མདུན་སྐྱོད་བྱ་ཚུལ།
ངས་བགྲོ་གླེང་ཚོགས་འདུ་འདི་བཞིན་ཁྱེད་ལ་ཅོཀ་ལེཊ་དཔེ་ཚད་ལྟ་བྱེད་ཀྱི་སྒམ་ཞིག་འབུལ་བ་ལྟ་བུ་སྟངས་འཛིན་བྱེད་འདོད་ཡོད། དེའི་དོན་ནི་ནང་ཆོས་ཀྱི་བརྗོད་གཞི་འདིའི་བྲོ་བ་ཉུང་ངུ་དང་ཕ་གིའི་བྲོ་བ་ཉུང་ངུ་ཟེར་བ་ལྟ་བུ་རེད། བྱས་ཙང་། བགྲོ་གླེང་ཚོགས་འདུ་ཧ་ཅང་རྒྱུ་མཚན་རིགས་པ་དང་ལྡན་པའི་སྒོ་ནས་གོ་སྒྲིག་བྱེད་ཀྱི་མ་རེད། ངའི་སེམས་ནང་གང་ཡོད་དེ་ཤོད་རྒྱུ་ཡིན། དཔེར་ན། ནང་པའི་ཆོས་གང་འདྲ་ཞིག་ཐོག་མར་ཚད་ལྡན་གྱི་འགོ་འཛུགས་བྱེད་སྟངས་ནི། རང་གི་ཀུན་སློང་གཏན་ལ་དབབ་པའམ་ཀུན་སློང་བཅོས་རྒྱུ་དེ་རེད། དོན་ངོ་མར་དེ་ནི་ཧ་ཅང་ལས་སླ་མོ་ཞིག་མེད། ངས་དེ་ཧ་ཅང་ལས་སླ་པོ་ཞིག་ཡོད་པ་མཐོང་གི་མི་འདུག །གང་ཡིན་ཞེ་ན། ང་ཚོས་སོ་སོའི་སེམས་ནང་ཤོད་བཞིན་པའི་ཚིག་ཙམ་དེ་དང་དོན་ངོ་མར་ང་ཚོའི་སེམས་དང་ལུས་ཀྱི་ནང་གང་ཚོར་བཞིན་པའི་དབར་ལ་ཆ་སྙོམ་གཟབ་ནན་ཞིག་བཟོ་དགོས།
ངའི་བསམ་པར། ང་ཚོ་མང་པོ་ཞིག་ལ་རང་ཉིད་ཀྱིས་གཅིག་ཚོར་བ་དང་། ལྷག་པར་དུ་ཀུན་སློང་གི་དོན་དེ་གསལ་པོར་འགྲེལ་བརྗོད་བྱ་རྒྱུ་དེ་དངོས་གནས་དཀའ་ལས་ཁག་པོ་ཡོད། ང་ཚོ་སེམས་སྡུག་བྱེད་སྲིད། དེ་གང་འདྲ་ཞིག་ཚོར་གྱི་ཡོད་མེད་ང་ཚོས་ཤེས་ཀྱི་ཡོད། འོན་ཀྱང་ཀུན་སློང་ཚོར་བ་ཞེས་ཟེར་བ་དེ་གང་ལ་གོ་གི་ཡོད་པ་ཤེས་རྒྱུ་ཧ་ཅང་ལས་སླ་པོ་ཞིག་མེད། གཟའ་མཇུག་འདིའི་རིང་གནད་དོན་དེ་དག་གི་རིགས་ལ་གདོང་ལེན་བྱ་རྒྱུ་དེ་ཧ་ཅང་དོ་དབྱིངས་ལྡན་པ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུག །དེ་དག་ནི་གནད་དོན་དཀའ་ལས་ཁག་པོ་རེད་མ་གཏོགས་ལས་སླ་པོ་མ་རེད། ངའི་བསམ་པར། དེ་ནི་ “སངས་རྒྱས་ལ་ཐམས་ཅད་མཁྱེན་པའི་རྟགས་མཚན་ག་ཚོད་མངའ་བ་ཡིན་ནམ་” ཞེས་དང་། དེའི་ཐད་ངས་ཁྱེད་རྣམས་ལ་ཨང་ཀི་ཞིག་སྤྲོད་པ་ལྟ་བུའི་དྲི་བ་ལས་ཕན་ཐོགས་ཆེ་བ་ཡོད་ངེས་རེད། འོན་ཀྱང་སླར་ཡང་ངས་གོང་དུ་ཞུས་པ་ལྟར། གནད་དོན་དེའི་རིགས་རྒྱུ་མཚན་རིགས་པའི་གོ་རིམ་ཞིག་གི་ནང་བླུག་ཐབས་བྱ་རྒྱུའི་ཐད་ང་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་ཅེས་པ་ལས་འགོ་འཛུགས་བྱེད་དགོས། ང་རང་གནད་དོན་རྣམས་གང་འཚམས་ཀྱི་གོ་རིམ་དང་ལྡན་པར་དགའ་མོས་ཡོད་པ་དང་དེ་ནི་ཧ་ཅང་གི་དཀའ་ལས་ཁག་པོ་ཆགས་མུས་རེད།
དེས་ཧ་ཅང་དོ་དབྱིངས་ཅན་གྱི་གནད་དོན་ཞིག་འབྱུང་བར་བྱེད་ཀྱི་ཡོད་པ་དང་། དེ་ནི་ཕལ་ཆེར་མི་མང་པོ་དང་འབྲེལ་བ་ཆགས་ཀྱི་ཡོད་བསམ་གྱི་འདུག །དེ་ནི་ང་ཚོར་ནམ་རྒྱུན་ཡང་སེ་ཡོད་པའི་ཚང་མ་རྒྱུ་མཚན་རིགས་པའི་གོ་རིམ་ཞིག་གི་ནང་ཡོད་དགོས་པ་ལྟ་བུའི་སྤྱིར་བཏང་སྔོན་ཚུད་ཀྱི་རྣམ་རྟོག་ཁོ་ན་ཙམ་དུ་མ་ཟད། དེ་ལས་གཏིང་ཟབ་པའི་སྒོ་ནས་ང་ཚོ་སྟངས་འཛིན་དང་ཚད་འཛིན་གྱི་ནང་གནས་འདོད་ཡོད། ང་ཚོ་ཚོད་འཛིན་གྱི་ནང་ཡོད་པ་དང་ཚང་མ་གྲ་འགྲིག་པོ་དང་གོ་རིམ་ལྡན་པ་ཡིན་པའི་སྐབས་སམ། ཡང་ན་ང་ཚོས་སོ་སོ་སྟངས་འཛིན་གྱི་ནང་ཡོད་བསམ་པའི་སྐབས། ང་ཚོ་ཏོག་ཙམ་ཉེན་སྲུང་ཆེ་བ་ཚོར་གྱི་ཡོད། ང་ཚོས་ག་རེ་འབྱུང་རྒྱུ་ཡིན་པ་ཤེས་ཀྱི་ཡོད་བསམ་གྱི་ཡོད། ཡིན་ནའང་མི་ཚེ་ནི་དེ་འདྲ་ཞིག་མ་རེད། ང་ཚོ་རྟག་ཏུ་ཚོད་འཛིན་ནང་གནས་པ་དང་གནས་སྟངས་རྣམས་རྟག་ཏུ་གྲ་འགྲིག་པོ་དང་གོ་རིམ་ལྡན་པ་ཞིག་ཡོང་མི་ཐུབ། དེའི་ཕྱོགས་གཞན་དེ་ནི། ང་ཚོས་སྟངས་འཛིན་དེ་གཞན་ཞིག་ལ་སྤྲོད་འདོད་ཡོད། དེ་ལ་བརྟེན་ནས་མི་གཞན་དེས་རང་ལ་སྟངས་འཛིན་བྱེད་པའམ། ཡང་ན་དེས་ང་ཚོའི་གནས་སྟངས་ལ་སྟངས་འཛིན་བྱེད་ཕྱིར་ཡིན། དེ་ནི་སྟངས་འཛིན་གྱི་གནད་དོན་གཅིག་པ་རེད།
འོན་ཀྱང་ང་ཚོ་སུ་གཅིག་ཀྱང་མི་ཚེའི་ནང་ག་རེ་འབྱུང་གི་ཡོད་པ་ལ་སྟངས་འཛིན་བྱེད་མི་ཐུབ། ང་ཚོར་ག་རེ་འབྱུང་བ་ནི་རྒྱུ་རྐྱེན་གྲངས་ལས་འདས་པ་ལས་བྱུང་བ་ཞིག་ཡིན་པ་ལས། གང་ཟག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་མིན། དེར་བརྟེན་བློས་གཏོང་བྱ་དགོས་ངེས་ཤིག་ཆགས་ཀྱི་ཡོད། བློས་གཏོང་བྱེད་པའི་དོན་ནི་གཞན་ལ་བལྟོས་མི་དགོས་པ་རང་དབང་གིས་གྲུབ་པ་དང་། དེའི་ཉེ་འཁོར་དུ་གང་འབྱུང་བཞིན་པ་ལ་བལྟོས་མེད་ཀྱིས་སྟངས་འཛིན་ནང་གནས་འདོད་ཡོད་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་“ང་”ལ་ཤུགས་ཆེན་ཞེན་ཆགས་ཡོད་པ་དེ་བློས་གཏོང་བྱེད་དགོས་པའི་དོན་ཡིན། སྟངས་འཛིན་ཡོད་པ་ལ་བརྟེན་ནས་ཉེན་སྲུང་ཡོད་པའི་གྲུབ་ཚུལ་དེ་སྐྲུན་གྱི་ཡོད་ཅེས་བསམ་མཁན་དེ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་“ང་”དེ་ཡིན་པ་རེད། དེ་ནི་ “གལ་ཏེ་ང་རང་སྟངས་འཛིན་ནང་ཡོད་ན། ང་གྲུབ་པ་རེད། གལ་ཏེ་ང་རང་སྟངས་འཛིན་དང་བྲལ་བ་ཡིན་ན། ང་དངོས་གནས་གྲུབ་མེད་” ཅེས་བསམ་པ་དང་མཚུངས་པ་རེད། ང་ཚོས་ནང་པའི་ལམ་གྱི་རྗེས་སུ་འཇུག་པའི་སྐབས། ཐབས་ཚུལ་མང་པོའི་སྒོ་ནས་ “སྟངས་འཛིན་གྱི་ནང་ཡོད་པ་”ཞེས་པའི་བསམ་བློ་འདི་སྤོང་དགོས་ངེས་ཤིག་ཡིན། དེ་ནི་གནད་དོན་ཀྱི་ཕྱོགས་ཟུར་གཞན་དེ་ཡང་སྤོང་དགོས་པའི་དོན་ཡིན། དེ་ཡང་སྟངས་འཛིན་དེ་གཞན་ཞིག་ལ་སྤྲོད་པ་དེ་རེད། དམིགས་བསལ་སྟངས་འཛིན་ནང་གནས་ཕྱིར་རང་གི་བླ་མའམ་དགེ་བའི་བཤེས་གཉེན་ལ་སྤྲོད་པ་དེ་རེད། དེ་ནི་དཀའ་ངལ་གཅིག་པ་རེད། སྟངས་འཛིན་གྱི་ཕྱོགས་གཉིས་ཀ་ལས་ཐར་དགོས་ཀྱི་ཡོད།
ང་ཚོས་འགྲོ་བ་མིའི་དཀའ་ངལ་རྣམས་ལ་གདོང་ལེན་བྱས་དང་བྱེད་མུས་ཡིན་ཙང་། ངའི་བསམ་པར། གཟའ་མཇུག་འདིའི་ནང་ཧ་ཅང་དགོས་གལ་ཅན་དེ་གང་རེད་ཅེ་ན། དེ་ནི་འགྲོ་བ་མི་ནང་བཞིན་ཕན་ཚུན་སྐད་ཆ་ཤོད་རྒྱུ་དེ་རེད། བྱས་ཙང་། འགྲོ་བ་མི་གཅིག་གིས་གཞན་ཞིག་ལ་སྐད་ཆ་ཤོད་པ་ནང་བཞིན་ངས་ཁྱེད་རྣམས་ལ་ཤོད་ཀྱི་ཡིན། ངས་རྟག་ཏུ་འགྲོ་བ་མི་གཅིག་གིས་གཞན་ཞིག་ལ་སྐད་ཆ་ཤོད་པ་ནང་བཞིན་ཤོད་ཀྱིན་ཡོད་པ་ལས། ང་རང་ལ་དྲི་བའི་ལན་ཆ་ཚང་ཡོད་པ་ལྟ་བུ་རྨང་སྟེགས་ཀྱི་རྒྱབ་ཏུ་ལངས་པའི་དབང་ལྡན་པ་ཞིག་ལྟར་བྱེད་ཀྱི་མེད་པའི་རེ་བ་ཡོད།
ངའི་བསམ་པར། སྟངས་འཛིན་ནང་གནས་ཏེ་རྒྱུ་མཚན་རིགས་པའི་གོ་རིམ་ཞིག་གི་ནང་རྒྱུད་རིམ་དེ་གོང་འཕེལ་གཏོང་རྒྱུ་དེ་ཡག་ག་ཡོད། དེ་ནས་གཟའ་མཇུག་འདི་རི་མོ་ཞིག་འབྲི་བ་ནང་བཞིན་འཇོག་དགོས། དེ་ཡང་ང་ཚོས་རི་མོའི་སྒྱུ་རྩལ་དེ་ཧ་ཅང་གོ་རིམ་ལྡན་པའི་སྤྱན་བསྟར་འབུལ་ཐབས་བྱ་རྒྱུའི་ཚབ་ལ་རི་མོའི་སྒང་ལ་སྤུ་སྨྱུག་གམ་པིར་གྱིས་འབྲི་ཙམ་བྱེད་ཀྱི་ཡོད། ང་ཚོས་གཟའ་མཇུག་འདིའི་ནང་གོ་བསྡུར་བྱ་ཆོག་པའི་བརྗོད་གཞི་ཧ་ཅང་མང་པོ་ཕན་ཚུན་སྟོང་ཆ་འགེང་རེས་བྱེད་པ་དང་འབྲེལ་ནས་ཡོད་སྟབས། དེ་ནི་ང་ཚོས་མདུན་སྐྱོད་བྱེད་ཐུབ་པའི་རྒྱུ་མཚན་ཆེ་ཤོས་ཀྱི་ཐབས་ལམ་རེད་བསམ་གྱི་འདུག
ཀུན་སློང་།
ད་ང་ཚོའི་དཔེ་ཚད་འཇལ་བྱེད་ཀྱི་སྒམ་ནང་ཡོད་པའི་ཅོཀ་ལེཊ་དུམ་བུ་དང་པོའི་ཐོག་ལ་འགྲོ་རྒྱུ་ཡིན། ངས་ཅོཀ་ལེཊ་དེ་མུར་ཚར་མེད་པས། ཁྱེད་རང་ཚོ་མང་པོས་ཀྱང་དེ་མུར་ཚར་ཡོད་ཀྱི་མ་རེད། དེ་ནི་ང་ཚོར་ཀུན་སློང་ཇི་ལྟར་ཚོར་བའི་དྲི་བ་ཞིག་རེད། ང་རང་འདིའི་བརྒྱུད་ནས་རང་ཉིད་ཀྱི་ཡར་རྒྱས་ནང་ཕྱིན་པ་སོང་ཙང་། ངའི་བསམ་པར། ང་ཚོས་ཚོར་བ་དེ་ཡོད་པའམ་གྲུབ་པའི་ཕྱིར། དེ་ནི་འཁྲུག་ཆ་དོད་པོ་དགོས་ཞེས་བསམ་གྱི་ཡོད། གལ་ཏེ་དེ་དག་འཁྲུག་ཆ་དོད་པོ་ཡོད་ན། དེ་དག་ཚོར་བའི་གྲངས་སུ་བརྩི་བ་དང་དེ་དག་གྲུབ་ཡོད། གལ་ཏེ་དེ་དག་འཁྲུག་ཆ་དོད་པོ་མེད་ན། དེ་དག་ཚོར་བར་མི་བརྩི་ཞིང་དངོས་གནས་གྲུབ་མེད། ངའི་བསམ་པར། དེ་ནི་ཏོག་ཙམ་གློག་བརྙན་དང་གཟུགས་མཐོང་བརྙན་འཕྲིན་གྱིས་རྐྱེན་བྱས་ཡོད། གལ་ཏེ་གློག་བརྙན་ལྟད་མོའི་ནང་གནད་དོན་ཅིག་ཤིན་ཏུ་ཕྲ་བའི་སྒོ་ནས་བསྟན་ཡོད་ན། དེ་ནི་དོ་དབྱིངས་ཅན་གྱི་ལྟད་མོ་ཞིག་མིན། རེད་དམ། དེ་ལ་སེམས་འགུལ་ཐེབས་ངེས་ཀྱི་རྒྱབ་ལྗོངས་རོལ་དབྱངས་དང་ལྡན་ཞིང་། འཁྲུག་ཆ་དོད་པོ་དགོས་ཀྱི་ཡོད།
སྐབས་རེར་ང་ཚོས་ནང་པའི་དཔེ་ཆ་ཞིག་ཀློག་པའི་སྐབས། དེའི་ནང་། “རང་གི་ལུས་ཀྱི་བ་སྤུ་ལྡང་བར་བྱེད་པ་དང་མིག་ནས་མཆི་མ་འཁྲུགས་པའི་སྙིང་རྗེ་སེམས་འགུལ་ཤུགས་དྲག་ཐེབས་ངེས་དགོས་” ཞེས་གསུང་གི་ཡོད། འོན་ཀྱང་ང་ཚོའི་མི་ཚེ་འདི་རྒྱུན་ཆད་མེད་པར་དེ་ལྟར་སྐྱེལ་རྒྱུ་དེ་གང་འཚམ་གྱི་དཀའ་ལས་ཁག་པོ་རེད་བསམ་གྱི་འདུག །ང་ཚོས་ཀུན་སློང་སྐྱེད་པའི་སྐོར་བསམ་བློ་གཏོང་སྐབས། སྐབས་རེར་ང་ཚོར་ “ངས་གཅིག་ཚོར་དགོས་ཀྱི་འདུག་” ཅེས་པའི་ཚོར་བ་ཞིག་སྐྱེ་གི་ཡོད་པ་དང་། དེ་ནི་གཟའ་མཇུག་འདིའི་ནང་ང་ཚོ་གང་ལ་གང་འཚམ་གྱི་ཕྱིར་ལོག་བྱ་རྒྱུ་ཡིན་པའི་གླེང་གཞི་ཞིག་རེད། དེ་ནི་ “ངེས་པར་དུ་དགོས་” ཞེས་པའི་ཚིག་ཧྲིལ་པོ་འདི་རེད། ང་ཚོས་ “ངས་ཤུགས་ཆེན་པོ་ཞིག་ཚོར་དགོས་ངེས་རེད། དེ་མིན་གལ་ཏེ་དེ་འདྲ་ཡོང་གི་མེད་ན། ངས་དངོས་གནས་ཀུན་སློང་སྐྱེད་ཀྱི་མེད་” ཅེས་བསམ་གྱི་ཡོད། ཡིན་ནའང་ང་ཚོས་ཀུན་སློང་ཞིག་སྐྱེད་པའི་སྐབས། དེ་ནི་ང་རང་གི་ཉམས་མྱོང་ལྟར་བྱས་ན། སྤྱིར་བཏང་དེ་ཀ་ཙམ་དུ་མྱོང་ཚོར་ཞིག་རེད། དེ་ནི་ནམ་རྒྱུན་ང་ཚོའི་དཔུང་པའི་སྒང་ལ་བ་སྤུ་ལྡང་བ་ལས་ཀྱང་ཤིན་ཏུ་ཕྲ་བ་ཞིག་རེད། ཁྱེད་ལ་དེ་འདྲ་སྐད་ཆ་ཤོད་པ་ཙམ་དེ་ཕལ་ཆེར་ཕན་ཐོགས་ཆེ་བ་ཡོད་སྲིད་སྙམ། དེ་ནི་རྨང་སྟེགས་ཀྱི་རྒྱབ་ནས་སྐད་ཆ་ཤོད་པ་ལྟ་བུ་མིན་པར། དེ་ལས་ལྡོག་སྟེ། ངས་ནང་ཆོས་ནང་གནད་དོན་སྣ་ཚོགས་པ་དེ་དག་བྱེད་པའི་ང་རང་སྒེར་གྱི་ཉམས་མྱོང་རྣམས་ཁྱེད་དང་། ང་ཚོ་ནུབ་ཕྱོགས་པ་ཡིན་པའི་ཆ་ནས་མང་ཆེ་བ་ལ་ཡོད་པའི་ཐུན་མིན་གྱི་དཀའ་ངལ་དེ་དག་ལ་ངས་གདོང་ལེན་ཇི་ལྟར་བྱས་དང་བྱེད་མུས་རྣམས་ཁྱེད་དང་མཉམ་སྤྱོད་བྱ་རྒྱུ་དེ་རེད། བྱས་ཙང་། དེ་འདྲ་བྱ་རྒྱུ་ཡིན།
ང་ཚོས་གསུང་ཆོས་ནང་གཞན་དག་དང་མཉམ་དུ་འབྲེལ་བ་བྱེད་ཐབས་དེ་ཕ་རོལ་པ་དེ་རང་གི་ཨ་མ་ནང་བཞིན་བྱེད་དགོས་པ་རྟག་ཏུ་ཐོས་ཀྱི་ཡོད། དེ་ཡང་ “སེམས་ཅན་ཐམས་ཅད་སོ་སོའི་ཨ་མ་ནང་བཞིན་ངོས་འཛིན་བྱེད་དགོས།” འོན་ཀྱང་མི་མང་པོ་སོ་སོའི་ཨ་མ་དང་མཉམ་དུ་འབྲེལ་ལམ་ཐོག་ལ་དཀའ་ངལ་ཡོད། བྱས་ཙང་། ང་ཚོས་བསམ་བློའམ་སྣང་ཚུལ་དེ་སོ་སོའི་གྲོགས་པོ་ཉེ་ཤོས་ལ་བརྗེས་ན་ཆོག །འདི་ནི་གནད་དོན་དེ་ཨ་མ་མ་ཡིན་པར། གནད་དོན་ནི་མི་སུ་འདྲ་ཞིག་ཡིན་རུང་ང་ཚོ་དེ་དག་མཉམ་དུ་སེམས་ཚོར་གྱི་འབྲེལ་བ་ཤུགས་ཆེན་པོ་དང་བཟང་པོ་ཞིག་ཡོད་པའི་རྒྱུ་མཚན་གྱིས་རེད།
དཔེ་ཆ་བཞག་ན། དོ་དགོང་ང་ཚོས་ཀུན་སློང་བཅོས་པའི་སྐབས། ངས་འདིར་ཆོས་ཉན་མཁན་ཚང་མ་ངའི་གྲོགས་པོ་ཡག་ཤོས་ཡིན་པར་བསམ་བློ་གཏོང་ཐབས་བྱེད་ཀྱི་ཡོད། ང་ཚོ་སོ་སོའི་གྲོགས་པོ་ཡག་ཤོས་དང་གྲོགས་པོ་ཉེ་ཤོས་མཉམ་དུ་ཡོད་པའི་སྐབས། ཚང་མ་ལྷག་བསམ་རྣམ་དག་རེད། ང་ཚོས་ཡིན་ཁུལ་དང་ཡོད་ཁུལ་གྱི་ངོམ་སོ་གང་ཡང་བྱེད་ཀྱིན་མེད་ལ། འདྲ་འབག་གི་རྒྱབ་ལ་ཡིབས་པ་ནང་བཞིན་སྡོད་ཀྱི་མེད། ང་ཚོ་སོ་སོའི་གྲོགས་པོ་ཉེ་ཤོས་དང་མཉམ་དུ་ཡོད་དུས་ང་ཚོས་མི་དེ་ལ་ལྷག་བསམ་རྣམ་དག་གི་ཚོར་བ་སྐྱེ་གི་ཡོད། དེ་ནི་རྟག་ཏུ་འཁྲུག་ཆ་དོད་པོ་ཞིག་མེད། འོན་ཀྱང་ཚོར་བ་ནི་དེར་ཡོད་ཡོད་པ་རེད།
ང་ཚོས་ “ཚང་མ་སོ་སོའི་ཨ་མ་ནང་བཞིན་ལྟ་དགོས་” ཞེས་པ་དེ་ “ཚང་མ་སོ་སོའི་གྲོགས་པོ་ཉེ་ཤོས་ལྟ་བུར་ལྟ་དགོས་” ཞེས་པའི་དོན་དུ་ཉམས་སུ་ལེན་འགོ་བཙུག་པའི་སྐབས། ང་ཚོར་དངོས་གནས་ཀུན་སློང་ཞིག་སྐྱེད་ཀྱི་ཡོད། ང་ཚོར་ལྷག་བསམ་རྣམ་དག་གི་ཀུན་སློང་ཞིག་ཡོད། ང་ཚོས་མི་དེ་ལ་ལྷག་བསམ་རྣམ་དག་གིས་བྱ་བ་ཞིག་བྱེད་འདོད་ཡོད། རྟག་ཏུ་རང་འདོད་དོན་གཉེར་ཅན་དང་སོ་སོ་རང་ཉིད་ཀྱི་བདེ་སྐྱིད་དང་ཁེ་ཕན་ཆེད་དུ་མི་གཞན་དེ་བཀོལ་སྤྱོད་བྱེད་མཁན་ཞིག་མིན་ན། ང་ཚོས་མི་དེ་དག་མཉམ་དུ་དུས་ཚོད་བསྐྱལ་བ་དེ་གང་ཟག་དེ་ལ་དོན་སྙིང་ལྡན་པ་དང་ཕན་ཐོགས་ཅན་ཞིག་ཏུ་འདོད་ཀྱི་ཡོད།
ང་ཚོའི་མིག་ལྡང་དགོས་པའི་གལ་གནད།
དེར་མ་ཟད། ནང་པའི་བདག་གཞན་མཉམ་བརྗེའི་ཉམས་ལེན་སྣ་ཚོགས་པ་བྱེད་པའི་ནང་། ངས་དེ་དག་རང་ཉིད་ཀྱི་མིག་བཙུམས་ནས་དམིགས་རྣམ་དུ་བྱེད་པའི་སྐབས། ངའི་སེམས་ལ་གཡོ་འགུལ་ཐེབས་པ་ཞིག་དངོས་གནས་མྱོང་གི་མི་འདུག །ངས་མིག་བཙུམས་ནས་སོ་སོའི་གྲོགས་པོ་ཉེ་ཤོས་དེ་དམིགས་རྣམ་དུ་བྱེད་ཆོག །འོན་ཀྱང་དེ་ནི་ངའི་མདུན་དུ་ཡོད་པའི་གང་ཟག་གམ་ཡང་ན་ད་ལྟ་ཁྱེད་ལ་ངས་འབྲེལ་བ་བྱེད་པ་དང་གཅིག་པ་མིན། ངས་མིག་མདངས་ནས་མི་རྣམས་ལ་བལྟ་བའི་སྒོ་ནས་དེ་དག་ཉམས་ལེན་བྱེད་པའི་སྐབས། དེ་དག་རྦད་དེ་ཕན་རླབས་ཆེ་བ་ཡོད་པ་ཤེས་ཀྱི་འདུག
གང་ལྟར་ཡང་། སོ་སོ་གཅིག་པུ་ཉམས་ལེན་བྱེད་པའི་སྐབས། དེ་ནི་དངོས་གནས་གནས་སྟངས་གཞན་ཞིག་ཡིན། གལ་ཏེ་མི་རྣམས་བསམ་བློར་འཁོར་དཀའ་མོ་ཡོད་ན། མི་རྣམས་ཀྱི་འདྲ་པར་ལ་བལྟ་ཆོག །ངས་དེ་ནི་ཏག་ཏག་འགྲིག་པ་རེད་བསམ་གྱི་འདུག །ཡིན་ནའང་ཐ་ན་ང་ཚོས་གཞན་དག་དམིགས་རྣམ་དུ་བྱེད་ཀྱིན་ཡོད་ནའང་། མི་སྒེར་པ་བྱེ་བྲག་པ་དམིགས་རྣམ་བསྟེན་ཐབས་བྱ་རྒྱུ་དེ་འཆར་སྣང་གི་སྒོ་ནས་སེམས་ཅན་ཐམས་ཅད་ལ་དམིགས་རྣམ་བྱ་རྒྱུ་ལས་ཕན་རླབས་ཆེ་བ་ཡོད་པ་མཐོང་གི་འདུག །དེ་ག་ནང་བཞིན་ངས་མིག་མདངས་ནས་དེ་ལྟར་འབད་བརྩོན་བྱེད་པ་ལས། རང་གི་ཉེ་འཁོར་དུ་ཡོད་པ་ལས་འབྲེལ་མཚམས་བཅད་ནས་མིག་བཙུམས་ཏེ་དམིགས་རྣམ་བྱེད་ཀྱི་མེད།
ང་ཚོས་གསང་སྔགས་ཀྱི་ཉམས་ལེན་ནང་གི་དམིགས་རྣམ་བསྟེན་ཕྱོགས་དང་འབྲེལ་བའི་གདམས་ངག་ཁག་ལ་བལྟ་བའི་སྐབས། དཔེར་ན། རྣལ་འབྱོར་བླ་མེད་རྒྱུད་ཀྱི་བསྐྱེད་རིམ་སྐབས། ཧ་ཅང་གནད་འགགས་ཆེ་བའི་གནད་དོན་ཞིག་ནི་ཡིད་ཀྱི་ཤེས་པས་བྱེད་དགོས་ཀྱི་ཡོད་པ་ལས། དབང་པོའི་ཤེས་པས་བྱ་རྒྱུ་མེད། དབང་ཤེས་ལ་བརྟེན་ནས་དམིགས་རྣམ་བསྟེན་ཐུབ་པ་ནི་རྫོགས་རིམ་ཁོ་ནར་འབྱུང་གི་ཡོད། རྫོགས་རིམ་ནི་ཧ་ཅང་ཚད་མཐོན་པོ་དང་། དེ་ལ་ང་ཚོའི་དབང་ཤེས་ཀྱི་དབང་པོའི་རྩ་རླུང་ལ་དངོས་སུ་མྱོང་འདྲིས་ཀྱི་ལག་ལེན་བྱེད་དགོས་ཤིང་། དེ་ལ་བརྟེན་ནས་ཁོང་ཚོས་དམིགས་རྣམ་གྱི་འཆར་སྣང་དེ་སྐྲུན་ཀྱི་ཡོད། དེའི་དོན་ནི་བསྐྱེད་རིམ་གྱི་སྐབས་སུ་ང་ཚོས་ཆོས་རྣམས་ཀྱི་རྟོགས་ཚུལ་དེ་འགྱུར་བ་གཏོང་གི་མེད། ང་ཚོས་གང་རྟོགས་པ་དེ་རྟོག་འཆར་སྐྲུན་ཚུལ་དེ་འགྱུར་བ་གཏོང་གི་ཡོད། ང་ཚོས་ཆོས་རྣམས་དཀྱུས་མའི་རྣམ་པར་གྲུབ་པ་གང་མཐོང་བ་དེ་ཡིད་ལ་འཆར་རྒྱུའི་ཚབ་ལ་དེ་དག་ཡི་དམ་གྱི་ལྷའི་ངོ་བོར་བསམ་མནོ་འཁོར་གྱི་ཡོད།
ཆོས་ལ་བརྟེན་ནས་དོན་སྙིང་ལྡན་པའི་ཐབས་གང་འདྲ་ཞིག་གི་ཐོག་ནས་ལས་དོན་བྱེད་པར། ང་ཚོས་ཐོག་མ་ཉིད་ནས་སྦྱངས་པ་ཚང་མ་གཅིག་ཏུ་སྤུང་དགོས་པའི་བསམ་བློ་དེ་ཁྱེད་ཀྱིས་ཤེས་ཀྱི་ཡོད་པའི་རེ་བ་ཡོད། དེའི་དོན་ནི་ང་ཚོས་མི་ཞིག་ཡི་དམ་གྱི་ལྷ་རུ་དམིགས་རྣམ་བྱེད་པའམ། ཡང་ན་དཔེ་མཚོན་བྱེ་བྲག་པ་འདིའི་ནང་། ང་ཚོས་མི་ཚང་མ་སོ་སོའི་གྲོགས་པོ་ཉེ་ཤོས་སམ་ཡང་ཨ་མར་དམིགས་རྣམ་བྱེད་པའི་སྐབས། ང་ཚོས་ཐོག་མར་མི་དེ་ལ་ཡོད་པའི་ང་ཚོའི་དབང་པོའི་ཤེས་པ་ལ་འགྱུར་བ་གཏོང་གི་མེད། ང་ཚོས་མི་དེ་མཐོང་བའི་སྐབས། མི་དེ་རྟོག་པའི་ནང་འཆར་ཚུལ་དེ་ཁོ་ན་འགྱུར་བ་གཏོང་གི་ཡོད།
གལ་ཏེ་ང་ཚོས་མི་དེ་མཐོང་ན། “མི་དེ་རྟོག་པའི་ནང་འཆར་བར་བྱེད་པ་ཞེས་པའི་དོན་གང་རེད་དམ་” ཞེས་དང་། “རྟོག་པའི་ཤེས་པ་དེ་གང་རེད་དམ་” ཞེས་དྲིས་ན། དེ་ནས་ང་ཚོས་བློ་རིག་གི་སྐོར་ལ་ཁ་ཕྱོགས་སྒྱུར་དགོས། བློ་རིག་གི་རྣམ་གཞག་ནང་། རྟོག་པའི་ཤེས་པ་དེ་ནི་དཔེར་ན། གཟུགས་སུ་གྲུབ་པའི་ཆོས་ལ་མཚོན་ན། དེ་ལ་སྡེ་ཚན་ཞིག་ཡོད་པའི་བསམ་བློ་ལ་བརྟེན་ནས་ང་ཚོའི་མདུན་དུ་ཡོད་པའི་ཆོས་དེ་ཕན་ཚུན་བསྲེ་བསྲེ་གཏོང་གི་ཡོད་པ་དེ་ཤེས་ཀྱི་ཡོད། གང་ལྟར་གྲོགས་པོ་ཡག་ཤོས་ཟེར་བའི་སྡེ་ཚན་དེ་མི་ཞིག་གི་སེམས་ཀྱི་འཆར་སྣང་ཞིག་དང་བསྲེས་པ་ལ་བསམ་བློ་གཏོང་བ་ཙམ་ལ་ནུས་ཤུགས་དེ་ཙམ་མེད་པ་ལྟ་བུ་རེད། དེ་ནི་ང་ཚོས་དུས་གཅིག་ལ་མི་ཞིག་དངོས་སུ་མཐོང་བའི་སྐབས་དེར་བསམ་བློ་འདི་ལ་བསམ་པའི་སྐབས་ལྟ་བུ་རེད།
རྒྱུ་མཚན་དེ་ལ་བརྟེན་ནས་ནུས་ཤུགས་དེ་ལ་གང་ཡོད་དམ་ཞེ་ན། ང་ཚོའི་མིག་མདངས་ནས་སྒོམ་ཉམས་ལེན་འདི་དག་ཐམས་ཅད་བྱེད་པ་དང་མི་རྣམས་ལ་དངོས་སུ་ལྟ་བཞིན་ཡོད། ངས་དེ་ནན་བརྗོད་ཇི་ཙམ་བྱེད་ཀྱང་འདང་ངེས་མིན། དེས་ཉམས་ལེན་སྣ་ཚོགས་པ་ཚང་མའི་ནང་ཁྱད་པར་བཟོ་གི་ཡོད། “སོ་སོའི་མིག་མདངས་ནས་སྒོམ་རྒྱག་དགོས་” ཞེས་བོད་ཀྱི་ཐེག་པ་ཆེན་པོའི་ཆོས་ཀྱི་ནང་དེ་ནི་གང་འཚམ་གྱི་གསལ་པོར་གསུངས་ཡོད། མི་མང་པོ་ཞིག་གིས་དེ་དོ་གལ་ཆེན་པོའི་སྒོ་ནས་དང་ལེན་བྱེད་ཐུབ་ཀྱི་མེད། གང་ཡིན་ཟེར་ན། དེ་ནི་ཧ་ཅང་ལས་སླ་པོ་ཞིག་མེད། མི་འགའ་ཞིག་ལ་སོ་སོ་རང་ཉིད་གཅིག་པུ་མིག་བཙུམས་ནས་སྒོམ་རྒྱག་པ་དེ་ནི་ཧ་ཅང་རན་པོ་དང་ཕན་ཐོགས་པོ་ཡོད། ལྷག་པར་དུ་ཁོང་ཚོ་ལས་སླ་པོའི་སྒོ་ནས་རྣམ་གཡེངས་ཤོར་ན། ཉེ་འཁོར་དུ་མི་གཞན་དག་ཡོད་པ་དེས་ཁོང་ཚོར་སེམས་འཆལ་དུ་འཇུག་གི་ཡོད། འོན་ཀྱང་གལ་ཏེ་ང་ཚོ་ཏོག་ཙམ་བརྟན་པ་ཡོད་ན། ང་ཚོས་མི་ཚེའི་ནང་དངོས་སུ་མི་རྣམས་ལ་དེ་དག་ལག་བསྟར་བྱེད་པའི་སྐབས། ཉམས་ལེན་དེ་ཧ་ཅང་དོན་སྙིང་ལྡན་པ་ཆགས་ཀྱི་ཡོད།
དཔེ་མཚོན་བྱེ་བྲག་པ་འདིའི་ནང་ཀུན་སློང་སྐྱེད་པ་ཞེས་པའི་དོན་གང་རེད་ཅེ་ན། ངས་ཁང་པ་འདིའི་ནང་སོ་སོ་རང་ཉིད་ཀྱི་དཔེ་ཞིག་ཞུས་ན། ངས་མདུན་དུ་ཁྱེད་རྣམས་ལ་བལྟས་ནས་ཁྱེད་རང་དང་ཁྱེད་རྣམས་དང་འབྲེལ་བ་བྱེད་སྟངས་དེ་ངའི་གྲོགས་པོ་བློ་ཐག་ཉེ་ཤོས་ཡིན་པ་ནང་བཞིན་ཡིད་ལ་འཁོར་གྱི་ཡོད། གལ་ཏེ་ཁྱེད་རང་ངའི་གྲོགས་པོ་ཉེ་ཤོས་དེ་ཡིན་ན། ངས་དེའི་ཆེད་དུ་ཚིག་སྙན་པོ་ཞིག་བསམ་བློར་འཁོར་ཐུབ་ཀྱི་མི་འདུག །འོན་ཀྱང་ཕལ་སྐད་ནང་ངས་ཁྱེད་ལ་ཆོ་མེད་པ་དང་དོན་མེད་པའི་སྐད་ཆ་ཤོད་མི་ཐུབ། ངས་དྲང་པོ་དྲང་གཞག་བྱེད་དགོས། དེ་ནས་ང་རང་ལ་རང་བཞིན་གྱིས་ཁྱེད་ལ་ཕན་པའི་ཀུན་སློང་ཡོད། ང་ཚོས་སོ་སོའི་སེམས་ནང་ཚིག་འགའ་ཞིག་བསྐྱར་ཟློས་བྱེད་ལོས་ཆོག །དཔེར་ན། “འདི་ནི་ཁྱེད་ལ་དོན་སྙིང་ལྡན་ཞིང་ཕན་ཐོགས་པོ་ཡོང་བའི་རེ་བ་ཞིག་ངས་དངོས་གནས་བྱེད་ཀྱི་ཡོད་” ཅེས་བརྗོད་པ་ལྟ་བུ་རེད། འོན་ཀྱང་དེའི་དོན་དག་གཅིག་ནི་ང་ཚོའི་ཉེ་འཁོར་དུ་ཡོད་པའི་མི་རྣམས་སོ་སོའི་གྲོགས་པོ་ཡག་ཤོས་ནང་བཞིན་བལྟས་ནས་གང་གཏན་ལ་ཕབ་ཟིན་པ་དེ་ཏོག་ཙམ་གཟབ་ནན་མང་བ་བྱེད་པ་ཙམ་རེད།
ངས་དེ་ལྟར་བྱེད་པའི་སྐབས། ངའི་ལག་པའི་སྤུ་ལོང་ལྡང་གི་མི་འདུག །དེ་ནི་བདེན་པ་རེད། འོན་ཀྱང་ད་དུང་ཡང་ང་ཚོའི་དབར་གྱི་འབྲེལ་བར་རོགས་བྱེད་མཁན་ཞིག་འདུག །ངའི་བསམ་པར། འདི་ནི་ “གོ་རྒྱུ་མེད་པའི་སྐད་ཆ་བཤད་ནས་ངས་ཀུན་སློང་བཅོས་སྒྲིག་བྱེད་ཀྱི་ཡོད་” ཅེས་ང་ཚོས་ཡིན་ཤག་བྱས་པའི་གནད་དོན་ཧ་ཅང་སྟབས་བདེ་དག་གི་ཆེད་ཚོར་བ་སྐྱེད་ཆོག་པའི་སྤྱིར་བཏང་གི་ལམ་ཡིན། ནམ་རྒྱུན་ང་ཚོས་དེ་བོད་སྐད་ནང་བརྗོད་ཀྱི་ཡོད་པས། ང་ཚོ་མང་ཆེ་བར་ཐ་ན་ང་ཚོས་འདོན་པའི་ཚིག་དེ་དག་ལ་དོན་དག་རྩ་ནས་མེད།
ང་ཚོས་གནད་དོན་དེ་དག་ལ་བརྟེན་ནས་ཉམས་ལེན་ཏོག་ཙམ་ཞིག་བྱེད་ཆོག །གཟའ་མཇུག་འདི་ལ་ང་རང་གཅིག་པུས་སྐད་ཆ་བཤད་ནས་སྡོད་འདོད་མེད། ང་ཚོ་མི་ཚོགས་ཧ་ཅང་འཚང་འགག་ཆེན་པོ་དེ་འདྲ་མིན་པ་སོང་ཙང་། སྒོར་སྒོར་བྱས་ནས་སྡོད་རྒྱུ་ཡིན། ང་ཚོ་གཅིག་གི་རྒྱབ་ལ་གཅིག་གྲལ་བསྟར་སྒྲིག་ནས་སྡོད་པའི་སྐབས། སྔས་མགོའམ་ཡང་ན་རང་གི་མདུན་དུ་ཡོད་པའི་མི་དེའི་མགོའི་རྒྱབ་ལ་ཅེར་ལྟ་བྱེད་པའི་སྟབས་མི་བདེ་བའི་རང་བཞིན་མྱོང་གི་ཡོད། དེ་ནི་དུས་ཚོད་ཏོག་ཙམ་རྗེས་སུ་དངོས་གནས་ཁྱད་མཚར་ཞིག་ཡོད། གལ་ཏེ་ང་ཚོ་སྒོར་སྒོར་བྱས་ནས་བསྡད་ན། ཕན་ཚུན་ཚང་མའི་གདོང་མཐོང་ཐུབ།
ད་ང་ཚོས་གང་བྱེད་ཐུབ་ཅེ་ན། ཀུན་སློང་གཏན་ལ་དབབ་དགོས། སླར་ཡང་ “ཀུན་སློང་ཞིག་གཏན་ལ་དབབ་དགོས་” ཞེས་བརྗོད་པ་ནི་ཧ་ཅང་བཅོས་མ་ལྟ་བུ་སྣང་གི་འདུག །མི་འདུག་གམ། འོན་ཀྱང་ང་ཚོས་ག་རེ་བྱེད་ཀྱིན་ཡོད་དམ། གལ་ཏེ་ཚིག་གཞན་ཞིག་གི་སྒོ་ནས་བཤད་ན། ང་རང་སྐད་བསྒྱུར་བ་ཞིག་ཡིན་པ་སོང་ཙང་། ང་རང་ཚིག་བརྗེ་པོ་རྒྱག་རྒྱུ་དགའ་པོ་ཡོད། བྱས་ཙང་། དེ་ནི་རང་ངོས་ནས་ “སེམས་ཁམས་ཀྱི་ཉམས་འགྱུར་བཅོས་པ་” ཞེས་པ་དེ་རེད། སེམས་ཁམས་ཀྱི་ཉམས་འགྱུར་དེ་ནི་ང་ཚོའི་གྲོགས་པོ་ཉེ་ཤོས་ནང་གི་གཅིག་རེད། ང་ཚོའི་གྲོགས་པོ་ཡག་ཤོས་དང་མཉམ་དུ་ཡོད་པ་དེ་གང་འདྲ་ཞིག་ཡོད་དམ། ང་ཚོ་གྲོགས་པོ་ཡག་ཤོས་དང་མཉམ་དུ་ཡོད་པའི་སྐབས། ང་ཚོ་མཐའ་གཅིག་ཏུ་ལྷོད་ཡང་རེད། མི་བདེ་བ་མེད། ང་ཚོ་སྡིངས་ཆའི་སྟེང་ལ་མེད་ལྟ་བུ་རེད། ང་ཚོས་གཅིག་ཡིན་མདོག་མདོག་བྱེད་དགོས་མེད། ང་ཚོས་འགན་འཁྲི་རིགས་གང་འདྲ་ཞིག་ཀྱང་འཁྱེར་དགོས་དོན་མེད། ཡོད་དམ། ང་ཚོ་ནུབ་ཕྱོགས་པའི་སྐད་ཡིག་དེ་བརྗོད་ཚུལ་ཧ་ཅང་ཆོབ་ཚ་པོ་ཞིག་ཡོད། དེ་ནི་ནང་པ་རྩ་ནས་མིན་པ་ཞིག་རེད། ཡིན་ནའང་དེའི་དོན་དག་གང་ཡིན་རུང་། ང་ཚོས་ “ང་ཚོ་སོ་སོ་རང་ཉིད་གང་ཡིན་པ་དེ་ག་རང་བྱེད་ཐུབ་” ཅེས་བརྗོད་ཀྱི་ཡོད།
འབྲེལ་མཚམས་གཅོད་པ།
འབྲེལ་མཚམས་ཐབས་ཅད་ཞིག་སྲིད་པ་རེད། ང་ཚོ་སོ་སོའི་གྲོགས་པོ་ཡག་ཤོས་དང་མཉམ་དུ་ཡོད་དུས་སྲུང་སྐྱོབ་གང་ཡོད་པ་ཐམས་ཅད་ཞིག་སྲིད་པ་རེད། གང་ཟག་ཅིག་ལ་ཞེན་ཆགས་མེད་པའི་སྒོ་ནས་དེ་དང་མཉམ་དུ་སྡོད་པ་དང་མཉམ་སྤྱོད་བྱེད་པ་ཙམ་ལ་མཐའ་གཅིག་ཏུ་གུ་ཡངས་ཡོང་སྲིད། དེར་དགའ་ཚོར་ངེས་ཅན་ཞིག་ཡོད། འཁྲུག་ཆ་དོད་པོའི་དགའ་ཚོར་དེ་མིན་པར། དགའ་ཚོར་ངེས་ཅན་ཞིག་དེར་ཡོད་ཅིང་། ང་ཚོས་ག་རེ་ཡིན་ནའང་བྱེད་དགོས་པ་དེ་ཚོར་གྱི་མེད། འོན་ཀྱང་མི་དེ་ལ་ཕན་ཐོགས་ལྡན་པ་ཞིག་བྱུང་ན་བསམ་པའི་ཡིད་སྨོན་རྣམ་པར་དག་པ་ཞིག་ཀྱང་ང་ཚོར་ཡོད། ང་ཚོ་མི་དེ་ལ་ལྷག་བསམ་རྣམ་དག་དང་འགྲོ་བ་མི་ཞིག་གི་ངོས་ནས་དགའ་པོ་བྱེད་ཀྱི་ཡོད།
ང་ཚོས་ག་རེ་བྱ་རྒྱུའི་ཐབས་ཤེས་བྱེད་ཀྱིན་ཡོད་དམ་ཞེ་ན། ཚང་མ་ཁང་པའི་ནང་འདི་དང་འདྲ་བར་མཐོང་ཐབས་བྱེད་ཀྱིན་ཡོད། ང་ཚོས་བསམ་བློ་ཞིག་མིག་ཤེས་དང་བསྲེ་བཞིན་ཡོད། དེ་ཡང་སོ་སོའི་མིག་བཙུམས་ནས་བྱ་རྒྱུ་མེད། གང་ཡིན་ཞེ་ན། དེ་ལ་ཚོར་བ་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད། མིག་དེ་མདངས་དགོས་ཀྱི་ཡོད། ང་ཚོས་རང་གི་ཉེ་འཁོར་དུ་ཡོད་པའི་མི་རྣམས་མཐོང་སྣང་ངེས་ཅན་ཞིག་གི་ནང་དངོས་སུ་མཐོང་དགོས། དེ་ནི་གང་ལྟར་ཡང་ང་ཚོའི་མིག་ཤེས་དེ་འགྱུར་བ་ཕྱིན་ཡོད་པའི་དོན་མིན། ང་ཚོ་དམིགས་རྣམ་ཞེས་པའི་ཚིག་འདི་ལ་རྦད་དེ་རྨོངས་ནས་ང་ཚོས་མིག་གི་དབང་ཤེས་འགྱུར་བ་གཏོང་དགོས་བསམ་གྱི་ཡོད། དེ་འདྲ་བྱེད་མི་དགོས། དེ་ནི་སྤྱིར་བཏང་ཤེས་པ་དང་འབྲེལ་བའི་དྲི་བ་ཞིག་རེད། ང་ཚོས་མི་གཞན་དེ་མཐོང་བའི་སྐབས། ང་ཚོར་བསམ་བློ་གང་འདྲ་ཞིག་ཡོད་པའམ་ཡང་ན་ང་ཚོ་སེམས་ཁམས་ཀྱི་ཉམས་འགྱུར་གང་འདྲ་ཞིག་གི་ནང་ཡོད་དམ།
ངའི་བསམ་པར། དེ་འགོ་འཛུགས་བྱེད་པའི་ཚོར་བ་ནི་བག་ཡངས་དང་ལྷིང་འཇགས་ཤིག་རེད། དེ་ལྟར་བྱེད་པར། འབྲེལ་མཚམས་རྣམས་གཅོད་དགོས། མི་དགོས་སམ། འབྲེལ་མཚམས་གཅོད་པའི་སྐབས། ང་ཚོ་དངོས་གནས་དྲང་པོ་དྲང་གཞག་བྱེད་ཐུབ། ང་ཚོས་གཅིག་གིས་གཅིག་ལ་ཕན་ཚུན་བལྟ་བཞིན་དུ་དེ་ལྟར་བྱ་རྒྱུ་ཡིན།
(ཉམས་ལེན་ཆེད་བར་མཚམས་འཇོག་པ།)
དེ་ནས་ང་ཚོས་དེ་ལ་ “ངས་ཕན་འདོགས་ཐུབ་པར་ཤོག་” ཅེས་པའི་ཚོར་བ་ཅུང་ཟད་ཅིག་ཁ་སྣོན་བྱེད་ཀྱི་ཡིན། འདི་ནི་ཕན་འདོགས་འདོད་ཡོད་པའི་ཚོར་བ་ཞིག་རེད། དེ་ནི་གལ་གནད་ཆེ་བའི་ཆ་ལག་ཅིག་རེད། དེ་ནི་ “ཨོ། ངས་ཕན་འདོགས་དགོས་ཀྱི་འདུག །ངས་གང་བྱེད་དགོས་སམ། ངས་གང་བྱེད་དགོས་མིན་ཤེས་ཀྱི་མི་འདུག །ང་རང་མི་འཇོན་མཁན་ཡིན་” ཟེར་བ་ལྟ་བུ་མིན་ལ་དེ་དང་འདྲ་བ་གང་ཡང་མིན། མི་དགེ་བའི་འགྲུལ་སྐོར་དེ་ལས་ལྡོག་སྟེ། དེ་ནི་ཕན་འདོགས་པ་དང་གུ་ཡངས་བྱེད་པའི་འདུན་སེམས་ཤིག་ཡིན།
(ཉམས་ལེན་ཆེད་བར་མཚམས་འཇོག་པ།)
ལྷོད་ཡངས་བྱེད་པ་སྦྱོང་བ།
ངའི་བསམ་པར། དེ་ནི་ལྷག་བསམ་གྱི་སྒོ་ནས་གནད་དོན་རྣམས་ཇི་ལྟར་ཚོར་དུ་འཇུག་པའི་བརྡ་དོན་དང་ལམ་སྟོན་དེ་རེད། ལམ་སྟོན་ནི་ཐོག་མར་ང་ཚོས་འབྲེལ་མཚམས་དེ་མར་བཤིག་དགོས། སྐབས་རེར་ང་ཚོས་གཅིག་ཚོར་བར་ཞེད་སྣང་ཡོང་གི་ཡོད། གང་ཡིན་ཞེ་ན། ང་ཚོས་གང་འབྱུང་རྒྱུ་ཡིན་རྩ་ནས་ཤེས་ཀྱི་མེད། ང་ཚོ་ཚོད་འཛིན་ཤོར་བ་ལྟ་བུ་རེད། དེ་ནི་འབྲེལ་ལམ་གྱི་ནང་ཡོད་པའི་ང་ཞེས་བྱ་བ་རྡོག་རྡོག་ཆེན་པོ་ཚུགས་ཐུབ་ཏུ་གྲུབ་པ་དེ་རེད། ང་ཚོས་ལྷོད་ཡངས་བྱེད་དགོས་ཀྱི་ཡོད། དེ་ནི་མེད་དུ་མི་རུང་བ་རེད།
ལྷོད་ཡངས་ཀྱི་དོན་ནི་ང་ཚོའི་ཤ་གནད་རྣམས་ལྷོད་ཡངས་བྱེད་པ་ཙམ་དང་། ལུས་ཀྱི་རིམ་པའི་ཐོག་ནས་དམ་པོ་དང་མཁྲེགས་པོ་ཡོད་པ་ཙམ་མིན། དེ་ནི་ཆ་ཤས་ཙམ་ཡིན་ངེས་རེད། དེ་ལས་ལྡོག་སྟེ། སོ་སོའི་སེམས་ནང་ཞི་བདེ་བག་ཕེབས་དང་ལྷོད་ཡངས་ཤིག་དགོས་པའི་དོན་རེད། དེ་ནི་མ་མཐར་ཡང་སྟོང་པ་ཉིད་ཀྱི་སྐོར་ལ་གོ་རྟོགས་གང་ཙམ་ཞིག་ཡོད་པ་ལས་འབྱུང་གི་ཡོད། སྟོང་པ་ཉིད་ཅེས་པའི་དོན་ནི། སོ་སོ་རང་ཉིད་དང་། གཞན་ཐམས་ཅད། རང་གི་ཉེ་འཁོར་དུ་འབྱུང་བཞིན་པའི་གནད་དོན་ཡོངས་སུ་རྫོགས་པ་ལ་བསྟུན་ནས་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པ་མེད་པ་དེ་རེད། རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་དང་། རང་ངོས་ནས་གྲུབ་པ། གཞན་ལ་བལྟོས་མི་དགོས་པ། གང་འབྱུང་བཞིན་པ་ལས་ལོགས་སུ་གྱུར་བའི་ཆོས་གཅིག་ཀྱང་མེད།
ལས་སླ་ཤོས་ཀྱི་རིམ་པའི་ཐོག་ནས་གལ་ཏེ་ང་ཚོས་སོ་སོ་རང་གི་ཤེས་པ་དང་། ཉེན་སྲུང་མེད་པ། རང་གིས་རང་ལ་སྔོན་ཚུད་ལས་བྲེལ་བཅས་ལ་ལྷོད་ཡངས་ཤིག་སྤྲད་ཐུབ་ན། གོ་རྟོགས་འདིའི་རིམ་པ་འགའ་ཞིག་ཡོད་པ་དེ་གང་འདྲ་ཞིག་ཡོད་སྲིད་པའི་བརྡ་དོན་ཞིག་སྤྲོད་ཀྱི་ཡོད། བྱས་ཙང་། སླར་ཡང་ཚང་མ་ཆོས་ཀྱི་ནང་རྟག་ཏུ་རན་འཚམ་དགོས་ཀྱི་ཡོད། ང་ཚོས་དེའི་སྐོར་གཏིང་ཟབ་པོ་སློབ་སྦྱོང་བྱས་མེད་ནའང་། ང་ཚོར་སྟོང་ཉིད་ཀྱི་སྐོར་ལ་གོ་བ་ཞིག་ཡོད་ཆོག །གང་ཡིན་ཞེ་ན། ང་ཚོས་འདི་སོ་སོའི་གྲོགས་པོ་ཉེ་ཤོས་དང་མཉམ་དུ་གང་ལ་གང་འཚམ་གྱི་ཉམས་སུ་མྱོང་གི་ཡོད། གལ་ཏེ་ང་ཚོ་མི་ཚེའི་གནས་སྟངས་ནང་ཕྱིན་ནས་འདི་འདྲའི་སྒོ་ནས་ཀུན་སློང་བཅོས་ན། དེས་ཕན་ཐོགས་ཀྱི་རེད།
དེའི་དོན་ནི་ང་ཚོས་ངོམ་སོ་སྟོན་པ་ལས་ལྡོག་སྟེ། ཧ་ཅང་ལྷག་བསམ་རྣམ་པར་དག་པའི་གནས་སྟངས་ཀྱི་ནང་འཛུལ་གྱི་ཡོད། ང་ཚོས་ལས་ཀ་འཚོལ་བའི་སྐབས་དང་འདྲ་བར། ཕ་རོལ་པོ་དེ་ལ་ཡིད་དུ་འོང་བ་ཞིག་བཟོ་ཐབས་བྱེད་ཀྱིན་མེད། ང་ཚོས་མ་ཡིན་ཡིན་ཁུལ་བྱེད་ཀྱིན་མེད། དེ་ལས་ལྡོག་སྟེ། ང་ཚོ་མི་སུ་འདྲ་ཞིག་ཡིན་རུང་ཚང་མ་དང་མཐའ་གཅིག་ཏུ་བདེ་པོ་ཡོད། དེ་ནི་གཞི་རྩའི་ཆ་ནས་ང་ཚོ་སོ་སོ་རང་ཉིད་ལ་བདེ་པོ་ཡོད་པའི་རྒྱུ་མཚན་གྱིས་རེད། ང་ཚོའི་ང་ཞེས་བྱ་བའི་གོ་རྟོགས་ཀྱི་ཀབ་སྦྱར་ཡིན་པ་གསལ་པོ་རེད། འདི་ནི་ང་ཞེས་བྱ་བ་དེ་ཇི་ལྟར་གྲུབ་ཡོད་པའི་གོ་རྟོགས་དང་འབྲེལ་ནས་ཡོད། ཕྱོགས་གཞན་ཞིག་ནས་སྟོང་པ་ཉིད་དང་འབྲེལ་ནས་ཡོད། ང་ཞེས་བྱ་བ་ནི་ཡིན་པ་མི་སྲིད་པའི་ཚུལ་གྱིས་གྲུབ་པས་སྟོང་བ་རེད། ང་ནི་ཡིན་པ་མི་སྲིད་པས་སྟོང་པའི་སྒོ་ནས་གྲུབ་ཡོད་པ་ནང་བཞིན་ཁྱེད་ཀྱང་དེ་ལྟར་གྲུབ་ཡོད།
དེ་ལ་དགག་པ་ཡོང་སྲིད་པ་ནི། “རེད། གལ་ཏེ་ངས་ངའི་འབྲེལ་མཚམས་ཚང་མ་བཅད་ན། ང་རང་གནོད་འཚེ་ཡོང་བར་གླགས་རྙེད་སླ་བ་མིན་ནམ་” ཞེས་པ་དེ་རེད། ངས་གནད་དོན་དེ་རེད་བསམ་གྱི་མི་འདུག །གལ་ཏེ་ང་ཚོས་དྲག་རྩལ་ལས་དཔེ་ཞིག་བླངས་ན། ང་ཚོ་དངངས་འཚབ་སྒང་ལ་ཡོད་པ་དང་མི་ཞིག་གིས་ང་ཚོར་འཐབ་རྒོལ་བྱས་པ་ཡིན་ན། ང་ཚོས་ལམ་སེང་ཡ་ལན་སློག་མི་ཐུབ། འོན་ཀྱང་གལ་ཏེ་ངའོ་བསམ་པའི་བཅད་མཚམས་དེ་མེད་པ་ཆགས་ན། དེ་ནས་ང་ཚོ་གང་འབྱུང་བཞིན་པ་ལ་མཐའ་གཅིག་ཏུ་བག་ཟོན་ཅན་རེད། དེ་ནས་གང་འབྱུང་བཞིན་པ་ལ་ཡ་ལན་ཧ་ཅང་མྱུར་པོ་སློག་སྲིད།
སླར་ཡང་འདི་ནི་ཞེད་སྣང་གི་རྐྱེན་འདི་ལ་གདོང་ལེན་བྱེད་པའི་གནད་དོན་ཞིག་རེད། མ་རེད་དམ། འདི་ནི་ང་ཚོས་ཐར་བར་བྱེད་དགོས་པའི་ཞེད་སྣང་དེ་རེད། གང་ཡིན་ཞེ་ན། ཞེད་སྣང་འདིས་ང་ཚོར་བཅད་མཚམས་བཤིགས་པར་འགོག་རྐྱེན་བྱེད་ཀྱིན་ཡོད། “གལ་ཏེ་ངས་བཅད་མཚམས་བཤིགས་ན། ང་ལ་གནོད་འཚེ་ཡོང་གི་རེད་” ཅེས་ང་ཚོ་ཞེད་སྣང་སྐྱེ་གི་ཡོད། དེ་ནི་ང་ཚོས་བཅད་མཚམས་དེ་རིམ་པ་དང་པོར་ཉར་འཚག་བྱེད་ཀྱིན་ཡོད་པའི་རྐྱེན་གྱིས་རེད། དེ་འདྲ་བྱེད་པའི་སྒོ་ནས་དོན་ངོ་མར་རང་གིས་རང་ལ་གནོད་འཚེ་བྱེད་ཀྱིན་ཡོད། འོན་ཀྱང་ང་ཚོས་བདེན་དོན་འདི་དག་སྒེར་གྱི་ཉམས་མྱོང་དང་གོ་རྟོགས་བརྒྱུད་ནས་སྦྱོང་དགོས། དེས་ང་ཚོ་བརྗོད་གཞི་གལ་གནད་ཅན་གཞན་གྱི་ཐད་ལ་འཁྲིད་ཀྱི་ཡོད། དེ་ནི་ “གོ་རྟོགས་ཀྱི་བརྗོད་གཞི་” དེ་རེད།
རྗེས་དཔག་ཚད་མར་གཞི་བྱས་ཏེ་ཚོར་བ་སྐྱེད་པ།
མི་མང་པོ་ཞིག་ནི་ང་ཚོས་ནང་ཆོས་ནང་མཐོང་བའི་ཐབས་ཚུལ་འགའ་ཞིག་ལ་བརྟེན་ནས་དོ་སྣང་མེད་པ་ཆགས་ཀྱི་ཡོད། དེ་ཡང་ལྷག་དོན་དུ་བོད་བརྒྱུད་ནང་བསྟན་དང་དེའི་ནང་ནས་ཀྱང་དགེ་ལུགས་པའི་ནང་ཡོང་གི་ཡོད། ངས་འདིར་རྒྱུ་མཚན་རིག་པ་དང་རྗེས་དཔག་ཚད་མའི་གོ་རྟོགས་ལ་ནན་གྱིས་བརྗོད་ཀྱིན་ཡོད། འོན་ཀྱང་འདིར་ཞེད་སྣང་བྱེད་དགོས་རྒྱུ་དེ་འདྲ་གང་ཡང་མེད། གང་ཡིན་ཟེར་ན། ང་ཚོས་ག་དུས་ཡིན་ནའང་གོ་རྟོགས་དེ་འདྲའི་རིགས་ལ་བྱ་བ་བྱེད་ཀྱི་ཡོད། གོ་རྟོགས་ནི་ཡིན་གཅིག་མིན་གཅིག་གཏིང་ཟབ་པའི་རྣམ་དཔྱོད་ཀྱི་རྒྱུད་རིམ་ཞིག་ཡིན་མི་དགོས། ཞོགས་པ་ཚུ་ཚོད་དྲིལ་བརྡ་གོ་བའི་སྐབས་ཡར་ལངས་རྒྱུའི་དུས་ཚོད་ཟིན་པ་ང་ཚོས་ཤེས་ཀྱི་ཡོད། ཡར་ལངས་དགོས་པའི་དུས་ཚོད་ཅིའི་ཕྱིར་རེད་དམ། དེ་གང་ཡིན་ཞེ་ན། ཚུ་ཚོད་དྲིལ་བརྡ་བཏང་བ་སོང་ཙང་རེད། དེར་དྲན་ཤེས་ལྡན་པའི་རྒྱུ་མཚན་རིག་པ་ཞིག་དང་། ཀླད་པས་དྲན་ཤེས་མེད་པའི་སྒོ་ནས་བྱ་བ་བྱེད་སྟངས་ཤིག་ཀྱང་ཡིན། ཡར་ལང་རྒྱུའི་དུས་ཚོད་ཡིན་པར་རྟོགས་པའི་རྒྱུ་མཚན་རིག་པ་ནི། “གལ་ཏེ་ཚུ་ཚོད་དྲིལ་བརྡ་བཏང་ན། དེ་ནི་ཡར་ལང་རྒྱུའི་དུས་ཚོད་རེད། ཚུ་ཚོད་དྲིལ་བརྡ་བཏང་བ་སོང་ཙང་། ཡར་ལང་རྒྱུའི་དུས་ཚོད་ཟིན་པ་རེད་” ཅེས་པ་འདི་རེད། ང་ཚོས་འདི་རྒྱུ་མཚན་རིག་པའི་སྒྲུབ་ངག་དེ་འདྲ་ཞིག་གི་ནང་འགོད་ཆོག །རྟགས་དེ་ལས་མཐོང་བའི་ཆེད་གཏིང་ཟབ་པའི་རྣམ་དཔྱོད་ཀྱི་སྦྱོང་བརྡར་ཡིན་མི་དགོས། དེ་ནི་ང་ཚོས་བོད་སྐད་ནང་བེད་སྤྱོད་བྱེད་པའི་ཚིག་ཏག་ཏག་དེ་རེད། དེ་ཡང་ཡར་ལང་རྒྱུའི་དུས་ཚོད་ཡིན་པའི་རྟགས་དང་བརྡ་སྟོན་དེ་རེད། ཚུ་ཚོད་ཀྱི་དྲིལ་བརྡ་བཏང་བ་དེ་ནི་ཡར་ལང་རྒྱུའི་དུས་ཚོད་ཡིན་པར་རྟོགས་པའི་ཆེད་ང་ཚོས་བརྟེན་པའི་རྟགས་དེ་རེད།
དེ་ག་ནང་བཞིན་མི་ཞིག་སོ་སོའི་གྲོགས་པོ་ཉེ་ཤོས་སུ་མཐོང་བ་དེ་ནི་བཅད་མཚམས་ཉར་མི་དགོས་ཞེས་ང་ཚོར་རྟོགས་ནུས་པར་བྱེད་པའི་ཡིད་བརྟན་འཕེར་བའི་རྟགས་དང་མཚན་མ་དེ་རེད། དེ་གང་ཡིན་ཞེ་ན། ཞེད་སྣང་བྱེད་དགོས་པ་གང་ཡང་མེད་ལ། ང་ཚོས་མི་དེའི་ཆེད་དུ་ངོམ་སོ་བྱེད་དགོས་དོན་མེད། ང་ཚོས་དེ་ཇི་ལྟར་ཤེས་སམ། ང་ཚོས་རྟགས་ཤིག་མཐོང་ཡོད་པ་དང་དེ་ལས་རྒྱུ་མཚན་གྱི་སྒོ་ནས་གོ་བར་བྱས་ཡོད་པའི་རྒྱུ་མཚན་གྱིས་རེད། རྟགས་དེ་གང་རེད་ཅེ་ན། ང་ཚོས་མི་དེ་སོ་སོའི་གྲོགས་པོ་ཡག་ཤོས་སུ་མཐོང་བ་དེ་རེད། བྱས་ཙང་། ང་ཚོར་རྗེས་དཔག་གི་གོ་རྟོགས་རྙེད་ཡོད་པ་དང་། དེ་ཡང་རྗེས་དཔག་སྟབས་བདེ་བརྒྱུད་ནས་རྟོགས་པ་ལས། གཏིང་ཟབ་པའི་རྒྱུ་མཚན་རིག་པ་ཞིག་གི་བརྒྱུད་ནས་མིན།
ཚོར་བ་སྐྱེད་ཐུབ་པ་དེ་ནི་གོ་རྟོགས་དང་འབྲེལ་བ་ཆགས་ཡོད། མི་ཧ་ཅང་མང་པོ་ཞིག་ནི་རྣམ་དཔྱོད་ལྡན་པ་ནས་ཚོར་བ་མྱོང་རྒྱུ་ལ་ཇི་ལྟར་འགྲོ་བའི་སྐོར་ལ་དངོས་གནས་མགོ་རྨོངས་ནས་ཡོད། དེ་ནི་ང་ཚོ་མང་པོ་ལ་ཡོད་པའི་དཀའ་ངལ་ཆེན་པོ་ཞིག་རེད། དེ་ཡང་ནུབ་ཕྱོགས་པའི་བསམ་བློ་གཏོང་ཕྱོགས་ལ་བརྟེན་ནས་རྣམ་དཔྱོད་དང་ཚོར་བ་གཉིས་པོ་ཕལ་ཆེར་འབྲེལ་བ་མེད་པ་ལོགས་སུ་དབྱེ་བ་འབྱེད་ཀྱི་ཡོད།
དཀའ་ངལ་དེ་སེལ་བའི་ཐབས་སུ་ཐོག་མར་གཅིག་ཚོར་བ་དེ་ལ་རྣམ་པ་གཉིས་ཡོད་དེ། གང་བདེན་པ་ཡིན་པར་ཚོར་བ་སྟེ། ཕྱོགས་གཞན་ཞིག་ནས་གང་ཞིག་བདེན་པ་ཡིན་པར་ཡིད་ཆེས་བྱེད་པ་དང་། ཡིད་ཆེས་དེ་ལ་གཞི་བྱས་ནས་སེམས་ཚོར་གྱི་ཚོར་བ་ཞིག་ཡོད་པ་བཅས་ཡིན། ཆོས་གང་ཞིག་རྟོགས་པ་དང་དེ་བདེན་པ་ཡིན་པར་ཡིད་ཆེས་བྱེད་པ། དེའི་ཐད་ལ་སེམས་ཚོར་ཞིག་ཚོར་བ་ནི་གཅིག་གིས་གཞན་དེའི་རྗེས་སུ་འབྲང་གི་ཡོད། དེ་དག་གསུམ་པོ་ཕན་ཚུན་འབྲེལ་མེད་ཡིན་པ་ནི་མི་སྲིད་པའི་གྲུབ་ཚུལ་ཞིག་རེད།
དཔེ་ཆ་བཞག་ན། ང་ཚོས་རྟགས་འདྲ་པོ་ཞིག་ལ་བརྟེན་པའི་སྒོ་ནས་གནད་དོན་ཞིག་ལ་གོ་རྟོགས་རྙེད་ཀྱི་ཡོད། རྒྱུད་རིམ་དེ་རྒྱུ་མཚན་རིག་པའི་ངོ་བོར་བརྗོད་ཆོག་སྟེ། “གལ་ཏེ་ང་རང་གྲོགས་པོ་ཉེ་ཤོས་དང་མཉམ་དུ་ཡོད་ན། ང་རང་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་མི་དགོས། མི་འདི་ནི་ངའི་གྲོགས་པོ་ཉེ་ཤོས་རེད། དེར་བརྟེན་ང་རང་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་མི་དགོས་” ཞེས་བརྗོད་པ་ལྟ་བུ་རེད། གང་ཡིན་ཞེ་ན། གོ་རྟོགས་དེ་ནི་རྒྱུ་མཚན་རིག་པའི་སྒྲུབ་ངག་ལ་གཞི་བྱས་ཡོད་པས། ང་ཚོས་ཕལ་ཆེར་དེ་ལ་རྣམ་དཔྱོད་ཀྱི་གོ་རྟོགས་ཞེས་འབོད་ཆོག །འོན་ཀྱང་དེ་ནི་དོན་དག་བརླག་གི་ཡོད། དོན་དག་ནི་གོ་རྟོགས་འདི་ལ་གཞི་བྱས་ཏེ། ང་ཚོས་མི་དེ་ལ་སྲུང་སྐྱོབ་བྱེད་མི་དགོས་པ་ནི་བདེན་པ་རེད་ཅེས་ཡིད་ཆེས་བྱེད་ཀྱི་ཡོད། ཡིད་ཆེས་དེ་ལ་གཞི་བྱས་ནས་འབྲེལ་ལམ་དེ་ཞིག་འགོ་བཙུགས་སྲིད་པ་དང་། ང་ཚོ་ལྷོད་ཡངས་མང་བ་ཚོར་གྱི་ཡོད། གལ་ཏེ་འབྲེལ་མཚམས་མ་བཅད་པ་དང་ལྷོད་ཡངས་ངང་ནས་མ་བསྡད་ན། ནོར་འཁྲུལ་ནི་ནམ་རྒྱུན་ང་ཚོའི་གོ་རྟོགས་དང་ཡིད་ཆེས་སྒང་ལ་ཡོད། གང་ལྟར་ཡང་། དེར་ང་ཚོར་ཤུགས་རྐྱེན་བྱེད་པའི་ཕྱིའི་རྐྱེན་གཞན་ཡོད་ཆོག་པ་ནི་དཔེར་ན། དུས་སྐབས་དེའི་ཚེ་ང་ཚོའི་མི་ཚེའི་ནང་འབྱུང་བཞིན་པའི་གནད་དོན་ལས་སེམས་འཚབ་ལྟ་བུ་རེད། ཡིན་ནའང་ཁྱེད་རྣམས་ཀྱིས་ངའི་གནད་དོན་དེ་ཤེས་ཡོད་ཀྱི་རེད་བསམ་གྱི་འདུག
ང་ཚོས་ངོས་འཛིན་བྱེད་དགོས་པའི་གནད་དོན་དེ་ནི། གནད་དོན་ཞིག་རྟོགས་པ་ཞེས་པའི་དོན་གང་རེད་དམ་ཞེས་པ་དེ་རེད། གལ་ཏེ་ང་ཚོས་གནད་དོན་ཞིག་རྟོགས་པ་ཞེས་པའི་དོན་དེ་ངོས་འཛིན་བྱེད་ཐུབ་ན། བདེན་དོན་དེ་བདེན་པར་ཚོར་བ་དང་བདེན་དོན་དེ་ལ་ཡིད་ཆེས་པའི་སེམས་ཚོར་ཞིག་མྱོང་བར་གཞི་བྱས་པའི་དབར་གྱི་འབྲེལ་བ་དེ་བཟོ་རྒྱུ་རྦད་དེ་ལས་སླ་བ་ཡོད། ད་ང་ཚོས་དཔེ་མཚོན་ཞིག་ལ་བསམ་བློ་གཏོང་ཐབས་བྱ་རྒྱུ་ཡིན། དཔེ་མཚོན་གཅིག་ནི་གོང་ཞུས་ཀྱི་ཚུ་ཚོད་དྲིལ་བརྡ་གཏོང་བ་དེ་རེད། ང་ཚོས་རྣམ་དཔྱོད་ཀྱི་སྒོ་ནས་རྗེས་དཔག་ལ་བརྟེན་ནས་ཡར་ལང་རྒྱུའི་དུས་ཚོད་ཡིན་པ་ཤེས་ཀྱི་ཡོད།
ད་ང་ཚོས་ཡར་ལང་རྒྱུའི་དུས་ཚོད་ཡིན་པར་རྟོགས་པ་དེ་ཚོར་བ་གང་འདྲ་ཞིག་ཡོད་པའི་སྒང་ལ་སེམས་གཏད་ཐབས་བྱ་དགོས། སྐབས་འདིར་ཁྱེད་ཀྱི་ཁྱད་ཆོས་གང་ངོས་འཛིན་བྱེད་ཀྱི་འདུག་གམ།
གང་ལྟར་ཡང་། གལ་ཏེ་ཚུ་ཚོད་དྲིལ་བརྡ་བཏང་ན། ང་རང་ཡར་ལང་དགོས་པ་དེ་ངས་ཤེས་ཡོད་པ་དང་། གལ་ཏེ་ང་རང་ཞོགས་སྔ་པོ་ནས་ལངས་ན། ལས་ཀ་འགྲོ་རྒྱུ་དེ་ལས་སླ་བ་ཡོད་པ་དང་། དེ་མིན་ང་རང་ལས་ཀར་རྗེས་ལུས་ཆགས་ཀྱི་ཡོད་པ་རྟོགས་ཡོད།
དེ་འགྲིག་པ་རེད། ཡིན་ནའང་ད་ལྟ་གཏིང་ཟབ་ཏུ་འགྲོ་དགོས། དེ་ནི་འགན་འཁྲི་ཡོད་པའི་ཚོར་བ་འདྲ་པོ་ཙམ་ཞིག་མིན། དེ་ནི་རིམ་པ་གཉིས་པ་དེ་རེད། དེ་ལས་གཏིང་ཟབ་པའི་རིམ་པ་ལ་མཚོན་ན། ང་ཚོས་ཚུ་ཚོད་དྲིལ་བརྡ་དེ་གཏོང་བ་ཐོས་པའི་སྐབས། གང་རྟོགས་ཡོད་པར་ཡིད་ཆེས་པ་དང་འབྲེལ་བའི་སེམས་ཚོར་གྱི་དཀའ་ངལ་གཙོ་བོ་གཉིས་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། དང་པོ་ནི་ང་ཚོས་གང་ཐོས་པ་དང་གང་རྟོགས་པ་ལ་ཁས་ལེན་བྱེད་འདུན་མེད་པ་དེ་རེད། དེ་ནི་ང་ཚོ་དངོས་གནས་ཡར་ལང་དགོས་པ་རེད། དེ་ནི་དཀའ་ངལ་ཆེ་ཁག་དང་པོ་དེ་རེད། གཉིས་པ་ནི་བདེན་པ་ཁས་ལེན་བྱ་རྒྱུར་ཐག་གཅོད་བྱེད་པ་དང་དངོས་སུ་ཉལ་ཁྲི་ནས་ཡར་ལང་པ་དེ་རེད། ང་ཚོས་དེ་ག་རེ་བྱས་ནས་ཐག་བཅད་པའི་རིམ་པ་གཉིས་པ་ཡོད་ཆོག །དེ་ནི་འགན་འཁྲིའི་ཚོར་བ་དང་ནག་ཉེས་སོགས་ཀྱི་རྒྱུ་མཚན་ག་རེ་ཡིན་ནའང་ཡིན་ཆོག །ང་ཚོས་རྒྱུ་མཚན་སྣ་མང་གི་ཆེད་ཐག་གཅོད་བྱེད་ཆོག་པ་དང་། དེ་ལ་བརྟེན་ནས་ཁྱེད་ཀྱིས་བརྗོད་པའི་གནད་དོན་རྣམས་ཡོང་གི་ཡོད།
དེ་ནི་ངས་བསམ་པའི་འགན་འཁྲིའི་ཚོར་བ་ཙམ་ཞིག་མ་རེད། འོན་ཀྱང་ཉམས་མྱོང་ལ་གཞི་བྱས་ནས་གལ་ཏེ་ང་རང་ཞོགས་པ་སྔ་པོ་ནས་ལངས་ན། ང་རང་ལ་དུས་ཚོད་ཏོག་ཙམ་མང་བ་ཡོད་པ་དང་། དེ་ལ་དཔག་པའི་ཅུང་ལྷོད་ཡངས་བྱེད་པ་དང་རང་གི་ཉིན་མོ་དེ་སྟབས་བདེ་མོར་འགོ་འཛུགས་བྱེད་ཆོག་པ་ངས་ཤེས་ཀྱི་ཡོད། བྱས་ཙང་། ཉལ་ཁྲིའི་སྒང་ནས་ཡར་ལང་པའི་སྐབས་སུ་ང་རང་ལ་ཡོད་པའི་ཚོར་བ་དེ་བཟང་བ་ཡོད།
འདི་ནི་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན། འདིར་ག་རེ་འབྱུང་བཞིན་ཡོད་ཅེ་ན། གོ་རྟོགས་ཤིག་ལ་གཞི་བྱས་ཏེ། ཚུ་ཚོད་དྲིལ་བརྡ་དེས་སྐད་རྒྱག་དུས་ང་ཚོ་ཡར་ལང་དགོས་པའི་རྒྱུ་མཚན་རིག་པ་ལ་ཁས་ལེན་བྱེད་ཀྱི་ཡོད་པ་དང་། ང་ཚོས་ཡར་ལང་རྒྱུའི་ཐག་གཅོད་བྱེད་ཀྱི་ཡོད། གལ་ཏེ་ང་ཚོ་ཡར་ལངས་ན། ཁང་པ་ནས་ཕྱིར་ཐོན་པའི་སྐབས་སྨྱོ་འཚུབ་འཚུབ་མི་ཆགས་པར་ཏོག་ཙམ་ཞི་ལྷོད་ཆེ་བ་ཡོང་རྒྱུ་ཡིན་པ་ཤེས་ཀྱི་ཡོད། དེ་གང་ཡིན་ཞེ་ན། ཚང་མ་གྲ་སྒྲིག་བྱས་ནས་ཕྱི་ལོགས་སུ་འགྲོ་ཆེད་ང་ཚོར་སྐར་མ་གཉིས་ཡོད། བྱས་ཙང་། ཞོགས་པ་སྔ་ཙམ་ལངས་ན། དེ་ལ་ཁེ་ཕན་འགའ་ཞིག་ཡོད་པ་དང་ང་ཚོས་ཁེ་ཕན་དེ་དག་ཤེས་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོ་ཡར་ལང་རྒྱུ་དེ་བདེ་པོ་ཚོར་གྱི་ཡོད། གང་ལྟར་ཡང་། དངོས་ཡོད་གནས་ཚུལ་ལ་དེའི་ཐད་ལ་ང་ཚོས་མྱོང་བའི་སེམས་ཚོར་དེ་སྡང་འཛིན་ནམ་ཡང་ན་བག་ཕེབས་གང་ཡིན་རུང་ང་ཚོ་ངེས་པར་དུ་ཡར་ལང་དགོས་ཀྱི་ཡོད། ང་ཚོས་ཡར་ལང་བའི་གྱོང་ངམ་ཉེས་དམིགས་རྣམས་ལ་བསམ་བློ་གཏོང་བའི་སྐབས། སྡང་འཛིན་སྐྱེ་གི་ཡོད། དེ་ནས་ང་ཚོ་ཉལ་ཁྲི་དྲོ་པོ་དང་བདེ་པོ་དེའི་སྒང་ལ་ཉལ་མི་ཐུབ། ང་ཚོས་ཡར་ལང་རྒྱུའི་ཁེ་ཕན་རྣམས་ལ་བསམ་གཏོང་བའི་སྐབས། ང་ཚོ་བདེ་པོ་དང་བག་ཕེབས་པོ་ཚོར་གྱི་ཡོད།
ང་ཚོས་ནང་པའི་ཆོས་ཀྱི་སྒྲོམ་གཞི་ལ་བལྟ་བའི་སྐབས། གནད་དོན་རེ་རེའི་ཁེ་ཕན་རྣམས་རྟག་ཏུ་ཤོད་ཀྱི་རེད། འབྲེལ་མཚམས་དེ་མར་གཅོད་པའི་ཁེ་ཕན་ཡོད། སེམས་ཅན་ཐམས་ཅད་རང་གི་ཨ་མ་ལྟར་ལྟ་བར་ཁེ་ཕན་ཡོད། མིའི་ལུས་རྟེན་རིན་པོ་ཆེ་ཡོད་པར་དྲན་པ་དང་མི་རྟག་པ་དྲན་པ་སོགས་ལ་ཁེ་ཕན་ཡོད། ང་ཚོས་གནད་དོན་ཞིག་གི་བདེན་པར་ཡིད་ཆེས་དང་ཁས་ལེན་བྱེད་པའི་ཁེ་ཕན་དེ་རྟོགས་དགོས། དེ་ཡང་སླར་ཡང་ཐོག་མར་གོ་རྟོགས་ཀྱི་སྒང་ལ་སླེབ་ཀྱི་ཡོད། ང་ཚོས་གནད་དོན་ཞིག་རྟོགས་ཟིན་པའི་ཚེ། ད་དུང་ཡང་ང་ཚོས་དེ་ཁས་ལེན་བྱེད་དགོས་མིན་ཐད་འབད་བརྩོན་བྱེད་དགོས། ང་ཚོས་མྱོང་བའི་སེམས་ཚོར་དེ་ང་ཚོའི་གོ་རྟོགས་ལ་ཁས་ལེན་བྱེད་མིན་དང་། ང་ཚོས་དེ་ཁས་ལེན་ཇི་ལྟར་བྱེད་པ་ལ་བརྟེན་ནས་འགྱུར་བ་གཏོང་གི་རེད།
ང་ཚོས་གང་ཞིག་རྟོགས་པ་དེ་ཁས་ལེན་བྱེད་པ།
ཁས་ལེན་ནི་དོན་ངོ་མར་ཧ་ཅང་དཀའ་ལས་ཆེ་བའི་གནད་དོན་ཞིག་རེད། ཚུ་ཚོད་དྲིལ་བརྡའི་དཔེ་མཚོན་ལ་བརྟེན་ནས་ང་ཚོ་ཉིན་མ་རེ་རེ་བཞིན་ཞོགས་པ་སྔ་པོ་ལང་དགོས་པ་དེ་ཁས་ལེན་བྱེད་པར་དཀའ་ངལ་ཡོད་སྲིད། ང་ཚོས་དཀའ་ངལ་འདི་མི་ཚེའི་ནང་གི་དཔེ་མཚོན་གཞན་དག་ལས་ཀྱང་ཤེས་ཐུབ་པ་ནི་དཔེར་ན། ཅོཀ་ལེཊ་དུམ་བུ་ཞིག་བཟའ་འདོད་སྐྱེ་བ་ལྟ་བུ་རེད། ང་ཚོས་ནང་དུ་འཚོལ་ཞིབ་བྱས་ནའང་ཅོཀ་ལེཊ་རག་མེད། བྱས་ཙང་། རྒྱུ་མཚན་དང་ལྡན་པའི་མཇུག་སྡོམ་ནི་ནང་དུ་ཅོཀ་ལེཊ་མེད་པ་རེད། ད་ནང་ལ་ཅོཀ་ལེཊ་མེད་པ་དེ་ཁས་ལེན་བྱ་རྒྱུ་གང་ལ་གང་འཚམ་གྱི་དཀའ་ལས་ཁག་པོ་ཡོད་སྲིད།
དཔེར་ན། གལ་ཏེ་ང་ཚོ་སྒོ་ལྕགས་རྒྱག་པའི་ཁང་པའི་ཕྱི་ལ་ཡོད་པ་དང་། ང་ཚོས་སོ་སོའི་སྦ་ཁུག་དང་ཁུག་མ་ཚང་མའི་ནང་ལྡེ་མིག་བཙལ་ན། དེ་དག་གང་རུང་ཞིག་གི་ནང་ཡོད་དགོས། འོན་ཀྱང་གལ་ཏེ་དེ་དག་གང་གི་ནང་དུའང་མེད་ན། དེ་ནི་ང་ཚོས་ལྡེ་མིག་བརླགས་པའམ་ཡང་ན་ང་ཚོས་ལྡེ་མིག་འཁྱེར་རྒྱུ་དྲན་པ་བརྗེད་པའི་རྒྱུ་མཚན་དང་ལྡན་པའི་མཇུག་སྡོམ་རྒྱག་པའི་རྟགས་ཚད་མ་ཞིག་རེད། ང་ཚོ་ནང་དུ་འགྲོ་མི་ཐུབ། དེ་ནི་ཁས་ལེན་བྱ་རྒྱུ་ཧ་ཅང་ཁག་པོ་རེད། མ་རེད་དམ། ང་ཚོས་སྨྱོ་འཚུབ་འཚུབ་ངང་ནས་ལྡེ་མིག་ཡང་ནས་ཡང་དུ་འཚོལ་གྱི་རེད། དེ་དག་ནི་གང་འཚམ་གྱི་དཔེ་མཚོན་ལས་སླ་པོ་རྣམས་རེད། འོན་ཀྱང་ང་ཚོས་ང་ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་མེད་པ་ཁས་ལེན་དགོས་ཤིང་། དེའི་རྒྱུ་མཚན་ནི་ང་ཚོས་གང་སར་འཚོལ་ཞིབ་བྱས་པ་དང་ང་ཞེས་བྱ་བ་ཞིག་རྙེད་ཐུབ་ཀྱི་མེད་པའི་སྐབས། དེ་ནི་ཧ་ཅང་ལས་སླ་པོ་ཞིག་མ་རེད།
གནད་དོན་གང་ཞིག་རྟོགས་པ་ནས་བཟུང་སྟེ་དངོས་སུ་སེམས་ཚོར་གྱི་སྒོ་ནས་མྱོང་བའི་དབར་ཀྱི་གནད་དོན་ཡོངས་སུ་རྫོགས་པ་དེ་ཧ་ཅང་དཀའ་ལས་ཁག་པོ་རེད། གང་ཡིན་ཞེ་ན། དེ་ནི་ང་ཚོར་རྒྱུད་རིམ་དེ་ཡིད་ལ་འཆར་ཚུལ་དབང་གིས་རེད། ང་ཚོས་དེ་ལ་རྣམ་དཔྱོད་འདྲ་པོ་ཞིག་ནས་སེམས་ཚོར་འདྲ་པོ་ཞིག་ལ་འགྲོ་གི་ཡོད་པ་ནང་བཞིན་དང་། དེ་གཉིས་པོ་མཐའ་གཅིག་ཏུ་ཕན་ཚུན་འབྲེལ་མེད་ཅིག་ཏུ་ལྟ་གི་ཡོད། འོན་ཀྱང་ཐ་ན་གོ་རྟོགས་ཤིག་ནས་འགྲོ་བ་ལྟར་རྒྱུད་རིམ་ཡིད་ལ་འཆར་བ་ནི་དེ་ལ་ལྟ་ཚུལ་བཟང་བ་ཞིག་རེད་བསམ་གྱི་འདུག །ང་ཚོས་གང་རྟོགས་ཟིན་པ་དེ་ཁས་ལེན་བྱེད་པའི་གནད་དོན་དེའི་རྐྱེན་གྱིས་ཚོར་བ་ལ་ནི་ཧ་ཅང་ལས་སླ་པོ་ཞིག་མེད།
ང་ཚོའི་འབྲེལ་མཚམས་དེ་གཅོད་པར་སྙིང་སྟོབས་སྐྱེད་པ།
དེར་བརྟེན་ད་དྲི་བ་དེ་གང་རེད་ཅེ་ན། ང་ཚོས་ཁས་ལེན་དེ་ཇི་ལྟར་བྱེད་དམ་ཟེར་བ་དེ་རེད། ད་ང་ཚོ་དཔེ་མཚོན་ལས་སླ་བ་དེའི་སྒང་ལ་འགྲོ་རྒྱུ་ཡིན། ང་ཚོས་འབྲེལ་མཚམས་གཅོད་པ་དེ་ཇི་ལྟར་ཁས་ལེན་བྱེད་དམ། དེ་ཤེས་མཁན་སུ་ཡོད་དམ།
ང་ཚོས་དེ་ཕན་ཐོགས་ཅན་ཡིན་པ་རྟོགས་པའི་ཚེ། དེ་ཁས་ལེན་བྱ་རྒྱུ་ལས་སླ་བ་ཡོད། ང་ཚོས་དེ་ཕན་ཐོགས་ཅན་ཡིན་སྲིད་པ་དེ་ཇི་ཙམ་གྱིས་མང་བ་རྟོགས་པ་དེའི་ཚོད་ཀྱིས་ཁས་ལེན་བྱ་རྒྱུ་ལས་སླ་བ་ཡོད།
ཡག་པོ་རེད། ང་ཚོས་འབྲེལ་མཚམས་གཅོད་རྒྱུ་དེ་ཁས་ལེན་བྱེད་པ་དང་། འབྲེལ་མཚམས་གཅོད་པའི་ཁེ་ཕན་དེ་བདེན་པར་རྟོགས་པ་དང་ཁས་ལེན་བྱེད་པའི་སྐབས། ང་ཚོས་དངོས་སུ་ཐབས་ཤེས་བྱེད་ཀྱི་ཡོད། གཞན་སུ་ཡོད་དམ།
གནད་དོན་ཞིག་ཁས་ལེན་བྱེད་པར། ཁྱེད་ཀྱིས་དེ་ཉམས་སུ་མྱོང་དགོས། བྱས་ཙང་། ཁྱེད་ཀྱིས་ཐོག་མར་དེ་འབད་བརྩོན་བྱེད་དགོས། གཅིག་བྱས་ན་ཁྱེད་རང་ཆུའི་ནང་མཆོངས་ནས་ཐིམ་སྲིད་ནའང་། ཆུའི་ནང་ཐིམ་པའི་ཉམས་མྱོང་དེ་ཡོང་བར། ཐོག་མར་ཐབས་ཤེས་བྱ་རྒྱུའི་བློ་ཁོག་དེ་ཁྱེད་ལ་དགོས་ཀྱི་ཡོད།
དེ་བདེན་པ་རེད། འབྲེལ་མཚམས་དངོས་གནས་གཅོད་པར། ང་ཚོར་བློ་ཁོག་ཧ་ཅང་ཆེན་པོ་ཞིག་དགོས། འོན་ཀྱང་ཐ་ན་འབྲེལ་མཚམས་གཅོད་ཐུབ་པ་དེ་ཤེས་པ་ལའང་། ཐོག་མར་འགོ་འཛུགས་བྱེད་པར་གོ་རྟོགས་ཤིག་དགོས་ཀྱི་ཡོད། གོ་རྟོགས་དེ་ནི་ང་ཚོས་འབྲེལ་མཚམས་མི་གཅོད་པའི་སྐབས། ང་ཚོའི་ཕན་ཚུན་འབྲེལ་བའི་ནང་ཧ་ཅང་གནོད་འཚེ་བྱུང་བའི་ཉམས་མྱོང་ལས་ཡོང་གི་ཡོད། ཉམས་མྱོང་དེ་ལ་གཞི་བཞག་པ་དང་མི་ཞིག་གིས་ང་ཚོར་ཤོད་པ། འབྲེལ་མཚམས་གཅོད་པ་དེ་གང་འདྲ་ཞིག་ཡོད་པ་ཁོང་ཚོ་ལ་མཐོང་བར་གཞི་བྱས་ཏེ། ང་ཚོ་རང་ངོས་ནས་ཐབས་ཤེས་བྱ་རྒྱུའི་བློ་ཁོག་དེ་སླེབས་ཀྱི་ཡོད།
བྱས་ཙང་། ད་ང་ཚོས་པར་རིས་ཀྱི་ཆ་ཤས་སྟེང་ལ་ཚོན་རྩི་ཆུང་ངུ་ཞིག་གཏོང་ཆོག །དེ་ནི་འདིར་བླ་མ་རེད། གང་ཡིན་ཞེ་ན། ང་ཚོས་འབྲེལ་མཚམས་གཅོད་མཁན་གྱི་མི་ཞིག་ལ་མིག་དཔེ་བལྟས་པ་ལས་ང་ཚོར་སེམས་སྐུལ་འཐོབ་ཀྱི་ཡོད། དེ་ནི་དགེ་བའི་བཤེས་གཉེན་ཡང་དག་པ་ཞིག་ཡིན་ངེས་རེད། དགེ་བའི་བཤེས་གཉེན་ཡང་དག་པ་མིན་པའང་མང་པོ་ཡོད་ཅེས་ངས་ནན་བརྗོད་བྱེད་ཀྱི་ཡོད། ཡང་དག་པའི་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ང་ཚོས་འབྲེལ་མཚམས་གཅོད་པ་ཟེར་བ་དེ་གང་འདྲ་ཞིག་ཡོད་པ་མིག་མཐོང་ལག་ཟིན་གྱི་དཔེ་མཚོན་ཞིག་མཐོང་ངེས་རེད། དེ་ལ་བརྟེན་ནས་ང་ཚོའི་ངོས་ནས་ཐབས་ཤེས་དང་འབད་བརྩོན་བྱ་རྒྱུའི་སེམས་སྐུལ་དང་བློ་ཁོག་སྦྱིན་གྱི་ཡོད།
ང་ཚོའི་འབྲེལ་མཚམས་གཅོད་རྒྱུ་སྦྱོང་བ།
ཕྲུ་གུ་ཞིག་ཡིན་པའི་ཆ་ནས་ཁྱེད་ལ་འབྲེལ་མཚམས་དེ་དག་མེད། འོན་ཀྱང་ཉམས་མྱོང་ངན་པ་དང་ཁྱེད་རང་ལ་ལྟ་ཚུལ་ངན་པ་བཟུང་ཡོད་པའི་རྒྱུ་མཚན་གྱིས་ཁྱེད་ཀྱིས་འབྲེལ་མཚམས་འདི་དག་བསྐྲུན་པ་རེད། དེར་བརྟེན་ད་ལྟ་ཁྱེད་ཀྱིས་འབྲེལ་མཚམས་དེ་དག་མེད་པ་བཟོ་རྩིས་ཡོད་ན། ཞེད་སྣང་འདི་ད་དུང་དེར་ཡོད། འོན་ཀྱང་ད་ལྟ་ང་རང་ནང་ཆོས་དང་འབྲེལ་བ་ཆགས་ཡོད་པས། ངས་འབྲེལ་མཚམས་དེ་དག་མེད་པ་བཟོ་ཐབས་བྱེད་ཀྱི་ཡིན། ཡིན་ནའང་མི་ཕ་རོལ་པོ་དེས་ངའི་གུ་ཡངས་དང་ཁ་བསང་ལ་གནོད་སྐྱོན་གཏོང་སྲིད་པའི་ཞེད་སྣང་འདི་ད་དུང་ཡང་ཡོད།
དེ་ནི་ངས་ཤོད་འདོད་ཡོད་པའི་གནད་དོན་ཏག་ཏག་དེ་རེད། ཕྱོགས་རིས་མེད་པ་བཟོ་རྒྱུ་དེ་ཕན་ཐོགས་ཅན་ཡིན་པ་ང་ཚོས་ཇི་ལྟར་ཤེས་སམ། ང་ཚོས་དེ་ཚོར་བའམ་རང་རྒྱུད་ལ་སྐྱེད་པ་ཇི་ལྟར་སྦྱོང་ཐུབ་བམ། དེ་ནི་དོན་ངོ་མར་ང་ཚོས་འབྲེལ་མཚམས་གཅོད་པ་དེ་ཉམས་སུ་མྱོང་བའི་སྐབས། ང་ཚོར་ལ་ཕན་ཡོན་གྱི་ཉམས་མྱོང་ཐད་ཀར་ཞིག་ཡོད་པ་ལས་འབྱུང་གི་ཡོད། དེ་ནི་ང་ཚོས་ཇི་ལྟར་ཤེས་པའི་ཚུལ་དེ་རེད། འོན་ཀྱང་ཕན་ཡོན་དེ་རྟག་ཏུ་ལམ་སེང་ཡོང་གི་མེད། བྱས་ཙང་། སྦྱོང་སྟངས་དང་པོ་དེ་ཧ་ཅང་ལས་སླ་པོ་ཞིག་མེད།
ང་ཚོས་སྦྱོང་ཆོག་པའི་ཐབས་ལམ་གཉིས་པ་ནི། སྐབས་རེར་ང་ཚོས་འབྲེལ་མཚམས་བཅད་པ་དང་ང་ཚོར་གནོད་ཀྱི་ཡོད། དེ་ནི་སྔོན་མའི་ཉམས་མྱོང་ལས་བྱུང་བ་ཞིག་ཀྱང་རེད། སྐབས་རེར་ང་ཚོར་གནོད་འཚེ་ཡོང་གི་ཡོད། ང་ཚོས་དེ་ལས་ཁེ་བཟང་ལེན་གྱི་ཡོད། ང་ཚོས་ནོར་འཁྲུལ་གང་བྱུང་འདུག་ཤེས་ཐབས་བྱེད་དགོས། སྐབས་མང་པོ་ཞིག་ལ་གལ་ཏེ་ང་ཚོས་ནོར་འཁྲུལ་གང་བྱུང་བ་དེ་ཤེས་རྟོགས་ཐུབ་ན། དེ་བཅོས་ཆོག །གནས་སྟངས་བྱེ་བྲག་ཅིག་གི་ནང་འབྲེལ་ལམ་བཅད་པའི་དཀའ་ངལ་རེད་དམ། ཡང་ན་ང་ཚོས་གནས་སྟངས་ལ་གདོང་ལེན་བྱེད་སྟངས་དེ་སོ་སོ་རང་ཉིད་ཀྱི་འཆར་གཞི་ཇི་ལྟར་འགོད་ཚུལ་དང་བསྟུན་ནས་རན་འཚམ་མེད་པ་རེད་དམ།
དཔེ་མཚོན་ཞིག་ཞུས་ན། ང་ཚོ་མི་ཞིག་དང་མཉམ་དུ་ཡོད་པ་དང་མི་དེ་ང་ཚོར་ཁོང་ཁྲོ་ལངས་པ་རེད། ང་ཚོས་གནས་སྟངས་དེར་ཐབས་ཚུལ་གཉིས་ཀྱི་སྒོ་ནས་འཇུག་ཆོག་པ་ཞིག་རེད། དེ་ཡང་འབྲེལ་མཚམས་བཅད་པའམ་ཡང་ན་འབྲེལ་མཚམས་ཡོད་པའི་སྒོ་ནས་འཇུག་ཆོག །ང་ཚོས་ “ངས་འབྲེལ་ཐག་བཅད་ཡིན། ང་རང་བཟེ་རེ་ཅན་ཡིན་པ་དང་། ཁོང་ཚོས་འདི་ནི་ང་ལ་ཁོང་ཁྲོའི་གནད་དོན་ཞིག་ཡིན་པ་དང་ང་ལ་གནོད་སོང་” ཞེས་བསམ་ཆོག །ང་ཚོས་ད་དུང་ཡང་ “རེད། གལ་ཏེ་ངས་འབྲེལ་མཚམས་ཡོད་ན། ང་རང་ལ་གནོད་འཚེ་བྱུང་མེད་” ཅེས་བསམ་སྲིད་པ་རེད།
ང་ཚོ་དེའི་ཐད་ལ་ཧ་ཅང་གསལ་པོ་དགོས། གང་ཡིན་ཞེ་ན། དེ་གོ་རིམ་ངེས་ཅན་དུ་སྒྲིག་ཚུལ་དེ་ནི་གང་འཚམ་གྱི་ཁྱད་མཚར་པོ་ཡོད། གལ་ཏེ་འབྲེལ་ལམ་དེ་ཡོད་ན། ང་ཚོར་ཇི་ལྟར་གནོད་འཚེ་བྱུང་མེད་དམ། དེ་གང་འདྲ་ཞིག་ཆགས་ངེས་རེད་དམ།
དོན་ངོ་མར་འབྲེལ་ལམ་ཡོད་ནའང་འདྲ་བཅད་ནའང་འདྲ་སྟེ། ང་ཚོར་གནོད་འཚེ་བྱུང་ཡོད་ངེས་རེད། ཚང་མ་ང་ཚོའི་སོ་སོ་རང་ཉིད་ཡིད་ཀྱི་འཆར་གཞི་འགོད་ཚུལ་ལ་རག་ལུས་ཡོད། གལ་ཏེ་མི་ཞིག་གིས་ང་ཚོའི་སྒང་ལ་འདམ་བག་འཕངས་པ་དང་། དེ་ལ་ང་ཚོས་ངོས་ལེན་བྱས་ཏེ་རང་གི་གདོང་ལ་དེ་ཕོག་ན། དེ་ནི་ང་ཚོས་སོ་སོ་རང་ཉིད་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པར་ལྟ་བ་ལྟ་བུ་རེད། འོན་ཀྱང་གལ་ཏེ་ང་ཚོ་ཧ་ཅང་སྟབས་བསྟུན་བདེ་པོ་ཡིན་པ་དང་། མི་ཞིག་གིས་ང་ཚོའི་སྒང་ལ་འདམ་བག་འཕངས་ན། ང་ཚོས་ཟུར་དུ་ཏོག་ཙམ་འགུལ་ནས་རང་ཉིད་ཀྱི་གདོང་པར་མི་ཕོག་པ་བྱེད་ཀྱི་རེད། ཁོང་ཁྲོའི་ཚིག་དེ་ལམ་སེང་ང་ཚོར་ཕོག་གི་རེད། མི་དེ་སེམས་ཁམས་ཀྱི་ཉམས་འགྱུར་སྡུག་ཅག་གི་ནང་ཡོད་པ་དང་། ང་ཚོས་དེ་ལ་སྒེར་གྱི་འཁོན་འཛིན་བྱེད་ཀྱི་མེད།
སྟབས་བསྟུན་བདེ་པོ་དང་ཁོང་ཁྲོའི་ཚིག་རྣམས་སྒེར་དོན་དུ་མི་འཛིན་པ་དེ་ནི་གནད་འགག་གཙོ་བོ་དེ་རེད། ཁོང་ཚོས་ང་ཚོའི་གདོང་པའི་སྒང་ལ་གཞུ་འཇུག་གི་མ་རེད། ཡིན་ནའང་གལ་ཏེ་ང་ཚོར་རང་གིས་རང་ལ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ལྟ་ཚུལ་ཞིག་ཡོད་པ་དང་། ང་ཚོ་མཁྲེགས་པོ་དང་ཚང་མ་ཧ་ཅང་སྒེར་དོན་དུ་འཛིན་པ་ཡིན་ན། འབྲེལ་ལམ་དེ་ཆད་པའི་སྐབས། ང་ཚོར་ཧ་ཅང་གཉོད་ཆུང་ཆགས་པ་དང་ཚང་མས་ང་ཚོའི་གདོང་པའི་སྒང་ལ་ཐལ་ལྕག་གཞུ་རྡེག་བྱེད་པ་ནང་བཞིན་ཕོག་གི་རེད།
འོན་ཀྱང་གལ་ཏེ་ང་ཚོར་དེ་ལྟའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་དེ་ཡོད་པ་དང་དེས་ཚང་མ་སྒེར་དོན་དུ་འཛིན་གྱི་ཡོད་ན། འབྲེལ་བ་ཡོད་པ་དེས་ང་ཚོར་རྩ་བ་ནས་སྲུང་སྤྱོབ་བྱེད་ཀྱི་མ་རེད། ང་ཚོས་ད་དུང་ཡང་ཚང་མ་སྒེར་དོན་དུ་འཛིན་ཀྱི་ཡོད། དེ་དང་ཡང་ན་ང་ཚོས་ཞེད་སྣང་དང་ཉེན་སྲུང་མེད་པའི་སྒོ་ནས་འབྲེལ་ལམ་དེའི་རྒྱབ་ཏུ་སྦས་ཀྱི་ཡོད། ང་ཚོ་དྲན་ཤེས་མེད་པའི་སྒོ་ནས་གནོད་འཚེ་ཕོག་པའམ་ཡང་ན་ང་ཚོས་གནོད་པའི་ཚོར་བ་ལས་རང་ཉིད་འགོག་གི་ཡོད། ཡིན་ནའང་སེམས་ནང་ང་ཚོ་གནོད་པ་ཚོར་གྱིན་ཡོད། དེ་ནི་ངོས་ལེན་མེད་པའི་གནས་བབས་ཤིག་ཡིན་ནའང་། དོན་ངོ་མར་ང་ཚོར་ཧ་ཅང་གནོད་ཡོད། དེ་ནི་རྩིག་པའི་རྒྱབ་ཏུ་བག་འཁུམ་ནས་ཡོད་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་དེ་རེད། བྱས་ཙང་། གང་འབྱུང་བཞིན་པའི་ཐད་ལ་ཧ་ཅང་གསལ་པོ་དགོས་ཀྱི་ཡོད། གནོད་འཚེ་འབྱུང་བའི་རྒྱུ་གང་རེད་དམ། གནོད་འཚེ་འབྱུང་བའི་རྒྱུ་ནི་འབྲེལ་མཚམས་བཅད་པ་དེ་མ་རེད། ང་ཚོར་གནོད་འཚེ་བྱུང་བའི་རྒྱུ་རྣམས་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་ལ་གོ་དོན་ལོག་པར་འཛིན་པ་དེ་རེད།
ཕལ་ཆེར་ངས་རྣམ་དཔྱོད་ཀྱི་སྒོ་ནས་དཀའ་ངལ་དང་ནང་ཆོས་ནས་གསུང་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་གི་སྟོང་པ་ཉིད་དེ་རྟོགས་ཐུབ། འོན་ཀྱང་གལ་ཏེ་གནས་སྟངས་དེར་ཡོད་པ་དང་། གནོད་འཚེ་བྱུང་བའི་ཚོར་བ་དེར་ཡོད་ན། ངས་འདི་ཚོར་བར་ལག་བསྟར་བྱེད་མི་ཐུབ་ལ། ངས་གོ་རྟོགས་འདི་རང་ཉིད་ཀྱི་ཚོར་བའི་ནང་མཉམ་སྡེབ་བྱེད་མི་ཐུབ། དཔེར་ན། གལ་ཏེ་ང་ལ་གནོད་འཚེ་བྱུང་ན། ངས་ “འགྲི་གི་འདུག །དེ་ལ་བདག་འཛིན་མེད་” ཅེས་ཤེས་སྲིད། འོན་ཀྱང་ཚང་མ་གཅིག་པ་རེད། ངས་གནོད་འཚེ་ཚོར་གྱི་ཡོད། བྱས་ཙང་། གནོད་འཚེ་བྱུང་བའི་ཚོར་བ་འདི་ཡལ་གྱི་མེད། གང་ཡིན་ཟེར་ན། ངས་འདི་ལ་བདག་འཛིན་མེད་པའི་ཐོག་ནས་བསམ་གྱི་ཡོད།
འདི་བདེན་པ་རེད། ལམ་གྱི་རིམ་པ་ཡོད། གདུང་བ་དང་སྡུག་བསྔལ་ལ་སོགས་པ་དེ་དག་གློ་བུར་དུ་མེད་པ་ཆགས་ཀྱི་མེད། ཐ་ན་ང་ཚོར་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློ་ཡོད་ནའང་། དེ་ནི་སྡུག་བསྔལ་ཟད་པའི་དོན་མིན། རྟོག་མེད་ཀྱི་བློ་དེ་ང་ཚོར་ག་ལེར་ག་ལེར་ཁྱབ་དགོས་ཤིང་། དེ་ཉམས་མྱོང་ཧ་ཅང་མང་པོ་ལ་བརྟེན་ནས་དེས་སྡུག་བསྔལ་དངོས་སུ་མེད་པ་མ་བཟོ་གོང་དུས་ཡུན་རིང་པོའི་ནང་ཐིམ་དགོས། རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་པའི་ཤེས་པ་དང་ལྡན་པའི་འཕགས་པ་ཞིག་ཆགས་པ་དང་སྡུག་བསྔལ་རྩད་ནས་སྤངས་པའི་དགྲ་བཅོམ་པའི་དབར་ལ་བར་སྟོང་རིང་པོ་ཞིག་ཡོད། དོན་དག་གཙོ་བོ་ནི། ང་ཚོས་ནམ་རྒྱུན་གང་ཟག་སྒེར་སོ་སོ་ཐར་པའི་གོ་འཕང་ཇི་ལྟར་འཐོབ་པའི་འཕེལ་རིམ་གྱི་རྗེས་སུ་འབྲང་བ་ལས་ལྷག་པ་ཞིག་རེ་བ་བྱ་རྒྱུ་མེད། དེ་ནི་གོ་རིམ་བཞིན་དུ་འགྲོ་དགོས་ཤིང་། དེ་ནི་རིམ་ཅན་གྱི་རྒྱུད་རིམ་ཞིག་རེད།
འདིར་ང་ཚོས་འཕགས་པའི་བདེན་པ་དང་པོ་དེ་དྲན་དགོས། མི་ཚེ་ནི་དཀའ་ལས་ཁག་པོ་ཡོད། དེ་ནི་འཕགས་པའི་བདེན་པ་དང་པོ་དེ་རེད། ཐ་ན་ང་ཚོས་སྟོང་པ་ཉིད་རྟོགས་ནའང་། ང་ཚོའི་དཀའ་ངལ་རྣམས་ལམ་སེང་འཛད་འགྲོ་གི་མ་རེད། མི་ཚེ་ནི་དཀའ་ལས་ཁག་པོ་ཡོད། སྡུག་བསྔལ་ལམ་སེང་མེད་པ་ཆགས་ཀྱི་མེད། དེ་ནི་ཧ་ཅང་རིང་བའི་རིམ་ཅན་གྱི་རྒྱུད་རིམ་ཞིག་རེད། ཐོག་མར་ང་ཚོར་གནོད་པ་ཚོར་ངེས་རེད། འོན་ཀྱང་ཁྱད་པར་ནི་ང་ཚོས་གང་ཚོར་བ་དེའི་སྟེང་ལ་འཛིན་ནས་སྡོད་ངེས་མ་རེད། གལ་ཏེ་ང་ཚོས་དེ་བྱེད་ཐུབ་ན། གནོད་འཚེ་དེ་སྔར་ལས་མྱུར་བར་བསྐྱོད་ནས་འགྲོ་ངེས་རེད། དེ་ནི་ང་ཚོས་མཐོང་ཐུབ་པའི་མི་འདྲ་བའི་ཁྱད་པར་དེ་རེད། ང་ཚོ་འབྲས་བུ་དེ་ཙམ་ཞིག་ལ་སྐྱིད་པོ་ཚོར་དགོས་པ་དང་མཐར་གོམས་འདྲིས་ཆེ་རུ་ཕྱིན་ནས་འབྲས་བུ་དེ་བཟང་དུ་འགྲོ་གི་རེད། ང་ཚོ་དེ་ཙམ་ཞིག་ལ་བརྟེན་ནས་སེམས་ཤུགས་ཆགས་མི་ཉན་པར། སེམས་ཤུགས་འཕར་དགོས་ངེས་རེད།
“མིན་”བརྗོད་པ།
འབྲེལ་མཚམས་གཅོད་པ་དང་འབྲེལ་བའི་གནད་དོན་གཞན་ཞིག་ངས་ཞུ་འདོད་བྱུང་། དེ་ནི་འབྲེལ་མཚམས་གཅོད་པའི་སྐབས། མི་མང་པོ་ལ་འཕྲད་པའི་ཉམས་མྱོང་ཞིག་རེད། ཁོང་ཚོས་རྟག་ཏུ་“ཡིན་”ཞེས་བརྗོད་དགོས་པ་དང་སུ་ལའང་“མིན་”ཞེས་བརྗོད་མི་ཐུབ་ཅེས་ཚོར་གྱི་ཡོད། དེ་ལས་ལྡོག་སྟེ། མི་གཞན་དེས་ཐད་ཀར་གནོད་འཚེ་བྱེད་པ་དང་། ལྷོད་གཡེང་དབང་གིས་ཁོང་ཚོས་སོ་སོའི་དགོས་མཁོ་ལ་གཅེས་སྐྱོང་བྱེད་ཀྱི་མེད། གང་ཡིན་ཞེ་ན། ཁོང་ཚོས་“མིན་”ཞེས་ནམ་ཡང་བརྗོད་ཀྱི་མེད། ཁོང་ཚོར་ཤུགས་ཀྱིས་གནོད་འཚེ་ཕོག་གི་ཡོད། ཁྱེད་ཀྱིས་དེ་ངོས་འཛིན་གྱི་ཡོད་དམ།
གནས་སྟངས་དེའི་ནང་། ང་ཚོས་མིན་ཞེས་བརྗོད་པ་དང་རང་གི་དགོས་མཁོ་རྣམས་ལ་གཅེས་སྐྱོང་བྱེད་པའི་སྐབས། དེ་ནི་འབྲེལ་ལམ་མཐུད་པ་དང་འདྲ་མཉམ་མིན་པ་དེ་ང་ཚོས་ངོས་འཛིན་ཐབས་བྱེད་དགོས། ང་ཚོས་འབྲེལ་ལམ་དེ་ཡང་བསྐྱར་བཟོ་ཆོག་ཀྱང་། འབྲེལ་ལམ་དེ་ཡང་བསྐྱར་བཟོ་བའི་དོན་ཡིན་མི་དགོས། ང་ཚོ་ད་དུང་ཡང་གུ་ཡངས་པོ་དང་གོ་ཤེས་ཅན་དུ་གནས་ཏེ། “དགོངས་དག་ཞུ་རྒྱུ་ཡིན། འོན་ཀྱང་ངས་དེ་བྱེད་ཐུབ་ཀྱི་མི་འདུག་” ཅེས་བརྗོད་པའམ། ཡང་ན་ “ང་རང་ད་ལྟ་ངལ་གསོ་རྒྱག་དགོས་ཀྱི་འདུག་” ཅེས་བརྗོད་ཀྱི་ཡོད། ང་ཚོ་ད་དུང་ཡང་གུ་ཡངས་པོ་རེད། འོན་ཀྱང་ང་ཚོར་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་ཞེས་བྱ་བའི་བསམ་བློ་འདི་ཡོད་པའི་སྐབས། “ང་རང་ཐབས་སྡུག་པ་ལ། ང་རང་ལས་ཁེ་བཟང་ལེན་གྱི་འདུག་” ཅེས་པ་དེ་མངོན་དུ་གྱུར་ནས་ང་ཚོ་ཧ་ཅང་བློ་ཕམ་ཡོང་གི་རེད། ཡང་ན་ང་ཚོས་ “གལ་ཏེ་ངས་མིན་ཞེས་བརྗོད་ཡོད་ན། མི་གཞན་དེས་ང་ལ་སྣང་མེད་ཀྱིས་སྐྱུར་གྱི་རེད། བྱས་ཙང་། ང་རང་ཁ་བཙུམས་ནས་བསྡད་ན་དགའ་” ཞེས་ཚོར་ཀྱི་རེད། དེ་ནས་ང་ཚོས་སྡང་འཛིན་དང་། ནག་ཉེས། དེ་བཞིན་སེམས་ནང་ནས་ཁོང་ཁྲོ་བཅས་ང་ཞེས་བྱ་བ་འདི་ལ་སྟོན་གྱི་རེད། སླར་ཡང་འདི་དག་ཐམས་ཅད་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་ཡོད་པའི་བསམ་བློ་དེའི་ཉེ་འཁོར་དུ་བསྐོར་ནས་སྡོད་ཀྱི་རེད། དེ་ནི་ང་ཚོས་སྤོང་དགོས་པའི་གོ་དོན་ལོག་པ་དེ་རེད།
འབྲེལ་ལམ་ཡོད་པའི་མི་རྣམས་ལ་ཡ་ལན་སྤྲོད་པ།
ངས་ངའི་མི་ཚེའི་ནང་ག་དུས་ཡིན་ནའང་འབྱུང་གི་ཡོད་པའི་གནད་དོན་གཞན་ཞིག་མཐོང་གི་འདུག །“གལ་ཏེ་ངས་འབྲེལ་ལམ་བཅད་ན། མི་གཞན་དག་གི་འབྲེལ་ལམ་དེའང་མེད་དགོས་ངེས་རེད་” ཅེས་པའི་རེ་བ་དེ་འདྲ་ང་ལ་ཡོད། ཞེད་སྣང་བྱེད་དགོས་རྒྱུ་གང་ཡང་མེད། བྱས་ཙང་། ཁོང་ཚོས་འབྲེལ་མཚམས་དེ་གཅོད་དུ་མི་འཇུག་པའི་རྒྱུ་མཚན་གང་རེད་དམ། གལ་ཏེ་ཁོང་ཚོར་འབྲེལ་ལམ་དེ་ཡོད་ན། ང་རང་ཧ་ཅང་ཁོང་ཁྲོ་བཟའ་གི་ཡོད།
ཁྱེད་ཀྱིས་དེ་ལྟར་བརྗོད་དུས་སེམས་ནང་གནད་དོན་གཉིས་ཤར་གྱི་འདུག །དང་པོ་ནི་ཉེ་ཆར་མེ་འཁོར་ཞིག་གི་ནང་ངས་བུད་མེད་ཅིག་དང་ཁ་བརྡ་བྱས་པ་དེ་རེད། བུད་མེད་དེ་ལ་ངས་ནང་ཆོས་སློབ་ཁྲིད་བྱེད་ཀྱིན་ཡོད། རང་འདོད་དོན་གཉེར་ལས་ཇི་ལྟར་ཐར་བའི་སྐོར་ཆོས་ཁྲིད་བྱེད་ཀྱིན་ཡོད་ཅེས་བཤད་པ་ཡིན། དེ་ལ་བུད་མེད་དེས། “རང་འདོད་དོན་གཉེར་ཡོད་པ་དེ་ལ་ནོར་འཁྲུལ་གང་ཡོད་དམ། གལ་ཏེ་མི་ཚང་མ་རང་འདོན་དོན་གཉེར་ཡིན་པ་དང་། གལ་ཏེ་ང་རང་རང་འདོད་དོན་གཉེར་མིན་ན། ང་རང་གླེན་པ་རེད་” ཅེས་ཟེར། དེ་ནི་ཁྱེད་ཀྱིས་འདིར་གཅིག་པ་གཅིག་རྐྱང་ཤོད་ཀྱིན་ཡོད་དེ། “གལ་ཏེ་མི་གཞན་ཚང་མ་ཁོང་ཚོའི་འབྲེལ་ལམ་ཡག་པོ་ཡོད་པ་དང་། ངའི་འབྲེལ་ལམ་དེ་ཡག་པོ་མེད་ན། ང་རང་གླེན་པ་རེད་” ཅེས་ཟེར་བ་དེ་རེད། དེ་ལ་ངའི་ལན་འདེབས་བྱས་པ་ནི། “རེད། རྒྱུ་མཚན་དེ་ལ་བརྟེན་ནས་གལ་ཏེ་མི་གཞན་དག་ཚང་མ་གང་སར་ཕྱིན་ནས་མི་རྣམས་ལ་མེ་མདའ་རྒྱག་གིན་ཡོད་པ་དང་། ཁྱེད་རང་གང་སར་ཕྱིན་ནས་མེ་མདའ་རྒྱག་གིན་མེད་ན། ཁྱེད་རང་གླེན་པ་རེད།” བྱས་ཙང་། ང་ཚོ་མི་རྣམས་ལ་མེ་མདའ་རྒྱག་པ་དང་འབྲེལ་ལམ་ཡོད་པའི་ཕན་ཡོན་དང་སྐྱོན་གྱི་སྐོར་ལ་ཏོག་ཙམ་ཕྱོགས་རིས་མེད་པ་དགོས་ཀྱི་ཡོད།
སེམས་ནང་འཁོར་བའི་གནད་དོན་གཉིས་པ་དེ་ནི་ངའི་ཨ་མའི་དཔེ་མཚོན་དེ་རེད། ངའི་ཨ་མ་ལགས་གཟུགས་མཐོང་བརྙན་གྱི་ནང་གསར་འགྱུར་ཁག་བལྟས་ནས་ཧ་ཅང་བློ་ཕམ་དང་སེམས་སྡུག་བྱེད་ཀྱི་རེད། ཁོང་གིས་གསར་འགྱུར་ནང་ཉིན་དེའི་རིང་བྱུང་བའི་མི་གསོད་ཁྲག་སྦྱོར་བྱེད་མཁན་དང་། རྐུ་མ་ཇག་པ་རྒྱག་མཁན། དེ་བཞིན་བཙན་གཡེབ་བྱེད་མཁན་ཚང་མ་མཐོང་གི་ཡོད། དེ་ནས་ཁོང་གིས་ “མི་རྣམས་ཀྱིས་ལས་ཀ་དེ་འདྲ་ཅིའི་ཕྱིར་བྱེད་ཀྱིན་ཡོད་དམ་” ཞེས་བརྗོད་ནས་ཁོང་ཁྲོ་བཟའ་གི་རེད།
ད་ངའི་བསམ་པར། འདིར་དཀའ་ངལ་ནི་མངོན་པའི་ང་རྒྱལ་དེ་རེད། ང་ཚོར་མངོན་པའི་ང་རྒྱལ་དེ་ཧ་ཅང་འཛེམ་ཟོན་མེད་པའི་སྒོ་ནས་ཡོད། ངའི་ཨ་མ་དེ་འདྲ་མེད། འོན་ཀྱང་ང་ཚོར་དེ་འདྲ་ཤིན་ཏུ་ཕྲ་བའི་སྒོ་ནས་ཀྱང་ཡོད་ཆོག །འདི་ཁོ་མོར་གང་ཡོད་པ་དེ་རེད་བསམ་གྱི་འདུག །དེ་ནི་ “ང་རང་ཧ་ཅང་ཁྱད་དུ་འཕགས་པ་ཡིན་པ་དང་གཞན་རྣམས་ཐམས་ཅད་སྡུག་ཅག་ཡིན་” པའི་ཤིན་ཏུ་ཕྲ་བའི་རྣམ་པ་དེ་རེད། སླར་ཡང་འདི་དག་ཐམས་ཅད་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་ཞེས་བྱ་བའི་གོ་ལ་ལོག་སྒྲུབ་དེ་ལ་འཁོར་བཞིན་ཡོད། ཕྱོགས་གཞན་ཞིག་ནས་ང་ཚོས་ཕན་ཐོགས་ཅན་གྱི་ལམ་ནས་བྱ་སྤྱོད་སྤེལ་བཞིན་པ་དེ་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན། འབྲེལ་ལམ་བཅད་པའམ་ཡང་ན་གང་སར་ཕྱིན་ནས་མི་གསོད་པ་དང་རྐུ་འཕྲོག་མི་བྱེད་པ་ལྟ་བུ་རེད། ང་ཚོས་དེ་ལ་བརྟེན་ནས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་ཅིག་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོས་ང་ཞེས་བྱ་བ་འདི་ཉེན་སྲུང་ཡོད་པ་བཟོ་ཐབས་བྱེད་པའི་ནང་སོ་སོའི་ངོ་བོ་བརྟན་པོ་བཟོ་ཕྱིར་བེད་སྤྱོད་བྱེད་ཀྱི་ཡོད། དེ་ནས་ང་ཚོས་སོ་སོས་བྱ་སྤྱོད་སྤེལ་བ་ནང་བཞིན་མི་སྤེལ་མཁན་གཞན་དག་གི་དགག་བྱ་ཤུགས་ཆེན་ཡོད་པ་དེའི་ཐབས་ཚུལ་རྣམས་བེད་སྤྱོད་བྱས་ཏེ། ང་དེ་ལ་སྡིགས་ར་ཉུང་བ་དང་ཉེན་སྲུང་ཆེ་བ་བཟོ་ཐབས་བྱེད་ཀྱི་ཡོད།
ང་ཚོས་གཤམ་གྱི་དཔེ་མཚོན་ལ་བརྟེན་ནས་ཡ་ལན་མི་འདྲ་བ་ཇི་ལྟར་སྤྲོད་ཐུབ་པ་དེ་ཤེས་ཐུབ། ང་ཚོས་ཤེལ་ཕོར་ནང་ནས་འདི་འདྲ་ཆུ་འཐུང་གི་ཡོད། ང་ཚོའི་ཁྱིས་ཆུ་དེ་འདྲ་འཐུང་གི་མ་རེད། བྱས་ཙང་། གལ་ཏེ་ཁྱི་ཧ་ཅང་མང་པོ་ཡོད་པ་དང་། དེ་དག་ཐམས་ཅད་ཀྱིས་ཞ་ལའི་སྒང་གི་ཕོར་པའི་ནང་ཡོད་པའི་ཆུ་དེ་རང་གི་ལྕེས་ལྡག་ནས་འཐུང་གི་ཡོད་ན། ང་ཚོས་ཆུ་འཐུང་སྟངས་མ་ནོར་བ་ཡིན་པ་དང་། ཁོང་ཚོ་ཚང་མ་ནི་འཐུང་སྟངས་ངན་པ་རེད། གང་ཡིན་ཞེ་ན། ཁོང་ཚོའི་ཆུ་འཐུང་སྟངས་ནོར་གྱི་ཡོད་ཅེས་ང་ཚོར་མངོན་པའི་ང་རྒྱལ་དང་རང་སྐྱོན་བྲལ་བ་ཞིག་ཚོར་གྱི་ཡོད་དམ། མེད། དེས་ང་ཚོར་དངངས་སྐྲག་ག་རེ་བྱས་ནས་བཟོ་གི་མེད་དམ།
ཕྱོགས་གཞན་ཞིག་ནས། གལ་ཏེ་ང་ཚོ་ཁ་སངས་པོ་དང་གུ་ཡངས་པོ་ཡིན་པ་དང་ང་ཚོའི་ཉེ་འཁོར་དུ་ཡོད་པ་ཚང་མ་ཁ་སངས་པོ་དང་གུ་ཡངས་མེད་ན། དེས་ང་ཚོར་དངངས་སྐྲག་ག་རེ་བྱས་ནས་བཟོ་གི་ཡོད་དམ། དེ་དང་ང་ཚོས་དུད་འགྲོ་དང་མི་འདྲ་བའི་ཆུ་འཐུང་སྟངས་གཉིས་ཀྱི་དབར་ལ་ཁྱད་པར་གང་ཡོད་དམ། ཁྱད་པར་ནི་གནས་སྟངས་བྱེ་བྲག་ཅིག་ལ་བརྟེན་ནས་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་དེ་ངོས་འཛིན་བྱེད་སྟངས་ཀྱི་ཆ་ནས་རེད་བསམ་གྱི་འདུག །ང་ཚོའི་ཆུ་འཐུང་སྟངས་ལ་ཁྱད་པར་མེད། དེ་ནི་གལ་གནད་ཆུང་ཆུང་རེད། བྱས་ཙང་། ཁྱིའི་ཆུ་ཇི་ལྟར་འཐུང་གི་ཡོད་པའི་ཐད་ང་ཚོ་འབྲེལ་བ་མེད། འོན་ཀྱང་ང་རང་ཁ་སངས་པོ་དང་། གུ་ཡངས་པོ། དེ་བཞིན་བཟང་པོ་བྱ་རྒྱུར་ཧ་ཅང་འབད་བརྩོན་བྱེད་ཀྱིན་ཡོད་་་་ཅེས་པའི་རྡོག་རྡོག་ཚུགས་ཐུབ་ཀྱི་བདག་འདི་དང་འབྲེལ་བ་ཡོད།
ད་ང་ཚོས་འདིར་ཡོད་པའི་པར་རིས་ཀྱི་ཆ་ཤས་གཞན་དེའི་སྟེང་ལ་རི་མོ་ཆུང་ངུ་ཞིག་འབྲི་དགོས་ཤིང་། དེ་ཡང་གཞན་དག་གིས་ང་ཚོ་ནང་བཞིན་གྱི་བྱ་སྤྱོད་མི་སྤེལ་བའི་སྐབས། ང་ཚོ་བློ་ཕམ་དུ་འཇུག་གི་ཡོད་པ་དང་འབྲེལ་བའི་གནད་དོན་རེད། དེ་ནི་ངེས་པར་དུ་བྱེད་དགོས་པའམ་ངས་འདི་ངེས་པར་དུ་བྱེད་དགོས་ཞེས་པའི་རི་མོ་དང་འབྲེལ་བའི་དྲི་བ་ཆ་ཚང་བ་དེ་རེད།
གཞན་གྱིས་གང་བརྗོད་པ་དང་བྱེད་པ་ལ་སེམས་ཁུར་མི་བྱེད་པ།
དེ་ལ་ཐབས་ཚུལ་གཞན་ཞིག་ཡོད་རེད་བསམ་གྱི་འདུག །གལ་ཏེ་ཁྱེད་རང་མི་གུས་ཞབས་དང་ལྡན་པ་ཞིག་ཆགས་འདོད་ཡོད་པ་དང་། མི་ཞིག་གིས་ཁྱེད་ལ། “ཁྱེད་རང་གླེན་པ་ཞིག་རེད་” ཅེས་བརྗོད་ན། ཁྱེད་རང་ཁོང་ཁྲོ་ཟ་གི་རེད། འོན་ཀྱང་། གལ་ཏེ་ཁྱེད་མི་གུས་ཞབས་དང་ལྡན་པ་ཞིག་ཆགས་འདོད་མེད་པ་དང་། མི་ཞིག་གིས་ཁྱེད་ལ། “ཁྱེད་རང་གླེན་པ་ཞིག་རེད་” ཅེས་ཐེངས་མ་བཅུ་བརྗོད་ནའང་། དེས་ཁྱེད་ལ་ཁྱད་པར་གང་ཡང་བཟོ་གི་མེད། དེ་ག་ནང་བཞིན་མི་ཞིག་གིས་རྒྱུ་མཚན་གང་རུང་ཞིག་ལ་བརྟེན་ནས་ཁྱེད་ཀྱི་ཆུང་མ་འཕྲོག་འདོད་བྱེད་པ་དང་། ཁྱེད་རང་སོ་སོའི་ཆུང་མ་ཉར་འདོད་ཡོད་ན། དེ་ནས་ཁྱེད་ཀྱིས་མི་དེ་དང་མཉམ་དུ་རྒྱག་རེས་རྒྱག་འགོ་བཙུག་གི་རེད། འོན་ཀྱང་། གལ་ཏེ་ཁྱེད་ཀྱིས་ “འགྲིག་གི་རེད། གལ་ཏེ་ངའི་ཆུང་མ་འགྲོ་འདོད་ཡོད་ན། འགྲིག་གི་རེད། ངས་ངོས་ལེན་བྱེད་ཀྱི་ཡིན་” ཞེས་བསམས་ན། ཁྱེད་ཀྱིས་ཆུང་མ་དེ་ཉར་འདོད་ཀྱི་བསམ་བློ་མེད་པ་སོང་ཙང་། ཁྱེད་ཀྱིས་རྒྱག་རེས་རྒྱག་གི་མ་རེད།
ང་ཚོས་འདིར་བདེན་པ་གཉིས་པ་ཁྱད་པར་འབྱེད་དགོས་ཀྱི་ཡོད། དེ་ལ་ང་ཚོས་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་ཟེར་གྱི་ཡོད། དོན་དམ་བདེན་པའི་དབང་དུ་བྱས་ན། དངོས་པོ་གང་ཞིག་མཐོང་བ་དང་དེ་ལ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་མེད་པས། ང་ཚོས་དངོས་པོར་ཆགས་ཞེན་སྤོང་ཐབས་བྱེད་དགོས། ཡིན་ནའང་ཀུན་རྫོབ་བདེན་པའི་དབང་དུ་བྱས་ན། ཁས་ལེན་བྱེད་དགོས་པ་དང་ཁས་ལེན་བྱེད་མི་དགོས་པའི་དངོས་པོ་ཡོད། ཀུན་རྫོབ་ཀྱི་ལྟ་ཚུལ་ལ། ཁ་སངས་པོ་དང་གུ་ཡངས་པོ་བྱེད་པ་དེ་གུ་དོག་པོ་བྱེད་པ་ལས་ཕན་ཡོན་ཆེ་བ་ཡོད་པ་དང་། སོ་སོའི་ཆུང་མར་སྲུང་སྐྱོབ་བྱེད་པ་དེ་གཞན་སུ་རུང་ཞིག་གིས་ཆུང་མར་བཙན་དབང་དང་བཅས་འཕྲོག་འཇུག་པ་ལས་ཕན་ཡོན་ཆེ་བ་ཡོད། དེ་ནི་ང་ཚོས་ཆགས་ཞེན་མི་བྱེད་པའི་དོན་དམ་བདེན་པ་དང་འགལ་གྱི་མེད། ང་ཚོས་གཟབ་ནན་ཐོག་བདེན་པ་གཉིས་པོ་ལ་མགོ་འཐོམ་མི་ཉན།
མཇུག་སྡོམ་གྱི་སྦྱོང་ཚན།
དོ་དགོང་གི་ཆོས་ཐུན་འདི་མཇུག་སྒྲིལ་རྒྱུའི་དུས་ཚོད་སླེབས་འདུག །མྱོང་བ་དངོས་ཀྱི་ཉམས་ལེན་ཏོག་ཙམ་དང་བཅས་མཇུག་སྡོམ་བྱ་རྒྱུ་ཡིན། དེ་ནི་སླར་ཡང་རང་གི་ཉེ་འཁོར་དུ་བལྟ་བཞིན་དུ་ཁ་སངས་པོ་དང་གུ་ཡངས་པོ་བྱེད་པའི་སྒོ་ནས་མཇུག་སྡོམ་བྱ་རྒྱུ་ཡིན། ང་ཚོ་ཁ་སངས་པོ་བྱེད་འདོད་ཡོད། དེ་ཡང་འབྲེལ་ཐག་བཅད་པ་དང་འདམ་བག་གང་འདྲ་ཞིག་སོ་སོའི་གདོང་པའི་ཕྱོགས་སུ་ཏག་ཏག་འཕངས་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་བདག་གི་གོ་དོན་ལྟར་མིན། དེ་ལས་ལྡོག་སྟེ། འབྲེལ་ཐག་བཅད་ཡོད་པ་དང་གནོད་བྱར་གྱུར་ཞིང་། ང་ཚོས་སེམས་འཁྲལ་བྱེད་དགོས་པའི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་དེ་འདྲ་གང་ཡང་མེད། འོན་ཀྱང་ང་ཚོ་འདིར་ཡོད་པ་གསལ་པོ་རེད། ང་ཚོས་ཞེད་སྣང་ལ་བརྟེན་ནས་འཛིན་པ་ཤུགས་ཆེན་གྱི་སྒོ་ནས་སྲུང་སྐྱོབ་མི་བྱེད་པར་གནས་ཚུལ་གང་འབྱུང་བཞིན་པ་ལ་ཡ་ལན་སྤྲོད་ཀྱི་ཡོད། ཞེད་སྣང་དེ་ག་ནས་ཡོང་གི་ཡོད་དམ། ཞེད་སྣང་ནི་ང་ཞེས་བྱ་བ་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་དེ་ལ་གནོད་སྲིད་བསམ་པ་ལས་འབྱུང་གི་ཡོད། དེ་ནས་ཨ་ཅང་ཅང་ང་ཚོ་ཞེད་སྣང་སྐྱེ་གི་ཡོད།
ཀུན་རྫོབ་བདེན་པ་ནི། གལ་ཏེ་མི་ཞིག་གིས་ང་ཚོའི་སྒང་ལ་གཅིག་འཕངས་ན། ང་ཚོ་དེ་ལས་གཡོལ་ནས་ཟུར་དུ་འགུལ་གྱི་རེད། གལ་ཏེ་ཁོང་ཚོས་ང་ཚོར་དགོས་འདུན་ཧ་ཅང་མང་པོ་སྟོན་གྱིན་ཡོད་ན། ང་ཚོས་“མིན་”ཞེས་བརྗོད་ཀྱི་རེད། ཀུན་རྫོབ་དབང་དུ་ང་ཚོས་གནས་སྟངས་དེའི་རིགས་ཤེས་རབ་བམ་ཡང་ན་ཡུལ་གྱི་ཁྱད་པར་འབྱེད་པའི་ནུས་པ་ལ་བརྟེན་ནས་གདོང་ལེན་བྱེད་ཀྱི་ཡོད་མ་གཏོགས་ཡུལ་ཅན་གྱི་མངོན་པའི་ང་རྒྱལ་གྱི་དཔྱད་ཁྲ་ལ་བརྟེན་ནས་མིན།
གལ་ཏེ་ཁྱེད་ཀྱིས་འབྲེལ་ལམ་བཅད་ན། དེ་སྟབས་བསྟུན་བདེ་བའི་རང་བཞིན་དང་འབྲེལ་བ་ཡོད་པ་ཞིག་དང་། དེ་ལ་བརྟེན་ནས་ང་ཚོས་གནས་ཚུལ་ཡག་པོ་དང་སྡུག་ཅག་གང་ཐོས་ཀྱང་། ང་ཚོས་ད་དུང་ཡང་རོགས་བྱེད་འདོད་ཡོད་དམ། དེ་ལྟར་བྱེད་ཐུབ་པ་ནི་ང་ཚོར་སྟབས་བསྟུན་བདེ་བའི་རང་བཞིན་དེ་ཡོད་པའི་དོན་ཡིན་ནམ།
དེ་ག་རང་རེད། འབྲེལ་ལམ་བཅད་པ་ཁོ་ནའི་སྐབས་སུ་ང་ཚོ་དངོས་གནས་དྲང་གནས་སྟབས་བསྟུན་བདེ་པོ་དང་རང་བཞིན་ལྷན་སྐྱེས་སོགས་གནད་དོན་གཞན་ཚང་མ་ཡོང་ཆོག །གལ་ཏེ་འབྲེལ་བ་དེ་ཡོད་ན། ང་ཚོས་དངོས་གནས་རང་དབང་གི་སྒོ་ནས་ཡ་ལན་སྤྲོད་མི་ཐུབ། དེ་ནས་ང་ཚོ་ཧ་ཅང་མཁྲེགས་པོ་རེད། འབྲེལ་བ་དེ་དག་ཐམས་ཅད་ང་ཚོའི་ཉེ་འཁོར་དུ་ཡོད་བཞིན་པ་རེད།
འབྲེལ་བ་བཅད་པ་ཞེས་པ་དེ་རྒྱ་ཆེ་བའི་སྒོ་ནས་སྟབས་བསྟུན་བདེ་པོའི་དོན་རེད། འོན་ཀྱང་དེ་ནི་སྟབས་བསྟུན་བདེ་བའི་རང་བཞིན་ཁོ་ནར་གོ་བ་མིན། རེད་དམ། འབྲེལ་བ་བཅད་པ་ཞེས་པ་དེ་སྟབས་བསྟུན་བདེ་པོ་ཁོ་ནའི་དོན་མིན།
ཏག་ཏག་རེད། དེ་ནི་སྟབས་བསྟུན་བདེ་པོ་ཡོད་པའི་དོན་ཁོ་ན་མིན། དེ་ཡང་འོས་ཤིང་འཚམས་པའི་སྒོ་ནས་འབྲེལ་བ་བྱེད་ཐུབ་པ་ལའང་གོ་བ་ཡིན། དེ་དོན་དག་མང་པོ་གོ་གི་ཡོད། ཚང་མ་ཕན་ཚུན་འབྲེལ་ནས་ཡོད། ང་ཚོས་འབྲེལ་བ་གཅོད་པའི་སྐབས། སྔར་ལས་ཚོར་བ་སྐྱེན་པ་བྱེད་ཆོག །གལ་ཏེ་ང་ཚོ་ཚོར་བ་སྐྱེན་པ་ཡོད་ན། སྟབས་བསྟུན་བདེ་བ་ཡོད། གལ་ཏེ་ང་ཚོ་ལྷག་བསམ་ཆེ་བ་ཡོད་ན། མི་གཞན་དེ་ང་ཚོ་དང་མཉམ་དུ་ལྷོད་ཡངས་ཆེ་བ་ཚོར་འཇུག་གི་ཡོད། དེ་ལ་གནད་དོན་མང་པོ་ཡོད། དེ་དག་ཐམས་ཅད་ཕན་ཚུན་འབྲེལ་ནས་ཡོད། གལ་ཏེ་འབྲེལ་བ་དེ་བཅད་ནས་ང་ཚོས་མི་གཞན་དང་མཉམ་དུ་གང་འབྱུང་བཞིན་ཡོད་པ་དངོས་སུ་མཐོང་ན། གང་བྱེད་དགོས་པ་དེ་གསལ་པོར་མཐོང་བའི་ཕྱིར། ཆོས་རྣམ་འབྱེད་ཀྱི་ཤེས་རབ་དེ་ཡོང་བར་ལས་སླ་བ་ཡོད། འབྲེལ་བ་ཆད་པའི་སྐབས། ཐབས་དང་ཤེས་རབ་གཉིས་རང་བཞིན་གྱིས་འབྱུང་གི་ཡོད་ཅེས་ཟེར།
གལ་ཏེ་ང་ཚོས་སྟོང་ཉིད་ཀྱི་གོ་རྟོགས་ལ་གཞི་བྱས་ནས་འབྲེལ་མཚམས་ཆད་པའི་ཚོར་བ་འདི་འདྲ་སྐྱེད་མ་ཐུབ་ན། ཚང་མ་རང་གི་གྲོགས་པོ་ཡག་ཤོས་ལྟར་ལྟ་བར་གཞི་བཅོལ་ནས་སྐྱེད་ཐུབ། ཅིའི་ཕྱིར་ཞེ་ན། འགྲིམ་འགྲུལ་འགྲོ་ཐབས་སྣ་ཚོགས་པ་ལ་བརྟེན་ནས་འགྲོ་ཡུལ་གཅིག་པའི་ནང་འཁྲིད་ཐུབ་པ་དང་། རྒྱུ་སྣ་ཚོགས་པས་ང་ཚོ་འཐོབ་པར་འདོད་པའི་འབྲས་བུ་གཅིག་རང་སྨིན་པར་བྱེད་ཐུབ། དཔེར་ན། འབྲེལ་མཚམས་གཅོད་པ་ལྟ་བུ་རེད། དེ་ནི་རྒྱུ་དང་འབྲས་བུའི་སྟོང་པ་ཉིད་ཀྱི་ཆོས་ལས་འབྱུང་གི་ཡོད། བྱས་ཙང་། གོ་རྟོགས་རྙེད་སྟངས་མི་འདྲ་བ་དང་གོ་རྟོགས་ཀྱི་རིམ་པ་མི་འདྲ་བ་སྣ་ཚོགས་ཡོད། དེ་དག་ཐམས་ཅད་ཕན་ཐོགས་ཅན་ཡིན་ཆོག
དེར་བརྟེན་ང་ཚོས་སྙིང་རྗེ་ལ་བསམས་ནས་གུ་ཡངས་དང་ཁ་སངས་པོ་འདི་སྐྱེད་ཐབས་བྱེད་དགོས་ཤིང་། དེ་ཡང་ཚང་མ་རང་གི་གྲོགས་པོ་ཉེ་ཤོས་སུ་ལྟ་བའི་སྒོ་ནས་བྱེད་དགོས། གལ་ཏེ་ང་ཚོས་སྟོང་ཉིད་ལ་ཡང་དག་པའི་རྟོགས་པ་ལ་བསམས་ནས་གུ་ཡངས་སྐྱེད་ཐུབ་ན། དེ་ནི་དེ་ལས་ཀྱང་ཕན་ཐོགས་ཆེ་བ་ཡོང་གི་རེད། སྙིང་རྗེ་དང་ཤེས་རབ་གཉིས་པོ་རྟག་ཏུ་ཕན་ཚུན་འབྲེལ་ནས་ཡོད། དྲན་གྱིས་འདུག་གམ། དེ་ནི་གཤོག་པ་གཉིས་ལྡན་གྱི་སྣང་ཚུལ་དེ་རེད།
གཞན་གྱི་དོན་དུ་འགན་འཁྲི་བླང་བ།
འོན་ཀྱང་། གལ་ཏེ་ཁྱེད་ཀྱིས་གཞན་དེ་རང་གི་གྲོགས་པོ་ཡག་ཤོས་སུ་བལྟས་ན། དེ་ནི་ཁྱེད་ཀྱིས་གཞན་དེའི་དོན་དུ་འགན་འཁྲི་ཡོངས་སུ་རྫོགས་པ་ལེན་དགོས་པའི་དོན་རེད། བྱས་ཙང་། ལྟ་ཚུལ་དེའི་ཐོག་ནས་ང་རང་ཞེད་སྣང་ཡོང་གི་འདུག
ང་ཚོ་ག་རེ་བྱས་ནས་ཞེད་སྣང་སྐྱེ་གི་ཡོད་དམ། དེའི་རྒྱུ་མཚན་ནི་རྡོག་རྡོག་ཚུགས་ཐུབ་ཏུ་གྲུབ་པའི་ང་སྟེ། “ང་རང་འགྲུབ་འབྲས་ཐོན་པ་ཞིག་ཡོང་གི་མ་རེད་” ཟེར་བ་དེ་རེད། བྱས་ཙང་། ང་ཚོས་པར་རིས་ནང་ད་དུང་ཡང་ཚོན་རྩི་གཞན་ཞིག་གཏོང་དགོས་ཀྱི་ཡོད་པ་དང་། དེ་ག་ནང་བཞིན་རྒྱུ་དང་འབྲས་བུའི་སྟོང་མ་ཉིད་ཀྱི་ཟུར་དེ་ལའང་ཚོན་རྩི་གཏོང་དགོས། སངས་རྒྱས་ཀྱི་དེ་ལ་དཔེ་མཚོན་ཚད་ལྡན་བཞག་གནང་ཡོད་པ་ནི། ཆུ་སྣོད་གང་དེ་ཆུ་ཐིགས་དང་པོའམ་ཡང་ན་ཆུ་ཐིགས་མཐའ་མས་བཀང་བ་ཞིག་མིན་པར། དེ་ནི་ཆུ་ཐིགས་ཚང་མ་བསྡོམས་ནས་བཀང་བ་ཡིན། ང་ཚོས་མི་ཞིག་ལ་སྡུག་བསྔལ་ལས་ཐར་བའི་ཆེད་ཕན་འདོགས་ཐབས་བྱེད་པའི་སྐབས། དེ་ནི་ང་ཚོས་གང་བྱེད་ཀྱི་ཡོད་པ་ཙམ་ལ་བརྒྱ་ཆ་བརྒྱ་ཐམ་པ་མཐའ་གཅིག་ཏུ་བརྟེན་མེད། དེ་ནི་ང་ཞེས་བྱ་བ་དེ་ལ་ཚད་བརྒལ་གྱི་འུད་ཤོབ་བྱེད་པ་ཞིག་རེད། དེའི་འབྲས་བུ་ནི་རྒྱུ་ཧ་ཅང་མང་པོ་བསྡོམས་པ་ལས་འབྱུང་གི་ཡོད།
ཕྱོགས་གཅིག་ནས་གལ་ཏེ་ཁོང་ཚོར་ཡག་ག་ཞིག་མ་རག་ན། ང་ཚོ་ལམ་ལྷོང་མ་བྱུང་བའི་ནག་ཉེས་རེད་ཅེས་འགན་འཁྲི་དེ་ང་ཚོ་གཅིག་པུར་ཡོད་ཟེར་གྱི་མེད། ཡིན་ནའང་ཕྱོགས་གཞན་ཞིག་ནས། ང་ཚོ་གང་ཡང་མི་བྱེད་པའི་མཐའ་གཞན་དེ་ལའང་ལྷུང་གི་མེད། ང་ཚོས་མཐུན་སྦྱོར་གང་དྲག་བྱེད་ཀྱི་ཡོད། འོན་ཀྱང་ཁོང་ཚོ་སྡུག་བསྔལ་ལས་ཐར་ཐུབ་དང་མི་ཐུབ་ནི། ཤུགས་ཆེ་བ་ཁོང་ཚོས་གང་བྱེད་ཀྱི་ཡོད་པར་རག་ལུས་ཡོད།
སླར་ཡང་འདི་ནི་ང་ཚོས་བཟོ་བཞིན་པའི་རི་མོའི་སྟེང་ལ་སྤུ་སྨྱུག་ཏོག་ཙམ་བྱུག་འཇུག་པའི་བརྗོད་གཞི་ཞིག་རེད། འོན་ཀྱང་ང་ཚོས་དེ་ལས་གཏིང་ཇེ་ཟབ་ཏུ་འགྲོ་གི་རེད། སང་ཉིན་ངས་གང་བྱེད་དགོས་ངེས་ཡིན་པའི་བསམ་བློ་ཡོངས་སུ་རྫོགས་པའི་སྐོར་ཇེ་ཟབ་ཏུ་འགྲོ་ངེས་རེད། དེ་ཡང་ངས་འདི་ངེས་པར་དུ་བྱེད་དགོས། ངས་རོགས་ངེས་པར་དུ་བྱེད་དགོས། ངས་ཁོང་ཚོའི་དཀའ་ངལ་ཚང་མ་སེལ་ཐུབ་ངེས་རེད་སོགས་བརྗོད་པ་ལྟ་བུ་རེད། གལ་ཏེ་དེ་འདྲ་ཡོང་གི་མེད་པ་དང་ངས་ཁོང་ཚོའི་དཀའ་ངལ་སེལ་གྱི་མེད་ན། དེ་ནས་ངས་ནོར་འཁྲུལ་ཞིག་བྱས་པའི་ནག་ཉེས་ཅན་ཡིན་པ་རེད།
དེས་རང་བཞིན་གྱིས་འཇིག་རྟེན་བྱེད་པོ་དཀོན་མཆོག་གི་སྐོར་གོ་བསྡུར་བྱེད་དུ་འཇུག་གི་ཡོད། དེ་ལས་ང་ཚོའི་བསམ་བློའི་ཁྱེར་སོ་ “ངེས་པར་དུ་བྱེད་དགོས་” ཞེས་པ་དེ་འབྱུང་གི་ཡོད། དཀོན་མཆོག་ནང་བཞིན་ང་ཚོ་ནུས་མཐུ་ཀུན་ལྡན་ཡིན་དགོས་པ་དང་གང་འདོད་པ་ནང་བཞིན་ཚང་མ་རང་གི་མཐུ་ནུས་ལ་བརྟེན་ནས་འགྲུབ་ཐུབ་པར་བསམ་བློ་འཁོར་གྱི་ཡོད། ང་ཚོ་དེའི་སྐོར་ལ་སང་ཉིན་ཤོད་རྒྱུ་ཡིན།
ད་ང་ཚོ་སྐར་མ་འགའི་རིང་ལ་གུ་ཡངས་པོ་དང་ཞེད་སྣང་མེད་པའི་སྒོ་ནས་མཇུག་སྒྲིལ་རྒྱུ་དང་། དེ་ནས་ “གལ་ཏེ་མི་ཚང་མ་ཞེད་སྣང་མེད་པའི་སྒོ་ནས་གུ་ཡངས་པོ་ཞིག་ཡོང་ཐུབ་ན། དེ་ནི་ཡ་མཚན་སྐྱེ་དགོས་པ་ཞིག་མིན་ནམ། མི་ཚང་མ་འདི་འདྲ་ཆགས་པར་ཤོག །ངས་མི་ཚང་མ་འདི་འདྲ་ཞིག་ཆགས་པའི་ཆེད་རོགས་བྱེད་ཐུབ་པར་ཤོག་” ཅེས་པའི་ཡིད་སྨོན་བྱེད་དགོས།
དྲན་དགོས་པ་ཞིག་ལ། ང་ཚོས་སོ་སོ་གང་ལ་ཞེད་སྣང་ཡོང་གི་འདུག །ཞེད་སྣང་སྐྱེ་དགོས་དོན་གང་རེད། སུ་ཞེད་སྣང་སྐྱེ་གི་ཡོད་དམ་ཞེས་རྟག་ཏུ་རང་གི་རང་ལ་འདྲི་དགོས།།
(ཉམས་ལེན་ཆེད་མཚམས་འཇོག)