༼༡༽ མདོ་ཕྱོགས་ཉམས་ལེན་གྱི་བསླབ་བྱ།
གླེང་གཞི།
༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ།
ཐབས་བཟང་དུ་མས་ཟབ་དང་རྒྱ་ཆེའི་ཚུལ། །རིང་ནས་གོམས་པས་ཕྲ་བའི་གནས་རྣམས་ལའང༌། །དྲི་མེད་མཁྱེན་པ་ཐོགས་པ་མི་མངའ་བ། །ཟླ་མེད་སྨྲ་བའི་མཆོག་དེས་རྟག་ཏུ་སྐྱོངས། །
དང་པོར་གསུང་རབ་མང་དུ་ཐོས་པ་བཙལ། །དེ་ནས་ལེགས་པར་བཤད་པས་བསྟན་པ་སྤེལ། །ཐ་མར་སྒྲུབ་ལ་རིང་དུ་བརྩོན་མཛད་པའི། །བཤེས་གཉེན་བཟང་ཁྱོད་ཡུན་རིང་ཞབས་བརྟན་ཅིག །
མ་འདྲིས་མཛའ་བཤེས་དེ་ཡིས་གཙུགས་པའི་ཐུགས། །བདག་ལ་མངོན་དུ་ཕྱོགས་པ་ལས་བྱུང་བའི། །ཕྲིན་ཡིག་སྙན་པ་ཕུན་ཚོགས་ལྗོན་པ་ཡི། །འབྲས་བུ་བཟང་པོའི་སྐྱེས་བཅས་སྤྲིངས་པ་འཕྲོད། །
སྤྲིན་ཆེན་ཆུ་ཡིས་རྒྱ་མཚོར་ཇི་བཞིན་དུ། །ལེགས་བཤད་གཏམ་གྱིས་ངོམས་པར་མ་གྱུར་པས། །ད་དུང་རིམ་པ་གཉིས་ལ་སྦྱོར་བའི་ཚུལ། །ཡི་གེར་བཀོད་པ་སྒྲིངས་ཞེས་བཀའ་སྩལ་བྱུང༌། །འབབ་ཆུའི་རྒྱུན་གྱིས་རྫིང་བུ་ཆུང་ངུ་བཞིན། །བློ་གྲོས་ཆུང་ངུ་ཐོས་པས་དགང་སླ་མོད། །བློ་གྲོས་རྒྱ་ཆེ་དམ་པ་རྣམས་ཀྱི་ཡིད། །ངོ་མཚར་གཏམ་གྱིས་ཚིམ་པ་མེད་པ་མཚར། །
དེ་ལྟ་མོད་ཀྱི་ཐོས་པ་ཉུང༌། །བློ་གྲོས་ཆུང་ཞིང་སྦྱོར་བ་དམན། །ཚིག་འགའ་ཡོད་ཀྱང་དེ་ཡི་དོན། །སྒྲུབ་ལ་ཤིན་ཏུ་ལྷོད་གྱུར་པ། །བདག་འདྲས་དམ་པ་ཁྱེད་ཀྱི་ཐུགས། །རངས་པར་བགྱིད་པའི་རྔོ་མི་ཐོག །འོན་ཀྱང་རླུང་གིས་བསྐུལ་བ་ན། །རང་ལ་མཐུ་ནི་ཡོད་མིན་པའི། །ཤིང་བལ་རྣམས་ཀྱང་འདབ་བཟང་ལ། །འགྲན་པ་བཞིན་དུ་བགྲོད་པ་ལྟར། །དམ་པའི་གསུང་གིས་ལེགས་བསྐུལ་བས། །བདག་གིས་མདོ་ཙམ་གསོལ་བར་བྱ། །
མཚན་ཉིད་ལྡན་པའི་བཤེས་གཉེན་བསྟེན་པ།
དེ་ལ་འོ་སྐོལ་དལ་བའི་རྟེན་བཟང་པོ་ནི་རྙེད། རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་ནི་མཇལ། དགེ་བའི་བཤེས་གཉེན་བཟང་པོས་ནི་བཟུང༌། བླང་དོར་ལ་དཔྱོད་པའི་བློ་ཡི་མཐུ་ཡོད་པའི་སྐབས་འདིར། རྟེན་བཟང་པོ་འདི་ལ་སྙིང་པོ་ཞིག་ངེས་པར་བླང་འཚལ།
དེ་ནི་རྒྱལ་བའི་བསྟན་པ་ལ་འཇུག་པ་ཁོ་ན་ལ་རག་ལས་ཀྱང༌། བསམ་པ་བཟང་བ་ཙམ་གྱིས་ཞུགས་པས་མི་ཆོག། བསྟན་པ་ལ་འཇུག་པའི་རིམ་པ་ཕྱིན་ཅི་མ་ལོག་པ་ཤེས་པ་འམ། ཤེས་པ་གཅིག་གིས་ཁྲིད་པ་ལ་ངེས་པར་ལྟོས་པ་ཡིན།
དེ་ཡང་ལམ་གྱི་ངོ་བོ་ལ་མཁས་པ། གྲངས་ངེས་ལ་མཁས་པ། གོ་རིམ་ལ་མཁས་པ་ཞིག་དགོས་ཏེ་འདི་ལྟར། ལམ་མ་ཡིན་པ་ལ་ཡིན་པ་དང༌། ཡིན་པ་ལ་མ་ཡིན་པར་འཁྲུལ་ན། སྨན་ལོག་པར་སྦྱར་བ་ལྟར་དེས་བསྟན་པའི་ལམ་སྒྲུབ་ཀྱང་དོན་དུ་མི་འགྱུར་བས་གནོད་པ་བྱིན་པ་ལས་གཞན་དུ་ཕན་བཏགས་པ་མེད།
ལམ་གྱི་ངོ་བོ་ལེགས་པར་ཤེས་ཀྱང་ལྷག་པ་མི་དགོས་པ་དང༌། མ་ཚང་བས་མི་ནུས་པའི་གྲངས་ངེས་མི་ཤེས་ན་དེའི་ནང་ནས་ཀྱང་དགོས་ངོ་ཤེས་པ་རྣམས་ཆད་ནས་འགྲོ་ཞིང༌། མི་དགོས་པ་རྣམས་ཀྱང་སྒྲུབ་པའི་ལྷག་པ་ཅིག་འོང་བས་གནད་དུ་མི་འགྲོ། །
ངོ་བོ་དང་གྲངས་ཀྱི་ངེས་པ་ཤེས་ཀྱང་དང་པོ་དང༌། བར་དང་ཐ་མར་གང་ནས་འཁྲིད་པའི་བློའི་རིམ་པ་དང་སྦྱོར་མི་ཤེས་ན་སྨན་ཡིན་སྙམ་པ་དང༌། དེའི་ནང་ནས་ཀྱང་སྨན་བཟང་པོ་ཡིན་པས་ན་བའི་ཕྱིར་ནད་པ་འདི་ལ་བཏང་དུ་རུང་སྙམ་ནས་བཏང་བ་ན་སྨན་ཆེས་མཆོག་ཏུ་གྱུར་པས་ཕན་མི་ཐོགས་པར་མ་ཟད་སྲོག་འཕྲོག་པའི་གནོད་པ་ཆེན་པོ་སྟེར་བ་ལྟར། འདི་དམ་པའི་ཆོས་ཡིན་པས་སྙམ་པ་དང༌། ཆོས་ཀྱི་ནང་ནས་ཀྱང་ཆེས་ཟབ་པ་ཡིན་པས་འདི་བསྟན་པ་ལ་ཉེས་པ་ཅི་ཡོད་སྙམ་ནས་དེས་ཁྲིད་པ་ན། གོ་རིམ་ལ་བབ་ན་ཡོན་ཏན་ཁོ་ན་སྟེར་ཡང༌། གོ་རིམ་ལ་མ་བབ་ན་ཡོན་ཏན་མི་སྟེར་བར་མ་ཟད་བདེ་འགྲོ་དང་ཐར་པའི་སྲོག་འཕྲོག་པའི་རྒྱུར་འགྲོ་བས་ན། ཁྱད་པར་དུའང་གོ་རིམ་ལ་མཁས་དགོས་པ་ལགས།
དེ་ལྟ་བུའི་ཉམས་ལེན་གྱི་གནད་ལ་མཁས་པ་ཡང༌། སྐྱེས་བུ་དམ་པ་ཅིག་གིས་འཕྲིག་བསྐུར་ཞིང་ཁྲིད་པས། རྩོམ་པ་པོ་ཚད་ལྡན་གྱིས་བརྩམས་པའི་གཞུང་ཆེན་པོ་རྣམས་ལའང་ཁོལ་འདོན་ཙམ་རེར་མ་སོང་བའི་ལུས་ཡོངས་སུ་རྫོགས་པའི་ལམ་གྱི་རིམ་པ་ལ་ངེས་པ་རྙེད་པ་ཅག་ལ་འོང་བ་ཡིན། དེས་འཁྲིད་ཚུལ་ཕྱིན་ཅི་མ་ལོག་པའི་མན་ངག་མདོར་བསྡུས་པ་རྣམས་ནི། གཞུང་ཆེན་མོ་རྣམས་ནས་བཏུས་པ་ཤ་སྟག་ཡིན་ན།
མན་ངག་གི་དོན་ཡང་གཞུང་རྒྱ་ཆེ་བ་དང༌། དེའི་དོན་ཤིན་ཏུ་རྟོག་དཀའ་བ་དང༌། དགོས་པའི་དབང་གིས་གོ་རིམ་དཀྲུགས་ནས་བསྟན་པ་རྣམས་ལ་ངེས་པ་བདེ་བླག་ཏུ་སྟེར་བ་ཅིག་ལ་བྱེད་པའི་ཕྱིར། གཞུང་ཆེན་མོ་རྣམས་བཤད་ཆོས་དང༌། མན་ངག་ཆུང་ཆུང་རྣམས་སྒྲུབ་པའི་ཆོས་སུ་བྱས་ནས་དེ་གཉིས་མི་མཐུན་པར་འཛིན་པ་ནི། བསྟན་པའི་གནད་ཡེ་མ་གོ་བ་ཡིན་ཏེ། འདི་ལྟར་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་བཅས་པ་རྣམས་ནི། ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། ཞེས་འདོན་པ་ལྟར། སྒྲུབ་པ་ལྷུར་ལེན་ཞིང་སྒྲུབ་པ་ལ་གཞོལ་བ་ཤ་སྟག་ཡིན་པའི་ཕྱིར་རོ། །
ཀུན་སློང་གི་བསམ་པ་འཆོས་པ།
དེ་ལྟ་ན་བཤེས་པའི་སྤྲིང་ཡིག་ལས།
བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱི་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལེགས་པར་གསུངས་། །
ཞེས་དང༌། བཞི་བརྒྱ་པ་ལས།
སེམས་མ་གཏོགས་པར་འགྲོ་སོགས་ལ། །གང་ཕྱིར་བསོད་ནམས་ལ་སོགས་པ། །མ་མཐོང་དེ་ཕྱིར་ལས་ཀུན་ལ། །ཡིད་ནི་དང་པོར་བརྗོད་པར་བྱ། །
ཞེས་འཕགས་པ་ཡབ་སྲས་ཀྱིས་གསུངས་པ་ལྟར། ལེགས་ཉེས་ཐམས་ཅད་ཀྱི་རྩ་བ་ནི་ཡིད་ཁོ་ན་ཡིན་ཏེ། ཉེས་པར་སྤྱད་པ་དང་ལེགས་པ་ལ་འཇུག་པའི་སྒོ་ནི་གསུམ་དུ་ངེས་ལ། ལུས་ངག་ནི་ཡིད་ཀྱི་གཞན་དབང་ཅན་ཡིན་པའི་ཕྱིར་རོ། །
དེས་ན་ཐོག་མར་ཀུན་སློང་གི་བསམ་པ་ཚིག་ཙམ་དུ་མ་སོང་བར་འཆོས་པ་ཞིག་ཤིན་ཏུ་གལ་ཆེ་བ་ལགས། དེ་འཆོས་པའི་རིམ་པ་ལ་མང་དུ་བཤད་ཀྱང་བློ་རབ་འབྲིང་ཐམས་ཅད་ལ་ཐུན་མོང་དུ་ཕན་ཆེ་བ་ནི།
དང་པོར་འཇིག་རྟེན་འདིར་རིང་དུ་མི་གནས་པར་འཆི་བ་རྗེས་སུ་དྲན་པ་དང༌། འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་གཉིས་སུ་ཇི་ལྟར་འགྱུར་བ་རྒྱུ་དང་བཅས་པ་མང་དུ་བསྒོམས་པས་ཚེ་འདི་དོན་དུ་གཉེར་བ་ལས་བློ་ལྡོག་ནས། འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་བདེ་བ་དོན་དུ་གཉེར་བའི་བློ་ཞིག་ཅི་སྐྱེ་བྱ་དགོས།
དེ་ནས་སྲིད་པ་མཐའ་དག་གི་སྐྱོན་དང༌། ཞི་བའི་ཕན་ཡོན་སེམས་པ་ལ་ཤིན་ཏུ་འགྲུས་པར་བྱས་པས་འཁོར་བའི་ཕུན་ཚོགས་དོན་དུ་གཉེར་བ་ལས་བློ་ལྡོག་ནས་ཐར་པ་དོན་གཉེར་གྱི་བློ་ཤུགས་དྲག་ལ་རྒྱུན་རིང་བ་ཅིག་བསྐྱེད་དགོས་པ་ཡིན།
དེ་ནས་རང་ཉིད་ལ་བདེ་སྡུག་གིས་ཕན་གནོད་བྱེད་པ་ཅི་འདྲ་བ་དེ་འདྲ་བར་སེམས་ཅན་ཐམས་ཅད་ཀྱང་ཡིན་པར་མཐོང་ནས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་ལ་ཆེས་ཤིན་ཏུ་གོམས་པར་བྱས་ན། སེམས་ཅན་གྱི་བདེ་སྡུག་སྒྲུབ་པ་དང་སེལ་བ་ལ་ཇི་མི་སྙམ་པར་རང་གི་དོན་ཙམ་ལྷུར་ལེན་པའི་བསམ་པ་ལེགས་པར་ལྡོག་ནས། གཞན་གྱི་དོན་ཉིད་མངོན་པར་འདོད་པའི་དོན་དུ་མཐོང་ཞིང༌། དེ་སྒྲུབ་པའི་ཐབས་ཀྱི་མཆོག་ཀྱང་སངས་རྒྱས་ཉག་གཅིག་ཏུ་ངེས་ནས་དེའི་ཕྱིར་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཤིན་ཏུ་བརྟན་པ་ཞིག་སྐྱེད་པ་ལགས།
འདི་དག་ལ་ཚིག་སྒྲིགས་ཀྱི་གོ་བ་ཙམ་རེ་ཡོད་པའི་འཁྲུལ་གཞི་བྱས་ནས། ཐོས་བསམ་སྒོམ་པ་ལ་འཇུག་པ་ན། ཁོ་བོ་ནི་འདི་དག་འཇིག་རྟེན་ཕྱི་མའི་ཆེད་དུ་བྱེད་དོ་ཞེའམ། ཐར་པའི་ཕྱིར་དུ་བྱེད་དོ་ཞེའམ་སེམས་ཅན་གྱི་དོན་དུ་བྱེད་དོ་ཞེས་པའི་ཚིག་སྙན་སྙན་མང་དུ་བརྗོད་ཀྱང༌། བློའི་འགྲོ་ཚོད་ནི་ཚེ་འདིའམ། དོན་འཁོར་བའི་བདེ་འབྲས་འགའ་ཞིག་ལ་མིང་ཐར་པར་བཏགས་པ་ཞིག་གམ། རང་གི་དོན་ཉི་ཚེའི་ཆེད་དུ་དམིགས་པ་ཞིག་ལས་གཞན་ཡོད་མི་བསམ། དེས་ན་བསམ་པ་འདི་དག་བཅོས་མ་མ་ཡིན་པར་སྐྱེ་བ་ལ་གོ་བ་ཙམ་གྱིས་མི་ཆོག་སྒོམ་དགོས་ལ།
ཇི་ལྟར་སྒོམ་པའི་ཚུལ།
བསྒོམ་པའི་ཚུལ་ཡང་འདི་འདྲའི་རིགས་རྣམས་རང་རང་གི་སྐབས་ཀྱི་རྒྱུ་མཚན་རྣམ་པ་དུ་མར་དཔྱད་ཀྱིན་སྒོམ་པའི་དཔྱད་བསྒོམ་ཉིད་ཡང་དང་ཡང་དུ་གོམས་པས་སྒྲུབ་དགོས་པ་ལགས།
དེ་ལ་དེ་དག་གི་དམིགས་རྣམ་སྐྱོང་པ་རྒྱུའི་གཙོ་བོ་ཡིན་མོད་ཀྱང་དེ་ཙམ་གྱིས་མི་ཆོག་པར་ཐུན་མཚམས་སུ་དེ་དག་ལས་བརྩམས་པའི་བཀའ་དང་བསྟན་བཅོས་དྲི་མ་མེད་པ་མན་ངག་དང་བཅས་པ་རྣམས་ལ་བལྟས་ནས་ངེས་པ་བརྟན་པར་བྱེད་པ་དང༌། བསམ་པ་དེ་དག་གི་འགལ་རྐྱེན་སེལ་བ་དང༌། མཐུན་རྐྱེན་སྒྲུབ་པའི་བསག་སྦྱང་མང་པོ་གནད་དུ་གཏོང་དགོས།
དེ་ལྟར་རྒྱུ་ཕྱོགས་རེ་བ་རེ་མིན་པའི་མཚན་ཉིད་ཚང་བར་བྱས་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཞིབ་པར་སྐྱོན་ཡོན་ལེགས་པར་དཔྱད་ཅིང་བསྒོམས་པ་ན།
འདིའི་དམིགས་པ་ནི་འདི་ལྟ་བུ། རྣམ་པ་ནི་འདི་འདྲ་བ་ཡིད་ལ་བྱེད་ཚུལ་ནི་འདི་ལྟར་བྱས་པས། ཐུན་མོང་མིན་པའི་ལག་རྗེས་འདི་འདྲ་བ་ཞིག་རྒྱུད་ལ་སྐྱེ་བར་འདུག་སྙམ་དུ་ཁོང་དུ་ཆུད་ནས། ཉམས་ལེན་གྱི་གནད་ཤིན་ཏུ་ཕྲ་བ་རྣམས་ལའང་གདེང་རྙེད་ནས་འོང་བ་ཡིན།
དེའི་ཚེ་ཡོན་ཏན་གྱི་ཕྱོགས་སྒྲུབ་པ་དང༌། སྐྱོན་གྱི་ཕྱོགས་འགོག་པའི་རང་རང་གི་བྱེད་ལས་ཐུན་མོང་མ་ཡིན་པ་རྣམས་ཤེས་ཏེ། སྤོང་ལེན་གང་ལའང་འདི་ནི་ངེས་པར་དགོས་ཏེ། འདི་ཙམ་གྱིས་ཀྱང་མི་ཆོག་གོ་སྙམ་ནས་དམ་པའི་ཆོས་གང་ཡང་མི་སྤོང་བ་ཅིག་འོང་བ་ལགས།
བསམ་པ་དེ་དག་ཀྱང་དང་པོར་བསྐྱེད་དགོས། བསྐྱེད་པ་ཙམ་གྱིས་མི་ཆོག་པར་རྒྱུན་བརྟན་པ་དང༌། དེར་ཡང་མ་ཟད་གོང་ནས་གོང་དུ་ཅི་འཕེལ་བྱ་འཚལ་བས། འདི་དག་ནི་སྔོན་འགྲོའི་ཆོས་ཡིན་པས་གོམས་པ་སྲིད་མི་དགོས་པ་དང༌། དུས་ཐམས་ཅད་དུ་མི་ཉམས་པར་བྱ་མི་དགོས་ཀྱི་ལན་ཅིག་སྔོན་དུ་བཏང་བས་ཆོག །གཞན་ཡང་འདི་རྣམས་ནི་སྦུན་པ་དང་ཕྱི་ཤུན་ལྟ་བུའི་རྣལ་འབྱོར་ཡིན་པས་བཞག་ཀྱང་ཆོག་སྙམ་ནས་འདི་དག་ལ་རྩིས་མེད་པར་བྱས་ཏེ། དངོས་གཞི་ཉིད་ལ་འདྲིས་པར་བྱའོ་སྙམ་པ་ནི་ལམ་གྱི་གནད་གཏན་ནས་མ་གོ་བ་ཡིན་ཏེ་སྔར་བཤད་པ་ལྟ་བུའི་བསམ་པ་དང་ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་སྔར་བཤད་པ་འདྲ་བ་ཞིག་དང་བྲལ་ན། ཆོས་བྱས་པར་སྒོམ་པ་རྣམས་ཆོས་ལྟར་སྣང་དུ་འགྲོ་ཞིང༌། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྣམ་པར་དག་པ་བསྒོམས་ཀྱང༌། ཐེག་པ་ཆེན་པོར་གཏན་མི་རུང་བར་ལན་ཅིག་མ་ཡིན་པར་གསུངས་པའི་ཕྱིར་རོ། །
དེས་ན་ཐུན་འགོར་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང༌། ཐུན་གཤམ་དུ་སྨོན་ལམ་རླབས་པོ་ཆེས་ཁ་བསྒྱུར་བ་ནི། ཐུན་གྱི་དངོས་གཞི་ལ་བསྐྱངས་པའི་དགེ་བ་དེ་ཉིད་གནད་དུ་གཏོང་བ་དང་མི་ཟད་པར་བྱེད་པའི་ཐབས་མཁས་ཆེན་པོ་ཡིན་པས་གང་བྱུང་རེས་མི་ཆོག་པར་རྒྱུ་དང་འདྲེས་ངེས་པ་རེ་བྱེད་དགོས་པ་ལགས།