སྒོམ་ནི་ནང་པ་སངས་རྒྱས་པ་ཙམ་མ་ཡིན་པར། ཆོས་སྲོལ་གཞན་མང་པོ་ཞིག་གི་ནང་བརྙེད་རྒྱུ་ཡོད་པ་དང། རྒྱ་གར་གྱི་ཆོས་སྲོལ་ཚང་མའི་ནང་སྒོམ་གྱི་རྣམ་པ་མང་པོ་ཞིག་གསལ་ཡོད། འོན་ཀྱང་སྐབས་འདིར་ང་ཚོས་ནང་ཆོས་ནང་བཤད་པའི་སྒོམ་གྱི་སྐོར་ཙམ་ཞིག་ལ་བགྲོ་གླེང་བྱ་རྒྱུ་ཡིན།
སྒོམ་ཞེས་པ་དེ་ག་རེ་ཡིན་ནམ།
“སྒོམ་” ཞེས་པའི་ཚིག་གི་དོན་ནི་རང་རྒྱུད་ལ་གོམས་པར་བྱེད་པའི་དོན་ལ་འཇུག་ཅིང་། བོད་སྐད་ནང་ཡོད་པའི་ཚིག་སྒོམ་ཞེས་པ་དེས་ཕན་ཐོགས་ལྡན་པའི་གོམས་གཤིས་ཞིག་རྒྱ་སྐྱེད་གཏོང་བའི་ཁྱད་པར་གྱི་དོན་སྟོན་གྱི་ཡོད། ལེགས་སྦྱར་སྐད་རང་གི་ནང་སྒོམ་ལ “བྷཱ་བ་ནཱ་” ཞེས་བཀོལ་སྤྱོད་བྱས་ཡོད་ཅིང་། དེ་ལ་གང་ཞིག་དངོས་སུ་བྱུང་བ་ཞེས་ཚིག་གི་གོ་དོན་ཁྱད་པར་བ་ཞིག་སྟོན་གྱི་ཡོད། ང་ཚོ་ལ་ཕན་ཐོགས་ཅན་གྱི་སེམས་ཀྱི་གནས་བབས་སམ་བློའི་འཁྱེར་སོ་འགའ་ཡོད་ཅིང་། སྒོམ་ལ་བརྟེན་ནས་ང་ཚོས་དེ་དག་དངོས་སུ་འབྱུང་ཐབས་བྱེད་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་བཤད་ན། སེམས་ཀྱི་གནས་བབས་དེ་ང་ཚོའི་ཉིན་རེའི་འཚོ་བ་སྐྱེལ་སྟངས་དང་བསམ་བློ་གཏོང་སྟངས་ནང་བཀོལ་སྤྱོད་བྱ་རྒྱུ་དེ་རེད། སྒོམ་གྱི་ཉམས་ལེན་བེད་སྤྱོད་བྱས་པའི་སྲོལ་རྒྱུན་གཞིར་བཞག་ཐོག་དེའི་གདམས་ངག་གིས་ཕན་ཐོགས་ཅན་གྱི་གོམས་གཤིས་རྣམས་གང་ཡིན་པ་དང་། དེ་དག་མངོན་དུ་འགྱུར་དགོས་དོན་དང་། མངོན་དུ་འགྱུར་བའི་དམིགས་ཡུལ་གང་ཡིན་པ་བཅས་གསལ་ཁ་གཏོད་ཀྱི་ཡོད་མོད། རྒྱ་གར་གྱི་ལྟ་གྲུབ་ཆོས་སྲོལ་ཚང་མར་རྒྱུད་རིམ་གསུམ་བཤད་ཡོད་པ་ནི། ཐོས་པའམ་ཉན་པ་དང། དེ་ནས་བསམ་པ། དེ་ནས་དངོས་སུ་སྒོམ་པ་བཅས་ཡིན།
༼སྒོམ་ཞེས་པ་ག་རེ་ཡིན་ནམ་ཞེས་པར་གཟིགས།༽
ཆོས་ཉན་པ། ༼ཐོས་པ།༽
ང་ཚོས་སྙིང་རྗེ་དང་ལྡན་པའི་ཕན་ཐོགས་ལྡན་པའི་གོམས་གཤིས་ཞིག་རྒྱ་སྐྱེད་བྱེད་འདོད་པར་ཆ་བཞག་ན། སྙིང་རྗེ་གོང་འཕེལ་དུ་གཏོང་བའམ། ཡང་ན་ཡོད་བཞིན་པའི་སྙིང་རྗེའི་ཚོར་བ་རྒྱ་སྐྱེད་གཏོང་བ་ལ་ཐོག་མར་བརྗོད་གཞི་དེ་དང་འབྲེལ་བའི་གསུང་ཆོས་ལ་ཉན་དགོས་པ་ཡིན། གནའ་སྔ་མོར་རྒྱ་གར་ནང་ཆོས་དེ་དག་གཅིག་ཀྱང་ཡིག་ཐོག་དུ་བཀོད་མེད་པར། དེ་དག་ཐམས་ཅད་ངག་ཐོག་ནས་གཅིག་ནས་གཅིག་བརྒྱུད་དེ་གསུངས་ཡོད། དེར་བརྟེན་སྒོམ་གྱི་སྐོར་སློབ་སྦྱོང་བྱེད་དགོས་ན་དང་པོ་དེའི་སྐོར་ལ་ཉན་དགོས་པ་ཡིན། དེ་འདྲ་སོང་ཙང་། གོམ་པ་དང་པོ་དེ་ལ “ཐོས་པ།” ཞེས་ཟེར།
དེང་སང་ང་ཚོས་ཆོས་བཤད་མཁན་གྱི་མདུན་ནས་དངོས་སུ་ཆོས་ཉན་མི་དགོས་པར། ཆོས་འདྲ་མིན་ཞིག་ག་ས་ག་ནས་བལྟ་ཀློག་བྱེད་ཐུབ། འོན་ཀྱང་དེའི་རྒྱབ་ཀྱི་གཞི་རྩའི་ཐོས་པའི་དགོས་དོན་དེ་ད་དུང་གང་ལ་གང་འཚམས་ཀྱི་སྐབས་དོན་དང་འབྲེལ་བ་ཆགས་བསྡད་ཡོད། གནའ་སྔ་མོར་ཤོག་བུ་ལ་སོགས་འབྲི་བྱེད་ཀྱི་ཆ་རྐྱེན་རྣམས་མེད་པས་ཚང་མ་བློ་འཛིན་བྱེད་དགོས་པ་དང་། ཉན་པ་པོས་མི་ཞིག་གི་ངག་ཐོག་ནས་འདོན་པ་དེ་ཏག་ཏག་འགྲིག་གི་ཡོད་མེད་ཤེས་དགོས། ངག་ཐོག་ནས་ཆོས་འདོན་མཁན་དེས་ཇི་མ་ཇི་བཞིན་དུ་དྲན་པ་གསོས་མི་ཐུབ་པར་ནོར་སྲིད་པས། དེ་ནི་དངོས་གནས་ཀྱི་དཀའ་ངལ་ཞིག་ཆགས་ཀྱི་རེད།
ཆོས་རྣམ་པར་འབྱེད་པའི་ཤེས་རབ།
ཆོས་ལ་ཉན་པའི་སྐབས་སུ་ང་ཚོས་ “ཐོས་པ་ལས་བྱུང་བའི་ཤེས་རབ་” ཅེས་པ་དེ་ཡར་རྒྱས་གཏོང་དགོས། བོད་སྐད་ནང་ཡོད་པའི་ “ཤེས་རབ་” དང་། ལེགས་སྦྱར་སྐད་ནང་ “པྲཛྙཱ་” ཞེས་པ་དེར་དབྱིན་སྐད་དུ་ “wisdom” ཞེས་བསྒྱུར་ཡོད་ཀྱང་། དེ་ནི་ངའི་བསམ་ཚུལ་བྱས་ན། ཐལ་ཆེ་བའམ་ཁ་གསལ་མེད་པ་ཆགས་ནས་དོན་ཏག་ཏག་ཅིག་སྟོན་ཐུབ་ཀྱི་མེད། གལ་སྲིད་མི་ཚོགས་ཤིག་གིས་ “wisdom” ཞེས་པའི་ཚིག་དེ་གོ་ན། མི་སོ་སོར་ཚིག་དེའི་དོན་དག་མི་འདྲ་བ་རེར་ཡོད། དེར་བརྟེན་ “wisdom” ཞེས་པའི་ཚིག་འདིས་བོད་སྐད་ནང་ཡོད་པའི་ “ཤེས་རབ་” ཀྱི་དོན་དངོས་གནས་དེ་གོ་བར་ཕན་ཐོགས་ཀྱི་མེད། བྱས་ཙང་ངས་ “ཤེས་རབ་” ཞེས་པ་བསྒྱུར་སྐབས་ “discriminating awareness” ཞེས་བསྒྱུར་གྱི་ཡོད།
ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཞེས་པ་ནི་དེའི་སྔོན་གྱི་སེམས་བྱུང་གཞན་ཞིག་“འདུ་ཤེས་”ཤེས་པའི་གཞི་རྟེན་བྱས་ནས་ཡོང་གི་ཡོད། དེ་ལ་ངས་ “distinguishing” (རྣམ་པར་འབྱེད་པ་) ཞེས་བསྒྱུར་གྱི་ཡོད། མི་མང་པོ་ཞིག་གིས་འདི་ལ་དབྱིན་སྐད་དུ་ “recognition” (ངོས་འཛིན་) ཞེས་བསྒྱུར་གྱི་ཡོད་མོད་དེ་ཡང་ཏག་ཏག་ཅིག་བསྡད་ཀྱི་མི་འདུག། “ངོས་འཛིན་པ་” ཞེས་པ་ནི་ཅ་དངོས་ཞིག་སྔོན་མ་ནས་མཐོང་ནས་ཡང་བསྐྱར་ངོས་བཟུང་བ་ཞིག་ལ་ཟེར་ཞིང་། དེ་ནི་སྐབས་འདིའི་དོན་དག་ཏག་ཏག་མ་རེད། “རྣམ་པར་འབྱེད་པ་” ཞེས་པའི་དོན་ནི་ “འདི་” དང་ “འདི་མ་ཡིན་པའི་” གཞན་ཐམས་ཅད་ལས་རྣམ་པར་ཕྱེས་ནས་གསལ་ཁ་གཏོད་པ་ལ་ཟེར། ཅ་དངོས་ག་འདྲ་ཞིག་ངེས་ཀྱང་དེ་དག་སོ་སོར་དམིགས་བསལ་གྱི་ཁྱད་ཆོས་དང་ངེས་ཅན་གྱི་རྟགས་སམ་མཚན་ཉིད་ཡོད་ཅིང། དེ་ལ་བརྟེན་ནས་ང་ཚོས་ “འདི་འདི་མ་ཡིན་པ་” ལས་སོ་སོར་འབྱེད་པའམ། “འདི་” “ཕ་གི་” མ་ཡིན་པའི་རྣམ་དབྱེ་འབྱེད་ཐུབ་ཀྱི་ཡོད། དཔེ་མཚོན་ལས་སླ་པོ་ཞིག་བཞག་ན། ཕྲུ་གུ་ཚོས་ “ལྟོགས་པ་” དང་། “མི་ལྟོགས་པ་” གཉིས་ཀྱི་རྣམ་པར་འབྱེད་ཐུབ་ཀྱི་ཡོད། ཕྲུ་གུ་དེ་ཚོ་ལ་གཟུགས་ཅན་གྱི་དབང་ཚོར་མི་འདྲ་བ་དེ་གཉིས་མཚོན་བྱེད་ཀྱི་ཚིག་མི་དགོས་ལ། “ལྟོགས་པ་” དང་། “མི་ལྟོགས་པ་” གཉིས་ཀྱི་གོ་དོན་རྣམ་གཞག་ཀྱང་ཡག་པོ་ཧ་མ་གོ་ན་འགྲིག འོན་ཏེ་ཁོ་ཚོས་དེ་གཉིས་དབར་གྱི་ཁྱད་པར་འབྱེད་ཐུབ་ཀྱི་ཡོད། རྒྱུ་མཚན་ནི་དེ་གཉིས་སོ་སོར་ངེས་ཅན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དམིགས་བསལ་བ་རེ་ཡོད་པས་ཡིན་ཅིང་། དེ་ནི་གཟུགས་ཅན་གྱི་དབང་ཚོར་ངེས་ཅན་ཏེ། ལྟོགས་པ་དང་རྒྱགས་པ་གཉིས་ཡིན།
“འདི་དངོས་གནས་འདི་ཡིན། ཕ་གི་མིན།” ཞེས་རྣམ་པར་འབྱེད་པ་དེ་ལ་ཤེས་རབ་ཀྱིས་ངེས་པ་རྙེད་པའི་ཆ་རྐྱེན་ཞིག་ཁ་སྣོན་བྱེད་ཀྱི་ཡོད། ངེས་པའི་ཆ་འདི་ནི་ང་ཚོས་ཆོས་ཉན་པའམ་ཀློག་པའི་སྐབས་སུ་གང་དགོས་པ་དེ་ཡིན། ང་ཚོར་ “འདི་ནི་ཆོས་ངོ་མ་ཡིན་པ་ལས་རྫུན་མ་མིན་” པར་ཤེས་པའི་གདེང་ཚོད་ཡོད་དགོས། འདི་ནི་ “ཆོས་ངོ་མ་དེ་རེད་” ཅེས་ཤེས་ཡག་དཀའ་ལས་ཁག་པོ་ཡོད། དེའི་རྒྱུ་མཚན་ནི་གཞུང་ལུགས་བསྟན་བཅོས་རྣམས་ཤེས་ཡག་ལས་སླ་པོ་ཞིག་མེད་པས། ནམ་རྒྱུན་ང་ཚོས་དེབ་དང་། ཡང་ན་དེ་འགྲེལ་བྱེད་ཀྱི་དགེ་རྒན་ཞིག་ལ་བསྟེན་དགོས་ཀྱི་ཡོད། ཡིན་ནའང་དགེ་རྒན་བྱེ་བྲག་པ་དེ་ཚད་ལྡན་དང་བློས་བཀལ་ཆོག་པ་ཞིག་ཡིན་པ་ཁྱེད་ཀྱིས་ཇི་ལྟར་ཤེས་ནུས་སམ། དགེ་རྒན་འགའ་ཤས་ཀྱིས་ནང་ཆོས་སྐོར་ཆོས་བཤད་པའམ། བྱམས་པ་དང་སྙིང་རྗེའི་སྐོར་བཤད་སྲིད་པ་དང་། དེ་བཞིན་ཁོ་ཚོས་དངོས་སུ་ནང་ཆོས་ནང་གསུང་བ་ལས་འགལ་བའི་དོན་ཞིག་འགྲེལ་བཤད་བྱེད་ཀྱི་ཡོད་སྲིད། ང་ཚོས་ཆོས་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བཏང་ནས་གསུང་ཆོས་གང་ཉན་པ་དང་། བལྟ་ཀློག་བྱས་པ་རྣམས་ཁུངས་ལྡན་དང་ཚད་ལྡན་ཞིག་ཡིན་པ་ལ་ངེས་པ་རྙེད་པ་ཞིག་དགོས།
ཆོས་གང་ཞིག་ནང་པའི་ཆོས་ཚད་ལྡན་ཞིག་ཡིན་པ་ལ་དགོས་ངེས་ཀྱི་ཆ་རྐྱེན་ཁ་ཤས་ཡོད། དེ་ནི་གསུང་རབ་དེའི་མཛད་པ་པོའམ། ཡང་ན་ཆོས་གསུང་མཁན་དེ་ཆུ་ཚད་ལྡན་པའི་དགེ་རྒན་ཞིག་ཡིན་མིན་ལ་བརྟག་ཞིང་དཔྱད་ནས་ཐག་གཅོད་ཐུབ་པ་ཞིག་དགོས། འདི་ལྟར་ཐག་གཅོད་བྱེད་པ་ལ། ང་ཚོས་མི་གཞན་ལ་སྐད་ཆ་འདྲི་དགོས། དཔེར་ན། “དགེ་རྒན་དེ་ལ་ཚད་ལྡན་གྱི་དགེ་རྒན་ཡོད་དམ་མེད། ཁོང་གཉིས་དབར་གྱི་བླ་སློབ་ཀྱི་འབྲེལ་བ་ཇི་ལྟར་ཡོད་དམ། དགེ་རྒན་དེའི་དགེ་རྒན་ཡང་བླ་མ་ཚད་ལྡན་གྱི་བརྒྱུད་པ་ནས་ཡོང་བསྡད་པ་ཞིག་ཡིན་ནམ།” ཞེས་པ་སོགས་བརྟག་དཔྱད་བྱེད་དགོས་ངེས་ཀྱི་དྲི་བ་གལ་ཆེན་འགའ་ཤས་ཡོད། ང་ཚོས་དེབ་གང་རུང་ཞིག་མི་སྐད་གྲགས་ཅན་ཞིག་གིས་བྲིས་པའི་རྒྱུ་མཚན་གྱིས་གང་བྱུང་བླངས་ནས་དེ་ཁུངས་ལྡན་བློས་འཁེལ་ཞིག་ཡིན་བསམ་རྒྱུ་མེད་པར། དེ་ལ་བརྟག་དཔྱད་བྱེད་དགོས། མི་ཞིག་གི་གཏམ་བཤད་སོགས་ཉན་པའི་སྐབས་སུ་ཡང་རྩ་བའི་བྱེད་སྟངས་དེ་རང་ཡིན།
རྣམ་པར་འབྱེད་པའི་ཤེས་རབ་བཀོལ་སྤྱོད་ཀྱིས་ཆོས་ཀྱི་སྐབས་དོན་ངེས་པ།
ནང་པ་སངས་རྒྱས་པའི་ཆོས་ཀྱི་ནང་སྐབས་དོན་གྲུབ་མཐའ་སྨྲ་བ་གང་གི་འདོད་ལུགས་ལྟར་ཡིན་པ་སོ་སོ་ནས་ཡོད། དེར་བརྟེན་གྲུབ་མཐའ་གང་གིས་འདོད་ལུགས་ལྟར་ཆོས་ཀྱི་སྐབས་དོན་བཀྲལ་ཡོད་པ་དེ་ཧ་གོ་དགོས་རྒྱུ་གལ་ཆེན་པོ་ཡིན། ནང་པ་སངས་རྒྱས་པའི་འགྲོ་ལུགས་ལྟར་ན། ཚིག་གཅིག་ལ་འགྲེལ་ཚུལ་མི་འདྲ་བ་དུ་མ་ཡོད་པ་ནི། དཔེར་ན། “ལས་” ཞེས་པའི་བརྡ་ཆད་ལ་གྲུབ་མཐའ་སོ་སོར་འགྲེལ་ཚུལ་མི་འདྲ་བ་ཡོད་པ་ལྟ་བུ་ཡིན། དེ་ཙམ་མ་ཟད། ལས་ཀྱི་སྐོར་ལ་འགྲེལ་ཚུལ་སོ་སོ་ནས་ཡོད་པ་ལྟར་གྲུབ་མཐའ་སྨྲ་བ་དེ་རྣམས་ལ་དེ་མཐུན་གྱི་བརྗོད་དོན་གཞན་ལ་ཡང་འགྲེལ་ཚུལ་མི་འདྲ་བ་ཡོད་པ་དང་མཐུན་པ་ནི། དཔེར་ན། ཤེས་པའི་རྣམ་གཞག་ཐད་ལའང་འགྲེལ་ཚུལ་མི་འདྲ་བ་ཡོད་པ་ལྟ་བུ་ཡིན། ཆོས་གང་ཞིག་ཡིན་ཀྱང་དེ་གྲུབ་མཐའ་སྨྲ་བ་གང་གི་ལུགས་ཡིན་མིན་དེ་ངེས་དགོས་པ་གལ་ཆེ་ལ། དེ་ལྟར་བྱས་ནས་རང་གི་ཐོས་པ་བྱས་མྱོང་བའི་ཆོས་གཞན་གྱི་འདོད་ཚུལ་དང་མཐུན་པ་བྱེད་ཐུབ།
ནམ་རྒྱུན་ཉིན་རེའི་འཚོ་བའི་སྟེང་གི་ལབ་གླེང་ཡིན་ཀྱང་ཚིག་གི་སྐབས་ཐོབ་ཀྱི་བརྗོད་དོན་ཧ་གོ་དགོས་རྒྱུ་གལ་ཆེན་པོ་ཡིན། དཔེར་ན། ཁྱེད་ཀྱིས་ “བོན་” ཞེས་པའི་ཚིག་ཞིག་གོ་བར་ཆ་བཞག་ན། འདི་ནི་བོད་ནང་ནང་ཆོས་མ་དར་གོང་གི་ཆོས་ལུགས་ཀྱི་སྲོལ་རྒྱུན་ཞིག་གི་མིང་ཡིན་མོད། ཧྥ་རཱན་སིའི་སྐད་དུ་ “བོན་” ཟེར་བ་དེ་ “ཡག་པོ་” ཞེས་པའི་དོན་ལ་འཇུག་གི་ཡོད། བྱས་ཙང་། གལ་སྲིད་ཁྱེད་རང་སྐད་ཡིག་གི་སྐབས་དོན་གྱི་བརྗོད་བྱ་ལ་དེ་ཙམ་རྒྱུས་མངའ་མེད་ན། “བོན་” ཞེས་པའི་ཐ་སྙད་དེ་གོ་བའི་སྐབས་བོད་སྐད་ནང་གི་བོན་ཞེས་པའི་དོན་ཡིན་ནམ། ཡང་ན་ཧྥ་རཱན་སིའི་སྐད་ཀྱི་བོན་ཞེས་པའི་ཐ་སྙད་ཀྱི་དོན་ཡིན་མི་ཤེས་པར་མགོ་རྨོངས་སྲིད། དོན་མ་ཤེས་པར་ཚིག་གི་སྒྲ་གདངས་ཙམ་ལ་བློས་བཀལ་ནས་བསྡད་ན། ལམ་ལོག་པར་འཁྲིད་སྲིད་པ་ཡིན།
ནང་ཆོས་གྱི་ཚིག་དོན་ལ་གོ་བ་ལེན་པའི་ཚེ་སྐབས་དོན་གྱི་བརྗོད་བྱ་ཤེས་དགོས་རྒྱུ་དེ་བས་ཀྱང་གལ་ཆེ་བ་ཡིན། དཔེ་ཆ་བཞག་ན། ཅི་ཡང་མེད་པ་ ༼སྟོང་ཉིད་༽ ལ་སློབ་སྦྱོང་བྱེད་པའི་སྐབས་རྒྱ་གར་གྱི་ནང་པའི་གྲུབ་མཐའ་སྨྲ་བ་གཅིག་གི་གོ་དོན་བཀྲལ་བ་དེ་གཞན་ཞིག་གི་ནང་བཀྲལ་བ་དང་གཅིག་པ་མེད། ཐ་ན་རྒྱ་གར་གྱི་ནང་པའི་གྲུབ་མཐའ་སྨྲ་བ་གཅིག་རང་གི་ནང་བཀྲལ་བའི་སྟོང་ཉིད་ཀྱི་གོ་དོན་དེ་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སྨྲ་བ་ཁག་གི་འགྲེལ་ཚུལ་ཁག་ཁག་ཡོད།
བརྗོད་བྱ་གཅིག་ལ་འགྲེལ་ཚུལ་མི་འདྲ་བ་དུ་མ་ཡོད་པ་དེ་ནུབ་ཕྱོགས་པ་ནང་ཆོས་སྦྱོང་མཁན་རྣམས་ཀྱི་མགོ་རྨོངས་གཞི་གཙོ་བོ་ཞིག་ཆགས་ཀྱི་ཡོད། དེང་སང་གི་དུས་རབས་ནང་དམིགས་བསལ་དྲ་རྒྱ་སོགས་ལ་བརྟེན་ནས་ཨེ་ཤི་ཡའི་ནང་གི་ནང་པའི་ལྟ་གྲུབ་མི་འདྲ་བར་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད་ཀྱང་། ནང་ཆོས་ཀྱི་སྲོལ་རྒྱུན་ཡོད་པའི་རྒྱལ་ཁབ་གཅིག་དཔེར་ན་བོད་ལྟ་བུ་ཡིན་ནའང་ཆོས་སྲོལ་མི་འདྲ་བ་དང་འགྲེལ་ཚུལ་མི་འདྲ་བ་དུ་མ་ཡོད་པ་ཤེས་དགོས།
གནད་དོན་དེ་སྐབས་འདིར་དཔེའི་སྒོ་ནས་གསལ་བཏོན་བྱས་ན། ང་ཚོ་རྒན་ལགས་ཞིག་གི་དྲུང་ནས་ “ལས” ཀྱི་སྐོར་ལ་ཞིབ་ཕྲ་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། སྐབས་དེར་གང་སྦྱོང་གཞི་དེར་མགོ་མ་རྨོངས་པའི་ཆེད་དུ་གྲུབ་མཐའ་གཞན་གྱི་ལུགས་ཀྱི་ལས་ལ་འགྲེལ་ཚུལ་དང་། སོ་སོའི་དགེ་རྒན་གྱི་ལུགས་སུ་འགྲེལ་ཚུལ་གཉིས་མ་ནོར་བ་བྱས་ཏེ་ལོགས་སུ་འབྱེད་དགོས། དེ་ནི་ང་ཚོས་ལས་ཀྱི་འགྲེལ་ཚུལ་ནང་ཆོས་ནང་གསུངས་པ་དེ་སྦྱོང་གི་ཡོད་པ་ལས་ཧིན་རྡུའི་ཆོས་ལུགས་ནང་གསུངས་བའི་ལས་ཀྱི་སྐོར་ལ་སྦྱོང་གི་མེད་པ་དང་། ནང་ཆོས་ནང་ལ་ཡང་རྒྱ་གར་ལེགས་སྦྱར་སྐད་ནང་ཡོད་པའི་ལས་ཀྱི་འགྲེལ་ཚུལ་ལས་ཐེག་དམན་པའི་པཱ་ལཱིའི་སྐད་ཡིག་ནང་ཡོད་པའི་ལས་ཀྱི་འགྲེལ་ཚུལ་སྦྱོང་གི་མེད་པ་ཤེས་དགོས། རྒྱ་གར་གྱི་ལེགས་སྦྱར་སྐད་ནང་ཡོད་པའི་ལས་ཀྱི་འགྲེལ་ཚུལ་དེ་ཡང་བྱེ་བྲག་སྨྲ་བའི་ལུགས་ཀྱི་ལས་ཀྱི་འགྲེལ་ཚུལ་ལས་སེམས་ཙམ་པའི་ལུགས་ཀྱི་ལས་ཀྱི་འགྲེལ་ཚུལ་ལྟར་མ་ཡིན་པ་ཤེས་དགོས། དེ་ཙམ་མ་ཟད། བྱེ་བྲག་སྨྲ་བའི་ལུགས་དེ་དགེ་ལུགས་པའི་ཆོས་བརྒྱུད་ཀྱི་འགྲེལ་ཚུལ་སྐོར་སྦྱོང་གི་ཡོད་མ་གཏོགས་བཀའ་བརྒྱུད་པའི་ལུགས་ཀྱི་འགྲེལ་ཚུལ་ལྟར་མ་ཡིན་པ་སོགས་ཤེས་དགོས། དེ་ལྟར་མ་ཤེས་ན། ལས་ཀྱི་འགྲེལ་ཚུལ་རྣམས་ལྟ་གྲུབ་མི་འདྲ་བ་ཁག་གི་ནང་མི་འདྲ་བ་ཡོད་པ་དང་། གལ་སྲིད་ང་ཚོས་དགེ་ལུགས་པའི་ལྟ་གྲུབ་ནང་ཡོད་པའི་ལས་ཀྱི་འགྲེལ་ཚུལ་དེ་བཀའ་བརྒྱུད་པའི་འགྲེལ་ལུགས་དང་བསྲེས་ནས་སྦྱངས་ན། ང་ཚོ་རྦད་དེ་མགོ་འཐོམས་འགྲོ་གི་རེད། དེ་བཞིན་ང་ཚོས་གོ་རྟོགས་ཡག་པོ་མེད་པར་འགྲེལ་ལུགས་ཚང་མ་གཅིག་ཏུ་བསྡུས་ནས་ཐུག་པ་ནང་བཞིན་སྦྱོང་ཐབས་བྱས་ན། ང་ཚོ་དེ་བས་རྨོངས་པའི་ནང་འཚུད་འགྲོ་བ་ཡིན།
ང་རང་གི་དགེ་རྒན་ནང་ནས་དགེ་བཤེས་ངག་དབང་དར་རྒྱས་ལགས་ཀྱིས་ནུབ་ཕྱོགས་པ་རྣམས་ཀྱི་སྐོར་ལ་གཏིང་ཟབ་པའི་གོ་རྟོགས་ཤིག་མཛུབ་སྟོན་གནང་སོང་། ཁོང་གིས། “ཁྱེད་རང་ནུབ་ཕྱོགས་པ་ཚོ་ག་དུས་ཡིན་ནའང་རང་ཉིད་ཀྱི་ཡག་པོ་མགོ་མ་ཚོད་པའི་ཆོས་གཉིས་དབར་ལ་མཚུངས་བསྡུར་བྱེད་རྒྱུར་དགའ་པོ་འདུག། མཐའ་མ་དེར་སྔར་ལས་མང་བའི་མགོ་རྨོངས་ནས་སྡོད་ཀྱི་འདུག” ཅེས་གསུངས། འདིའི་ཐོག་ནས་ང་ཚོས་བླང་དགོས་པའི་སློབ་གསོ་ནི་སྤྱིར་བཏང་ལམ་ལུགས་མི་འདྲ་བའི་དབར་མཚུངས་བསྡུར་བྱེད་རྒྱུ་དེ་འགྲིག་གི་ཡོད་ཀྱང་། དང་པོ་ལམ་ལུགས་གཅིག་དེ་ནང་ཡོད་པའི་འདོད་ལུགས་རྣམས་ཡག་པོ་ཧ་གོ་བ་བྱས་ཏེ་གཞི་ནས་མཚུངས་བསྡུར་བྱེད་དགོས། དེ་ལྟར་ལམ་སྲོལ་གཅིག་ནང་གསལ་བའི་དོན་ཡག་པོ་རྟོགས་ནས་གཞི་ནས་ལམ་སྲོལ་གཞན་དག་དང་མཚུངས་བསྡུར་བྱས་ཏེ་མི་འདྲ་བའི་ཁྱད་པར་གང་ཡོད་པ་ལ་ཡི་རངས་བྱེད་དགོས་པ་ལས། གཞན་ལུགས་ལ་གོ་རྟོགས་ཡག་པོ་མེད་པར་དེ་ལྟར་བྱེད་མི་རུང་།
དེར་བརྟེན། གལ་ཏེ་ང་ཚོ་ལས་དང་སྟོང་ཉིད་ལ་སོགས་པའི་ནང་ཆོས་ཀྱི་བརྗོད་བྱ་གང་གི་སྐོར་ལ་སྒོམ་རྒྱག་འདོད་སྐྱེས་ཀྱང་། ང་ཚོས་ཐོས་པ་ལས་བྱུང་བའི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་ཡར་རྒྱས་གཏོང་དགོས་པ་གལ་ཆེན་པོ་ཡིན། འདིའི་དོན་ནི་དོན་དག་རྣམས་མ་ནོར་བར་ངེས་པ་རྙེད་པའམ་ཤེས་པར་བྱ་རྒྱུ་ལ་ཟེར། དེ་ཡང་།
- ཚིག་འདི་དག་ནི་གང་བརྗོད་བྱར་བྱས་པའི་ཚིག་དེ་རང་ཡིན་པ་ལས་འབྲེལ་མེད་ཀྱི་ཚིག་མིན་པ།
- ཚིང་དེ་དག་བརྗོད་མཁན་གྱི་གང་ཟག་ནི་བརྗོད་གཞི་དེ་དང་འབྲེལ་བའི་སྐོར་གནས་ཚུལ་ཁུངས་ལྡན་ཡོད་མཁན་ཞིག་ཡིན་པ་ལས་བློས་བཀལ་མི་རུང་བ་ཞིག་མིན་པ།
- འདིའི་འགྲེལ་བ་ནི་གྲུབ་མཐའ་བྱེ་བྲག་པ་ཞིག་གི་ལུགས་ལ་གཞིར་བཞག་བྱས་ནས་བཤད་ཡོད་པ་ལས་གཞན་མ་ཡིན་པ།
དེ་ལྟར་ང་ཚོར་ཐོས་པ་ལས་བྱུང་བའི་ཤེས་རབ་སྐྱེས་ན། གཞི་ནས་གོམ་སྟབས་ཀྱི་རིམ་པ་ཕྱི་མ་དེར་འགྲོ་ཆོག
ཐོས་པའི་དོན་ལ་བསམ་པ། ༼བསམ་པ།༽
གོམ་སྟབས་ཀྱི་རིམ་པ་འདི་ནི་བསམ་བྱུང་གི་ཤེས་རབ་བསྐྱེད་རྒྱུ་དེ་ཡིན། ག་འདྲ་ཞིག་ལ་བསམ་པ་ཟེར་རམ། འདིར་བསམ་པ་ཞེས་པ་ནི། དོན་ཞིག་ཤེས་ཐབས་བྱེད་པ་ལ་ཟེར། འོན་ཀྱང་འདིར་བཤད་པའི་དོན་ཞིག་ “ཤེས་ཐབས་” བྱེད་པ་ཟེར་ན་གང་ཡིན་ནམ། བོད་སྐད་ནང་ཡོད་པའི་ཤེས་པ་ཞེས་པའི་དོན་འཇུག་པའི་ཚིག་ “ཤེས་པ་” དང་ “ཡིད་ལ་བྱེད་པ་” ཞེས་པའི་དོན་ནི། “དོན་དག་ཞིག་ཏག་ཏག་ཐག་ཆོད་པོའི་སྒོ་ནས་ཤེས་པ་ལ་ཟེར།”
རྩ་བའི་རྐྱེན་དབང་གིས་མ་དཔེ་བོད་སྐད་དང་ལེགས་སྦྱར་སྐད་ནང་ཡོད་པའི་སེམས་དང་སེམས་ཀྱི་བྱེད་ལས་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་གི་གོ་དོན་རྣམས་ནུབ་ཕྱོགས་པའི་སྐད་ཡིག་ནང་སྤྱོད་པའི་ཚིག་དང་བསྡུར་ན་དེ་ཙམ་གནད་ལ་ཐིགས་པ་ཞིག་མེད། དེར་བརྟེན་ཨེ་ཤི་ཡའི་ལུང་པའི་སྐད་ཡིག་སྦྱངས་ནས་ཚིག་གི་གོ་དོན་སྐད་ཡིག་དེ་རང་གི་ཐོག་ནས་ཤེས་པ་བྱས་ན་ཕན་ཐོགས་ཆེན་པོ་ཡོད། འདི་ནི་སྐད་ཡིག་དེའི་ཚིག་མཛོད་ཀློག་པ་ཙམ་མ་ཡིན་པར། སྐད་ཡིག་དེ་སྦྱངས་ནས་ཚིག་གི་གོ་དོན་རྟོགས་པ་བྱེད་རྒྱུ་སོགས་རེད། གལ་སྲིད་ང་ཚོས་དེ་ལྟར་བྱེད་ཐུབ་ན། ནང་ཆོས་ལ་གོ་རྟོགས་ཡོང་བར་དཔྱད་ཐབས་ཀྱི་ལག་ཆ་ནུས་པ་དང་ལྡན་པ་ཞིག་ལག་སོན་བྱུང་བ་ཡིན།
བཤད་ཚར་བའི་གཏམ་དེ་རྟོགས་པ།
“ཤེས་པའམ་རྟོགས་པ་” ཞེས་པའི་ཚིག་འདི་གསུང་ཆོས་ཉན་པའི་སྐབས་སུ་ཡང་འབྲེལ་བ་ཡོད་པ་ཞིག་ཡིན། སྐབས་དོན་འདིའི་ཐོག་ནས་བཤད་ན་བརྗོད་པ་འདི་འདྲ་ཞིག་ཡོང་ཆོག་ཏེ། “ཁྱེད་རང་གིས་ཚིག་དེ་དག་བཤད་པ་ངས་ཤེས་སོང་།” ཟེར་བ་ལྟ་བུ་ལ། བརྗོད་པ་འདིའི་ནང་ནན་བཤད་བྱེད་ས་དེ་ “ཁྱེད་རང་” ཞེས་པའི་ཚིག་དེ་ཡིན་ན། ང་ཚོས་སྐད་ཆ་ཤོད་མཁན་དེ་ཁྱེད་རང་ཡིན་པར་དོགས་པ་མེད། དེར་བརྟེན་གཞན་ཞིག་གི་ཚིག་དེ་བཤད་ཡོད་པའམ་ཁྱེད་རང་གི་བཤད་མེད་པར་ང་ཚོས་བསམ་མི་སྲིད། རྒྱུ་མཚན་ནི་ང་ཚོའི་གོ་བྱེད་ཀྱི་རྣ་བ་ལ་སྐྱོན་མེད་པ་དང་། ཁྱེད་རང་གི་བཤད་པ་དེ་ང་ཚོས་གོ་བར་གདེང་ཚོད་ཡོད་ཙང་ཡིན།
གལ་སྲིད་བརྗོད་པ་འདིའི་ནན་བཤད་བྱེད་ས་དེ་ “ཚིག་དེ་དག་” ཅེས་པ་ཡིན་ན། “ཁྱེད་རང་གིས་ཚིག་དེ་དག་བཤད་པ་ངས་ཤེས་སོང་།” ཞེས་པའི་བརྗོད་པ་འདིས་དོན་དག་མི་འདྲ་བ་ཞིག་ཡོད་ཆོག། དེ་ནི། “བརྗོད་པ་འདིའི་བསྟན་དོན་དང་རྒྱབ་ལྗོངས་ཀྱི་དོན་རྟོགས་རྒྱུ་ཞེས་པ་ནི་གནས་སྟངས་གཞན་པ་ཞིག་ཡིན་པས་དེ་ལྟར་མ་རྟོགས་ཀྱང། ཁྱེད་རང་གི་ཚིག་གང་ཞིག་ཁ་ནས་སྒྲ་གདངས་བཏོན་ཏེ་བཤད་པ་དང་། ཚིག་གྲོགས་གང་ཞིག་བསྟན་པ། བརྗོད་པ་གང་ཞིག་བསྒྲིགས་པ་སོགས་ངས་ཤེས་སོང་། ” ཞེས་པའི་དོན་ཡིན། བཤད་ཚར་བའི་སྐད་ཆ་དེ་ང་ཚོས་ཏག་ཏག་ཞིག་གོ་ཡོད་མེད་ར་འཕྲོད་པ་བྱེད་དགོས། ང་ཚོས་མི་གཞན་པར་སྐད་ཆ་དྲིས་ནས་ཁོ་ཚོས་ཀྱང་ཚིག་དེ་རང་གོ་ཡོད་མེད་དང་། གལ་སྲིད་སྒྲ་འཇུག་བྱས་ཡོད་ན་དེ་ལ་བསྟུན་ནས་བརྡར་ཤ་གཅད་ཆོག་ཅིང་། གལ་སྲིད་སྐབས་དེ་དུས་སྒྲ་འཇུག་བྱས་ཡོད་པ་དང་། དེའི་ནང་ལ་ཡང་གཏམ་བཤད་བྱེད་མཁན་གྱི་སྐད་དང་སྒྲ་འཇུག་གཉིས་ཀ་གཙང་མ་ཡོད་ན། ང་ཚོས་གང་གོ་བ་དེ་ནོར་མེད་པར་ཐག་གཅོད་ཐུབ། གལ་སྲིད་སྒྲ་འཇུག་གཙང་མ་མེད་ན་གཞན་ལས་རོགས་པ་བླངས་ནས་ཁོ་ཚོས་གང་གོ་བ་དང་། ང་ཚོས་གོ་བ་གཉིས་བསྡུར་ནས་དཔྱད་ཆོག་ཅིང། དཔྱད་ཐབས་འདི་ནི་དམིགས་བསལ་སྒྲ་འཇུག་ཁོ་ན་ལ་བརྟེན་ནས་གསུང་ཆོས་ཉན་པའི་སྐབས་སུ་གལ་ཆེན་པོ་ཡིན། དེ་ལྟར་ཐོས་པ་ལས་བྱུང་བའི་ཤེས་རབ་ལ་བརྟེན་ནས་ཚིག་གང་ཞིག་གོ་ཡོད་པ་དེ་ནོར་མེད་པ་དང། ཏག་ཏག་ཡིན་པ་ཤེས་ཐུབ།
བཤད་ཚར་བའི་ཚིག་གི་དོན་རྟོགས་པ།
ཆོས་ཀྱི་དོན་རྟོགས་བྱེད་ཀྱི་རིམ་པ་གསུམ་ཅན་གྱི་རྒྱུད་རིམ་ནང་གི་གོམ་སྟབས་གཉིས་པ་ནི་ཚིག་གི་གོ་དོན་རྟོགས་རྒྱུ་དེ་ཡིན་ཅིང་། དེ་ནི་དགོས་ངེས་ཅན་ཞིག་ཡིན་པ་བཤད་ག་ལ་དགོས། གལ་སྲིད་ང་ཚོས་སྒོམ་གྱི་ཉམས་ལེན་ལ་བརྟེན་ནས་ཕན་ཐོགས་ལྡན་པའི་གོམས་གཤིས་ཞིག་རྒྱུད་ལ་སྐྱེད་དགོས་ན། ཚིག་ཤེས་པ་ཙམ་མ་ཡིན་པར་དེ་དག་གི་དོན་ཡང་ཤེས་པ་བྱེད་དགོས། དཔེར་ན། མི་འགའ་ཤས་ཀྱི་བོད་སྐད་ནང་ཚིག་བཅད་ཞིག་ཁ་འདོན་བྱེད་ཀྱང་དེའི་གོ་དོན་གང་ཡིན་རྩ་ནས་ཤེས་ཀྱི་མེད་པ་ལྟ་བུ་རེད། ཚིག་གཅིག་གི་གོ་དོན་ཙམ་ཡང་མ་རྟོགས་པར་ཕན་ཐོགས་ལྡན་པའི་གོམས་གཤིས་ཤིག་རྒྱུད་ལ་བསྐྱེད་ཐབས་ཇི་ལྟར་བྱེད་ཐུབ་བམ།
བོད་བརྒྱུད་ནང་བསྟན་གྱི་དགེ་རྒན་མང་པོས་བོད་སྐད་ནང་ཁ་འདོན་དགེ་སྦྱོར་དང་སྨོན་ལམ་སོགས་འདེབས་དགོས་པའི་སློབ་སྟོན་གནང་གི་ཡོད་པ་ཁྱེད་ཀྱི་ཤེས་ཀྱི་རེད། དེ་ནི་དུས་རབས་མང་པོར་སྲོལ་རྒྱུན་རྙིང་པའི་ནང་ཡོད་པའི་ཆོ་གའི་རིམ་པའི་ནང་མཉམ་ཞུགས་བྱེད་རྒྱུ་བྱུང་བས་ཕན་ཐོགས་ཡོད་དང་ཡོད། ཁྱེད་རང་སྲོལ་རྒྱུན་ཞིག་གི་ཁོངས་སུ་གཏོགས་པ་དང་། དེ་བཞིན་མི་རིགས་དང་སྐད་རིགས་སོགས་རྒྱབ་ལྗོངས་ཀྱི་ལོ་རྒྱུས་མི་འདྲ་བའི་མི་མང་པོས་སྐད་ཡིག་གཅིག་ནང་ཞལ་འདོན་སོགས་བྱེད་སྐབས་བདེ་ཉམས་ཞིག་ཀྱང་ཡོང་གི་ཡོད། ཡིན་ནའང་བོད་སྐད་ཀྱི་དོན་མ་གོ་བར་དུ་བོད་སྐད་ནང་ཞལ་འདོན་བྱས་པ་ཙམ་གྱི་ཚིག་གི་གོ་དོན་ཤེས་པའི་ཕན་ཐོགས་ལྡན་པའི་གོམས་གཤིས་སྐྱེད་ཐབས་མེད། བྱས་ཙང་། ང་ཚོས་ཚིག་དེ་དག་གི་གོ་དོན་རྟོགས་དགོས་ཤིང་། གོ་དོན་དེ་ཡང་གནད་ལ་སྨིན་པ་ཞིག་ཡོད་དགོས། དེ་ནི་རྣམ་པར་འབྱེད་པའི་ཤེས་རབ་སྤྱད་ནས་དོན་གང་ཡིན་པ་དེ་མ་ཡིན་པ་ལས་ལོགས་སུ་དབྱེ་བ་ཕྱེ་ནས་སྟོན་རྒྱུ་དེ་ཡིན། དེ་ཡོང་ཐབས་ནི་དཔྱད་ཞིབ་དང་གཏན་ཚིགས་རིགས་པའི་རྒྱུད་རིམ་ཞིག་ལ་བརྟེན་ནས་ཚིག་དེའི་དོན་གང་སྟོན་པ་དེར་ཐག་ཆོད་པོའི་གོ་རྟོགས་ཤིག་རྙེད་དགོས་རྒྱུ་དེ་ཡིན།
ཆོས་ཀྱི་དོན་གང་ཡིན་པ་ལ་ཡིད་ཆེས་རྙེད་པ།
ཆོས་ཀྱི་དོན་ལ་ཐག་ཆོད་པོའི་གོ་རྟོགས་ཤིག་རྙེད་པ་ཞེས་པའི་གནད་དོན་འདི་བརྗོད་གཞི་དཀའ་ལས་ཁག་པོ་ཞིག་ཆགས་ཀྱི་ཡོད། དེ་ནི་ང་ཚོས་གནད་དོན་ཞིག་ལ་དངོས་གནས་ཀྱི་ཡིད་ཆེས་བརྙེད་པ་ཞིག་གང་འདྲ་བྱས་ནས་ཆགས་ཀྱི་ཡོད་དམ། མངོན་འགྱུར་དུ་མེད་པ་དང་དབང་ཤེས་ལ་བརྟེན་ནས་ཡིད་ཆེས་རྙེད་མི་ཐུབ་པའི་དོན་ཞིག་རྟོགས་པར་གཏན་ཚིགས་རིག་པ་ལ་གཞི་བཅོལ་ནས་རྟོགས་དགོས་མོད། མི་འགའ་ཤས་ལ་གཏན་ཚིགས་ཀྱི་རིག་པ་དང་མཐུན་པའི་རྩོད་གླེང་གི་ཐོག་ནས་སྒྲུབ་དོན་བསྟན་ཀྱང་། གཏན་ཚིགས་ལ་ཡིད་མ་ཆེས་མཁན་དེ་འདྲ་ཡོད། མཚམས་རེར་བརྙེད་དོན་མ་ནོར་བ་ཞིག་རིགས་པས་བསྒྲུབས་ཡོད་ཀྱང་། ད་དུང་མཐའ་བསྡོམས་དེར་ཡིད་ཆེས་བྱེད་འདོད་མེད་མཁན་ཡོད། གལ་སྲིད་ང་ཚོའི་བྱེད་ལུགས་གང་ཟག་དེ་ཚོ་དང་འདྲ་བ་ཡོད་ན། ནང་ཆོས་སློབ་སྦྱོང་བྱེད་པ་ལ་འགོག་རྐྱེན་གྱི་བར་ཆད་མང་པོ་འཕྲད་སྲིད།
འོན་ཏེ་ང་ཚོ་གཏན་ཚིགས་རིགས་པའི་རྣམ་གཞག་གི་བརྙེད་དོན་ཁས་ལེན་མཁན་ཡིན་ན། མི་རྟག་པ་ལྟ་བུ་རིགས་པ་དང་རྒྱུ་མཚན་ལ་བརྟེན་ནས་སྒྲུབ་ཐབས་བྱ་དགོས་ཤིང་། ང་ཚོས་རྟོགས་པ་དང་སྒྲུབ་འདོད་པ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་ཆོས་ག་འདྲ་ཞིག་ཡིན་ཀྱང་མཐའ་མར་འཇིག་འགྲོ་བ་དེ་ཡིན། དེ་ནི་གློག་ཀླད་དང། རླངས་འཁོར། སོ་སོའི་གཟུགས་པོ། སྒེར་གྱི་འབྲེལ་བ་སོགས་གང་འདྲ་ཞིག་ཡིན་ཀྱང་རྒྱུ་དང་རྐྱེན་ལས་བྱུང་བའི་ཆོས་མཐའ་དག་འཇིག་རྒྱུ་ཡོད་པ་ལ་གོ་དགོས། རྒྱུ་དང་རྐྱེན་དེ་དག་སྐད་ཅིག་རེ་རེ་ནས་བསྐྱར་བཟོ་བྱས་མེད་པ་རྒྱུ་མཚན་དུ་བྱས་ནས་དེ་དག་ལ་བརྟེན་པའམ་དེ་དག་ལས་བྱུང་བའི་དངོས་པོ་ག་འདྲ་ཞིག་ཡིན་ཀྱང་ཐ་མ་འཇིག་ནས་སོ་སོར་གྱེས་འགྲོ་བ་ཡིན།
ཁྱེད་རང་གིས་ཅ་ལག་ཞིག་ཉོས་ནས་ཉམས་ཏེ་བེད་སྤྱོད་མེད་པར་ཆགས་པ་ཞིག་ལ་བསམ་བློ་བཏང་ནས་བཤད་ན། ཉོས་ཚར་བའི་རླངས་འཁོར་གསར་པ་མཐའ་མ་འཕྲོ་བརླག་ཏུ་ཕྱིན་པ་དེ་དང་། མེ་ཏོག་གམ་ཤིང་ཏོག་ལྟ་བུ་སྐྱེས་ནས་འཇིག་ཚར་བ་ལྟ་བུ་ཡིན། ཆོས་ག་འདྲ་ཞིག་ཡིན་ཀྱང་སྐྱེས་ནས་མ་འཇིག་པར་རྟག་ཏུ་གནས་པ་ཞིག་འཇོག་རྒྱུ་མེད་པས་དངོས་པོ་ཚང་མར་གཅིག་མཚུངས་ལས་དམིགས་བསལ་གྱི་འགྲོ་ལུགས་གཞན་པ་ཞིག་མེད། དངོས་པོ་གང་ཡང་རུང་བ་ཞིག་བསྐྲུན་ན་དེ་ནི་དང་པོ་མེད་པ་ནས་ཕྱིས་སུ་ཡོད་པ་བཟོས་པ་ཞིག་ཡིན་པས་འཇིག་རྒྱུར་ངེས་པ་ཞིག་ཡིན། རྒྱུ་མཚན་ནི་དངོས་པོ་ག་འདྲ་ཞིག་བྱུང་ཀྱང་དེ་ནི་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་དགོས། དངོས་པོ་ཞིག་སྐྱེས་པའི་སྐད་ཅིག་གཉིས་པ་དེ་མ་ཐག་ནས་དེ་སྐྱེད་བྱེད་ཀྱི་རྒྱུ་དང་རྐྱེན་གྱི་ངོ་བོ་བསྒྱུར་འགྲོ་ཡི་ཡོད་ཅིང། དེ་ནི་དེ་དག་ཀྱང་རྒྱུ་དང་རྐྱེན་ཞིག་ལ་བརྟེན་ནས་སྐྱེས་པའི་རྒྱུ་མཚན་གྱི་ཡིན། དེ་ལ་བརྟེན་ནས་འབྲས་བུ་སྐྱེད་བྱེད་ཀྱི་རྒྱུ་དེ་སྐད་ཅིག་གཉིས་པ་ནས་འཇིག་འགྲོ་བ་ལས་འབྲས་བུ་སྐྱེས་ནས་ཆེན་པོ་མ་ཆགས་པར་སྡོད་ཀྱི་མེད། ཕྱོགས་གཞན་ཞིག་ནས་བཤད་ན། དངོས་པོ་གང་ཞིག་སྐྱེད་བྱེད་ཀྱི་རྒྱུ་དང་རྐྱེན་ཚང་མེད་པ་ཡིན་ན། དེ་ལ་བརྟེན་པའི་ཆོས་རྣམས་ཀྱང་གནས་མཚམས་བཞག་ནས་སོ་སོར་འཇིག་འགྲོ་བ་ཡིན། སོ་སོར་འཇིག་འགྲོ་བ་དེ་ཡང་རྒྱུ་ཡོད་པའི་སྐབས་ཀྱི་ཐོག་མའི་བསྐྱེད་བྱེད་ཀྱི་རྐྱེན་རྣམས་མེད་པ་ཆགས་ཚར་བས་ཡིན་ཅིང་། སྐྱེས་ཚར་བའི་དངོས་པོ་དེ་ཡང་རྒྱུ་དང་རྐྱེན་གཞན་གྱིས་ཤུགས་རྐྱེན་སྤྲད་པས་མུ་མཐུད་ངོ་བོ་འགྱུར་འགྲོ་གི་ཡོད།
དཔེ་མཚོན་གཞན་ཞིག་ནི་མི་སྒེར་ནང་ཕན་ཚུན་གྱི་འབྲེལ་བ་བཞག་ན་འགྲིག མི་ཞིག་དང་མཉམ་དུ་ཡོད་པའི་འབྲེལ་བ་ནི་རྒྱུ་དང་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ཡོང་གི་ཡོད། དཔེར་ན། ང་རང་ལོ་ཚད་ངེས་ཅན་ཅིག་སླེབས་པ་དང་། མི་གཞན་དེ་ཡང་ལོ་ཚད་ངེས་ཅན་ཞིག་སླེབས་པ། དེ་བཞིན་རང་གི་མི་ཚིའི་ནང་གང་ཡོང་གི་ཡོད་པ་དང་། མི་གཞན་དེའི་མི་ཚེའི་ནང་ལ་ཡང་གང་ཡོང་གི་ཡོད་པ་ཞིག་ཡོད་དགོས་པ་སོགས་ནི་སྤྱི་ཚོགས་ནང་དུས་རྒྱུན་ནས་ཡོང་བསྡད་པ་ཞིག་ཡིན། རྐྱེན་འདི་དག་ཚང་མས་ངེད་གཉིས་ཐུག་ནས་འབྲེལ་བ་ཆགས་པ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡིན་ནའང་རྐྱེན་དེ་དག་དུས་གཏན་དུ་མི་གནས་པར་འགྱུར་བ་འགྲོ་ཡི་ཡོད། ང་ཚོ་ལོ་ན་རྒས་པ་དང་མི་ཚེའི་ནང་གནས་ཚུལ་གཞན་མང་པོ་ཞིག་ཡོང་གི་ཡོད་ཅིང་། རྒྱུན་རིང་པོ་ཞིག་ལ་མི་གཉིས་མཉམ་དུ་བསྡད་ནའང་ཉིན་གཅིག་མི་གཅིག་གཞན་ཞིག་གི་སྔོན་དུ་གྲོངས་རྒྱུ་ཡིན་པ་ནི་ཧ་ལམ་ངེས་པ་ཡིན། དེ་ལྟར་འབྲེལ་བ་འདི་ཡང་རྒྱུ་དང་རྐྱེན་ལ་བརྟེན་པ་ཞིག་ཡིན་པས། འགྱུར་ལྡོག་འགྲོ་རུང་ཞིག་དང་། དུས་རྟག་དུ་གནས་ཀྱི་མེད། ང་ཚོར་རྒྱུ་མཚན་དང་གཏན་ཚིགས་འདི་ལ་བརྟེན་ནས་མཐའ་བསྡོམས་འདི་འདྲ་ཞིག་རག་གི་ཡོད་ཀྱང་། ད་དུང་ང་ཚོར་བདེན་པའི་གནས་ཚུལ་འདི་ཁས་ལེན་བྱེད་འདོད་ཀྱི་བསམ་བློ་སྐྱེ་གི་མེད།
ཡང་ང་ཚོས་གློག་ཀླད་གསར་པ་ཞིག་ཉོས་པར་དཔེ་བཞག་ན། དེ་འཕྲོ་བརླག་མི་འགྲོ་བར་དུས་རྟག་ཏུ་རྫོགས་རྒྱུ་མེད་པར་བསྡད་ན་བསམས་ནས་རེ་བ་བྱེད་ཀྱི་ཡོད་ཀྱང་། འཕྲོ་བརླག་འགྲོ་རྒྱུ་ཐག་ཆོད་པ་ཡིན། འཕྲོ་བརླག་འགྲོ་དགོས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་མིན་དེར་བསམ་བློ་བཏང་ན། དེ་ནི་བཟོ་བསྐྲུན་བྱས་པ་ཞིག་ཡིན་པས་སོ། སྤྱིར་འཕྲོ་བརླག་འགྲོ་དུས་ཀྱི་འཕྲལ་རྐྱེན་གང་ཡིན་པ་དེ་གློག་ཀླད་ཕན་མེད་བཟོ་མཁན་དེ་ཡིན་ཀྱང་། འཕྲོ་བརླག་འགྲོ་གཞི་གཙོ་བོ་ནི་བཟོ་བསྐྲུན་བྱས་པའི་ཅ་དངོས་ཞིག་ཡིན་པའི་རྒྱུ་མཚན་གྱིས་ཡིན། དེ་ནི་ “མི་དེ་ཡི་ཤི་བའི་རྐྱེན་གང་ཡིན་ནམ།” ཞེས་དྲིས་ན། “ཤི་བའི་རྐྱེན་ནི་ཁོ་སྐྱེས་པ་སོང་ཙང་རེད།” ཟེར་བ་ལྟ་བུ་ཡིན། འདི་དང་འབྲེལ་ཡོད་ཀྱི་དགོད་བྲོ་བའི་གཏམ་ཞིག་ཡོད་པ་ནི། “མི་ཚེ་ཟེར་བ་དེ་ག་རེ་རེད་ཁྱེད་ཀྱིས་ཤེས་སམ། དེ་ནི་འཁྲིག་སྤྱོད་ནས་བགོས་པའི་བརྒྱ་ཆ་བརྒྱ་ཤི་རྒྱུར་ངེས་པའི་ན་ཚ་ཞིག་ཡིན།” ཟེར། སྟབས་མ་ལེགས་པ་ཞིག་ལ་འདེ་ནི་བདེན་པ་རེད། ང་ཚོས་མི་རྟག་པ་ལྟ་བུ་བརྗོད་གཞི་ཞིག་རྟོགས་པའི་ཆེད་དུ་གཏན་ཚིགས་ཀྱི་རིགས་པ་སྤྱད་ནས་ངེས་ཐབས་བྱེད་ཀྱང་། འདི་ལ་དུས་རྒྱུན་ནས་འགོག་རྒོལ་ཤུགས་ཆེན་པོ་ཞིག་ཡོད་པ་ནི། མཚམས་རེར་ང་ཚོས་གནས་ཚུལ་མཁོ་སྤྲོད་བྱས་པ་ལ་ཡིད་ཆེས་བྱེད་འདོད་མི་སྐྱེ་བ་ཡིན། དཔེར་ན། ང་ཚོར་རང་བཞིན་གྱི་ཚེ་འདི་མི་རྟག་པ་ཞིག་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་འདིར་སེམས་ནས་ཁས་ལེན་བྱེད་འདོད་མེད། དེར་བརྟེན་བརྗོད་གཞིའི་ཐད་དངོས་གནས་གཏིང་ཟབ་པོའི་འབད་བརྩོན་བྱེད་པའི་ཆེད་ང་ཚོས་གཏན་ཚིགས་ཀྱི་རྣམ་གཞག་ལ་ནན་ཏན་གྱིས་ཡང་ནས་ཡང་དུ་བསམ་བློ་གཏོང་དགོས།
བསམ་བློ་གཏོང་སྟངས་ཀྱི་རིམ་པ་འདི་ལ་བརྟེན་ནས་ང་ཚོས་གཅིག་ “ཤེས་རྟོགས་” ཐུབ་ཀྱི་ཡོད་ཅིང་། དེ་ནི་ “བསམ་པ་ལས་བྱུང་བའི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་” ཟེར་བ་དེ་ཡིན། དང་པོ་ང་ཚོས་ཚིག་དོན་ཤེས། དེ་ནས་ཐག་ཆོད་པོའི་ངེས་པ་བརྙེད་པ་ཡིན། ཕྱོགས་གཞན་ཞིག་ནས་བཤད་ན། ང་ཚོས་གཏན་ཚིགས་ཀྱི་རིགས་པ་ལ་བརྟེན་ནས་ཚིག་དེས་དངོས་སུ་བསྟན་མེད་པའི་དོན་དེ་ཟུར་འདོན་བྱེད་ཐུབ། དཔེར་ན། “མི་རྟག་པ་ཞེས་པའི་དོན་ནི་གཅིག་བྱས་ན་ངའི་གློག་ཀླད་འཕྲོ་བརླག་འགྲོ་སྲིད་ཟེར་བ་མ་ཡིན་པར། དུས་ནམ་ཞིག་ལ་འཕྲོ་བརླག་འགྲོ་ངེས་ཡིན་པ་” སྟོན་གྱི་ཡོད་པ་ལྟ་བུ་ཡིན། དེར་བརྟེན་བསམ་བློ་གཏོང་སྟངས་འདི་ལ་བརྟེན་ནས། “འདུས་ཤིང་བྱས་པའི་ཆོས་ཐམས་ཅད་འཇིག་རུང་” གི་བདེན་པའི་གནད་དོན་འདི་ལ་མཐའ་གཅིག་ཏུ་ཡིད་ཆེས་བརྙེད་ནས་མངོན་སུམ་སུ་རྟོགས་མིན་ཇི་ལྟར་ཡང། མ་མཐའ་ཡང་ང་ཚོས་མི་རྟག་པ་ཞེས་པ་ག་འདྲ་ཞིག་ལ་ཟེར་བའི་གོ་དོན་ཡང་དག་པར་ཤེས་ཀྱི་རེད།
ཐོས་པའི་ཆོས་དེ་བདེན་པ་དང་ཕན་ཐོགས་ཡོད་པའི་ཡིད་ཆེས་རྙེད་པ།
དེའི་རྗེས་གང་ཐོས་པའི་ཚིག་གི་དོན་ལ་ཡིད་ཆེས་རྙེད་པ་ཙམ་དུ་མ་ཟད། གང་ཤེས་པའི་དོན་ཡང་བདེན་པ་ཡིན་པའི་ཡིད་ཆེས་རྙེད་རྒྱུ་དེ་ཡིན། ང་ཚོས་སྔོན་ནས་དཔེ་མཚོན་བཞག་པའི་མི་རྟག་པ་ལྟ་བུ་ཡིན་ན། མི་རྟག་པ་ཞེས་པའི་ཚིག་གི་དོན་གང་ཡིན་མིན་ང་ཚོས་ཤེས་སྲིད་ཀྱང་། དེ་བདེན་པ་ཡིན་མིན་ང་ཚོར་ཡིད་ཆེས་ཡོད་དམ། ང་ཚོར་དེའི་དོན་ལ་དངོས་གནས་ཡིད་ཆེས་བརྙེད་ཡོད་དམ། གལ་སྲིད་ང་ཚོས་མུ་མཐུད་ནས་ཨུ་ཚུགས་ཀྱིས་མི་རྟག་པའི་སྐོར་ལ་བསམ་བློ་བཏང་ན། འདུས་བྱས་ཀྱི་རྣམ་གཞག་ག་འདྲ་ཞིག་ཡིན་ཀྱང་འགའ་ཤས་མི་རྟག་པ་ཡིན་པ་དང་། འགའ་ཤས་མི་རྟག་པ་མ་ཡིན་པ་ལྟ་བུའི་དམིགས་བསལ་གྱི་དབྱེ་བ་མེད་པ་མཐོང་ཐུབ་ཅིང་། དེ་མཐོང་བས་མི་རྟག་པ་ཞེས་པ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་གཞི་རྩའི་འགྲོ་ལུགས་དེ་ཡིན་པ་ངེས་ཐུབ། མི་རྟག་པ་དང་འབྲེལ་བའི་བསམ་བློ་འདི་འདྲ་ཞིག་འཁོར་ཆོག་པ་ནི། “ང་ཤི་རྒྱུར་ངེས་པ་རེད། གང་སྐྱེས་པ་ཐམས་ཅད་ཤི་ཚར་བས། སྐྱེས་ནས་མ་ཤི་བར་སྡོད་མཁན་གྱི་མི་ཞིག་དཔེར་འཇོག་རྒྱུ་མེད། དེར་བརྟེན་ང་ཤི་གི་མ་རེད་ཅེས་ཡིད་ཆེས་བྱེད་པ་ལ་རྒྱུ་མཚན་ཡོད་དམ། དེ་ནི་མེད་དོ།” ཞེས་པ་ལྟ་བུའོ།།
གལ་སྲིད་དུས་ནམ་ཞིག་ལ་ང་ཚོ་དུས་ངེས་མེད་ལ་འཆི་ངེས་སྙམ་པའི་ཡིད་ཆེས་དེ་སེམས་ལ་བསྐྱེད་ཐུབ་ན། མི་ཚེ་འདི་གང་ཐུབ་ཀྱི་དོན་དང་ལྡན་པ་ཞིག་ཡོང་ཐབས་བྱེད་ཀྱི་རེད། འདི་དང་འབྲེལ་ཡོད་ཀྱི་སྤྱི་ཚོགས་ནང་ཡང་ཡང་མཐོང་རྒྱུ་ཡོད་པའི་དོན་རྐྱེན་ཞིག་ནི། མི་འགའ་ཤས་འཆི་ལ་ཉེ་བའི་མྱོང་ཚོར་བྱུང་བའི་སྐབས་སུ་ཁོ་ཚོས། “ཨོ། ང་ད་ལྟ་གསོན་པོར་བསྡད་འདུག།མ་ཤི་ཚུན་ཆད་ཀྱི་དུས་ཚོད་ལྷག་མ་དེ་གང་ཐུབ་ཀྱི་དོན་དང་ལྡན་པ་ཞིག་སྐྱེལ་ཨང་།” ཞེས་རྟོགས་ཡོང་གི་ཡོད། ཡིན་ནའང་ང་ཚོ་འཆོ་ངེས་ཤིང་། མི་རྟག་པའི་རང་བཞིན་དང་། དེ་ལ་བརྟེན་ནས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་དགོས་སྙམ་པའི་ཡིད་ཆེས་བསྐྱེད་པ་ལ་ཡིན་གཅིག་མིན་གཅིག་འཆི་ལ་ཉེ་བའི་མྱོང་ཚོར་མ་བྱུང་བར་དུ་སྒུག་དགོས་མེད་པར། སྒོམ་བརྒྱབ་ནའང་དེ་ལྟ་བུའི་བསམ་བློ་སྐྱེ་ཆོག
བྱས་ཙང་། བསམ་བློ་བཏང་ནས་དང་པོ་ང་ཚོས་ཚིག་དོན་རྣམས་ཏག་ཏག་མ་ནོར་བ་ཤེས་པ་བྱེད་རྒྱུ་དང་། དེའི་རྗེས་བདེན་པ་ཡིན་པའི་ཡིད་ཆེས་བརྙེད་པར་བྱ་རྒྱུ། གསུམ་པ་དེར་གང་ཤེས་པ་དེའི་སྟེང་སེམས་རྩེ་གཅིག་ཏུ་སྒོམ་ནས་རང་གི་མི་ཚེ་སྐྱེལ་སྟངས་ཀྱི་ཆ་ཤས་སུ་སྦྱར་ན་ཕན་ཐོགས་ཡོད་པའི་ཡིད་ཆེས་ཡོད་དགོས་རྒྱུ་བཅས་ཡིན།
དོན་ཤེས་པ་དང་། དེ་བདེན་པར་ཡིད་ཆེས་རྙེད་པ། དེ་ཕན་ཐོགས་ཅན་དུ་ངེས་པ་བཅས་འདི་དག་ཚང་མ་ལ་བརྟེན་ནས་བསམ་པ་ལས་བྱུང་བའི་ཆོས་རྣམ་པར་འབྱེད་པའི་ཤེས་རབ་སྐྱེད་པར་བྱེད་པའི་ཆ་ཤས་སུ་གཏོགས་པ་ཡིན་ལ། འདི་ནི་བྱ་བའི་རྒྱུད་རིམ་གལ་ཆེན་པོ་ཞིག་དང་། ཡོན་ཏན་དེ་བསྐྱེད་པ་ལ་དུས་ཚོད་ཀྱང་མང་པོ་འགོར་གྱི་རེད། ང་ཚོས་སེམས་ལྷོད་ལ་ཕབ་ནས་གང་ཐོས་པའམ་བཀླགས་པའི་གསུང་རབ་ཀྱི་སྐོར་ལ་གཏིང་ཟབ་པོས་བསམ་བློ་གཏོང་དགོས། ཐོས་བསམ་མ་བྱས་པར་མི་རྟག་པ་ལྟ་བུ་ཞིག་གི་ཐོག་སྒོམ་བརྒྱབ་ན། ཙོག་ཙོག་བྱས་ནས་བསྡད་པ་ཙམ་ལས་སེམས་ལ་གང་ཡང་མེད་པ་ལྟ་བུ་ཡོང་སྲིད་པ་དང། དེ་ནས་ག་ལེར་མགོ་འཐོམས་ནས་ང་ཚོས་ “སྟོང་ལྷང་ལྷང་གི་རྣམ་གཡེང་” ཟེར་བའི་གནས་སྐབས་ཞིག་ཡོང་གི་ཡོད་པ་དེ་སྒོམ་ཡིན་བསམ་ནས་སྡོད་སྲིད། དེ་ནི་སྒོམ་རྩ་བ་ནས་མ་རེད། འོ་ན་སྒོམ་ཞེས་པ་དེ་ག་རེ་ཡིན་ནམ།
སྒོམ་གྱི་རིགས་གསུམ།
ཇི་ལྟར་ཆོས་ལ་ཉན་པ་དང་བསམ་པ་གཉིས་ལ་བརྟེན་ནས་དེ་དང་འབྲེལ་བའི་རྣམ་པར་འབྱེད་པའི་ཤེས་རབ་བསྐྱེད་པ་ནང་བཞིན། སྒོམ་ལ་བརྟེན་ནས་ “སྒོམ་ལས་བྱུང་བའི་ཤེས་རབ་” ཅེས་པ་དེ་བསྐྱེད་པར་བྱེད་ཀྱི་ཡོད། རིག་པ་འདི་ལ་བརྟེན་ནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་ང་ཚོར་འདོད་པའི་ཕན་ཐོགས་ཅན་གྱི་སེམས་ཡར་རྒྱས་གཏོང་ཐུབ་ཅིང་། ང་ཚོས་དེ་སེམས་ཀྱི་གནས་སྟངས་གཞན་ལས་ལོགས་སུ་ཐག་ཆོད་པོ་དང་ཏག་ཏག་ཅིག་དབྱེ་བ་འབྱེད་ཐུབ། རྣམ་པར་འབྱེད་པའི་ཤེས་རབ་འདི་རྒྱུད་ལ་བསྐྱེད་པའི་ཆེད་དུ་ང་ཚོས་འཐོབ་འདོད་ཀྱི་སེམས་ཀྱི་གནས་སྟངས་དེ་ཡང་ནས་ཡང་དུ་སྐྱེད་ཐབས་ཀྱིས་དེ་ལ་རང་ཉིད་གོམས་འདྲིས་ཐེབས་པ་བྱེད་དགོས། འདི་ཡོང་བ་ལ་སྒོམ་གྱི་ཉམས་ལེན་རིགས་དུ་མ་ཡོད་ཀྱང་། སྐབས་འདིར་སྒོམ་ལ་ནམ་རྒྱུན་ཡོངས་གྲགས་རིགས་གསུམ་ཡོད་པའི་ཐོག་ལ་བསམ་མནོ་གཏོང་རྒྱུ་ཡིན།
ཡུལ་ལ་དམིགས་པ་གཏད་པ།
སྒོམ་གྱི་རིགས་དང་པོ་དེའི་ནང་ཡུལ་ལ་དམིགས་པ་གཏད་ཚུལ་སྐོར་དེ་ཡོད། དམིགས་པའི་ཡུལ་ག་འདྲ་ཞིག་ཡིན་ཀྱང་ཆོག་མོད། ང་ཚོས་འབད་རྩོལ་གྱིས་གོང་འཕེལ་གཏོང་དགོས་པ་ནི་ཡུལ་ལ་དམིགས་པ་རྩེ་གཅིག་ཏུ་སྒྲིམ་རྒྱུ་དེ་ཡིན། དབུགས་དབྱུང་རྔུབ་ཀྱི་ཚཽར་བ་ལ་དམིགས་པ་གཏད་པ་ཡིན་ན་འདྲ། དམིགས་པའི་རྣམ་པ་ལ་སངས་རྒྱས་ཀྱི་སྐུ་ལ་སོགས་པ་བཞག་ནས་སྒོམ་པ་ཡིན་ནའང་འདྲ། ཡང་ན་སེམས་ཀྱི་རང་བཞིན་ལ་དམིགས་པ་གཏད་པ་སོགས་གང་ཡིན་ཀྱང་ཡུལ་ལ་དམིགས་པ་གཏད་ཀྱི་ཡོད་པ་ནི་གཅིག་པ་ཡིན། སྐབས་འདིར་གསལ་བཤད་བྱེད་རྒྱུ་ཞིག་ལ་གོང་གི་དམིགས་པ་གཏད་ས་གསུམ་པོ་འདི་ནི་བོད་བརྒྱུད་ནང་བསྟན་ནང་ཏིང་ངེ་འཛིན་སྒོམ་པའི་སྐབས་སུ་ཡོངས་གྲགས་བེད་སྤྱོད་བྱས་པའི་དམིགས་པའི་ཡུལ་གསུམ་དེ་ཡིན།
འདི་ལྟ་བུའི་སྒོམ་གྱི་རིགས་ལ་དབྱེ་བ་གལ་ཆེན་ཞིག་ཡོད་པ་ནི། ཡུལ་གཅིག་ལ་དམིགས་པ་རྩེ་གཅིག་ཏུ་གཏད་རྒྱུ་དང་། དམིགས་པ་གཏད་བཞིན་དུ་དེ་ལ་རྣམ་པར་ཕྱེས་ནས་རང་བཞིན་བྱེ་བྲག་པ་ཞིག་གི་ངོ་བོར་དམིགས་ཐབས་བྱེད་རྒྱུ་དེ་ཡིན། དཔེར་ན། མི་རྟག་པའི་ངོ་བོར་དམིགས་ཐབས་བྱེད་པ་ལྟ་བུ། དེ་ལྟ་བུའི་དབྱེ་འབྱེད་ཀྱི་སྒོ་ནས་ཡུལ་ལ་བློ་རྩེ་གཅིག་དུ་སྒྲིམ་སྟེ་དམིགས་ཐུབ་ན། དེའི་ནང་མར་བབས་ནས་མི་རྟག་པ་ཡིན་ཚུལ་དངོས་གནས་དེ་མཐོང་ཐུབ། དེ་ནི་དུས་རྟག་ཏུ་གནས་ཀྱི་རེད་བསམ་པའི་ཡུལ་གཅིག་ལ་དམིགས་ནས་ཆགས་པ་འགོག་ཐབས་ལ་ཕན་ཐོགས་ཆེན་པོ་ཡོད།
ཕན་ཐོགས་ཆེ་བའི་དཔེར་བརྗོད་གཞན་ཞིག་འགོད་ན། ཁྱེད་རང་མི་ཞིག་དང་མཉམ་དུ་གྲོགས་པོའམ་བརྩེ་དུང་གི་འབྲེལ་བ་ཡོད་པ་དང་། མི་དེས་ཁྱེད་རང་ལ་ཐུག་འཕྲད་དུ་མི་ཡོང་ཞིང་། ཁ་པར་ཡང་མ་བཏང་ན་ཁྱེད་རང་སེམས་སྡུག་ཡོང་གི་རེད། དཔེ་མཚོན་འདི་ལྟ་བུའི་སྐབས་ང་ཚོས་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ཡོད་པ་ནི། “ངའི་གྲོགས་པོའི་མི་ཚེའི་ནང་ང་རང་གཅིག་པུ་མ་གཏོགས་གཞན་མེད་པ་མིན། ང་ཚོ་ནང་བཞིན་ཁོང་གི་མི་ཚེའི་ནང་ལ་ཡང་ང་ཚོ་ལས་གཞན་པའི་གནད་ཡོད་ཀྱི་མི་ཡོད་ཆོག་ཅིང། དེར་བརྟེན་རང་གི་རོགས་པས་དུས་ཚུད་ཡོད་ཚད་ཚང་མ་ང་ཚོའི་ཆེད་དུ་གཏོང་བ་ལས་གཞན་གྱི་ཆེད་དུ་མི་གཏོང་རྒྱུའི་རེ་བ་རྒྱག་པ་ནི་རྒྱུ་མཚན་མེད་པ་ཞིག་ཡིན།” ཞེས་པ་དེ་ཡིན། འདི་འདྲ་བའི་བསམ་བློའི་ཁ་གཏད་གཅོག་ས་ནི་ང་ཚོས་རྣམ་རྟོག་གི་བཟོས་པའི་ཡིན་པ་མི་སྲིད་པའི་ཆོས་ཏེ། “ངའི་གྲོགས་པོའི་མི་ཚེའི་ནང་མི་ང་མ་གཏོགས་མེད།” སྙམ་པ་དེ་ཡིན། དེ་འདྲ་ཡིན་ཙང་། རང་གི་གྲོགས་པོས་རང་ལ་དུས་ཚོད་འདང་ངེས་བཞིན་པ་ཞིག་སྤྲོད་ཀྱི་མིན་འདུག་བསམ་ནས་སེམས་སྡུག་བྱེད་སྐབས་ཁྱེད་ཀྱིས་རྣམ་པར་འབྱེད་པའི་ཚུལ་གྱིས་ཁོང་ལ་དམིགས་པ་གཏད་ཐབས་བྱས་ནས། “ཁོང་གི་མི་ཚེའི་ནང་ང་མ་ཡིན་པའི་ལས་ཀ་དང་མི་གཞན་ཡང་ཡོད་” ཅེས་བསམ་དགོས།
ང་ཚོས་སྒོམ་གྱི་སྐོར་ལ་བཤད་པའི་སྐབས་མངོན་སུམ་དུ་མཐོང་རྒྱུ་མེད་པའི་སྦས་དོན་དང་། རྫུ་འཕྲུལ་གྱི་ཆོས་ཞིག་གི་སྐོར་བཤད་ནས་རྣམ་རྟོག་གི་བཟོས་པའི་ཞིང་ཁམས་ཤིག་ལ་འགྲོ་གི་ཡོད་པ་ལྟ་བུ་མིན། དེ་ལས་ལྡོག་སྟེ། སྒོམ་གྱིས་ང་ཚོའི་མི་ཚེའི་ནང་འཕྲད་པའི་སྡུག་བསྔལ་དང་། དཀའ་ངལ། རྩོད་རྙོག་སོགས་ལ་གདོང་ལེན་དང་ལག་བསྟར་བྱེད་ཚུལ་གྱི་ཐབས་ལམ་སྤྲོད་ཀྱི་ཡོད།
དེར་བརྟེན་སྒོམ་གྱི་རིགས་དང་པོ་ནི་ཡུལ་ལ་དམིགས་པ་གཏད་ཚུལ་དེ་ཡིན་ཅིང་། དེ་ནི་ཡུལ་ལ་རྩེ་གཅིག་པའི་དམིགས་པ་གཏད་པའམ། ཡང་ན་རང་གི་གྲོགས་པོར་དམིགས་པ་གཏད་ཚུལ་དཔེ་དྲངས་པ་ནང་བཞིན་གོ་རྟོགས་དང་དབྱེ་འབྱེད་ལྡན་པའི་སྒོ་ནས་དམིགས་པ་གཏད་ཚུལ་དེ་ཡིན།
སེམས་ཀྱི་གནས་བབས་ཤིག་བསྐྱེད་པ། ༼སེམས་བསྐྱེད།༽
སྒོམ་གྱི་རིགས་གཉིས་པ་ནི་སེམས་ཀྱི་གནས་བབས་བྱེ་བྲག་པ་ཞིག་སྐྱེད་ཐབས་བྱེད་རྒྱུ་དེ་ཡིན། དེ་ནི་དཔེར་ན། བྱམས་པ་དང་སྙིང་རྗེ་ལྟ་བུའི་སེམས་ཀྱི་གནས་བབས་ཤིག་བསྐྱེད་ནས་དེ་ལ་དམིགས་པ་གཏད་ནས་ཚོར་ཐབས་བྱེད་རྒྱུ་དེ་ལ་ཟེར། སྒོམ་གྱི་ཉམས་ལེན་འདིའི་ཤུགས་རྒྱག་ས་ནི་ང་ཚོས་དམིགས་ས་ཡི་བྱམས་དང་སྙིང་རྗེ་སྤྱིར་བཏང་བ་དེ་མིན་པར་བྱེ་བྲག་དེའི་སེམས་ཚོར་རམ་མྱོང་ཚོར་ཞིག་རང་གི་སེམས་ནང་སྐྱེད་ཐབས་བྱེད་རྒྱུ་དེ་ཡིན།
མངོན་འདོད་བསྐྱེད་པ། ༼སྨོན་པའི་སེམས་བསྐྱེད།༽
སྒོམ་གྱི་རིགས་གསུམ་པ་ནི་ཡུལ་ཞིག་ལ་དམིགས་ནས་དེ་དང་འབྲེལ་ཡོད་ཀྱི་སྒྲུབ་བྱ་ཞིག་ཐོབ་འདོད་ཀྱི་མངོན་འདོད་བསྐྱེད་རྒྱུ་དེ་ཡིན། དཔེར་ན། ད་ལྟ་ཐོབ་མེད་ཀྱང་མ་འོངས་པར་འཐོབ་ངེས་པའི་རང་གི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མངོན་འདོད་དང་བཅས། “ངས་གོ་འཕང་དེ་ཐོབ་ཀྱི་རེད།” ཅེས་དམིགས་པ་གཏད་པ་ལྟ་བུ། འདི་ལ་ “བྱང་ཆུབ་སེམས་ཀྱི་སྒོམ་” ཞེས་ཟེར། ང་ཚོས་བྱང་ཆུབ་ཀྱི་སེམས་ལ་སྒོམ་རྒྱག་སྐབས་འདི་ལ་མཚམས་རེར་ “སད་རྟོགས་ཀྱི་སེམས་” ཞེས་བསྒྱུར་ཡོད་མོད། སྐབས་འདིར་བྱང་ཆུབ་ལ་དམིགས་པའི་སྐབས་སུ་སངས་རྒྱས་ཀྱི་གོ་འཕང་སྤྱི་ཙམ་པ་དེར་དམིགས་ཀྱི་མེད་ལ། བྱེ་བྲག་སངས་རྒྱས་བཅོམ་ལྡན་འདས་རང་གི་གོ་འཕང་དེ་ལ་ཡང་དམིགས་ཀྱི་མེད། སྐབས་དེར་དམིགས་བྱ་ནི་རང་གི་འཐོབ་རུང་གི་འབྲས་བུར་གྱུར་བའི་སངས་རྒྱས་ཀྱི་གོ་འཕང་དེར་དམིགས་ཀྱི་ཡོད། ད་ལྟ་ང་ཚོ་སངས་རྒྱས་མེད་ཀྱང་། སེམས་ཀྱི་ནུས་པའམ་སངས་རྒྱས་ཀྱི་སྙིང་པོ་དང་། དཀའ་སྤྱད་འབད་སྒྲུབ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་རུང་ཡིན་པའི་ཡིད་ཆེས་རྙེད་ཀྱི་ཡོད། དེར་བརྟེན་སྒོམ་གྱི་རིགས་གསུམ་པ་འདི་ཡོད་ན། ང་ཚོས་མ་འོངས་པའི་བསྒྲུབ་བྱ་གལ་ཆེན་ཞིག་ལ་འདུན་པ་ཤུགས་ཆེན་པོའི་སྒོ་ནས་སྒོམ་གྱི་རེད།
ཉིན་རེའི་མི་ཚེའི་ནང་སྤྱོད་ཐུབ་པའི་སྒོམ་གྱི་རིགས་གསུམ།
སྒོམ་གྱི་རིགས་གསུམ་པོ་ལ་བརྟེན་ནས་ང་ཚོའི་ཉིན་རེའི་འཚོ་བའི་ནང་སྤྱོད་འདོད་ཡོད་པའི་ཕན་ཐོགས་ལྡན་པའི་གོམས་གཤིས་རྣམས་གོང་འཕེལ་དུ་གཏོང་ཐུབ། ཐོག་མར་ང་ཚོའི་སེམས་ལ་ངེས་དགོས་པའི་གནད་དོན་གལ་ཆེན་པོ་ཞིག་ནི། སྒོམ་ཞེས་པ་དེ་ཞཪ་དང་ཞོར་ལ་བྱེད་རྒྱུའི་ལས་ཀ་ཞིག་ལས་མི་ཚེ་དང་འབྲེལ་བ་མེད་པར་བསམ་མི་རུང་། ཡང་སྒོམ་ཞེས་པ་ནི་སྤྱི་ཚོགས་ཀྱི་འཚོ་བ་ལས་གཡོལ་ཐབས་ཤིག་གམ། རྩེད་མོ་ཞིག་དང། དབྱིངས་ལས་ལྟ་བུ་ཞིག་ལ་བསམ་རྒྱུ་མེད། སྒོམ་ཞེས་པ་ནི་ང་ཚོའི་ཉིན་རེའི་མི་ཚེའི་བྱ་བཞག་ནང་དགོས་ངེས་ཀྱི་ཁྱད་ཆོས་ཡར་རྒྱས་གཏོང་བར་ཕན་པའི་ཐབས་ལམ་ཞིག་ལ་ངོས་འཛོན་བྱེད་དགོས།
འདིའི་སྔོན་ལ་བཤད་ཚར་ཙམ་གྱི་དཔེ་བརྗོད་དེ་འཁྱེར་ནས་ཐབས་ལམ་འདི་ཇི་ལྟར་ཉམས་སུ་ལེན་རྒྱུ་གསལ་བཤད་བྱས་ན། ང་ཚོས་སྒོམ་གྱི་རིགས་དང་པོ་དེར་སྦྱོང་བའི་སྐབས་སུ་ཡུལ་ཞིག་ལ་དམིགས་པ་གཏད་རྒྱུ་དང་། སེམས་ཞི་ལྷོད་ངང་བཞག་ནས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་ནུས་པ་དེ་རྒྱ་སྐྱེད་དུ་བཏང་ཡོད། ལས་ཀ་ཞིག་བྱེད་བཞིན་པའི་སྐབས་སུ་བློ་རྩེ་སྒྲིམ་དགོས་པ་ཙམ་དུ་མ་ཟད། མི་གཞན་དང་ལབ་གླེང་བྱེད་པའི་སྐབས་སུ་ཡང་བློ་རྩེ་སྒྲིམ་དགོས་པ་སྦྱངས་ཡོད་ཅིང་། དེ་ནི་མི་དེ་ལ་དམིགས་པ་གཏད་ནས་ཁོའི་སྐད་ཆར་ཉན་དགོས་པ་ལས་སེམས་རྣལ་ལ་མ་བཞག་པར་བསམ་བློ་གང་བྱུང་གཏོང་རྒྱུ་མེད་པ་དེ་ཤེས་ཡོད། ད་དུང་མི་དེས་སྐད་ཆ་ཤོད་བཞིན་པའི་སྐབས་སུ་ “ཨ། དེ་དངོས་གནས་ལྐུགས་པ་རེད།” བསམ་པའམ། ཡང་ན། “ངའི་རེ་བར་ཁོ་ཁ་བཙུམས་ནས་བསྡད་རོགས་བྱས་ན།” སྙམ་པ་ལྟ་བུ་སེམས་ནས་འགྲེལ་བརྗོད་དང་དཔྱད་ཁྲ་གང་ཡང་མེད་པའི་སྒོ་ནས་ཉན་འདོད་ཡོད་དགོས། དེ་ལྟ་བུའི་སེམས་ནང་གི་གཏམ་གླེང་དེ་མེད་པ་བཟོ་འདོད་ཡོད་ལ། ད་དུང་མི་དེ་དང་མི་དེའི་སྐད་ཆར་སེམས་གཏད་ནས། “ང་རང་ནང་བཞིན་ཁྱེད་ཀྱང་མི་ཞིག་ཡིན་པས་ཚོར་བ་ཡོད། ངས་སྐད་ཆ་ཤོད་བཞིན་པའི་སྐབས་གཞན་གྱི་དོ་སྣང་དགོས་ཀྱི་ཡོད་པ་ལྟར་ཁྱེད་ལ་ཡང་དགོས་པ་གཅིག་པ་རེད།” བསམ་སྟེ་བློ་རྩེ་སྒྲིམ་རྒྱུར་ཁ་སྐོང་བྱེད་དགོས། འདི་ནི་རྩེ་གཅིག་པའི་ཏིང་ངེ་འཛིན་སྒོམ་པའི་རིམ་པ་ལས་འཐོབ་ཐུབ་པའི་སྦྱོང་བརྡར་དེ་ཡིན།
“སེམས་ཀྱི་གནས་བབས་ཤིག་བསྐྱེད་པ་” ཞེས་པའི་སྒོམ་གྱི་ཉམས་ལེན་གཉིས་པ་འདི་སྤྱད་ནས་ཉིན་རེའི་མི་ཚེའི་ནང་བྱམས་དང་སྙིང་རྗེ་ཡར་རྒྱས་གཏོང་ཆོག འདི་ལ་བརྟེན་ནས་རང་གང་དུ་ཡོད་པའམ། སུ་དང་མཉམ་དུ་ཡོད་པ་སོགས་ལ་མ་ལྟོས་པར། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་རོགས་བྱས་ན་སྙམ་པའི་བྱམས་པ་བསྐྱེད་ཐབས་བྱེད་དགོས། འདིར་བཤད་པའི་བྱམས་པ་ནི། སྤྱི་སྤྱོད་རླངས་འཁོར་ནང་ལ་ཡོད་པའི་མི་དང་། ས་འོག་མེ་འཁོར་ནང་ཡོད་པའི་མི། སྣུམ་འཁོར་འཚང་འགག་ནང་ཚུད་བསྡད་པའི་མི། ཚོང་ཁང་ནང་ཡོད་པའི་མི། དེ་བཞིན་དུད་འགྲོ་དང་འབུ་སྲིན་སོགས་ཚང་མར་ཁྱབ་པ་ཞིག་ལ་ཟེར། དེར་བརྟེན། དེའི་དོན་ནི་སེམས་ཅན་ཐམས་ཅད་ལ་གུས་བཀུར་དང་རྩི་མཐོང་བྱེད་དགོས་ཀྱི་ཡོད་པའི་དོན་ཡིན། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་པ་ཚང་མ་གཅིག་པ་ཡིན། དེར་མ་ཟད་ཐ་ན་སྦྲང་མ་ཡན་ཆད་ནས་སེམས་ཅན་ཐམས་ཅད་ལྟར་བདེ་བར་གནས་རུང་བའི་ཐོབ་ཐང་འདྲ་མཉམ་ཡོད།
མཐའ་མར། སྒོམ་གྱི་རིམ་པ་གསུམ་པའི་སྐབས་སྒོམ་གྱི་ཉམས་ལེན་ལ་བརྟེན་ནས་མི་ཚེ་གང་པོར་མཉམ་དུ་འཁྱེར་ཆོག་པའི་མངོན་འདོད་ཞིག་བསྐྱེད་ཐབས་བྱེད་དགོས། དེ་ནི་ “ངས་སྐྱོན་ཆ་ཉུང་དུ་བཏང་ཞིང་། ཁྱད་ཆོས་བཟང་པོ་རྣམས་གོང་འཕེལ་དུ་བཏང་ནས་སྒྲུབ་འདོད་པའི་དམིགས་ཡུལ་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཐབས་ལ་འབད་བརྩོན་བྱེད་དགོས།” ཞེས་མངོན་འདོད་དེ་འབོལ་གདན་སྒང་ལ་སྒོམ་རྒྱག་བཞིན་པའི་སྐབས་སུ་ཙམ་མ་ཡིན་པར། དུས་རྟག་ཏུ་མི་ཚེའི་ནང་ཁྱབ་པའི་མངོན་འདོད་ཞིག་བཟོ་དགོས།
རྗེ་ཙོང་ཁ་པའི་གཞན་ཕན་སེམས་བསྐྱེད་ཀྱི་བསླབ་བྱ།
རྗེ་ཙོང་ཁ་པ་ནི་གངས་ཅན་བོད་ཀྱི་མཁས་དབང་གྲགས་ཆེ་བའི་གྲས་ཞིག་ཡིན་ཅིང་། ཁོང་གིས་སྒོམ་གྱི་རྨང་གཞིར་གྱུར་བའི་གཞན་ཕན་གྱི་སེམས་དེ་བསྐྱེད་པ་ལ། ང་ཚོས་ཤེས་དགོས་པའི་སྒོམ་གྱི་རིགས་ག་འདྲ་ཞིག་ཇི་ལྟར་བྱས་ནས་བསྐྱེད་དགོས་མིན་སྐོར་ལ་ཁ་གསལ་པོས་འགྲེལ་བརྗོད་གནང་ཡོད།
དམིགས་པ་ངོས་བཟུང་བ།
སྒོམ་ཞིག་རྒྱག་པ་ལ་ང་ཚོས་ཤེས་དགོས་པ་དང་པོ་ནི། དམིགས་པ་གང་ལ་གཏད་ཀྱི་ཡོད་པ་དེ་ཡིན། དཔེར་ན། སྙིང་རྗེ་ལྟ་བུར་བསམ་ན། སྙིང་རྗེ་ལ་དམིགས་པ་གཏད་རྒྱུ་ནི་གཞན་གྱི་སྡུག་བསྔལ་ལ་དམིགས་པ་གཏད་རྒྱུ་དེ་ཡིན་ཅིང་། དེ་ནི་བྱང་ཆུབ་ཀྱི་སེམས་ལ་དམིགས་པ་གཏད་པ་དང་གཅིག་པ་མིན། བྱང་ཆུབ་ཀྱི་སེམས་ལ་དམིགས་པ་གཏད་པ་ནི། རང་གི་འཐོབ་རུང་གི་ཐམས་ཅད་མཁྱེན་པའི་གོ་འཕང་ལ་དམིགས་པ་གཏད་པ་དེར་གོ་དགོས། འགའ་ཤས་ཀྱིས་བྱང་ཆུབ་སེམས་ལ་དམིགས་པ་གཏད་ནས་སྒོམ་རྒྱག་གི་ཡོད་བསམ་སྲིད་ཀྱང་། དོན་དངོས་ཐོག་སྙིང་རྗེ་ཁོ་ནར་དམིགས་ནས་སྒོམ་རྒྱག་གི་ཡོད། སྙིང་རྗེ་ནི་བྱང་ཆུབ་སེམས་ཀྱི་རྨང་གཞིའམ་འབྱུང་ཁུངས་ཡིན་ཀྱང་བྱང་ཆུབ་ཀྱི་སེམས་མིན།
དམིགས་རྣམ་སྐྱོང་བ།
སྐབས་འདིར་སྙིང་རྗེའི་དམིགས་གཏད་གཙོ་བོར་སེམས་ཅན་གྱི་སྡུག་བསྔལ་བཞག་པ་ལྟར་དམིགས་པའི་ཡུལ་ཏག་ཏག་ཅིག་ངོས་བཟུང་ཚར་བའི་རྗེས་ལ། དམིགས་པ་དེའི་རྣམ་པ་མི་འདྲ་བ་རྣམས་ངེས་དགོས། དེ་ལྟར་སྡུག་བསྔལ་ལྟ་བུར་ཆ་བཞག་ན། སྤྱིར་བཏང་གི་སྡུག་བསྔལ་དང། བདེ་བ་ཉི་ཚེ་བའི་རིགས། རང་ཤུགས་ལས་ཀྱི་དབང་ལས་བྱུང་བའི་སྡུག་བསྔལ། ད་དུང་རང་དབང་མེད་པར་ཡང་ནས་ཡང་དུ་འཁོར་བར་སྐྱེ་བའི་སྡུག་བསྔལ་སོགས་སེམས་ཅན་གྱི་མྱོང་བའི་སྡུག་བསྔལ་གྱི་རིགས་མི་འདྲ་བ་རྣམས་ང་ཚོས་གསར་རྟོགས་འཚོལ་ཞིབ་བྱེད་ཀྱི་ཡོད། སྤྱིར་བཏང་གི་སྡུག་བསྔལ་ལམ་ལས་ཀ་ཤོར་བའི་སྡུག་བསྔལ་ལྟ་བུ་དང་། ཡང་ན་སྡུག་བསྔལ་ཚད་གཞི་ངེས་ཅན་གྱི་སེམས་ཅན་ཁ་ཤས་ལ་དམིགས་པ་ཙམ་མ་ཡིན་པར། སྙིང་རྗེ་ཆེན་པོ་སྒོམ་པའི་སྐབས་སུ་ང་ཚོས་འཇིག་རྟེན་ཁམས་ཀྱི་སེམས་ཅན་དུད་འགྲོ་སོགས་ཡོད་དོ་ཅོག་གི་མྱོང་བའི་སྡུག་བསྔལ་གྱི་རིགས་ཚང་མར་དམིགས་པ་གཏད་རྒྱུ་དེ་ཡིན།
དམིགས་པ་གཏད་ཚུལ་ཤེས་དགོས།
དམིགས་རྣམ་སྐྱོང་ཚུལ་ཤེས་ཚར་བའི་རྗེས་ལ་སེམས་ཀྱི་ཡུལ་ལ་དམིགས་ཚུལ་ཤེས་དགོས་པ་གལ་ཆེན་པོ་ཡིན། སྙིང་རྗེ་ལ་དམིགས་པའི་སྐབས་སུ་གཞན་གྱི་མྱོང་བའི་སྡུག་བསྔལ་ལ་དམིགས་ནས་དེ་དག་སླར་མི་ལྡོག་པ་དང་བཅས་མེད་པ་ཆགས་ན་སྙམ་པའི་ཡིད་སྨོན་ཞིག་བསྐྱེད་ཀྱི་ཡོད་པ་ལས་ “ཡ། ཐབས་སྐྱོ་བ་ལ་” སྙམ་པའི་བློ་ཙམ་བསྐྱེད་པ་དེ་མིན། ཡང་བསྐྱར་ཤོད་རྒྱུ་ཞིག་ལ། སྙིང་རྗེ་ལ་དམིགས་པའི་བསམ་བློ་འདི་ནི་བྱང་ཆུབ་སེམས་ལ་དམིགས་པ་དང་གཅིག་པ་མིན། བྱང་ཆུབ་སེམས་ལ་དམིགས་པ་ནི། རང་གི་འཐོབ་རུང་གི་ཐམས་ཅད་མཁྱེན་པའི་གོ་འཕང་དེར་དམིགས་རྒྱུ་དེ་དང་། “ངས་གོ་འཕང་དེ་འཐོབ་པ་བྱེད་རྒྱུ་དང་། ཐོབ་ནས་སེམས་ཅན་གཞན་ལ་ཕན་ཐོགས་རྒྱུ་ཡིན།” ཞེས་དེ་དང་འབྲེལ་བའི་འདུན་པ་བསྐྱེད་རྒྱུ་དེ་ཡིན། འདི་ནི་སེམས་ཅན་གཞན་གྱི་སྡུག་བསྔལ་ལ་བསམ་ནས་སྙིང་རྗེར་དམིགས་རྒྱུ་དང་རྦད་དེ་ཁག་ཁག་རེད།
དམིགས་གཏད་ཀྱི་སེམས་དེ་ཡར་རྒྱས་གཏོང་བའི་རྒྱུ་གང་ཡིན་ཤེས་དགོས།
སེམས་ཀྱི་ཡུལ་ལ་དམིགས་པ་གཏད་ཚུལ་ཤེས་ཚར་བའི་རྗེས་དེ་ལྟ་བུའི་སེམས་དེ་ཇི་ལྟར་བྱས་ནས་ཡར་རྒྱས་གཏོང་དགོས་ཚུལ་ཤེས་དགོས། ང་ཚོས་དཔེ་མཚོན་དུ་བཀོད་པའི་སྙིང་རྗེ་ལ་དམིགས་པ་གཏད་པའི་སྐབས་སུ་རང་ཡང་སྡུག་བསྔལ་ལས་ཐར་འདོད་ཀྱི་འདུན་པ་ཞིག་ཡོད་པ་དེས་སེམས་ཅན་གཞན་ལ་དམིགས་པའི་སྙིང་རྗེ་སྐྱེ་རྒྱུར་རམ་འདེགས་བྱེད་ཀྱི་ཡོད། འདི་ནི་ཚིག་ཙམ་བསྒྱུར་ན་ “ཐར་འདོད་ཀྱི་ཆོད་སེམས་” ཞེས་པ་སྲོལ་རྒྱུན་གྱི་བསྒྱུར་ཚུལ་ལྟར་བསྒྱུར་ལ། “ངེས་འབྱུང་།” ཟེར་བ་ཡང་དེ་ཡིན། བསམ་བློ་འདི་ནི་རང་གི་སྡུག་བསྔལ་ལ་དམིགས་ནས་དེ་དང་དེའི་རྒྱུ་ལས་ཐར་འདོད་ཀྱི་ཆོད་སེམས་ཞིག་ཡིན་པ་དང་། སྡུག་བསྔལ་གྱི་རྒྱུ་ལས་ཐར་འདོད་ཀྱི་བློ་ཞེས་པ་ནི། ཁོང་ཁྲོ་ཟ་བ་སོགས་མི་སྐྱིད་པ་བཟོ་ཆེད་ཀྱི་ཀུན་སྤྱོད་སྤོང་རྒྱུ་དེ་ལ་ཟེར། གལ་སྲིད་ང་ཚོས་རང་ཉིད་དངོས་གནས་སྡུག་བསྔལ་ལས་གྲོལ་འདོད་ཀྱི་བློ་ཞིག་བསྐྱེད་ཐུབ་ན། བློའི་འཁྱེར་ཕྱོགས་དེ་དང་། མངོན་འདོད་དེ། སེམས་ཤུགས་དེའི་རམ་འདེགས་ལ་བརྟེན་ནས་སེམས་ཅན་གཞན་ཡང་སྡུག་བསྔལ་ལས་གྲོལ་འདོད་ཀྱི་ནུས་ཤུགས་གཅིག་པ་ཞིག་བསྐྱེད་ཐུབ།
དམིགས་གཏད་ཀྱི་སེམས་ཡར་རྒྱས་གཏོང་བ་ལ་གནོད་གཞི་གང་ཡོད་ཤེས་དགོས།
དེ་ལྟ་བུའི་སེམས་དེ་བསྐྱེད་པ་ལ་ཡོང་སྲིད་པའི་བར་ཆད་གང་ཡོད་པ་ཤེས་དགོས། སྙིང་རྗེ་ལ་དམིགས་པའི་སེམས་བསྐྱེད་ལ་ཡོང་ངེས་པའི་བར་ཆད་ནི། རང་ལས་གཞན་པའི་སེམས་ཅན་དང་། དེ་དག་གི་སྡུག་བསྔལ་ལ་ཛ་དྲག་གིས་གལ་ཆེར་མི་བལྟ་རྒྱུ་དེ་ཡིན། དེ་ལྟ་བུའི་སེམས་དེ་ལྡོག་པའི་ཆེད་དུ། “སེམས་ཅན་ཐམས་ཅད་བདེ་བ་འདོད་པ་ལས་སྡུག་བསལ་འདོད་མཁན་གཅིག་ཀྱང་མེད་ཅིང་། ང་ཚོ་ཚང་མའི་བདེ་བ་འཐོབ་འདོད་དང་སྡུག་བསྔལ་ལས་འབྲལ་འདོད་ནི་གཅིག་པ་ཡིན་པས། ཁོ་དང་མོ་ཡིས་འདོད་པ་ཞེས་ཐ་དད་དུ་མེད། དེ་ཙམ་མ་ཟད། ང་ལ་ཚོར་བ་ཡོད་པ་ལྟར་སེམས་ཅན་ཐམས་ཅད་ལ་ཚོར་བ་ཡོད་པ་གཅིག་མཚུངས་ཡིན་པས། ང་སྡུག་བསྔལ་གྱི་མནར་བ་ལྟར་གཞན་ཡང་དེ་ལྟར་མནར་གྱི་ཡོད། བྱས་ཙང་། ང་སྡུག་བསྔལ་ལས་ཐར་འདོད་པ་ལྟར། གཞན་ཡང་དེ་ལྟར་ཐར་བར་འདོད་ཀྱི་ཡོད།” ཅེས་བསམ་དགོས། དེ་ལྟར་སེམས་ཅན་གཞན་གྱི་བདེ་སྡུག་ལ་ཡང་ཚོར་བ་སྐྱེན་པོ་སྐྱེད་ཐུབ་ཅིང་། བརྩི་མཐོང་སླེབས་ཐུབ། གལ་སྲིད་གཞན་ལ་དམིགས་ནས་ཚོར་བ་དང་བརྩི་མཐོང་དེ་མེད་ན། ང་ཚོའི་ལྷད་མེད་ཀྱི་སྙིང་རྗེའི་སེམས་བསྐྱེད་པ་ལ་བར་ཆད་ཡོང་གི་ཡོད།
དམིགས་གཏད་ཀྱི་སེམས་བསྐྱེད་ལག་ལེན་བསྟར་ཚུལ་ཤེས་དགོས།
རྗེ་ཙོང་ཁ་པས་མུ་མཐུད་གསུང་རྒྱུར། ང་ཚོས་དམིགས་གཏད་ཀྱི་སེམས་དེ་བསྐྱེད་ཚར་བའི་རྗེས་ལ་བཀོལ་སྤྱོད་བྱེད་ཚུལ་ཇི་ལྟར་ཡིན་མིན་ཤེས་དགོས་གསུངས། ཕྱོགས་གཞན་ཞིག་ནས་བཤད་ན། དེ་ལྟ་བུའི་སེམས་དེའི་བེད་སྤྱོད་གང་ཡོད་ཅེས་པ་དེ་ཡིན། ངས་སྙིང་རྗེ་ནི་བསྐྱེད་ཚར་ཡོད། ད་ག་རེ་བྱེད་དགོས་སམ། ཟེར་བ་ལྟ་བུའི་སེམས་ཀྱི་གནས་སྟངས་ཞིག་ལ་ཟེར། སྐབས་དེར་ཤེས་དགོས་པ་ནི། “ཡ། དེ་ལྟ་བུའི་སེམས་བསྐྱེད་པ་དེས་སེམས་ཅན་གཞན་ལ་དམིགས་ཚུལ་དང་། ཁོ་ཚོའི་བདེ་དོན་སྒྲུབ་ཚུལ། དེ་ཙམ་མ་ཟད། སེམས་ཅན་གཞན་ལ་དོན་སྙིང་ལྡན་པའི་ཕན་པ་ཞིག་སྒྲུབ་ཆེད་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་དགོས་པའི་ཕྱིར་སྐུལ་འདེད་དང་སེམས་ཤུགས་སྤར་གྱི་རེད། རྒྱུ་མཚན་ནི་ད་ལྟ་ངས་སེམས་ཅན་གཞན་ལ་དོན་སྙིང་ལྡན་པའི་ཕན་པ་སྒྲུབ་མི་ཐུབ་པའི་འགོག་རྐྱེན་བྱེད་མཁན་ནི་ངའི་ཚད་བཀག་གི་ནུས་པ་དེ་ཡིན་པས། ཚད་བཀག་དེ་ལས་བརྒལ་འདོད་ཆེན་པོ་ཡོད་པ་ལྟར་རོ།” །ཞེས་བསམ་རྒྱུ་དེ་ཡིན།
དམིགས་གཏད་ཀྱི་སེམས་དེས་གང་ཞིག་སེལ་ཐུབ་པ་ཤེས་དགོས།
དམིགས་གཏད་ཀྱི་སེམས་དང་འབྲེལ་བའི་གོང་གི་གནས་ཚུལ་རྣམས་ཤེས་ཚར་བ་དང་། དེའི་རྗེས་ལ་འདི་ལྟ་བུའི་སེམས་ཀྱི་གནས་བབས་དེས་སེལ་ཐུབ་པའམ་མེད་པ་བཟོ་ཐུབ་པ་གང་ཡིན་པ་དེ་ཤེས་དགོས། སྙིང་རྗེ་ལ་དམིགས་གཏད་ཀྱི་སེམས་དེས་སེམས་ཅན་གཞན་གྱི་བདེ་སྡུག་ལ་སྣང་མེད་གཏོང་བའི་ཚོར་མེད་སྙིང་རྗེ་བྲལ་བའི་སེམས་དེ་མེད་པ་བཟོ་ཐུབ། འདི་ལྟ་བུའི་སེམས་དེས་གཞན་དོན་སྒྲུབ་འདོད་མེད་པའི་ལེ་ལོ་མེད་པར་བཟོ་ཐུབ་ཅིང་། རང་དོན་སྒྲུབ་འདོད་མེད་པའི་ལེ་ལོ་ཡང་དབང་དུ་བསྡུ་ཐུབ། ཚོར་མེད་སྙིང་རྗེ་བྲལ་བའི་སེམས་དེ་མེད་པ་བཟོས་ནས་གཞན་དོན་མང་བ་བྱེད་ཐུབ། ང་ཚོས་སྙིང་རྗེ་ལ་དམིགས་པའི་སྒོམ་འདོད་ཀྱི་སེམས་བསྐྱེད་དགོས་པ་དང་། ཡར་རྒྱས་གཏོང་དགོས་པ་ཤེས་ན། ང་ཚོས་གང་བྱེད་ཀྱི་ཡོད་པ་དང་གང་གི་ཕྱིར་བྱེད་ཀྱི་ཡོད་པ་ཤེས་པས། སྒོམ་གྱི་ཉམས་ལེན་འཇུག་པ་ལ་གདེང་ཚོད་ཚད་དང་ལྡན་པ་ཞིག་ཡོང་བ་ཡིན། དེ་འདྲ་བྱས་ན། ང་ཚོས་སྙིང་རྗེ་ལ་དམིགས་པའི་སྒོམ་གྱི་ཉམས་ལེན་ལ་འཇུག་དགོས་པའི་གྲ་སྒྲིག་ཨང་གསར་བྱས་ཡོད་པས། ཆུ་རྐྱལ་གྱི་བསམ་བློ་ཙམ་ཡང་མེད་པར་གཏིང་རིང་བའི་རྐྱལ་རྫིང་ནང་འཆོམས་པ་ལྟར་ཆགས་ཀྱི་མེད། དེ་ལྟ་བུའི་གྲ་སྒྲིག་མེད་པར་ལས་སླ་པོའི་ཐོག་ནས། “ཡ། མར་བསྡད་ནས་སྒོམ་རྒྱག་དགོས་” ཟེར་ནས་གང་ཞིག་ལ་སྒོམ་རྒྱག་དགོས་པའི་གནད་འགག་མ་ཤེས་ན། དོན་ལྡན་གནད་སྨིན་གྱི་འབྲས་བུ་ཞིག་འཐོབ་མི་སྲིད་པའི་ཉེན་ཁ་ཆེན་པོ་ཡོད།