སྒོམ་གྱི་སྔོན་འགྲོ།

Week%203%20preliminaries%20to%20meditation%20%281%29

སྒོམ་དང་མཐུན་ཕྱོགས་ཀྱི་ཁོར་ཡུག

དངོས་གཞི་སྒོམ་ལ་འཇུག་པའི་ཚེ། དེ་དང་མཐུན་པའི་ཁོར་ཡུག་གི་གནས་སྟངས་ཤིག་ཡོད་དགོས། སྒོམ་རྒྱག་པ་ལ་མཐུན་ཕྱོགས་ཀྱི་ཆ་རྐྱེན་མང་པོ་ཞིག་ཡོད་ཀྱང་། དེ་དག་མང་ཆེ་བ་ནམ་རྒྱུན་བསྙེན་མཚམས་ལ་སྡོད་པའི་སྐབས་སུ་གྲོས་བསྡུར་དང་འགྲེལ་བཤད་བྱེད་ཀྱི་ཡོད། ཡང་ང་ཚོ་མང་ཆེ་བ་ཞིག་ནི་སོ་སོའི་ནང་ལ་སྒོམ་བརྒྱབ་ནས་སྡོད་མཁན་ཡོད། 

ནང་ལ་སྒོམ་རྒྱག་པའི་སྐབས་སུའང་རྣམ་གཡེང་མེད་སའི་ས་ཆ་ཞིག་ཡོད་ན་དགེ་མཚན་ཆེན་པོ་ཡོད། དེའི་སྟེང་ཁོར་ཡུག་དེ་ཇི་ཙམ་གྱི་ཁ་ཁུ་སིམ་པ་ཡོད་པ་དེ་ཙམ་གྱི་བཟང་བ་ཡོད། ང་ཚོ་མང་ཆེ་བ་གནས་ས་ནི་འགྲིམ་འགྲུལ་དོག་པའི་སྣུམ་འཁོར་འཚང་འགག་སོགས་ཡོད་པའི་སྲང་ལམ་སྐད་ཅོར་ཚ་ས་ལ་ཡོད་པ་དང་། ཉིན་གང་སྐད་ཅོར་ཆེ་བས་ཞོགས་པའམ་དགོང་མོ་འགྲིམ་འགྲུལ་གྱི་སྣུམ་འཁོར་འཚང་འགག་ཉུང་བའི་སྐབས་སུ་སྒོམ་བརྒྱབ་ཐུབ་ན་ཡག་ཤོས་ཡིན། དེའི་སྟེང་ལ་ཉེ་འགྲམ་གྱི་ཁོར་ཡུག་ནང་ལ་གཞས་དང་བརྙན་འཕྲིན་གྱི་སྒྲ་སྐད་མེད་པ་ཞིག་ཡོད་དགོས་པ་སོགས་འདི་དག་གལ་ཆེན་པོ་ཡིན། གལ་སྲིད་དེ་ལྟ་བུའི་ཁོར་ཡུག་ཁུ་སིམ་པོ་ཞིག་ཡོང་མི་ཐུབ་ན། རྣ་བཀག་བེད་སྤྱོད་གཏོང་ཐབས་བྱེད་དགོས། རྣ་བཀག་ཡོད་པ་ལས་ཕྱིའི་སྒྲ་ཡོངས་སུ་རྫོགས་པ་བཀག་མི་ཐུབ་ཀྱང་ཕྱིའི་སྐད་སྒྲའི་ངར་ཤུགས་ཆུང་དུ་གཏོང་ཐུབ་ངེས་ཡིན། 

ང་ཚོ་མང་པོ་ཞིག་ལ་སྒོམ་རྒྱག་ཆེད་དུ་ཁང་པ་ཞིག་ལོགས་སུ་ཡོད་པའི་རྒྱས་སྤྲོས་དེ་མེད་པས། ནང་ལ་ས་ཆ་སྟོང་པ་ཁ་ཁུ་སིམ་པོ་ག་པར་ཡོད་ཀྱང་དེར་སྒོམ་རྒྱག་ན་འགྲིག་གི་རེད། གལ་ཏེ་ཉལ་ཁྲིའི་སྟེང་ལ་སྒོམ་རྒྱག་དགོས་བྱུང་ནའང་རྒྱག་དགོས། དེ་ནི་སྐྱོན་ཞིག་ཆགས་ཀྱི་མེད། རྒྱ་གར་ནང་སྡོད་མཁན་གྱི་བོད་པ་ཉམས་ལེན་པ་མང་ཆེ་བ་ཉལ་ཁྲིའི་སྟེང་ལ་སྒོམ་རྒྱག་གི་ཡོད། 

སྒོམ་རྒྱག་པར་དགོས་ངེས་ཀྱི་ཆ་རྐྱེན་གལ་ཆེན་གཞན་ཞིག་ནི། ཁང་པ་དེ་གཙང་མ་དང་གྲ་འགྲིག་པོ་ཞིག་དགོས། ཁོར་ཡུག་དེ་གཙང་ཞིང་གྲ་འགྲིག་པོ་ཞིག་ཡོད་ན། དེའི་ཤུགས་རྐྱེན་ལས་སེམས་ཀྱང་གཙང་མ་དང་གྲ་འགྲིག་པོ་ཡོང་ཐུབ་ཅིང་། སྒོམ་རྒྱག་སའི་ཁང་མིག་དེ་ཛོར་པོ་དང་། ཉ་བེ་ཉོབ་བེ། ཛ་རེ་ཛོར་རེ་ཡོད་ན་སེམས་ཀྱང་དེ་བཞིན་ཆགས་འགྲོ་བ་ཡིན། རྒྱུ་མཚན་འདི་དག་ལ་བརྟེན་ནས་སྒོམ་གྱི་སྔོན་འགྲོ་བཤད་པའི་སྐབས་སུ་སྒོམ་མ་བརྒྱབ་སྔོན་ལ་བྱེད་དགོས་པའི་ཆ་རྐྱེན་གལ་ཆེ་ཤོས་གཅིག་ནི་ཁང་མིག་གཙང་མ་ཉར་རྒྱུ་དང་། ཆུ་ཕོར་པ་གང་ལས་མེད་ཀྱང་མཆོད་པ་འཕུལ་དགོས་ཞེས་གསལ་ཡོད། དེ་ལྟར་བྱེད་པ་ནི་རང་གི་བྱ་བ་གང་བྱེད་བཞིན་པ་དེ་སྒོམ་ཡིན་པས་དེ་ལ་གུས་པ་མཚོན་བྱེད་དང་། གལ་སྲིད་ང་ཚོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྒོམ་རྒྱག་ས་དེར་སེམས་ཀྱིས་གདན་དྲངས་འདོད་ན། ཁང་མིག་གཙང་ཞིང་ཡིད་དབང་འཕྲོག་པ་ཞིག་ནང་གདན་འདྲེན་ཞུ་དགོས་པ་ལས། ཁང་མིག་ཛོར་པོ་ཟང་ཟིང་ཞིག་ནང་གདན་འདྲེན་ཞུས་ན་ག་ནས་འགྲིག།ནམ་རྒྱུན་འཆར་ཅན་གྱི་བསམ་བློ་གཏོང་སྟངས་ཀྱི་ངོས་ནས་བཤད་ཀྱང་། བྱེད་བཞིན་པའི་བྱ་བ་དེར་བརྩི་མཐོང་དང་དམིགས་བསལ་ལྟ་བུར་ངོས་འཛིན་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན། དམིགས་བསལ་ཞེས་པ་ནི། གློག་བརྙན་འཁྲབ་སྟོན་ཆེད་སྒྲིག་ཤོམ་བྱས་པའི་ཁང་པ་ལྟ་བུ་སྤོས་དང་བཞུ་མར་སོགས་ཀྱིས་བརྒྱན་པའི་ཧ་ཅང་རྒྱས་སྤྲོས་ཀྱི་ཁོར་ཡུག་ཞིག་བཟོ་དགོས་པའི་དོན་མིན་པར། ཁོར་ཡུག་གཙང་མ་དང་། སྟབས་བདེ། གྲ་འགྲིག་པོ། གུ་ཡངས་པོ། རྒྱས་སྤྲོས་མེད་པར་གུས་ཞབས་དང་ལྡན་པ་ཞིག་གྲ་སྒྲིག་བྱེད་དགོས་པའི་དོན་ཡིན།

ལུས་ཀྱི་འདུག་སྟངས། ༼ལུས་ཀྱི་གནས།༽

ཨེ་ཤི་ཡའི་རིག་གཞུང་མང་པོའི་ནང་སྒོམ་རྒྱག་པའི་སྐབས་ཀྱི་ལུས་ཀྱི་འདུག་སྟངས་མི་འདྲ་བ་ཡོད། རྒྱ་གར་དང་བོད། རྒྱ་ནག་དང་ཉི་ཧོང། ཐེ་ལེན་ཌི་སོགས་ཀྱི་རྒྱལ་ཁབ་ནང་སྒོམ་གྱི་སྐབས་ལུས་འདུག་སྟངས་ཁག་ཁག་ཡིན་པས། དེ་དག་ལས་བྱེ་བྲག་གཅིག་འགྲིག་ཡོད་ཅེས་ང་ཚོས་ཤོད་མི་ཐུབ། རྒྱ་གར་དང་བོད་ཀྱི་སྒོམ་ཉམས་ལེན་པ་རྣམས་ལུས་ཀྱི་འདུག་སྟངས་སྐྱིལ་ཀྲུང་བྱས་ནས་སྡོད་པ་ཡིན་ཅིང་། ཉི་ཧོང་དང་རྒྱ་ནག་གི་སྒོམ་རྒྱག་མཁན་ཁ་ཤས་ཀྱིས་རྐང་པ་སོ་སོའི་འོག་ཏུ་ལྟེབ་རྩེག་རྒྱག་ནས་སྡོད་ཀྱི་ཡོད། དེ་བཞིན་ཐེ་ལེན་ཌིའི་སྒོམ་ཉམས་ལེན་པ་རྣམས་རྐང་པ་ཟུར་དུ་བཞག་ནས་སྡོད་ཀྱི་ཡོད། སྔགས་ཀྱི་ཉམས་ལེན་སྐབས་སུ་ལུས་ཀྱི་རྩ་རླུང་ནུས་ཤུགས་སྤུངས་ནས་ཉམས་ལེན་བྱེད་དགོས་པས། རྐང་པ་པདྨའི་དབྱིབས་སུ་བྱས་ནས་སྡོད་དགོས་ཀྱང་། ད་ལྟ་ང་ཚོ་མང་ཆེ་བ་གནས་ཚད་དེར་སླེབས་མེད། གལ་སྲིད་མ་འོངས་པ་སྔགས་ཀྱི་ཉམས་ལེན་བྱེད་འདོད་ཡོད་མཁན་ཡིན་ན། ད་ལྟ་ལོ་ན་ཆུང་དུས་ནས་པདྨའི་དབྱིབས་སུ་འདུག་སྟངས་དེར་གོམས་པ་བྱེད་དགོས་པའི་སློབ་སྟོན་བྱས་ཡོད། དེ་མིན་ན་རྗེས་ལ་ལུས་ཀྱི་འདུག་སྟངས་དེར་སྡོད་རྒྱུ་དངོས་གནས་དཀའ་ལས་ཁག་པོ་ཡོད། ནུབ་ཕྱོགས་པ་རྣམས་གོང་གི་ལུས་ཀྱི་འདུག་སྟངས་མང་པོ་བཤད་པ་རྣམས་ལས་གང་འཚམས་པ་དེར་སྡོད་ཐབས་བྱས་ན་འགྲིག་ཐག་ཆོད་དང་། དེ་མིན་པར་རྐུབ་སྟེགས་སྟེང་བསྡད་ཀྱང་ཆོག གལ་ཆེ་ཤོས་ནི་སྒལ་ཚིགས་བསྲང་དགོས་པ་དེ་ཡིན།

མིག་གི་ལྟ་སྟངས།

སྒོམ་རྒྱག་པའི་སྐབས་སུ་མིག་གི་ལྟ་སྟངས་ལ། འགའ་ཤས་མིག་བཙུམ་ནས་སྒོམ་རྒྱག་པ་ཡོད་ཅིང་། འགའ་ཤས་མིག་ཕྱེ་བ་དང་། འགའ་ཤས་མིག་འོག་ལ་ལྟ་བ། འགའ་ཤས་མིག་གྱེར་ལ་ལྟ་བ་སོགས་སྣ་ཚོགས་ཡོད་པས་དེ་ནི་སྒོམ་གྱི་རིགས་གང་ཡིན་མིན་ལ་རག་ལས་ཡོད། སྤྱིར་བཏང་བོད་བརྒྱུད་ནང་བསྟན་ནང་མིག་བཙུམ་ནས་སྒོམ་རྒྱག་རྒྱུར་སེམས་སྐུལ་དང་སློབ་སྟོན་མི་བྱེད་པ་ཡིན། གང་ཡིན་ཟེར་ན། མིག་བཙུམས་ན་གཉིད་ཁུག་རྒྱུ་ལས་སླ་རུ་འགྲོ་བ་ཙམ་དུ་མ་ཟད། སྒོམ་རྒྱག་པའི་སྐབས་སུ་མིག་བཙུམ་དགོས་སྙམ་པའི་སེམས་ཀྱི་འགོག་རྐྱེན་ཞིག་ཀྱང་བཟོ་གི་ཡོད། དེ་ལྟར་བྱུང་ན་སྒོམ་རྒྱབ་པའི་དོན་དེ་ཉིན་རེའི་མི་ཚེའི་ནང་ལག་བསྟར་བྱེད་རྒྱུ་དཀའ་ལས་ཁག་པོ་ཆགས་སྲིད། དཔེར་ན། མི་ཞིག་མཉམ་དུ་སྐད་ཆ་ཤོད་ཀྱི་ཡོད་པ་དང་མཉམ་དུ་བྱམས་པ་སྒོམ་དགོས་ན་སྐད་ཆ་ཤོད་བཞིན་དུ་མིག་བཙུམ་དགོས་པས་དེ་ཁྱད་འཚར་ཞིག་ཆགས་ཀྱི་ཡོད། དེར་བརྟེན་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ནང་སྒོམ་མང་ཆེ་བར་མིག་ཕྱེད་ལྡང་ཕྱེད་བཙུམ་ཡིན་པ་དང་། དམིགས་པ་ཡངས་པོས་མར་ས་ལ་བལྟས་ནས་སྒོམ་རྒྱག་དགོས་པར་གསུངས་ཡོད།

འབོལ་གདན། ༼སྒོམ་གདེན།༽

གལ་སྲིད་རྐང་པ་སྐྱིལ་ཀྲུང་བྱས་ནས་སྒོམ་རྒྱག་མཁན་ཞིག་ཡིན་ན། འབོལ་གདན་རན་ཞིང་འཚམས་པ་ཞིག་འཚོལ་དགོས་པ་གལ་ཆེན་པོ་ཡིན། མི་འགའ་ཤས་ཞ་ལའི་སྒང་ལ་བསྡད་ནས་རྐང་པ་ཚོར་མེད་ཀྱི་མ་སྦྲིད་བར་དུ་སྡོད་ཐུབ་ཀྱི་ཡོད། ༸གོང་ས་མཆོག་ལྟ་བུ་གསུང་ཆོས་སོགས་གནང་སྐབས་འབོལ་གདན་མེད་པར་བཞུགས་ཁྲིའི་སྟེང་ལ་བཞུགས་ཀྱི་ཡོད། ཡིན་ནའང་ང་ཚོ་ལྟ་བུ་མི་དཀྱུས་མ་མང་ཆེ་བ་འབོལ་གདན་ལྟ་བུ་ཞིག་མེད་པ་ཡིན་ན་ལམ་སེང་རྐང་པ་སྦྲིད་འགྲོ་བ་ཡིན། དེ་ལྟ་བུའི་དཀའ་ངལ་ཡོད་མཁན་ཞིག་ཡིན་ན། འབོལ་གདན་ཞིག་འོག་ལ་བཏིང་ནས་དཔྱི་མགོ་མཐོ་ཙམ་དང་རྐང་པ་དམའ་ཙམ་སྡོད་ཐུབ་ན་ཡག་པོ་ཡོད། འབོལ་གདན་མཐུག་པོ་དང་སྲབ་པོ། གྱོང་པོ་དང་འཇམ་པོ་སོགས་རང་གི་འདོད་པ་ལྟར་འདམ་དགོས།

གལ་ཆེ་ཤོས་ནི་འབོལ་གདན་ཡག་པོ་ཞིག་འདམས་ནས་རྐང་པ་སྦྲིད་པ་སོགས་ཚོར་བ་མ་སྐྱིད་པ་ཡོང་བ་སོགས་ལས་འགོག་ཐབས་བྱེད་དགོས། ནང་པའི་ཆོས་སྡེ་མང་པོ་ཞིག་ནང་གདན་སྒོར་སྒོར་རམ་གྲུ་བཞི་མཐུག་པོ་དེ་འདྲ་ཡོད། ཛེན་བསམ་གཏན་པའི་འབོལ་གདན་དེ་དག་ནི་ཉི་ཧོང་ལུགས་ཀྱི་རྐང་པ་འོག་ཏུ་ལྟེབ་རྩེག་རྒྱག་ནས་སྡོད་མཁན་གྱི་ཆེད་དུ་དམིགས་པ་ཞིག་ཡིན། རྐང་པ་སྐྱིལ་ཀྲུང་བྱས་ནས་སྒོམ་རྒྱག་མཁན་གྱིས་གདན་དེའི་སྟེང་བདེ་པོའི་ངང་སྡོད་ཐུབ་པ་ཡོད་སྲིད་ཀྱང་། གཞན་མང་ཆེ་བ་ལ་དེ་དག་མཐོ་དྲགས་པ་དང་མཁྲེགས་དྲགས་པའི་སྐྱོན་ཡོད། གལ་སྲིད་ཁྱེད་རང་སྐྱིལ་ཀྲུང་བྱས་ནས་སྡོད་མཁན་ཞིག་ཡིན་པ་དང་། རང་ཉིད་འགྲོ་སའི་ཆོས་ཚོགས་ལ་སྒོམ་གདན་མཁྲེགས་པོ་དེ་ལས་མེད་ན་སོ་སོའི་འབོལ་གདན་ཞིག་མཉམ་འཁྱེར་བྱས་ན་ཡག་པོ་ཡོད།

སྒོམ་རྒྱག་པའི་དུས་ཚོད།

ཞོགས་པ་ལངས་མ་ཐག་པ་དང་། དགོང་དྲོ་མ་ཉལ་གོང་ཉིན་རེའི་ལས་ཀ་ཉུང་བས་རྣམ་གཡེང་ཤོར་ས་ཉུང་བར་བརྟེན་མི་མང་པོ་ཞིག་གིས་སྒོམ་རྒྱག་པའི་དུས་ཚོད་ཡག་ཤོས་དེ་ཆགས་ཀྱི་ཡོད། དེ་ཙམ་མ་ཟད་མི་འགའ་ཤས་ལ་ “ཞོགས་པའི་མི།” ཟེར་སྲོལ་ཡོད་པ་ལྟར་ཞོགས་པ་རིག་པ་དྭངས་པ་དང་། འགའ་ཤས་ལ་ “མཚན་མོའི་འུག་པ་” ཟེར་སྲོལ་ཡོད་པ་ལྟར་དགོང་དྲོ་རིག་པ་དྭངས་པ་ཡོད་པས་ཀྱང་ཡིན། རང་ཉིད་རང་དང་རང་གི་མི་ཚེ་སྐྱེལ་སྟངས་གཞན་ལས་ཡག་ག་ཧ་གོ་གི་ཡོད་པར་སོང་ཙང་། དུས་ཚོད་འཚམས་ཤོས་དེ་ག་དུས་ཡིན་མིན་རང་ཉིད་ཀྱིས་ཐག་གཅོད་བྱེད་ཐུབ་པ་ཞིག་ཡིན། 

སློབ་སྟོན་རྩ་བ་ཉིད་ནས་བྱེད་མི་འོས་པའི་སྒོམ་རྒྱག་པའི་དུས་ཚོད་ནི། གཉིད་བྲོ་བའི་སྐབས་སུ་ཡིན། དགོང་དྲོ་མ་ཉལ་གོང་གཉིད་བྲོ་བཞིན་པའི་སྐབས་སུ་སྒོམ་བརྒྱབ་ན་སྒོམ་རྒྱག་པའི་དཀྱིལ་མ་ནས་གཉིད་ཤོར་སྲིད་པས། དེ་ནི་ཕན་ཐོགས་གང་ཡང་མེད། དེ་བཞིན་ཞོགས་པ་ཡང་སྒོམ་རྒྱག་གྲབས་ཡོད་དུས་རང་ཉིད་ད་དུང་ཡང་གཉིད་བྲོ་བསྡད་ཡོད་ན། ཁྱེད་ཀྱི་སྒོམ་དེར་དེ་ཙམ་གྱི་ཕན་འབྲས་ཡོང་མི་སྲིད། དེར་བརྟེན་དུས་ཚོད་གང་དེ་ཡག་ཤོས་ཡིན་མིན་རང་གི་ཐག་གཅོད་ཐུབ་པ་བྱེད་དགོས། སྤྱིར་བཏང་བོད་པ་མང་པོ་ཞིག་ལ་གོམས་གཤིས་དེ་མེད་ཀྱང་། ཞོགས་པ་སྒོམ་མ་བརྒྱབ་གོང་ལ་ཚིག་ཇའམ་ཇ་ཞིག་བཏུང་ནའང་སྐྱོན་མེད། 

༸གོང་ས་མཆོག་གི་དགེ་རྒན་ནང་གི་གཅིག་དང་། ངའི་དགེ་བའི་བཤེས་གཉེན་༧སྐྱབས་རྗེ་མཚན་ཞབས་གསེར་ཀོང་རིན་པོ་ཆེ་ཁོང་ཆུང་དུས་བོད་ནང་རྒྱུད་གྲྭ་སྟོད་སྨད་དུ་སྒོམ་གྱི་ཉམས་ལེན་ཇི་ལྟར་བྱས་མིན་སྐོར་འགྲེལ་བཤད་གནང་སྐབས་གསུངས་གསལ་ལ། དགེ་འདུན་པ་ཚང་མ་སྒོམ་ཁང་ནང་། རང་གི་འདུག་སར་གཅིག་གི་མགོ་གཞན་ཞིག་གི་པང་ལ་བཞག་ནས་ཉལ་སྡོད་ཀྱི་ཡོད། བོད་པ་ཚོར་གཅིག་གིས་གཅིག་ལ་གཟུགས་པོ་རེག་པར་མཐོང་སྣང་སྡུག་ཅག་དེ་འདྲ་མེད། ཞོགས་པ་ཧ་ཅང་སྔ་པོ་ཞོགས་ལངས་ཀྱི་དྲིལ་བུ་བརྡུང་སྐབས་སྐྱིལ་ཀྲུང་བྱས་ནས་སྡོད་ས་དེ་རང་ལ་བསྡད་དེ་སྒོམ་རྒྱག་པ་དང་། ཞལ་འདོན་བྱེད་པ་སོགས་བྱེད་ཀྱི་ཡོད་གསུངས་སོང་། དེང་སང་ཡིན་ན་རང་ཉིད་སྨན་པ་ཞིག་ཡིན་པ་དང་། མཚན་དཀྱིལ་ལ་ལངས་ནས་དེ་མ་ཐག་གཤག་བཅོས་སོགས་བྱེད་པར་གོམས་པའི་མི་ཞིག་ཡིན་ན་མ་གཏོགས་ཞོགས་པ་ལངས་མ་ཐག་རིག་པ་དྭངས་པོ་མེད་པས་སྒོམ་རྒྱག་རྒྱུ་དཀའ་ལས་ཁག་ཙམ་ཡིན།

སྒོམ་པའི་དུས་ཡུན།

རང་ཉིད་སྒོམ་ཉམས་ལེན་ཐོག་མར་འགོ་བཙུག་པའི་སྐབས་སྒོམ་ཐུན་གྱི་དུས་ཡུན་ཐུང་ཙམ་དང་སྒོམ་ཐུན་མང་ཙམ་བྱེད་དགོས་པ་གལ་ཆེན་པོ་ཡིན། ལས་དང་པོ་བ་ཞིག་ཡིན་པའི་ཆ་ནས་སྒོམ་རྒྱག་འགོ་བཙུགས་པ་དང་ཆུ་ཚོད་མང་པོ་མུ་མཐུད་ནས་མཚམས་མེད་པར་བརྒྱབ་ན་མནར་གཅོད་ལྟ་བུ་ཆགས་ཀྱི་རེད། ས་ཆ་འགའ་ཤས་ལ་དེ་ལྟ་བུའི་ལམ་སྲོལ་ཞིག་ཡོད་ཀྱང་། གལ་སྲིད་སྒོམ་རྒྱག་རྒྱུ་དེ་མནར་གཅོད་ཞིག་ཆགས་ན། སུས་ཀྱང་སྒོམ་རྒྱག་འདོད་བྱེད་མི་སྲིད་པས་བོད་བརྒྱུད་ནང་བསྟན་ནང་དེ་ལྟ་བུའི་སྒོམ་ཡུན་རིང་པོ་སྡོད་རྒྱུར་སྐུལ་མ་གཏོང་གི་མེད། སྒོམ་ཡུན་རིང་པོ་ཡོད་ན་སྒོམ་ཐུན་མ་རྫོགས་པའི་རྔམ་སྐྲག་ཡོང་སྲིད་པས་དང་པོ་སྒོམ་རྒྱག་པའི་སྐབས་སུ་སྐར་མ་ལྔ་ནས་བཅུ་བར་བརྒྱབ་ན་འགྲིག་གི་ཡོད། ཐེག་དམན་གྱི་དགོན་པ་ཁག་གི་ནང་སྒོམ་ཡུན་གཅིག་རིང་པོ་མ་ཆགས་པའི་ཆེད་དུ་ཙོར་པུར་བསྡད་ནས་སྒོམ་པ་དང་། གོམ་པ་སྤོས་ནས་སྒོམ་པ་གཉིས་རེས་མོས་བྱེད་པའི་ཐབས་ཤེས་ཞིག་ཀྱང་ཡོད།  

སྒོམ་ཡུན་དང་འབྲེལ་བའི་སྐོར་བོད་པའི་དཔེ་ཞིག་ཡོད་པ་ནི། གལ་སྲིད་རང་གི་གྲོགས་པོ་ཞིག་རང་ལ་ཐུག་འཕྲད་དུ་སླེབས་པ་དང་། གྲོགས་པོ་དེ་དུས་ཡུན་རིང་པོ་བསྡད་ན་མི་དེ་མ་འགྲོ་བའི་དཀའ་ངལ་ཡོད་ཅིང་། གྲོགས་པོ་དེ་ཕྱིན་ཚར་ན་མི་དེ་ཡང་བསྐྱར་ཐུག་ཡག་གི་བློ་འདོད་ཞེ་དྲག་མི་སྐྱེ། ཡང་གྲོགས་པོ་ཞིག་དུས་ཚོད་མང་ཙམ་བསྡད་རོགས་བྱས་ན་བསམ་པའི་སྐབས་སུ་ཕྱིན་སོང་བ་ཡིན་ན། ཡང་བསྐྱར་གྲོགས་པོ་དེ་མགྱོགས་པོར་ཐུག་པར་ཧ་ཅང་དགའ་པོ་བྱེད་པ་ནང་བཞིན་སྒོམ་ཡུན་ཡང་དེ་ལྟར་ཡིན་ཅིང་། དེའི་སྟེང་སྒོམ་གྱི་འདུག་སྟངས་དང་། སྒོམ་གདན། སྒོམ་ཐུན་གྱི་དུས་ཡུན་སོགས་བདེ་མོ་ཞིག་བྱུང་ན་སྒོམ་གྱི་ཉམས་ལེན་ལ་སྤྲོ་སྣང་ཆེན་པོ་ཡོང་ཐུབ།

ཀུན་སློང་གསོས་འདེབས་པ།

སྒོམ་མ་བརྒྱབ་གོང་ཀུན་སློང་གསོས་འདེབས་རྒྱུ་གལ་ཆེན་པོ་ཡིན། དངོས་གནས་བཤད་ན། སྒོམ་རྒྱག་པའི་སྐབས་སུ་ཙམ་མ་ཟད་ཞོགས་པ་ལངས་པ་དང་ལས་ཀ་དང་པོ་ཀུན་སློང་གསོས་འདེབས་དགོས་པའི་སློབ་སྟོན་བྱེད་ཀྱི་ཡོད། ཞོགས་པ་གཉིད་སད་པ་དང་། ཉལ་ཁྲིའི་ནང་ཡོད་བཞིན་དུ་ཉིན་རེའི་ཀུན་སློང་གསོས་བཏབ་ནས་འདི་ལྟར། “དེ་རིང་ངས་རླུང་མ་ལངས་རྒྱུ་དང་། བཟོད་བསྲན་ཆེ་ཙམ་བྱེད་རྒྱུ། གཞན་ལ་དམིགས་ནས་བཟང་ཕྱོགས་ཀྱི་ཚོར་སྣང་མང་ཙམ་བསྐྱེད་ཐབས་བྱས་ཏེ་ཉིན་འདི་དོན་དང་ལྡན་པ་ཞིག་དང་། ཆུད་ཟོས་སུ་མ་འགྲོ་བ་ཞིག་བྱེད་དགོས།” ཞེས་བསམ་དགོས།

ཛེན་བསམ་གཏན་པའི་ཆོས་སྲོལ་གྱི་ནང་ངས་དགའ་ཤོས་བྱེད་སའི་གཏམ་ཚིག་ཅིག་ཡོད་པ་ནི། “འཆི་བ་ག་དུས་ཡིན་ཀྱང་ཡོང་སྲིད། ལྷོད་ལྷོད་བྱོས།” ཞེས་པ་དེ་ཡིན། བསམ་བློ་ཡག་པོ་བཏང་ན་དེ་ནི་ནང་དོན་གཏིང་ཟབ་པའི་སྐད་ཆ་ཞིག་ཡིན། འཆི་བ་ག་དུས་ཡིན་ཀྱང་སླེབས་སྲིད་སྙམ་ནས་བློ་ཕམ་དང་། དངངས་འཚབ། འཚབ་འཚུབ་བྱས་ན་བྱ་བ་གང་འདྲ་ཞིག་ཀྱང་སྒྲུབ་མི་ཐུབ་ཅིང། ཁྱེད་རང་གི་སེམས་ནང་། “ངས་ལས་ཀ་ཡག་པོ་བྱེད་ཐུབ་ཀྱི་མེད་པ་དང་། ང་མི་ཚད་དང་ལྡན་པ་ཞིག་མིན།” སྙམ་པའི་བསམ་བློ་ཡོང་སྲིད། ཡིན་ནའང་གལ་སྲིད་ཁྱེད་རང་གི་འཆི་བ་ག་དུས་ཡིན་ཀྱང་ཡོང་སྲིད་པ་ཞིག་ཡིན་མོད། དེ་ལ་དམིགས་ནས་སེམས་ལྷོད་ལྷོད་བྱས་བསྡད་ཐུབ་ན། བྱ་བ་ག་འདྲ་ཞིག་ཡིན་ཀྱང་དངངས་འཚབ་དང་། མ་སྐྱིད་པ། འཚབ་འཚུབ་སོགས་མེད་པར། བྱ་བ་དེ་དོན་དང་ལྡན་པ་ཞིག་དང་། དངོས་ཡོད་དང་འཚམས་པ་ཞིག་བྱེད་ཐུབ། བྱས་ཙང་། འཆི་བ་ཞེས་པ་ག་དུས་ཡིན་ནའང་ཡོང་སྲིད་པ་དེ་དྲན་ནས་སེམས་ལྷོད་ལྷོད་བྱོས་ཤིག 

སྒོམ་མ་བརྒྱབ་གོང་ལ་ཀུན་སློང་གསོས་བཏབ་ནས། “ངས་དུས་ཡུན་དེའི་ཙམ་གྱི་རིང་སྒོམ་རྒྱག་རྒྱུ་དང་། བློ་རྩེ་སྒྲིམ་རྒྱུ། གལ་སྲིད་གཉིད་བྲོ་བ་འདྲ་བྱུང་ན་གཉིད་ལས་སད་རྒྱུ། གལ་སྲིད་དམིགས་པ་བརླག་ན། ཡང་བསྐྱར་མགོ་ནས་སྒོམ་རྒྱུ།” ཞེས་ཚིག་སྐམ་པོ་ལབ་པ་ཙམ་མ་ཡིན་པར། དངོས་གནས་དྲང་གནས་དེ་གལ་ཆེན་དུ་བརྩིས་ཏེ་ཀུན་སློང་སེམས་ལ་བཞག་ནས་དེ་དང་རྗེས་མཐུན་ཡོང་བ་བྱེད་དགོས། ཀུན་སློང་དང་རྗེས་མཐུན་ཡོང་བ་བྱེད་རྒྱུ་དེ་དཀའ་ལས་ཁག་པོ་ཡོད་པ་དང་པོ་ནས་ཤེས་དགོས། དཔེར་ན། སྒོམ་ཐུན་ཞིག་དོན་དག་གཞན་གྱི་སྐོར་ལ་བསམ་བློ་གཏོང་བའི་ཆེད་དུ་བཀོལ་སྤྱོད་བྱེད་པའི་གོམས་གཤིས་ངན་པ་དེ་འདྲ་ཡོད་ན། དེ་མེད་པ་བཟོ་རྒྱུ་དཀའ་ལས་ཁག་པོ་ཡོད། དོན་དག་དེ་ཆོས་དང་འབྲེལ་བའི་གནས་ཚུལ་གཞན་པ་ཡིན་ཀྱང་ཆོག་མོད། སྐབས་དོན་གྱི་དམིགས་བྱ་མིན་པ་དེས་མ་འགྲིག་པ་ཡིན། འདི་ནི་ང་རང་གི་ཉམས་མྱོང་གི་ཐོག་ནས་བཤད་ཀྱི་ཡོད། དེ་ལ་གོམས་གཤིས་ཆགས་ཚར་ན་མེད་པ་བཟོ་རྒྱུ་དཀའ་ལས་ཁག་པོ་ཡོད་པས། དང་པོ་ནས་སྒོམ་རྒྱག་པའི་སྐབས་སུ་ཀུན་སློང་མ་ནོར་བ་གསོས་བཏབ་ནས་དེ་མཐུན་ལག་བསྟར་བྱེད་དགོས།

ཀུན་སློང་དངོས།

དེའི་རྗེས་ལ་ཀུན་སློང་དངོས་གཞི་ངོས་བཟུང་རྒྱུ་དེ་ཡིན་ཅིང་། བོད་བརྒྱུད་ནང་བསྟན་གྱི་གཞུང་མཚན་ཞིག་ནང་ཀུན་སློང་ནི་ཆ་ཤས་གཉིས་སུ་ཕྱེ་ནས་བཤད་ཡོད། དང་པོ་ནི་བསྒྲུབ་བྱའི་དམིགས་ཡུལ་དེ་ཡིན། དེ་ཡང་གང་ཞིག་བསྒྲུབ་པའི་ཆེད་དུ་འབད་བརྩོན་བྱེད་པ་དེ་ཡིན། ཚད་ལྡན་གྱི་བསྒྲུབ་བྱ་ཁག་ནི་ “ལམ་རིམ་” ནང་འགྲེལ་བཤད་བརྒྱབ་ཡོད། ལམ་རིམ་ནང་བསྟན་པའི་བསྒྲུབ་བྱའི་དམིགས་ཡུལ་ཁག་ནི། ༼ཀ༽ མ་འོངས་པའི་མི་ཚེ་ཡར་རྒྱས་གཏོང་རྒྱུ། ༼ཁ༽ ཡང་བསྐྱར་འཁོར་བར་སྐྱེ་བ་ལས་ཡོངས་སུ་གྲོལ་བའི་ཐར་པ་འཐོབ་རྒྱུ། ༼ག༽ ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་བྱས་ནས་སེམས་ཅན་གཞན་ཡང་ཐར་པ་ལ་འགོད་ཐབས་བྱེད་རྒྱུ་བཅས་གསུམ་ཡིན། ཀུན་སློང་གི་ཆ་ཤས་གཉིས་པ་ནི། བསྒྲུབ་བྱའི་དམིགས་ཡུལ་འཐོབ་པ་ལ་སྐུལ་མ་གཏོང་མཁན་གྱི་སེམས་ཚོར་དེ་ཡིན། 

ང་ཚོས་ཀུན་སློང་གི་སྐོར་ལ་བསམ་བློ་གཏོང་བའི་སྐབས་རང་ཉིད་ཀྱིས་རང་ལ་དྲང་པོ་བྱེད་དགོས་པ་གལ་ཆེན་པོ་ཡིན། དེ་ནི་ང་རང་དངོས་གནས་སྐྱེ་བ་ཕྱི་མ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་ནམ་ཞེས་བསམ་པ་ལྟ་བུ། ང་ཚོ་མང་པོ་ཞིག་དེ་ལྟར་ཡིད་ཆེས་བྱེད་ཀྱི་མེད། དེར་བརྟེན་ “ངས་འདི་ལྟར་ལས་ལ་འཇུག་པ་འདི་སྐྱེ་བ་ཕྱི་མ་འགྲོ་བ་མི་ལུས་རིན་པོ་ཆེ་འཐོབ་རྒྱུའི་ཆེད་དུ་ཡིན་” སྙམ་པའམ། ཡང་ན། “ངས་འདི་ལྟར་བྱེད་པ་ལས་ཉོན་གྱིས་འཁོར་བར་སྐྱེ་བ་ལས་ཡོངས་སུ་ཐར་པའི་ཆེད་དུ་ཡིན་ནམ།” བསམ་པ་དང་། ཡང། “ངས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་བྱས་ནས་སེམས་ཅན་གཞན་འཁོར་བ་ལས་ཡོངས་སུ་བསྒྲལ་བར་བྱའོ་” ཞེས་པ་སོགས་སེམས་ལ་བསམ་རྒྱུ་ནི་སྐྱེ་བ་སྔ་ཕྱི་ལ་ཡིད་ཆེས་མེད་ན་ཚིག་སྟོང་པ་ཙམ་ཞིག་ཆགས་ཀྱི་ཡོད། 

དེར་བརྟེན། ཁྱེད་རང་ངས་རྒྱུན་ལྡན་ཟེར་བའི་ “ཆོས་ཡངས་པ་” གཞིར་བཟུང་གི་ཐོག་ནས་སྒོམ་གྱི་ཉམས་ལེན་ལ་འཇུག་མཁན་ཞིག་ཡིན་ན། བསམ་བློ་འདི་ལྟར་བཏང་ནས་ཉམས་ལེན་ལ་འཇུག་ཆོག། ཆོས་ཡངས་པ་ཟེར་ན་སྐྱེ་བ་སྔ་ཕྱིའི་རྣམ་གཞག་ལ་གཞི་མི་འཛིན་པའི་ཐོག་ནས་ནང་ཆོས་ཉམས་ལེན་བྱེད་ཚུལ་ཞིག་ལ་ཟེར། མི་གཞན་ལ་རང་གི་ཀུན་སློང་ཇི་བཞིན་ཤོད་དགོས་པའི་ངེས་པ་མེད་ཀྱང་། རང་ཉིད་ཀྱིས་རང་ལ་དྲང་བདེན་བྱེད་དགོས་པ་གལ་ཆེན་པོ་ཡིན་པས། “ངས་བྱ་བ་འདི་འདྲ་ཞིག་རྩོམ་གྱི་ཡོད་པ་འདི་ཚེ་འདི་ཙམ་གྱི་གནས་སྟངས་བཟང་དུ་དང་ཡག་ཏུ་གཏོང་རྒྱུའི་ཆེད་དུ་ཡིན།” ཞེས་བསམ་དགོས། དེ་ལྟར་དྲང་བདེན་གྱི་ཐོག་ནས་ཀུན་སློང་དཔྱད་ན། དེ་ནི་ཚུལ་མཐུན་གྱི་ཀུན་སློང་ཞིག་ཆགས་ཀྱི་ཡོད། འདི་དང་མཉམ་དུ་ཚད་དང་ལྡན་པའི་ཕུགས་རྒྱང་རིང་པོའི་བསྒྲུབ་བྱ་སྒྲུབ་པའི་ཀུན་སློང་ལ་ཡང་བརྩི་མཐོང་ཡོད་དགོས་པ་གལ་ཆེན་པོ་ཡིན་ཅིང་། དེ་ལ་ནམ་རྒྱུན་ངས། “ཆོས་ངོ་མ་” ཞེས་བརྗོད་ཀྱི་ཡོད། དེ་ནི་ནང་ཆོས་ཀྱི་ཉམས་ལེན་ཞེས་པ་དེ་ཚེ་འདིའི་བདེ་སྐྱིད་ཁོ་ནའི་ཆེད་དུ་ཡིན་པའི་བསམ་བློ་མི་གཏོང་བ་དེ་ཡིན།

ཡང་དག་པའི་ཀུན་སློང་གི་ཆ་ཤས་གཉིས་པ་ནི་བསྒྲུབ་བྱའི་དམིགས་ཡུལ་འཐོབ་པར་སྐུལ་མ་བྱེད་མཁན་གྱི་སེམས་ཚོར་དེ་ཡིན། དེ་ལྟར་ཀུན་སློང་ངོ་མ་བསྐྱེད་པའི་རིམ་པ་དང་པོ་ནི། “ངས་ཚེ་ཕྱི་མ་མི་ལུས་རིན་ཆེན་འཐོབ་པའི་ཆེད་དུ་དམིགས་ནས་ (བསྒྲུབ་བྱ) ཉམས་ལེན་བྱེད་ཀྱི་ཡོད། དེ་གང་ཡིན་ཞེ་ན། སྐྱེ་བ་ཕྱི་མ་སྦྲང་མའམ། ཞུ་ལུ་མ་ལྟ་བུའི་སྐྱེ་བ་འོག་མ་འབུ་སྲིན་ཞིག་ལ་སྐྱེས་ན་ཡ་ང་བ་ལ་ (སེམས་ཚོར།) བསམས་ནས་ཞེད་སྣང་ཡོང་པ་དང་། དེར་བརྟེན་དེ་ལྟ་བུའི་སྐྱེ་བ་འོག་མར་སྐྱེ་བ་ནི་སྤང་རུང་ཞིག་དང་། དེ་སྤོང་ཐབས་ཞིག་ཡོད་པའི་གདེང་ཚོད་ཡོད།” ཅེས་བསམ་པ་དེ་ཡིན། འདི་ལ་ཆོས་ཡངས་པའི་ཀུན་སློང་བསྐྱེད་ཐབས་ཀྱི་ཐོག་ནས་བསམ་ཆོག་སྟེ། “ཚེ་འཇུག་ལ་ཡང་ལས་དོན་ཐམས་ཅད་མུ་མཐུད་ནས་ལེགས་གྲུབ་ཡོང་བ་དང་། དེ་ལས་ཡག་ག་ (བསྒྲུབ་བྱ།) ཞིག་ཡོང་རྒྱུའི་ཆེད་དུ་དམིགས་ཀྱི་ཡོད། དེ་གང་ཡིན་ཞེ་ན། ལས་དོན་ལེགས་གྲུབ་མ་བྱུང་བར་གནས་སྟངས་སྡུག་ཏུ་ཕྱིན་པ་ཡིན་ན་འཇིགས་རྔམ་ཆེ་བ་ལ་ (སེམས་ཚོར།) བསམས་ནས་ཞེད་སྣང་ཡོང་བ་དང་།  དེར་བརྟེན། ལས་དོན་ལེགས་གྲུབ་ཡོང་བར་ཕན་ཐོགས་ཅན་གྱི་བྱ་བ་བྱེད་རྒྱུ་ཡོད་པར་ང་ལ་གདེང་ཚོད་ཡོད།” སྙམ་པ་དེ་ཡིན།  འདི་གཉིས་གང་ཡིན་ཀྱང་། “གནས་སྟངས་འདི་ལ་རེ་བ་མི་འདུག ད་ང་དཔེ་བསགས་སོང་།” བསམ་པ་ལྟ་བུའི་ནུས་མེད་བཟོ་བའི་ཞེད་སྣང་ཞིག་མིན་པར། དེ་ལས་ལྡོག་སྟེ། “ང་ལ་དངོས་གནས་དེ་ལྟར་མི་འདོད་པ་ཡིན་པས། དེ་ལས་གཡོལ་ཐབས་ཀྱི་ལམ་ཞིག་ཡོད་པ་ངས་མཐོང་ཐུབ།” ཅེས་གནོད་འཚེ་བྲལ་བའི་བསམ་བློ་ཡག་པོ་གཏོང་སྟངས་ཞིག་ཡིན། དཔེར་ན། མོ་ཊ་བརྡབ་སྐྱོན་བྱུང་བའི་ཞེད་སྣང་གིས་ཕྱིས་སུ་མོ་ཊ་གཟབ་གཟབ་གཏོང་དགོས་ཀྱང་། ཞེད་སྣང་དེས་རང་ཉིད་ཀྱི་ནུས་པ་མེད་པ་བཟོས་ནས། ད་ངས་མོ་ཊ་ནམ་ཡང་གཏོང་གི་མིན་ཞེས་ཟེར་བ་ལྟ་བུ་མ་ཡིན་པ་དེ་རེད། 

རིམ་པ་གཉིས་པ་ཆོས་ངོ་མའི་ཀུན་སློང་བསྐྱེད་པ་ནི། “སྐྱེ་བ་སྔ་ཕྱི་དང་འབྲེལ་བའི་སྡུག་བསྔལ་དེ་དག་ལ་ང་རྩ་བ་ནས་ཞེན་པ་ལོག་པ་ཙམ་མ་ཟད་ཉོབ་སྣང་སྐྱེས་ཀྱི་འདུག (སེམས་ཚོར།) བྱས་ཙང་། འདི་དག་ལས་ཐར་ཐབས་ (བསྒྲུབ་བྱ།) ཞིག་དགོས་འདུག” ཟེར་བ་དེ་ཡིན། ངེས་འབྱུང་བསྐྱེད་པར་བྱེད་མཁན་གྱི་རྒྱབ་ཏུ་ཡོད་པའི་སེམས་ཚོར་དེ་ག་འདྲ་ཞིག་ཡོད་མེད་འདི་ལྟར་བཞག་ཆོག་སྟེ། “སྐྱེ་བ་ཞིག་བླངས་ན་ཡང་བསྐྱར་མགོ་ནས་ཕྲུ་གུ་བྱེད་རྒྱུ་དང་། བྱ་བ་ཐམས་ཅད་འགོ་ནས་སྦྱོང་རྒྱུ། ཡོན་ཏན་སྦྱངས་ནས་ཡང་བསྐྱར་མི་ཚེ་སྐྱེལ་ཐབས་བྱེད་རྒྱུ་ནི་ཧ་ལས་པའི་ཉོབ་ཏོ་ཞིག་རེད། དེ་ཙམ་མ་ཟད། ཡང་བསྐྱར་ན་རྒྱུ་དང་རྒས་རྒྱུ་སོགས་ལ་གདོང་ལེན་བྱེད་པ་ནི་ཡིད་ཐང་ཆད་དགོས་རྒྱུ་ཞིག་རེད། འདི་ནི་ཤིན་ཏུ་བལྟ་འདོད་མེད་པའི་གློག་བརྙན་ཞིག་འགོ་ནས་ཡང་ནས་བསྐྱར་དུ་ལྟ་བ་དང་གཅིག་པ་ཡིན། དེར་བརྟེན་དེ་ཇི་ལྟར་ཉོབ་སྣང་སྐྱེས་དགོས་རྒྱུ་ཞིག་མིན་འདུག་གམ། ད་དངོས་གནས་འདོད་པ་ཚིམས་སོང།” ཞེས་སེམས་ལ་འཁོར་རྒྱུ་དེ་ཡིན།

ཆེས་ཚད་མཐོ་བའི་ཀུན་སློང་ནི་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཐབས་སྙིང་རྗེ་ཆེན་པོ་ (སེམས་ཚོར།) དང་བཅས་སངས་རྒྱས་ཀྱི་གོ་འཕང་ (བསྒྲུབ་བྱ།) འཐོབ་རྒྱུ་དེ་ཡིན་ཅིང་། དེ་ནི། “སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་མནར་བ་ནི་ངས་བཟོད་ཐུབ་པ་མི་འདུག།དེར་བརྟེན་ངས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་པའི་ནུས་པ་ལྡན་པའི་གོ་འཕང་ཞིག་ཐོབ་པ་བྱེད་དགོས།” ཞེས་བསམ་པ་དེ་ཡིན། 

ཀུན་སློང་ཞེས་པའི་ནང་བསྒྲུབ་བྱའི་དམིགས་ཡུལ་ཐོབ་ཚར་བའི་རྗེས་ལ་ང་ཚོས་ག་རེ་བྱེད་དགོས་པ་དེ་ཡང་ཚུད་ཡོད། ཐེག་ཆེན་གྱི་ཆོས་སྲོལ་ནང་ཉམས་ལེན་བྱེད་སྐབས་ཀུན་སློང་གི་རིམ་པ་རེ་རེ་ནས་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཆེད་དུ་བརྩོན་ཐབས་དེ་ཡིན། གོ་འཕང་འཐོབ་པ་དེས་ག་རེ་བྱེད་མིན་ནི་ང་ཚོའི་དམིགས་ཡུལ་དེར་སླེབས་པ་དང་ཤུགས་རྐྱེན་སྤྲོད་ཀྱི་རེད།

“ཆོས་ཡངས་” པའི་རིམ་པའི་ཐོག་ནས་བཤད་ན། ང་ཚོ་གྲ་སྒྲིག་མེད་པར་ཐམས་ཅད་མཁྱེན་པའི་གོ་འཕང་དེ་ཐོག་མར་ལས་སླ་པོ་ཡིན་བསམས་ཏེ་འབད་བརྩོན་བྱེད་པ་དང་། རྗེས་སུ་འཆི་ཁར་ཐུག་དུས་གོ་འཕང་དེ་མ་ཐོབ་པའི་བློ་ཕམ་དང་། སེམས་ངལ་བྱེད་པ་སོགས་ཀྱི་རྨོངས་པའི་བསམ་བློ་དང་བྲལ་བའི་ཐོག་ནས་ཚེ་འདིའི་ནང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཆེད་ཡར་རྒྱས་གང་ཐུབ་ཅི་ཐུབ་བྱེད་འདོད་སྐྱེ་བ་དེ་ཡིན།

  • ཆོས་ངོ་མའི་ཀུན་སློང་གི་རིམ་པ་གསུམ་ལས་དང་པོ་ནི། “ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་ལ་ཚེ་རབས་དུ་མར་འགོར་གྱི་རེད། དེར་བརྟེན་གོ་འཕང་དེ་འཐོབ་ཆེད་ཀྱི་ལམ་ལ་མུ་མཐུད་ནས་འཇུག་པའི་ཆེད་སྐྱེ་བ་ཕྱི་མར་ཡང་བསྐྱར་མི་ལུས་རིན་ཆེན་ཞིག་ལེན་འདོད་ཡོད།” ཅེས་བསམ་རྒྱུ་དེ་ཡིན།
  • གཉིས་པ་ནི། “གལ་སྲིད་ང་གཞན་ལ་ཁོང་ཁྲོ་ཟ་བའམ། འདོད་ཆགས་སྐྱེས་པ། ཡང་མིན་ན་རང་ཉིད་ལ་རང་དབང་མེད་པའི་སྤྱོད་ལམ་ཡོད་ན། ངས་གཞན་ལ་རོགས་པ་བྱེད་མི་ཐུབ་ཅིང་། དེ་ཙམ་མ་ཟད། ངས་རོགས་པ་བྱས་པ་དེར་ང་རྒྱལ་དང་ཁེངས་པ་ཡོད་ན། དེ་བས་ཀྱང་གཞན་ལ་རོགས་པ་བྱེད་མི་ཐུབ། དེར་བརྟེན་དེ་དག་གི་འབྱུང་ཁུངས་ལས་དང་ཉོན་མོངས་ལས་གྲོལ་ནས་ཐར་པ་འཐོབ་དགོས།” ཞེས་བསམ་པ་དེ་ཡིན།
  • ཀུན་སློང་གི་རིམ་པ་མཐོ་ཤོས་ནི། “ངས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་བྱས་ཏེ་སེམས་ཅན་རེ་རེ་ནས་ཕན་ཐོགས་གང་ལེགས་བྱེད་ཐུབ་པའི་མཁྱེན་པ་ཆ་ཚང་རྒྱུད་ལ་སྐྱེ་ཐབས་བྱེད་དགོས།” ཞེས་པའི་བསམ་བློ་དེ་ཡིན།

ཀུན་སློང་ནི་ཤིན་ཏུ་གལ་ཆེན་པོ་ཡིན། རྗེ་ཙོང་ཁ་བ་ཆེན་པོས། ཀུན་སློང་ནི་སྒོམ་མ་བརྒྱབ་གོང་གི་ཀུན་སློང་གསོས་འདེབས་པ་ཙམ་ཞིག་མ་ཡིན་པར། ཉིན་ཞག་དུས་ཕྲུགས་ལ་ཡོད་དགོས་པ་ཞིག་ཡིན་ཞེས་ནན་གྱིས་གསུངས་ཡོད། དེ་ཙམ་མ་ཟད། ཀུན་སློང་ཞེས་ཚིག་སྙན་པོ་ཙམ་ཞིག་མ་ཡིན་པར་དངོས་ཡོད་ཡིན་དགོས། སྐབས་འདིར་དངོས་ཡོད་ཞེས་པའི་དོན་གང་ཡིན་ནམ། དེའི་དོན་ནི་སྒོམ་གྱི་ཉམས་ལེན་ལ་བརྟེན་ནས་ཀུན་སློང་དེ་རང་གི་གཤིས་རྒྱུད་ལ་གོམས་པར་བྱས་ཏེ་ཡང་དག་པ་དང་། རང་བཞིན་དུ་ཡོད་པའི་སེམས་ཚོར་ཞིག་ཏུ་བསྐྲུན་ཐབས་བྱས་ཏེ། ཉིན་རེའི་འཚོ་ཐབས་ནང་མེད་དུ་མི་རུང་བའི་ཆ་ཤས་ཞིག་བཟོ་རྒྱུ་དེར་ཟེར།

སྒོམ་མ་བརྒྱབ་གོང་གི་ལྷིང་འཇགས།

སྒོམ་རྒྱག་པའི་ཆེད་ཕྱིའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་པ་དང་། ནང་སེམས་ཀྱི་ཀུན་སློང་དང་འདུན་པ་གསོས་བཏབ་ཚར་བའི་རྗེས་སུ་སེམས་ལྷོད་ལ་བབས་དགོས། དེ་ལྟར་ཡོང་བ་ལ་དུས་རྒྱུན་མང་ཆེ་བ་དབུགས་གཏོང་ལེན་གྱི་སྒོམ་གྱི་ཉམས་ལེན་ལ་འཇུག་ཀྱི་ཡོད། དེ་ནི་དབུགས་ལ་དམིགས་པ་གཏད་ནས་སྒོམ་བརྒྱབ་ཏེ་དབུགས་གྲངས་ཀ་རྒྱག་རྒྱུ་དེ་ཡིན། སྤྱིར་བཏང་དབུགས་དང་འབྲེལ་ཡོད་སྒོམ་གྱི་ཉམས་ལེན་མང་པོ་ཞིག་ཡོད་ཀྱང་། དབུགས་བཏང་ནས་དེ་ལ་དམིགས་ཏེ་དབུགས་འབྱིན་རྔུབ་ལ་གྲངས་ཀ་བརྒྱབ་ན་དེས་སེམས་པ་ལྷིང་ལ་འབེེབས་ཐུབ། དེ་ཡང་ནམ་རྒྱུན་དབུགས་དབྱུང་རྔུབ་ཐེངས་བཅུ་གཅིག་ཙམ་གྱིས་འདང་གི་ཡོད། འདི་ལྟར་སེམས་ལྷོད་ལ་ཕབ་པ་འདིས་ང་ཚོས་དངོས་གཞི་སྒོམ་རྒྱག་རྒྱུ་དང་སྒོམ་མ་བརྒྱབ་སྔོན་གྱི་དཀྱིལ་ལ་དུས་ཀྱི་བར་སྟོང་ཞིག་བསྐྲུན་གྱི་ཡོད་ཅིང་། བར་སྟོང་དེ་ཡིས་བྲེལ་འཚུབ་ཀྱི་ཉིན་རེའི་མི་ཚེ་ནས་སེམས་རྩེ་གཅིག་ལ་གནས་པའི་སྒོམ་གྱི་བར་འཕོ་འགྱུར་གྱི་གནས་སྐབས་ཤིག་བཟོ་བར་རོགས་རམ་བྱེད་ཀྱི་ཡོད།

ཉམས་ལེན་གྱི་ཡན་ལག་བདུན།

སྒོམ་གྱི་ཐུན་གཅིག་འགོ་མ་བཙུགས་གོང་དགེ་བའི་ནུས་པ་བསྐྱེད་ཐབས་བྱེད་དགོས་པའི་སློབ་སྟོན་གནང་ཡོད། དེ་ལ་དུས་རྒྱུན་ “མཆོད་པའི་ཡན་ལག་བདུན་ནམ་ཉམས་ལེན་གྱི་ཡན་ལག་བདུན་” ཞེས་པ་དེ་ཉམས་ལེན་བྱེད་ཀྱི་ཡོད། འདིར་ “ཡན་ལག་” ཅེས་པའི་དོན་ “རིམ་པ་” ལ་གོ་དགོས།

བརྙན་པར། འབུམ་རམས་པ་ཆོས་ཉིད་ཊེ་ལར། “སྒོམ་གྱི་ལམ་སྟོན་མདོར་བསྡུས།”

༡༽ སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་སྒོ་ནས་ཕྱག་འཚལ་བའི་ཡན་ལག།

རིམ་པ་དང་པོ་ནི་ཕྱག་འཚལ་བའི་ཡན་ལག་ཡིན་ཞིང་། དེ་ནི་གུས་བཀུར་མཚོན་གྱི་ཡོད། གང་ལ་གུས་བཀུར་བྱེད་དགོས་ཟེར་ན། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་གང་ཟག་རྣམས་དང་། བྱང་ཆུབ་སེམས་ཀྱི་སྒོ་ནས་ང་ཚོས་འཐོབ་འདོད་ཀྱི་ཐམས་ཅད་མཁྱེན་པའི་གོ་འཕང་དང་། ང་ཚོ་གོ་འཕང་དེར་འཐོབ་པར་བྱེད་མཁན་གྱི་སེམས་རང་བཞིན་གནས་རིགས་དེ་ལ་ཡང་ཕྱག་འཚལ་བའི་སྒོ་ནས་གུས་བཀུར་བྱེད་དགོས། དེར་བརྟེན་ཕྱག་འཚལ་བ་ནི་ང་ཚོའི་མི་ཚེའི་ནང་སྐྱབས་འགྲོའི་ཉེན་མེད་ཀྱི་ཁ་ཕྱོགས་བརྟན་པོ་ཞིག་དང་། དམིགས་ཡུལ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་སྐབས་དོན་འབྲེལ་ཆགས་ཀྱིས་བསྟན་པ་ཡིན། ང་ཚོས་འདོད་པའི་ཉེན་མེད་ཀྱི་ཁ་ཕྱོགས་བརྟན་པོ་སྐྱབས་འགྲོ་ཞེས་པ་ནི། སངས་རྒྱས་དཀོན་མཆོག་དང་། ཁོང་གི་གསུངས་པའི་ཆོས་དང་ཡོན་ཏན་གྱི་ངོ་བོ་ཡིན་པའི་ཆོས་དཀོན་མཆོག ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མངོན་པར་བརྩོན་མཁན་གྱི་དགེ་འདུན་དཀོན་མཆོག་གསུམ་བཅས་ཀྱིས་མཚོན་པར་བྱེད་ཀྱི་ཡོད། དེ་དང་མཉམ་དུ་དམིགས་ཡུལ་བྱང་ཆུབ་ཀྱི་སེམས་དང་བཅས་ཏེ། ང་ཚོས་སྒོ་གསུམ་གྱི་བྱེད་ལས་མཐའ་དག་རང་ཉིད་སངས་རྒྱས་འཐོབ་པའི་ཆེད་དུ་འབད་བརྩོན་བྱེད་ཀྱི་ཡོད།

༢༽ མཆོད་པའི་ཡན་ལག

རིམ་པ་གཉིས་པ་ནི་མཆོད་པ་འབུལ་རྒྱུ་དེ་ཡིན་ཅིང་། དེ་ཡང་གུས་བཀུར་མཚོན་བྱེད་ཞིག་ཡིན།

༣༽ སྐྱོན་དང་ནོར་འཁྲུལ་ལ་ངོས་ལེན། ༼སྡིག་བཤགས་ཀྱི་ཡན་ལག༽

རིམ་པ་གསུམ་པ་ནི་རང་གི་ནོར་འཁྲུལ་དང་སྐྱོན་ཆ་མ་གསང་དྲང་པོས་ངོས་ལེན་བྱེད་པ་དེ་ཡིན། འོན་ཀྱང་འདི་ནི་རང་གི་ནོར་འཁྲུལ་སོགས་ནག་ཉེས་སུ་བརྩི་བའི་དོན་མིན། ནག་ཉེས་ཞེས་པའི་ཐ་སྙད་འདིར་མཚམས་པོ་མེད། གང་ཡིན་ཟེར་ན། ནག་ཉེས་ཞེས་པ་ནི་རང་གི་བྱ་བ་སྡུག་ཅག་ཞིག་བྱས་པའམ་བྱེད་བཞིན་པ་ཞིག་སེམས་ལ་ཉར་ནས་སྡོད་རྒྱུ་དེ་ཡིན་ཅིང་། དེ་ནི་གད་སྙིགས་ཕྱི་ལ་མ་གཡུག་པར་ནང་ལ་བཞག་ནས། “གད་སྙིགས་འདི་ཛོར་པོ་ཞིག་འདུག དྲི་མ་ཡང་ངན་པ་ཞིག་འདུག” བསམ་ནས་སྡོད་པ་དང་གཅིག་པ་ཡིན། དེ་འདྲ་སོང་ཙང་། རིམ་པ་གསུམ་པ་འདི་ནི་ནག་ཉེས་ཞིག་བྱས་སོང་བསམ་པའི་སེམས་ཚོར་ཞིག་མིན་པར། རང་གི་ནོར་འཁྲུལ་ལ་འགྱོད་པ་སྐྱེ་བ་ཞིག་སྟེ། “ངས་གང་བྱས་པའི་ལས་ཀར་འགྱོད་པ་ཡོད་པས་གང་ཐུབ་ཀྱི་ཡང་བསྐྱར་མི་བྱེད་པའི་ཐབས་ཤེས་བྱེད་ཀྱི་ཡིན་ལ། གང་ཐུབ་ཅི་ཐུབ་ཀྱིས་རང་གི་སྐྱོན་ལས་རྣམ་པར་རྒྱལ་ཐབས་བྱེད་ཀྱི་ཡིན།” ཞེས་བསམ་རྒྱུ་དེ་ཡིན།

༤༽ རྗེས་སུ་ཡི་རངས་ཀྱི་ཡན་ལག།

རིམ་པ་བཞི་པ་ནི་རྗེས་སུ་ཡི་རངས་ཀྱི་དགའ་བ་སྒོམ་པའི་བློ་ཞིག་ཡིན་ཅིང་། དེ་ནི་རང་གཞན་གཉིས་ཀས་བཟང་ཕྱོགས་དགེ་བའི་བྱ་བ་ག་འདྲ་ཞིག་བྱས་ཀྱང་དེ་ལ་རྗེས་སུ་ཡི་རངས་བྱེད་རྒྱུ་དེ་ཡིན། དེ་བྱས་པ་ལ་བརྟེན་ནས་རང་དང་གཞན་ལ་དམིགས་ཏེ་བཟང་ཕྱོགས་ཀྱི་བློའི་འཁྱེར་ཕྱོགས་ཞིག་བསྐྲུན་ཐུབ།

༥༽ ཆོས་གསུངས་པར་བསྐུལ་བའི་ཡན་ལག།

དེ་ལྟར་ཕྱག་འཚལ་བ་སོགས་སྔོན་དུ་བཏང་ནས་རང་གི་དགེ་བའི་བཤེས་གཉེན་དང་། སངས་རྒྱས་ཐམས་ཅད་ལ། “རང་ནི་བློ་གུ་ཡངས་པོ་དང་གོ་ཤེས་ཅན་ཡིན་པས། དུས་ཇི་སྲིད་བར་ཆོས་གསུངས་རོགས་གནང།” ཞེས་གསོལ་བ་བཏབ་ནས་བསྐུལ་མ་བྱེད་རྒྱུ་དེ་ཡིན།

༦༽ མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག

དེའི་རྗེས་ཀྱི་རིམ་པ་ནི། “རང་ནི་ཆོས་ལ་ཐོས་བསམ་གྱི་འཇུག་རྒྱུའི་འདུན་པ་ཤུགས་དྲག་ཡོད་པས། མ་གཤེགས་རོགས་གནང། མྱ་ངན་ལས་མི་འདའ་བར་ང་ཚོ་དང་མཉམ་དུ་བཞུགས་སུ་གསོལ།” ཞེས་གསོལ་བ་འདེབས་རྒྱུ་དེ་ལ་ཟེར།

༧༽ བསྔོ་བའི་ཡན་ལག།

མཐའ་མ་དེར་བསྔོ་བ་སྨོན་ལམ་ཡིན། དེ་ནི་ཕྱོགས་གཅིག་ནས་བཤད་ན། བྱ་བ་གང་ཞིག་བྱས་པའི་ནུས་པ་དེ་ཁ་ཕྱོགས་བྱེ་བྲག་པ་ཞིག་ལ་གཏད་རྒྱུ་དེ་ལ་ཟེར་། ང་ཚོས་སེམས་ནང་། “བཟང་ཕྱོགས་དགེ་བའི་བྱ་བ་གང་བྱས་པའི་ཡོན་ཏན་དང་། སློབ་གཉེར་བྱས་པ་ལས་བྱུང་བའི་གོ་རྟོགས་གང་ཡིན་པ་དེ་ངའི་དམིགས་འདུན་བསྒྲུབ་པའི་རྐྱེན་དུ་འགྲོ་བར་ཤོག” ཅེས་བསམ་རྒྱུ་དེ་ལ་སྨོན་ལམ་ཟེར། སྐབས་འདིར་དུས་རྒྱུན་ནས་ངས་དཔེ་མཚོན་ཞིག་བཞག་གི་ཡོད་པ་ནི། ང་ཚོའི་ལས་ཀ་རྣམས་གློག་ཀླད་ནང་ཉར་ཚགས་བྱེད་པ་ལྟར་ཡིན་ཟེར་གྱི་ཡོད། གལ་སྲིད་བྱས་ཚར་བའི་ལས་ཀ་རྣམས་ “ཐར་པའམ།” “ཐམས་ཅད་མཁྱེན་པ་” ཟེར་བའི་ཡིག་སྣོད་བྱེ་བྲག་གཅིག་གི་ནང་ཉར་ཚགས་མ་བྱས་ན། གློག་ཀླད་ཀྱི་མ་ལག་སྒྲིག་ཤོམ་བྱེད་སྟངས་གཞིར་བཞག་གིས་ཡིག་སྣོད་གཞན་ “འཁོར་བ་ཡར་རྒྱས་ཐོངས་” ཞེས་པའི་ནང་རང་བཞིན་གྱིས་ཉར་ཚགས་བྱེད་འགྲོ་གི་ཡོད། སྤྱིར་བཏང་ང་ཚོས་དཀའ་ལས་བརྒྱབ་པའི་དགེ་བའི་ལས་ཀ་རྣམས་ “འཁོར་བ་ཡར་རྒྱས་ཐོངས་” ཞེས་པའི་ཡིག་སྣོད་ནང་ཉར་ཚགས་བྱས་ན་འགྲིག་ཀྱང་། དེ་ནི་ང་ཚོའི་དམིགས་ཡུལ་མ་ཡིན། ང་ཚོའི་དམིགས་ཡུལ་ནི་ལས་ཀ་དེ་དག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་བྱས་པ་ཞིག་ཡིན་པས་རྐང་བཙུགས་ནས་ “ཐར་པ།” དང་ “ཐམས་ཅད་མཁྱེན་པའི་” ཡིག་སྣོད་ནང་ཉར་ཚགས་བྱེད་དགོས་ཀྱི་ཡོད། དེ་ལ་བསྔོ་བ་སྨོན་ལམ་ཟེར། བསྔོ་བ་སྨོན་ལམ་ཞེས་པ་ནི་ཚིག་ཙམ་ཁ་ནས་འདོན་པ་མ་ཡིན་པར། སྙིང་རྗེ་སོགས་སེམས་ཚོར་དང་བཅས་ཏེ་བཟང་ཕྱོགས་དགེ་བའི་ནུས་པ་དེ་དག་བསྔོ་དགོས། 

ཉམས་ལེན་གྱི་ཡན་ལག་གམ་རིམ་པ་བདུན་ཚར་བའི་རྗེས་ལ་སྒོམ་དངོས་གཞི་འགོ་བཙུག་དགོས་ཞིང་། སྒོམ་བརྒྱབ་ཚར་བའི་རྗེས་སུ་ཡང་བསྐྱར་བསྔོ་བ་སྨོན་ལམ་བྱེད་དགོས་པ་ཡིན།

ཕྱོགས་བསྡོམས།

སྒོམ་ཞེས་པ་ནི་ཧ་ཅང་གྲ་རྒྱས་པའི་རྒྱུད་རིམ་ཞིག་ཡིན་པ་དང། སྒོམ་བརྒྱབ་སྟངས་ཀྱི་གདམས་ངག་རྣམས་ག་ལ་གང་འཚམས་ཀྱི་གནད་དུ་འཁེལ་བ་ཞིག་ཡོད། སྐབས་འདིར་སྒོམ་རྒྱག་སྟངས་ཀྱི་སྤྱིར་བཏང་གདམས་ངག་ཁག་ལས་གཅིག་བཀོད་པ་ཡིན། བྱེ་བྲག་སྒོམ་གྱི་རིགས་མི་འདྲ་བ་སོ་སོར་དེ་མཚུངས་ཀྱི་གདམས་ངག་རྣམས་ཀྱང་མི་འདྲ་བ་ཡོད། གང་ལྟར་ཡང་། ང་ཚོས་ཤེས་དགོས་པའི་གལ་གནད་ཁག་ནི། ང་ཚོས་སྒོམ་གང་འདྲ་ཞིག་རྒྱག་བཞིན་ཡོད་པ་དང་། དེ་ཇི་ལྟར་རྒྱག་གི་ཡོད་པ། སྒོམ་རྒྱག་དགོས་པའི་རྒྱུ་མཚན་གང་ཡིན་པ་སོགས་ཤེས་དགོས། ནང་ཆོས་ནང་ལ་ཡང་ཛེན་བསམ་གཏན་པའི་ཆོས་ལུགས་ལྟ་བུར་། “མར་སྡོད། སྒོམ་རྒྱོབ་དང། དེ་ནས་ག་ལེར་སྒོམ་དོན་རྟོགས་ཀྱི་རེད།” ཅེས་འདོད་ཚུལ་འཛིན་མཁན་ཀྱང་ཡོད། སྒོམ་རྒྱག་སྟངས་འདི་མི་འགའ་ཤས་ལ་འགྲི་གི་ཡོད་སྲིད་ཀྱང་། མང་པོ་ཞིག་ལ་དཀའ་ལས་ཁག་པོ་ཡོད་པས། འདིར་འགྲེལ་བརྗོད་གང་བྱས་པ་ནི་རྒྱ་གར་དང་། བོད་བརྒྱུད་ནང་བསྟན་གཉིས་ཀྱི་ཆོས་སྲོལ་ལས་བྱུང་བའི་སྒོམ་ལུགས་གཞིར་བཟུང་ནས་བཀོད་པ་ཞིག་ཡིན་ནོ།།

Top