བདེན་པ་གཉིས་པ་ནི་ཆོས་ཐམས་ཅད་ལ་གཏིང་ཟབ་ཀྱི་སྒོ་ནས་དམིགས་པ་གཏད་ཀྱི་ཡོད། ང་ཚོའི་རྟོག་པའི་འཆར་སྒོ་ལ་བརྟེན་ནས་ཆོས་རྣམས་ཐབས་ལམ་ཡིན་པ་མི་སྲིད་པའི་ཆ་ནས་ཡོད་པ་དང་བྱ་བ་བྱེད་པ་ལྟར་སྣང་སྲིད་ཀྱང་། ཐབས་ལམ་མི་སྲིད་པའི་ཆ་ནས་ཡོད་པར་སྣང་བ་དེ་དངོས་པོའི་གནས་ལུགས་དང་མཐུན་པ་ཞིག་མིན།
དེ་ཡང་། ང་ཚོའི་འཆར་སྣང་ལ་ཡོད་པ་ལྟ་བུར་སྣང་བའི་ཆོས་རྡུལ་ཙམ་ཡང་མེད་པ་དེ་ལ་ “སྟོང་པའམ།” ཡང་སེ་འདི་ལ “སྟོང་ཉིད” ཅེས་བསྒྱུར་གྱི་ཡོད།
རྒྱུན་གཏན་གྱི་རྨོངས་པ་ལ་བརྟེན་ནས་ང་ཚོའི་སེམས་ཀྱི་རྣམ་རྟོག་ལས་བྱུང་བའི་ཡིན་པ་མི་སྲིད་པའི་ཆོས་ཀྱི་ཡོད་ཚུལ་ལ་ཕྲ་རགས་ཀྱི་རིམ་པ་མི་འདྲ་བ་མང་པོ་ཡོད་ཀྱང། ང་ཚོས་སྤྱིར་བཏང་གི་རིམ་པ་སྟེ། ཆོས་རྣམས་ཐབས་ལམ་ཡིན་པ་མི་སྲིད་པའི་ཚུལ་དུ་མེད་པ་ལ་བསམ་བློ་བཏང་ནས་བདེན་པ་མཐར་ཐུག་གི་སྐོར་ལ་བསམ་ཞིབ་བྱེད་འགོ་བཙུག་ཆོག ཡིན་པ་མི་སྲིད་པའི་ཆོས་ག་འདྲ་ཞིག་ཡིན་ཀྱང་དེ་ཡོད་ཚུལ་ཞིག་ཇི་ལྟར་ཤོད་ནུས། དངོས་ཡོད་ཀྱི་གནས་ལུགས་ནི། ང་ཚོའི་རྨོངས་སེམས་ཀྱིས་བཟོས་པའི་ཡིན་པ་མི་སྲིད་པའི་དོན་སྙིང་མེད་པའི་ཆོས་ཡོད་ཚུལ་སྣང་བ་དེ་དག་རྩ་བ་ཉིད་ནས་མེད། ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པའི་ཆོས་དང་ཡོངས་སུ་བྲལ་ཞིང་། དེ་འདྲ་བའི་ཆོས་ཤིག་གང་དུ་ཡང་མེད།
སྔ་རབས་ཀྱི་བསྟན་བཅོས་ནང་གསལ་བའི་དཔེ་མཚོན་གཅིག་ལ་བསམ་བློ་གཏོང་དང། ཕྲུ་གུ་གཅིག་གིས་ཉལ་ཁྲིའི་འོག་ཏུ་གདོང་འདྲེ་འདུག་བསམ་པ་དང་། དངོས་གནས་བྱས་ན་ཉལ་ཁྲིའི་འོག་ཡོད་པ་དེ་ཞི་མི་ཞིག་ཡིན་ནའང་། ཕྲུ་གུས་ཉལ་ཁྲིའི་འོག་ལ་ཡོད་པའི་ཞི་མི་དེ་གདོང་འདྲེ་ལྟར་རྣམ་རྟོག་གིས་བཟོས་པ་རེད། གང་ཡིན་ཞེ་ན་དེ་དངོས་ཡོད་མིན་ཞིང་ཆོ་མེད་པ་ཞིག་ཡིན་ནའང་། ཕྲུ་གུས་དེར་གདོང་འདྲེ་ཞིག་དངོས་གནས་ཡོད་པའི་ཡིད་ཆེས་བྱེད་པ་ལ་བརྟེན་ནས་ཞེད་སྣང་ཆེན་པོ་སྐྱེས་པ་རེད། བྱས་ཙང་། འདི་ལྟ་བུའི་ཆོ་མེད་རྟོག་པས་བཟོས་བཞག་པ་འདིས་ཕྲུ་གུ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཀྱང། ཞི་མི་དེ་དངོས་གནས་གདོང་འདྲེ་ཞིག་ལ་བཟོ་གི་མེད་པར་ངེས་པ་རེད། གང་ཡིན་ཞེ་ན། གདོང་འདྲེ་ཟེར་བ་ཞིག་ཡོད་མ་རེད། འདིར་སྟོང་པ་ཞེས་པ་ནི། ཕྲུ་གུའི་རྟོག་པའི་འཆར་སྣང་དུ་བྱུང་བ་དང་མཐུན་པའི་གདོང་འདྲེ་ངོ་མ་ཞིག་རྩ་བ་ནས་མེད་པ་ལ་གོ་བ་ཡིན། གནས་དེར་གདོང་འདྲེ་ནམ་ཡང་མེད་ལ་དེ་ལྟར་ཡོང་ཐབས་མེད་པ་རེད། འོན་ཀྱང་གདོང་འདྲེ་ཡོད་པའི་རྣམ་རྟོག་གི་འཆར་སྣང་དེ་མེད་པ་བཟོས་ན་ད་དུང་ཡང་ཉལ་ཁྲིའི་འོག་ཏུ་ཞི་མི་ཡོད། དེར་བརྟེན་གང་ཡང་མེད་ཅེས་པའི་དོན་ཡང་མ་རེད།
དུས་རྒྱུན་དུ་ང་ཚོའི་གོམས་གཤིས་ལ་ཆོས་ཐམས་ཅད་དངོས་གནས་གང་སྣང་བ་ལྟར་ཡོད་པར་བསམ་གྱི་ཡོད། ང་ཚོས་ད་ལྟ་ཚོར་བཞིན་པ་དང་མིག་གི་མདུན་ལ་མཐོང་བཞིན་པའི་ཆོས་དེ་ཙམ་ལ་ཤེས་རྟོགས་ཡོད་པ་ཡིན། དཔེར་ན། ང་ད་ལྟ་སྐྱིད་པོ་མེད་པ་ཡོང་སྲིད་ཅིང་། དེ་ནི་རྒྱུ་མཚན་མེད་པར་རང་ངོས་ནས་བྱུང་བ་ལྟར་སྣང་གི་ཡོད། ང་ད་ག་སེ་སྐྱིད་པོ་མི་འདུག སྐྱིད་པོ་མེད་པའི་རྒྱུ་མཚན་ཧ་གོ་མ་སོང་། ང་ཉོབ་ཏོ་ཆགས་སོང་། ང་གཅིག་ཆགས་སོང་སོགས་བསམ་པ་དང་། ང་སྐྱིད་པོ་མེད་པ་དེ་ནི་ངས་གང་བྱེད་བཞིན་པའི་ལས་ཀ་ཞིག་གམ། ཡང་ན་ང་དང་མཉམ་དུ་ཡོད་པའི་མི་སོགས་ལ་འབྲེལ་བ་མེད་པར་ད་ག་སེ་གློ་བུར་དུ་གཅིག་ཚོར་བ་དང་། སྐྱིད་པོ་མེད་པ་འདྲ་པོ་ཞིག་ཡོད། དེ་ནི་བཅོས་མའི་ཚོར་སྣང་ཞིག་ཡིན་མི་དགོས་པར། དེ་ནི་འདོད་བློ་མ་ཚིམས་པའི་ཚོར་སྣང་ཆུང་ཆུང་ཞིག་ཀྱང་ཡིན་ཆོག།འོ་ན་ཚོར་སྣང་དེ་ག་འདྲ་འབྱུང་གི་ཡོད་དམ་ཞེ་ན། དེ་ནི་རྒྱུ་མེད་པ་ལས་ཡོང་གི་ཡོད་པའི་བཟོ་འདྲ་ཞིག་ཡོད། འོན་ཀྱང་དེ་ནི་མི་སྲིད་པ་ཞིག་ཡིན། དེ་དངོས་པོའི་གནས་ལུགས་དང་མཐུན་གྱི་མེད། དེ་ནི་གནས་ལུགས་མཐར་ཐུག་པའམ་དོན་དམ་བདེན་པ་དེ་ཡིན།
ཀུན་རྫོབ་བམ་ལྟོས་བཅས་ཀྱི་བདེན་པའི་དབང་དུ་བྱས་ན། ང་ཚོའི་བདེ་སྡུག་སོགས་ག་འདྲ་ཞིག་ཡིན་ཀྱང་རྒྱུ་དང་འབྲས་བུའི་རྣམ་གཞག་ཅིག་བརྒྱུད་ནས་ཡོང་གི་ཡོད། དེ་ནི་དངོས་ཡོད་ཀྱི་གནས་ལུགས་ཤིག་ཡིན་ནའང། ང་ཚོ་ལ་དེ་ལྟར་སྣང་གི་མེད། ང་ཚོའི་སྣང་ཚུལ་ལ་གང་ཚོར་བ་དེ་རྒྱུ་མེད་པ་ལས་བྱུང་བའམ་རྒྱུ་མཚན་གང་ཡང་མེད་པ་ཞིག་ནས་ཡོང་བ་ལྟ་བུ་སྣང་གི་ཡོད། མཐར་ཐུག་གི་བདེན་པའི་དབང་དུ་བྱས་ན། འདི་དག་ཐམས་ཅད་ཡིན་པ་མི་སྲིད་པའི་ཆོས་ཞིག་གི་རྣམ་རྟོག་ལས་བསྐྱེད་པ་ཡིན་པས། སོ་སོར་གང་འདྲ་སྣང་གི་ཡོད་པ་དེ་དངོས་པོའི་གནས་ལུགས་དང་མི་མཐུན་པ་ཡིན། གལ་སྲིད་ཁྱེད་ཀྱིས་འདིའི་ཐད་བསམ་བློ་ཞིག་གཏོང་བ་ཡིན་ན། དེ་ནི་དངོས་གནས་གཏིང་ཟབ་པའི་དོན་དག་ཞིག་རེད།
ངས་དཔེ་མཚོན་གཞན་ཞིག་གི་སྒོ་ནས་བཤད་ན། ང་ལ་གྲོགས་པོ་ཉེ་པོ་ཞིག་ཡོད་པ་དང་ཁོས་མཚམས་མཚམས་ང་ལ་སྐད་ལོག་བརྒྱབ་ཀྱི་རེད། ངེད་གཉིས་བར་གྱི་འབྲེལ་བ་དཔེ་མི་སྲིད་པའི་ཡག་པོ་ཡོད་ཀྱང་། གློ་བུར་དུ་ངའི་གྲོགས་པོ་དོན་དག་གཅིག་ལ་རླུང་ལངས་ནས་ང་ལ་སྐད་ལོག་བརྒྱབ་ཀྱི་རེད། དེ་ང་རང་ལ་མཐོང་སྣང་ག་འདྲ་ཞིག་ཡོང་གི་ཡོད་དམ། ངའི་མཐོང་སྣང་ལ་ “ད་ནས་བཟུང་ཁྱེད་ཀྱི་ང་ལ་དགའ་གི་མི་འདུག་” ཟེར་བ་ལྟར་སྣང་གི་ཡོད། ང་རང་དཔེ་བློ་ཕབ་ཡོང་གི་རེད། གང་ཡིན་ཞེ་ན། ངའི་སེམས་ནང་གང་ཤར་བ་ནི་ངའི་གྲོགས་པོས་ང་ལ་སྐད་ལོག་བརྒྱབ་ཀྱི་འདུག་བསམས་ནས་སོ་སོའི་གྲོགས་པོ་དེ་སྐད་ལོག་བརྒྱབ་མཁན་རང་ལ་ངོས་འཛིན་བྱེད་པ་མ་གཏོགས་གཞན་གང་ཡང་དྲན་གྱི་མེད། ཡིན་ནའང་རྟོག་པའི་འཆར་སྣང་དེ་ནི་དངོས་པོའི་གནས་ལུགས་དང་མི་མཐུན་པ་ཞིག་ཡིན། སྐད་ལོག་བརྒྱབ་པ་རྒྱུ་རྐྱེན་མེད་པ་ལས་བྱུང་བ་ཞིག་མ་རེད། དེ་ནི་རྒྱུན་རིང་གཤིབས་པའི་གྲོགས་པོའི་འབྲེལ་བའི་ནང་འཕྲད་པའི་གནས་ཚུལ་ཆུང་ཆུང་ཞིག་ཡིན་པ་ལས་ང་ཚོའི་གྲོགས་པོའི་མཚན་ཉིད་མཚོན་གྱི་མེད། ཁྱེད་རང་ལ་ཡང་དེ་འདྲ་བྱུང་ཡོད་སྲིད།
སྐབས་འདིར་ག་རེ་ཡོང་གི་ཡོད་ཟེར་ན། ང་ཚོས་རང་གི་གྲོགས་པོ་དང་མཉམ་དུ་ཡོད་པའི་འབྲེལ་བ་ཡོངས་སུ་རྫོགས་པ་མཐོང་ཐུབ་ཀྱི་མེད་པ་དང་། ཁོ་དང་མཉམ་དུ་གཤིབ་པའི་དུས་ཚོད་གཞན་ཚང་མ་དང་། མཉམ་དུ་ཕན་ཚུན་ལྟོས་རེས་བྱས་པའི་དུས་ཚོད་དེ་དག་མཐོང་མ་ཐུབ་པས་བྱས་པ་རེད། དེ་གཅིག་པུ་མ་རེད། ང་ཚོས་གདན་དོན་གལ་ཆེ་བ་དང་རྒྱ་ཆེ་བ་དེ་མཐོང་ཐུབ་ཀྱི་མེད། སོ་སོའི་གྲོགས་པོའི་མི་ཚེའི་ནང་ཡོད་པའི་གྲོགས་པོ་ནི་རང་ཉིད་གཅིག་པོ་མ་ཡིན་ཞིང་། ཕན་ཚུན་གྲོགས་འདྲིས་ཡོད་པ་དེ་གཅིག་པུ་ཁོང་གི་མི་ཚེ་ནང་འབྱུང་བཞིན་པ་ཞིག་མ་ཡིན། རང་ཉིད་ལས་གཞན་པའི་དོན་དག་གཞན་མང་པོ་ཞིག་ང་ཚོའི་གྲོགས་པོའི་མི་ཚེའི་ནང་ཡོད་པ་དང་། དེས་ཀྱང་ཁོས་བྱེད་སྟངས་དང་ཚོར་སྟངས་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། གཅིག་བྱས་ན་ཁོང་གི་ལས་ཀར་དཀའ་ངལ་ཞིག་ཕྲད་པའམ། ཡང་ན་ཕ་མ་དང་མཉམ་དུ་དཀའ་ངལ་ཞིག་ཕྲད་ཡོད་སྲིད་པ་དང་། དེས་རྐྱེན་གྱིས་ཁོ་རང་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་པོ་ཆགས་ནས་ང་ལ་སྐད་ལོག་བརྒྱབ་པ་ཡིན་སྲིད། མཐར་ཐུག་དོན་དམ་བདེན་པའི་དབང་དུ་བྱས་ན། ངས་རྣམ་རྟོག་གིས་གང་བཟོས་པ་དེ་ཡིན་པ་མི་སྲིད་པ་ཞིག་རེད། ཁོས་སྐད་ལོག་བརྒྱབ་པ་དེ་རང་བཞིན་གྱིས་གྲུབ་པ་ཞིག་གམ། ང་ཚོའི་བར་གྱི་གྲོགས་པོའི་འབྲེལ་བ་དང་། ཁོ་རང་གི་མི་ཚེའི་ནང་གང་བྱུང་བ་དང་འབྲེལ་མེད་ཀྱི་རང་དབང་གིས་གྲུབ་པ་ལྟར་འཛིན་པ་ནི་དངོས་པོའི་གནས་ལུགས་དེ་མ་ཡིན། དེར་བརྟེན་རང་བཞིན་དུ་གྲུབ་པ་ལྟ་བུར་སྣང་བ་དེ་དང་མཐུན་པའི་དངོས་ཡོད་ཀྱི་གནས་ལུགས་ཞིག་ནི་ཡོད་མི་སྲིད་པ་ཡིན་ལ། དེ་འདྲ་བའི་ཆོས་ཞིག་གང་དུའང་མེད། དེ་ལྟར་གྲུབ་པས་ཡོངས་སུ་སྟོང་བའི་ཆོས་ལ་ “སྟོང་པའམ་” ལེགས་སྦྱོར་སྐད་ནང་། “ཤཱུནྱཏཱ” ཟེར་གྱི་ཡོད། དེའི་ཚིག་དོན་ནི་ཀླད་ཀོར་དང་གཅིག་པ་ཡིན།
བདེན་པ་གཉིས་ལྟར་ན། དངོས་པོ་རྣམས་ཕན་ཚུན་ངོ་བོ་ཐ་དད་དུ་སྒྲུབ་པའམ། ཡང་ན་རང་བཞིན་ཐ་དད་དུ་སྒྲུབ་པ་མེད་པའི་སྐབས་སུ་རྒྱུ་དང་འབྲས་བུའི་རྣམ་གཞག་ཏག་ཏག་བསྡད་ཀྱི་ཡོད། རྒྱུ་མཚན་ནི་རྒྱུ་དང་འབྲས་བུའི་རྣམ་གཞག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་སྒོ་ནས་ཡོད་པ་ཡིན། ཆོས་གང་ཞིག་ལས་འབྲས་བུ་མི་འབྱུང་བ་ཡིན་ན། དེ་ནི་རྒྱུ་རུ་ཡོང་ཐབས་མེད་པས། དེར་བརྟེན་ཆོས་གང་ཞིག་གིས་འབྲས་བུ་སྦྱིན་གྱི་མེད་ན། དེ་རྒྱུ་ག་འདྲ་ཆགས་ཐུབ་བམ། བྱས་ཙང་། ལྟོས་བཅས་ཀྱི་བདེན་པ་དང་། དངོས་པོ་རྣམས་ཀྱི་རྒྱུའི་འབྲེལ་བས་བྱ་བ་བྱེད་ཐུབ་པའི་རྒྱུ་མཚན་ནི་ཆོས་རྣམས་གནས་ལུགས་མཐར་ཐུག་དོན་དམ་བདེན་པ་ཡོད་པ་སོང་ཙང་རེད། དོན་དམ་བདེན་པ་ནི། གཞན་གང་ཞིག་ལ་ལྟོས་མི་དགོས་པར་ཡོད་པ་མི་སྲིད་པའི་ཆ་ནས་གྲུབ་པའི་ཆོས་གཅིག་ཀྱང་མེད་པ་དེ་ཡིན།
འདི་ལྟར་བདེན་པ་གཉིས་གཅིག་ཕན་གཅིག་གྲོགས་བྱེད་པ་དེ་ཚིགས་བཅད་ནང་གསུངས་པའི་ཆོས་ཐམས་ཅད་གནས་སའི་གཞི་རྟེན་ཞེས་པ་དེར་གོ་དགོས། “གཞི་རྟེན་” ཞེས་པ་དེས་ཚིགས་རྐང་ཕྱི་མའི་བསྟན་དོན་གྱི་གཞི་རྟེན་ཡིན་པའང་སྟོན་གྱི་ཡོད། དེ་ཡང་དངོས་པོའི་གནས་ལུགས་ཇི་བཞིན་དུ་མཐོང་བར་བདེན་པ་གཉིས་དང་། དེ་གཞི་ལ་བཞག་པའི་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་རྟོགས་པ་ཡིན།
དྲི་བ།
བདེན་པའི་གནས་ལུགས་མྱོང་བ།
ཕྱིན་ཅི་ལོག་པའི་རྟོག་པ་དང་བྲལ་བའི་སྒོ་ནས་བདེན་པའི་གནས་ལུགས་ཐད་ཀར་མྱོང་ཐུབ་བམ། ཡང་ན་དེ་འདྲ་མི་སྲིད་པ་ཞིག་ཡིན་ནམ།
མ་རེད། མ་རེད། དེ་འདྲ་སྲིད་པ་ཞིག་ཡིན། ང་ཚོའི་སེམས་ཀྱི་བྱེད་ལས་དེས་ཆོས་ཐམས་ཅད་ཐབས་ལམ་མི་སྲིད་པ་ལས་གྲུབ་པ་ལྟར་སྣང་འཇུག་གི་ཡོད་ཀྱང་། དོན་ངོ་མར་དེ་ནི་དངོས་པའི་གནས་ལུགས་དང་མི་མཐུན་པ་ཞིག་ཡིན། དེ་འདྲའི་ཕྱིན་ཅི་ལོག་པའི་ལོག་ཤེས་ཀྱི་རྒྱུ་མེད་པར་བཟོ་ཐབས་ཡོད། རྒྱུ་མཚན་ནི་དངོས་པོའི་གནས་ལུགས་ཀྱི་ཆོས་ཡོད་པ་དང་། ཆོས་རྣམས་ཀྱི་གནས་ལུགས་ཕྱིན་ཅི་ལོག་པར་འཛིན་པ་དེ་ནི་སེམས་ཀྱི་བྱེད་ལས་ཀྱི་གཞི་རྩའི་རང་བཞིན་གྱི་ཆ་ཤས་མ་རེད། སེམས་ཀྱི་བྱེད་ལས་དེས་ཕྱིན་ཅི་ལོག་པའི་རྟོག་པ་མེད་པའི་སྒོ་ནས་བྱ་བ་བྱེད་ཐུབ་ཀྱི་རེད།
གཞི་རྟེན་དེའི་སྟེང་ནས་བཤད་ན། སེམས་ཀྱི་བྱེད་ལས་དེས་དངོས་པོའི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་འཛིན་པའི་སྐབས་དེ་ཡིས་དཀའ་ངལ་དང་། སྡུག་བསྔལ། མི་སྐྱིད་པ་སོགས་ཀྱི་རྒྱུ་བྱེད་ཀྱི་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་ང་ཚོའི་སེམས་ཀྱིས་ཕྱིན་ཅི་ལོག་ལོག་པར་འཛིན་པའི་འཆར་སྣང་སྐྲུན་པ་དེ་འགོག་ཐུབ་པ་སོང་ཙང་། ང་ཚོས་སོ་སོ་རང་ཉིད་ཀྱི་ཆེད་དུ་དཀའ་ངལ་མྱོང་བ་དང་དཀའ་ངལ་བཟོ་བ་སོགས་བྱེད་ཀྱི་མ་རེད། ང་ཚོའི་སེམས་དེ་ལོག་ཤེས་དང་བྲལ་བ་ཡོང་རྒྱུའི་དམིགས་ཡུལ་དེ་སྒྲུབ་རུང་ཡིན་པ་ཤེས་པའི་ཚེ། སྡུག་བསྔལ་མི་ཡོང་བའི་སྔོན་འགོག་དང་སྡུག་བསྔལ་སྤོང་བའི་ཆེད་དུ་ང་ཚོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ལྟ་བུར་བཞག་ཐུབ་པའི་དམིགས་ཡུལ་དེ་སྒྲུབ་པ་ཡིན། འདི་ལྟ་བུའི་ཉེན་མེད་ཀྱི་ཁ་ཕྱོགས་དེ་ལ་ “སྐྱབས་འགྲོ་” ཞེས་ཟེར་གྱི་ཡོད། ཡིན་ནའང་དམིགས་ཡུལ་དེ་དངོས་གནས་བསྒྲུབ་རྒྱུ་ཡོད་པའི་ཡིད་ཆེས་རྙེད་པའི་སྐབས་གཞི་ནས་དམིགས་ཡུལ་འཐོབ་ཐབས་བྱེད་ཐུབ། ང་ཚོའི་ཡིད་ཆེས་ཟེར་བ་ནི། ངས་གང་བཤད་པ་ཐམས་ཅད་དངོས་པོའི་གནས་ལུགས་ལ་གཞིར་བྱས་པ་དང་། དེ་ཤེས་པའི་ནུས་པ་ཡོད་པ་རྟོགས་པ་ལས་བྱུང་བ་ཞིག་ཡིན།
ཡིན་ནའང། ང་རང་ཚོའི་སེམས་ཀྱི་འགོག་རྐྱེན་རྣམས་གཅོད་པའི་ཆེད་དུ་རང་ཉིད་དངོས་པོའི་གནས་ལུགས་ལ་རྒྱུན་རིང་པོའི་སྦྱོང་བརྡར་གྱི་མྱོང་འདྲིས་ངེས་པར་དུ་དགོས་ཀྱི་ཡོད། འདི་འདྲའི་སྐབས་སུ་སྒོམ་གྱི་གལ་གནད་ཡོང་གི་ཡོད། སྐབས་འདིར་སྒོམ་ཞེས་པའི་དོན་ནི། ང་ཚོས་དངོས་པོའི་གནས་ལུགས་དེ་ཕན་ཐོགས་དང་དགེ་མཚན་ལྡན་པའི་གོམས་གཤིས་སུ་མཐོང་བར་བྱས་ཏེ། དེ་ལ་སྦྱོང་བརྡར་སྤྲད་ནས་གོམས་འདྲིས་ཐེབས་པར་བྱ་རྒྱུ་དེ་ཡིན། གལ་སྲིད་ཁྱེད་ཀྱིས་གོམས་གཤིས་དེ་འདྲ་ཞིག་རྒྱུད་ལ་སྦྱངས་ཡོད་ན། མི་སུ་ཞིག་ཐུག་པའི་སྐབས་སུ་ད་ལྟ་མིག་གི་མདུན་དུ་ཡོད་པའི་མཐོང་ཚུལ་དེ་ཙམ་མ་ཡིན་པར། དེའི་སྔོན་ལ་ཁོ་ཚོ་ཕྲུ་གུ་མ་འབྱར་ཞིག་དང་། དེ་ནས་བྱིས་པ་དང་། གཞོན་ནུ། དེ་བཞིན་དར་མའི་མི་ཚེ་སོགས་ཁོ་ཚོའི་མི་ཚེའི་ནང་གནས་སྟངས་མང་པོས་ཤུགས་རྐྱེན་སྤྲད་ཡོད་པ་སོགས་ཁྱེད་རང་ལ་དེ་དག་ཆ་ཚང་ཤེས་པའི་གོམས་འདྲིས་ཤིག་ཐེབས་ཡོད། དེར་མ་ཟད། ཁོ་ཚོ་ད་དུང་ལོ་ན་རྒས་ནས་གནས་སྟངས་དེ་ལས་མང་བས་ཤུགས་རྐྱེན་ཐེབས་སྲིད་པ་ཡང་མཐོང་ཐུབ། དེ་ལྟར་མི་ཞིག་གི་མི་ཚེའི་གནད་དོན་ཡོངས་རྫོགས་ཀྱི་གནས་ལུགས་དེ་མཐོང་ཐུབ་པ་དང་། དེ་དག་ཐམས་ཅད་གཅིག་གིས་གཅིག་ལ་བརྟེན་ནས་ཡོད་པ་ཡང་ཤེས་ཐུབ་པ་ཡིན། མི་དེའི་དངོས་ཡོད་གནས་ལུགས་ཀྱི་ལྟ་སྟངས་འདིས། ཁྱེད་རང་མི་དེ་དག་འབྲེལ་བའི་སྐབས་ཁོ་ཚོ་ནི་ང་ཚོའི་མདུན་གྱི་གཡོ་འགུལ་མེད་པའི་འདྲ་པར་ཞིག་ཡིན་པ་ལྟ་བུའི་ལྟ་རྒྱ་རིང་པོ་མེད་པ་དེ་ལས་ལྡོག་སྟེ། མི་དེ་དག་མཉམ་དུ་དངོས་ཡོད་དང་མཐུན་ཞིང་ཕན་ཐོགས་ཅན་གྱི་འབྲེལ་ལམ་ཞིག་བྱེད་དུ་འཇུག་གི་ཡོད།
འོན་ཀྱང་། ཁྱེད་རང་ངོས་ནས་དེ་འདྲ་ཞིག་ཡོང་བ་ལ་སྦྱོར་བརྡར་བྱེད་དགོས་ཀྱི་ཡོད། ཁྱེད་ཀྱིས་མི་གཞན་དག་གི་མི་ཚེ་དང་དེའི་ཤུགས་རྐྱེན་རྣམས་ཞིབ་ཅིང་ཕྲ་བ་ཆ་ཚང་ཞིག་ཤེས་ཀྱི་མེད་ཤག་རེད། ཡིན་ནའང་དེ་ལ་གནད་འགགས་མེད། མི་དེ་ལ་འདས་པའི་དུས་སུ་ཤུགས་རྐྱེན་མང་པོ་ཡོད་པའི་མི་ཚེའི་ལོ་རྒྱུས་ཡོད་པ་ཤེས་དགོས་ཤིང། དེས་ཁྱེད་རང་ལ་མི་དེའི་མ་འོངས་པའི་དངོས་ཡོད་ཀྱི་གནས་སྟངས་ཀྱང་དེ་འདྲ་ཞིག་ཡོང་ཤས་ཆེ་བ་ཡིན་པ་ཧ་གོ་བར་བྱེད་ཀྱི་རེད། བྱས་ཙང་། དཔེར་ན། ཁྱེད་ཀྱིས་ཕྲུ་གུ་མ་འབྱར་ཞིག་མཐོང་བ་ཡིན་ན། དེ་ཕྲུ་གུ་མ་འབྱར་ཙམ་ཞིག་མཐོང་བ་མ་ཡིན་པར། ནུས་པ་དང་ལྡན་པའི་མི་དར་མ་ཞིག་གི་ངོ་བོར་ཡང་མཐོང་ཐུབ་པ་དང་། ངས་ད་ལྟ་གང་བྱེད་པ་དེས་ཕྲུ་གུ་མ་འབྱར་འདིའི་དར་མའི་གནས་སྟངས་ག་འདྲ་ཞིག་ཆགས་པ་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད། ཁྱེད་ཀྱིས་གནས་སྟངས་ཞིག་ལ་ཕྱོགས་ཡོངས་ནས་བལྟ་གི་ཡོད་པ་དང་། ཁྱེད་རང་དངོས་པོའི་གནས་ལུགས་དང་འབྲེལ་ནས་ཡོད་པ་རེད།