མི་ཚེའི་ནང་ལམ་གྱི་རིམ་པ་མཉམ་སྡེབ་བྱ་ཚུལ།

ཀུན་སློང་གི་རིམ་པ་གསུམ་གྱི་སྒྲོམ་གཞི་ངོ་སྤྲོད།

ལམ་རིམ་ཟེར་བ་ནི་བོད་ཀྱི་ཐ་སྙད་ཅིག་ཡིན་པ་དང་དེ་ལ་ཨིན་སྐད་དུ་ནམ་རྒྱུན་ graded path to enlightenment ཞེས་བསྒྱུར་ཡོད། འོན་ཀྱང་དེ་ནི་ང་ཚོ་སའི་སྟེང་དུ་གོམ་པ་རྒྱག་ནས་འགྲོ་སའི་ལམ་གྱི་སྐོར་ཤོད་ཀྱིན་མེད། ལམ་ཞེས་བྱ་བ་སྐབས་འདིར་བསྒྲུབ་བྱའི་དམིགས་ཡུལ་གྱི་ཕྱོགས་སུ་འཁྲིད་པར་བྱེད་པའི་ལམ་ནང་བཞིན་བྱ་བ་བྱེད་པའི་སེམས་ཀྱི་གནས་བབས་ཤིག་ཡིན་པ་དང་། འདིར་དམིགས་ཡུལ་ནི་སངས་རྒྱས་ཀྱི་གོ་འཕང་དེ་ཡིན། ང་རང་འདི་ལ་ཨིན་སྐད་དུ་ pathway mind སེམས་ཀྱི་ལམ་ཞེས་བརྗོད་རྒྱུ་དགའ་པོ་བྱེད་ཀྱི་ཡོད། འདི་ནི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པར། ལམ་གྱི་རིམ་པ་ངེས་ཅན་ཞིག་གི་ནང་། རང་རྒྱུད་ལ་སྐྱེད་པ་དང་གོང་འཕེལ་གཏོང་དགོས་རྒྱུ་དེ་རེད།

སྲོལ་རྒྱུན་ལྟར་བྱས་ན། ལམ་རིམ་དེ་རིམ་པ་ཆེ་ཁག་གསུམ་དུ་ཕྱེས་ཡོད་པ་དང་། དེ་དག་ཀྱང་ནང་གསེས་དབྱེ་བ་མང་པོ་ཕྱེས་ཡོད། འདིས་གོ་རིམ་བཞིན་དུ་རྒྱ་ཆེ་བའི་སེམས་ཀྱི་གནས་བབས་སྟོན་པ་དང་། དེ་དག་རེ་རེ་ལ་སེམས་ཀྱི་སྒྲོམ་གཞི་ཆེན་པོ་ཞིག་དང་ལྡན་པ་ཡིན། གང་ཟག་མི་འདྲ་སོ་སོས་རིམ་པ་རེ་རེ་མཚོན་པ་དང་། གང་ཟག་དེ་དག་རེ་རེ་ལ་མི་ཚེའི་ནང་ཀུན་སློང་ངེས་ཅན་ཞིག་ཡོད། ང་ཚོས་འབྲེལ་ཡོད་ཀྱི་ཀུན་ནས་སློང་བའི་སེམས་ཀྱི་སྒྲོམ་གཞི་ལ་བརྟེན་ནས་རང་ཉིད་རིམ་བཞིན་དུ་གང་ཟག་དེ་དག་ཆགས་པའི་ཆེད་གོང་འཕེལ་གཏོང་ཐབས་བྱེད་ཀྱི་ཡོད།
 
ངས་འདིར་ཀུན་སློང་ཟེར་བ་དེ་སྟབས་བདེ་པོའི་ལམ་ནས་བེད་སྤྱོད་བྱེད་ཀྱིན་མེད། གང་ཡིན་ཟེར་ན། ནང་ཆོས་ནང་ཀུན་སློང་ཟེར་བ་ནི་ཀུན་ནས་སློང་བའི་སེམས་ཀྱི་སྒྲོམ་གཞི་རྣམས་ལ་གོ་བ་དང་། དེ་ཡང་ཆ་ཤས་གཉིས་དང་ལྡན་པ་ཡིན། ཆ་ཤས་གཅིག་ནི་ང་ཚོའི་མི་ཚེའི་ནང་ཡོད་པའི་དམིགས་ཡུལ་དེ་ཡིན་པ་དང་། གཞན་དེ་ནི་ནམ་རྒྱུན་ང་ཚོ་ནུབ་ཕྱོགས་པ་ཚོས་ཆ་འཇོག་བྱེད་པའི་ཀུན་སློང་དེ་རེད། དེའི་ནང་དམིགས་ཡུལ་དེར་འཁྲིད་པར་བྱེད་པའི་སེམས་ཚོར་གྱི་རྒྱབ་ལྗོངས་ཚུད་ཡོད།
 
ལམ་རིམ་གྱི་རིམ་པ་གསུམ་པོ་རེ་རེ་བཞིན་གཅིག་གི་འོག་དང་སྔོན་དུ་བཞག་ཡོད། དེར་བརྟེན་དེ་དག་ཕུང་གསོག་ཡིན་པ་རེད། དེའི་དོན་ནི་ང་ཚོས་ཐོག་མར་ཀུན་སློང་གི་རིམ་པ་དང་པོ་དེ་སྐྱེད་པ་དང་། དེ་ནས་ཀུན་སློང་གི་རིམ་པ་དང་པོ་གཉིས་པ་མཉམ་དུ་སྐྱེད་དགོས། ང་ཚོ་ཀུན་སློང་གི་རིམ་པ་གཉིས་པར་སླེབས་མཚམས་སུ་རིམ་པ་དང་པོ་དེ་དྲན་པ་བརྗེད་མི་ཉན། མཐར་ང་ཚོས་ཀུན་སློང་གི་རིམ་པ་གསུམ་ཀ་མཉམ་སྡེབ་ཡང་ན་ཟུང་དུ་འབྲེལ་དགོས། རང་རྒྱུད་ལ་ཀུན་སློང་གི་རིམ་པ་གསུམ་པོ་དེ་དག་གོ་རིམ་ངེས་ཅན་ཐོག་སྐྱེད་དགོས་རྒྱུ་དངོས་གནས་གལ་འགངས་ཆེ། གལ་ཏེ་ང་ཚོས་དེ་དག་ལས་གཅིག་ལ་སྣང་མེད་རང་སོར་བཞག་ན། ང་ཚོས་གང་བསམ་པའི་སེམས་ཀྱི་གནས་བབས་དེ་དང་མི་ལྡན་མ་ཡིན།
 

  • ཀུན་སློང་གི་རིམ་པ་དང་པོ་ ༼སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་༽ ལ་བརྟེན་ནས། ང་ཚོས་མ་འོངས་པའམ་སྐྱེ་བ་ཕྱི་མ་ཡར་རྒྱས་གཏོང་རྒྱུར་དམིགས་ཀྱི་ཡོད། དེ་ལ་ཀུན་ནས་སློང་བའི་སེམས་ཚོར་ནི། ང་ཚོར་ངན་སོང་གི་སྐྱེ་བ་ལེན་འདོད་མེད་པ་དང་དེ་ལ་འཇིགས་སྐྲག་སྐྱེ་གི་ཡོད།
  • ཀུན་སློང་གི་རིམ་པ་བར་མ་ ༼སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་༽ ལ་བརྟེན་ནས། ང་ཚོས་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་སྟེ་འཁོར་བ་ལས་ཡོངས་སུ་ཐར་བར་དམིགས་ཀྱི་ཡོད། དེའི་རྒྱབ་ཀྱི་ཀུན་ནས་སློང་བའི་སེམས་ཚོར་ནི། ང་ཚོ་འཁོར་བའི་ནང་གི་སྡུག་བསྔལ་ལ་མཐའ་གཅིག་ཏུ་ཉོབ་སྣང་སྐྱེས་པ་དང་ཞེན་པ་ལོག་གི་ཡོད། ང་ཚོས་སྡུག་བསྔལ་མང་པོ་མྱངས་ཡོད། འདི་ལ་ནམ་རྒྱུན་ཨིན་སྐད་དུ་ renunciation དང་བོད་སྐད་དུ་ངེས་འབྱུང་ཟེར་ཞིང་། དེ་ནི་དག་ཐམས་ཅད་ལས་ཡོངས་སུ་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་དེ་ཡིན། དེ་ཡང་རང་བཞིན་གྱིས་སོ་སོའི་སྡུག་བསྔལ་སྤོང་བའི་འདུན་སེམས་ལ་གོ་བ་ཡིན།
  • ཚད་མཐོའི་ཀུན་སློང་གི་རིམ་པ་ ༼སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་༽ ལ་བརྟེན་ནས། བྱམས་པ་དང་། སྙིང་རྗེ། བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་ཏེ། ང་ཚོའི་དམིགས་ཡུལ་ནི་སངས་རྒྱས་ཀྱི་གོ་འཕང་དེ་ཡིན། ང་ཚོས་གཞན་སེམས་ཅན་ཐམས་ཅད་ལ་ང་ཚོ་ནང་བཞིན་སྡུག་བསྔལ་དང་དཀའ་ངལ་ཇི་ལྟར་མྱོང་གི་ཡོད་པའི་ཐོག་བསམ་བློ་གཏོང་གི་ཡོད། བྱས་ཙང་། སེམས་ཅན་རྣམས་ཁོང་ཚོའི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱེད་ཐུབ་པའི་ཆེད། ང་ཚོས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཡིད་སྨོན་བྱེད་ཀྱི་ཡོད། 

ངའི་ལམ་རིམ་སློབ་སྦྱོང་ཇི་ལྟར་བྱེད་ཚུལ་སྒེར་གྱི་ལོ་རྒྱུས།

བརྗོད་གཞི་འདི་ངོ་སྤྲོད་བྱེད་པར། ཐོག་མར་ངའི་ལམ་རིམ་སློབ་སྦྱོང་ཇི་ལྟར་བྱེད་པའི་སྐོར་ང་རང་སྒེར་གྱི་ལོ་རྒྱུས་མདོར་བསྡུས་འཆད་པ་ལ།

དེ་ཡང་ཐོག་ཕྱི་ལོ་ ༡༩༦༨ ལོར་ངོས་རང་ཧ་ཝརྜ་གཙུག་ལག་སློབ་ཁང་ཆེན་མོར་གཙུག་ལག་སློབ་ཐོན་པའི་སྐབས་བོད་ཡིག་སྦྱོང་བཞིན་ཡོད། དེའི་སྐབས་ལམ་རིམ་གྱི་སྐོར་ལ་ཐོག་མར་ཤེས་རྟོགས་བྱུང་། སློབ་ཚན་གྱི་ཆ་ཤས་སུ་ང་ཚོས་རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་གཞུང་ལས་ཤོག་ལྷེ་འགའ་ཞིག་བཀླགས་ཡིན། འོན་ཀྱང་དེའི་སྐབས་སུ་ངོས་ལ་གཞུང་ནང་གི་བརྗོད་བྱ་ཡོངས་སུ་རྫོགས་པའི་ཐད་ཤེས་རྟོགས་གང་ཡང་མེད། དེ་ནི་ལམ་རིམ་གྱི་གཞུང་ཨིན་སྐད་གཅིག་ཀྱང་མ་བསྒྱུར་གོང་ནས་རེད། ཐ་ན་རྗེ་སྒམ་པོ་པའི་དྭགས་པོ་ཐར་རྒྱན་ཨིན་སྐད་དུ་བསྒྱུར་བ་ལས་ཀྱང་སྔ་བ་རེད། དེའི་དུས་སུ་ལམ་རིམ་ནི་ད་དུང་རྒྱུས་མངའ་མེད་པའི་བརྗོད་གཞི་ཞིག་རེད།
 
ལོ་རྗེས་མ་དེར་ང་རང་ལོ་ཉི་ཤུ་རྩ་བཞི་ཆགས་པ་དང་། ཧྥུལ་བྷ་ར་ཡེ་ཊའི་གཙུག་ལག་སློབ་ཡོན་ཞིག་གི་ཐོག་ནས་ང་རང་རྒྱ་གར་དུ་རིག་པའི་ཆུ་གཏེར་གྱི་དཔྱད་རྩོམ་ཆེད་ཉམས་ཞིབ་བྱེད་དུ་ཕྱིན་པ་ཡིན། དཔྱད་རྩོམ་དེ་ནི་ཐོག་མར་ངོས་ནང་ཧ་ཅང་ཚད་མཐོ་བའི་གསང་སྔགས་ཀྱི་བརྗོད་གཞི་ཞིག་གི་ཐོག་འབྲི་འཆར་བྱས་ཡིན། དེ་ལྟར་བྱེད་དགོས་ཞེས་ངའི་གཙུག་ལག་སློན་དཔོན་ཆེན་མོས་ལམ་སྟོན་གནང་ཡོད་ཀྱང་། ངས་དེའི་ཐོག་རྩོལ་བ་བྱ་རྒྱུ་ནི་རྒྱུ་མཚན་དང་མི་ལྡན་པ་ཞིག་ཡིན་པ་མྱུར་དུ་ཤེས་རྟོགས་བྱུང་བ་དང་། རྒྱ་གར་དུ་ཡོད་པའི་བོད་པའི་དགེ་རྒན་ཚོས་དེའི་ཚབ་ལམ་རིམ་སྦྱངས་ན་ཞེས་དགོངས་ཚུལ་གསུངས་སོང་། ངས་ཀྱང་ཐག་གཅོད་བྱས་ཏེ། ལམ་རིམ་ཟླ་བ་བཅོ་བརྒྱད་རིང་སྦྱངས་པ་ཡིན། ངས་ཡིག་ཐོག་ཏུ་བཞུགས་པའི་གཞུང་མང་པོ་ཡོད་པ་ཤེས་ཀྱི་མེད་ཙང་། ངའི་དཔྱད་རྩོམ་དེ་ལམ་རིམ་ངག་ཐོག་གི་སྲོལ་རྒྱུན་སྐོར་འབྲི་བཞིན་ཡོད། དེ་དག་ཐམས་ཅད་དགེ་བཤེས་ངག་དབང་དར་རྒྱས་ལགས་ཀྱིས་ང་ལ་ངག་ཐོག་ནས་འགྲེལ་བརྗོད་གནང་སོང་། བྱས་ཙང་། ངས་དེ་ལ་ལམ་གྱི་རིམ་པའི་ངག་ཐོག་གི་སྲོལ་རྒྱུན་ཞེས་བརྗོད་པ་ཡིན།
 
ཧི་པཱིའི་ལུགས་སྲོལ་མ་སླེབས་གོང་ང་རང་རྒྱ་གར་ནང་དུས་ཚོད་ཧ་ཅང་སྤྲོ་སྣང་ལྡན་པ་བྱུང་། ཀར་ལོས྄་ ཁེསྟ་ནེ་དས་ Carlos Castaneda ཁོང་གི་དཔེ་དེབ་འབྲི་བཞིན་ཡོད་པ་དང་། དེ་དང་ཚོར་ཤེས་ཀྱི་ནུས་པ་གཅིག་པར་རྒྱ་གར་ནང་བོད་མི་ཚོ་དང་མཉམ་དུ་གནས་སྡོད་བྱེད་མཁན་གྱི་ནུབ་ཕྱོགས་པ་འགའ་ཞིག་གིས་ཁོང་ཚོའང་བློ་སྟོབས་སྐྱེད་རུང་གི་བྱ་ལས་གཅིག་པའི་ནང་ཡོད་པར་ཚོར་ཡོད། ཀར་ལོས྄་ ཁེསྟ་ནེ་ད་ནང་བཞིན་ང་ཚོས་གསང་བ་དང་། དམིགས་བསལ། སྒྱུ་མའི་ཆོས་གསར་རྟོགས་བྱུང་ཡོད།
 
ངས་ལམ་རིམ་ཧ་ཅང་སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་སློབ་སྦྱོང་བྱས་ཡིན། དེའི་དོན་ནི་ང་ལ་རྗེས་ཀྱི་བརྗོད་གཞི་གང་ཡོང་རྩ་ནས་མི་ཤེས་པའི་ལམ་རིམ་གྱི་ནང་ནས་བརྗོད་གཞི་གཅིག་གམ་གནད་དོན་གཅིག་བསྟན་ཡོད། བརྗོད་གཞི་དེ་དག་སླེབས་པ་དང་ངས་རེ་རེ་བཞིན་སོ་སོ་ནས་གནད་དོན་རྣམས་ལ་དོ་སྣང་བྱེད་དགོས་པ་དང་། དེའི་རྗེས་སུ་ཡོང་རྒྱུའི་གནད་དོན་དེ་མ་སླེབས་གོང་ནས་སེམས་ནང་ངེས་ཐུབ་པ་བྱེད་དགོས་ཀྱི་ཡོད། བརྗོད་གཞི་དེ་ཡང་ནས་ཡང་དུ་སློབ་སྦྱོང་བྱེད་དགོས་པ་ཞིག་རེད་ཅེས་བཤད་སོང་། ཐེངས་མ་རེ་རེ་བཞིན་ཐོག་མར་འགོ་འཛུགས་བྱེད་སར་འགྲོ་བའི་སྐབས། ལམ་གྱི་རིམ་པ་ཕྱི་མའི་ནང་གང་སྦྱངས་ཡོད་པ་དང་རན་འཚམས་སུ་འཇོག་འགོ་བཙུག་ཆོག །ང་ཚོས་ཇི་ཙམ་གྱི་གནད་དོན་གྱི་པར་རིས་ཆ་ཚང་མཉམ་དུ་རན་འཚམས་སུ་འཇོག་པ་དེའི་ཚོད་ཀྱིས་གོང་དུ་བཤད་པའི་སེམས་ཀྱི་གནས་བབས་དངོས་གནས་གོང་འཕེལ་གཏོང་བར། དེ་གསལ་བ་དང་ལས་སླ་བ་ཡོང་གི་ཡོད།

ཆོས་རྣམས་སྦྲེལ་མཐུད་ཀྱི་ལམ་ལུགས་ཤིག་དང་མི་ཚེའི་ནང་མཉམ་སྡེབ་བྱེད་པ།

བདེན་དོན་འདི་ལ་གཞི་བྱས་ཏེ། ངས་ཆོས་དེ་སྦྲེལ་མཐུད་དང་འབྲེལ་བའི་ཐོག་ནས་འགྲེལ་བརྗོད་བྱ་རྒྱུ་བསམ་བློ་གཏོང་འགོ་ཚུགས་པ་ཡིན། གང་ཡིན་ཞེ་ན། ལམ་རིམ་ཡོངས་སུ་རྫོགས་པ་ནི་སྦྲེལ་མཐུད་ཅིག་ཡིན་ཏེ། གནད་དོན་རེ་རེ་བཞིན་གཅིག་ནས་གཞན་ཚང་མར་སྦྲེལ་ཞིང་མཐུད་ནས་ཡོད། དེས་སྐྲུན་པའི་སྦྲེལ་མཐུད་དེ་དངོས་གནས་མགོ་རྙོག་ཚ་པོ་ཡོད་པ་དང་། ང་ཚོས་ཇི་ཙམ་འབྲེལ་མཐུད་མང་བ་གསར་རྟོགས་དང་བཟོ་སྐྲུན་བྱེད་པ་དེའི་ཚོད་ཀྱིས་ང་ཚོའི་གོ་རྟོགས་དེ་གཏིང་ཟབ་ཏུ་འགྲོ་གི་ཡོད། དེ་ལྟ་བུའི་སྦྲེལ་མཐུད་དེ་ལམ་རིམ་ཁོ་ནར་གཏོགས་པ་མ་ཟད། སངས་རྒྱས་ཀྱི་ཆོས་ཡོད་དོ་ཅོག་ཀྱང་གཏོགས་ཀྱི་ཡོད།
 
མཉམ་སྡེབ་དང་ཟུང་འབྲེལ་གྱི་བསམ་བློ་དེ་ནི་གནད་དོན་འདི་རྟོགས་པར་ཕན་པའི་རྣམ་པ་གཞན་ཞིག་རེད། ཆོས་དང་གནད་སྙིང་ཡོངས་སུ་རྫོགས་པ་གཅིག་ཏུ་མཉམ་སྡེབ་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོས་དེ་དག་རང་ངོས་ནས་མཉམ་སྡེབ་བྱེད་དགོས། ང་ཚོས་ཆོས་རྣམས་ཕན་ཚུན་མཉམ་སྡེབ་བྱེད་པ་ཙམ་མིན་པར། དེ་དག་ང་ཚོའི་རྣམ་པ་སྣ་ཚོགས་པ་དང་མི་ཚེ་དང་མཉམ་དུ་མཉམ་སྡེབ་བྱེད་དགོས། སྦྲེལ་མཐུད་དེ་འདིར་སླར་ཡང་ལག་བསྟར་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ལམ་རིམ་ནང་གི་གནད་དོན་ཆ་ཚང་ང་ཚོའི་མི་ཚེའི་རྣམ་པ་སྣ་ཚོགས་པ་དང་འབྲེལ་བ་མཐུད་དགོས་ཀྱི་ཡོད། གྲུབ་འབྲས་ལྡན་པའི་སྒོ་ནས་ང་ཚོས་དེ་ལྟར་བྱས་ཟིན་པའི་སྐབས། ང་ཚོས་དོན་ངོ་མར་ཆོས་དེ་སོ་སོའི་རྒྱུད་ལ་མཉམ་སྡེབ་བྱས་ཡོད།

ཆོས་ཡངས་པ།

ཆོས་དེ་ང་ཚོའི་མི་ཚེའི་ནང་མཉམ་སྡེབ་བྱེད་པའི་མཁོ་གལ་ནི། དམིགས་བསལ་ཀུན་སློང་གི་རིམ་པ་གསུམ་དང་འབྲེལ་བ་ཆགས་ཀྱི་ཡོད། ང་ཚོར་ཀུན་སློང་གི་རིམ་དེ་དག་གང་ཡང་མེད་པའི་སྔོན་དུ་ང་ཚོའི་ཐོག་མའི་ཐབས་ཚུལ་དེ་ངས་གང་བརྗོད་པའི་ “ཆོས་ཡངས་པ་” ཟེར་བ་དེ་སྲིད། དེ་ནི་ངས་ “ཆོས་ངོ་མ་” དང་ཁྱད་པར་འབྱེད་ཀྱི་ཡོད། དེ་ནི་བཏུང་བ་གྲང་མོ་ཀོ་ཀ་ཀོ་ལ་ངོ་མ་དང་རྫུས་མ་འདྲ་པོ་རེད། གང་ཡིན་ཟེར་ན། ཆོས་ཡངས་པ་ནི་ཚེ་འདི་ཡར་རྒྱས་གཏོང་བ་ཁོ་ནར་གོ་དགོས་པའི་ཆོས་ཀྱི་འགྲེལ་ཚུལ་ཞིག་རེད། ང་ཚོས་ཆོས་ལག་བསྟར་བྱས་ནས་ད་ལྟ་ཡོད་པའི་མི་ཚེ་ཏོག་ཙམ་བཟང་དུ་གཏོང་ཐབས་བྱེད་ཀྱིན་ཡོད། ཆོས་ངོ་མ་ནི་སྲོལ་རྒྱུན་གྱི་ཀུན་སློང་རིམ་པ་གསུམ་མམ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་ནང་གི་ཆོས་ཉམས་ལེན་དེ་ཡིན།
 
ཆོས་ཡངས་པ་སྦྱོང་བ་དང་ཉམས་ལེན་བྱེད་པ་དེ་ནང་ཆོས་གསོ་དཔྱད་རིག་པའི་རྣམ་པ་ཞིག་ལ་བེད་སྤྱོད་བྱེད་པ་དང་ཏོག་ཙམ་འདྲ་པོ་ཡོད། འདི་ལ་བསམས་ན་དོན་ངོ་མར་ཆོས་དེ་ཧ་ཅང་ཕན་ཐོགས་ཅན་ཞིག་ཡོང་ཆོག །ཇི་སྲིད་ང་ཚོས་ཆོང་ཡངས་པ་དེ་ཆོས་ངོ་མ་དང་མ་ནོར་བའམ་མ་རྨོངས་པའི་བར་དུ་ཆོས་ཡངས་པ་ལ་ནོར་འཁྲུལ་གང་ཡང་མེད། གང་ཡིན་ཞེ་ན། དེ་ནི་ཆོས་ཟེར་བ་དེ་གང་གི་སྐོར་ཤོད་ཀྱིན་ཡོད་པའི་ཁྱབ་ཚད་ཆ་ཚང་ལ་འགྲོ་གི་མེད། གལ་ཏེ་ང་ཚོ་རང་གིས་རང་ལ་དྲང་པོ་དྲང་གཞག་ཡིན་ན། ང་ཚོ་མང་ཆེ་བས་ཕལ་ཆེར་གཙོ་བོ་ཆོས་ཡངས་པ་ལ་དོ་སྣང་བྱེད་ཀྱི་ཡོད། ངའི་མི་ཚེའི་སྟོད་ཙམ་དེ་ནི་ངའི་དོ་སྣང་བྱེད་ས་དེ་རེད།

ལམ་རིམ་གྱི་ཆོས་ཡངས་པའི་འགྲེལ་ཚུལ། 

དགེ་བའི་བཤེས་གཉེན་ཞིག་ལ་བསྟེན་པ།

ལམ་རིམ་གྱི་ཆོས་ཡངས་པའི་འགྲེལ་ཚུལ་དེ་གང་རེད་དམ། གལ་ཏེ་ང་ཚོས་ཆོས་ལ་བལྟས་ན། དེས་ཐོག་མར་ལམ་གྱི་རྩ་བ་ནི་དགེ་བའི་བཤེས་གཉེན་བསྟེན་རྒྱུ་དེ་ཡིན་པར་གསུང་གི་ཡོད། ངའི་མི་ཚེའི་སྟོད་ཀྱི་ནང་ང་རང་ལ་དགེ་བའི་བཤེས་གཉེན་ཞིག་ཡོད་པ་དེ་བསོད་ནམས་ཅན་ཞིག་རེད། ཁོང་ལ་ཕྱི་ལོ་ ༡༩༥༩ སྔོན་ནས་སྲོལ་རྒྱུན་གྱི་སྦྱོང་བརྡར་ཆ་ཚང་བོད་དུ་ཐོབ་པ་དང་། དེ་ནས་མུ་མཐུད་དེ་བཙན་བྱོལ་དུ་སྦྱོང་བརྡར་གནང་ཡོད། ཁོང་གི་མཚན་ལ་དགེ་བཤེས་ངག་དབང་དར་རྒྱས་ལགས་ཞུ་གི་རེད། གང་ལྟར་ཡང་། ངས་ “རྩ་བ་” ཟེར་བའི་ཚིག་དེའི་དོན་རྟོགས་པར་ལོ་མང་འགོར་སོང་། ངས་རྩ་བ་ཟེར་བའི་དོན་དེ་རྟག་ཏུ་ནོར་ནས་འགོ་འཛུགས་སའི་དོན་ཡིན་པར་བསམ་གྱི་ཡོད། གང་ཡིན་ཟེར་ན། དམིགས་བསལ་ང་ཚོས་དེ་ནས་ལམ་རིམ་འགོ་འཛུགས་བྱེད་ཀྱི་ཡོད།
 
འོན་ཀྱང་དེ་ནི་རྩི་ཤིང་གི་རྩ་བ་ལྟ་བུ་རྩ་བ་ཟེར་བ་ཞིག་གི་སྣང་བརྙན་དེ་མིན། གང་ཡིན་ཟེར་ན། རྩི་ཤིང་ནི་རྩ་བ་ལས་མི་སྐྱེ་ཞིང་ས་བོན་ལས་སྐྱེ་གི་ཡོད། རྩ་བ་ནི་རྩི་ཤིང་གིས་གང་འབྱུང་བར་བྱེད་པའི་སྐྱེད་བྱེད་འཚོ་བཅུད་དེ་ཡིན་པ་དང་། དེ་ལ་བརྟེན་ནས་རྩི་ཤིང་དེ་སྐྱེ་ཐུབ་ཀྱི་ཡོད། རྩ་བ་དེས་གཞི་རྟེན་བྱས་ཏེ་རྩི་ཤིང་ལ་བརྟན་ཆ་སྦྱིན་གྱི་ཡོད། དེ་ག་ནང་བཞིན་དགེ་བའི་བཤེས་གཉེན་ལ་ཡང་དག་པར་བསྟེན་པ་དེས་ང་ཚོར་གཞི་རྟེན་ལྟ་བུ་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ཆོས་ཀྱི་ཐད་ལ་རྟོག་འཆར་ཡ་མཚན་ཅན་གྱི་འགྲུལ་བཞུད་ནང་འགྲོ་གི་མེད། དགེ་བའི་བཤེས་གཉེན་རྣམས་ཀྱིས་ང་ཚོ་ཡར་རྒྱས་གོང་འཕེལ་གཏོང་བར་བརྟེན་ཆོས་དངོས་ཀྱི་ལམ་དེ་ནོར་གྱི་མེད། དེ་ནི་རྩི་ཤིང་ཞིག་གི་རྩ་བའི་འཛིན་བྱེད་དང་ཧ་ཅང་འདྲ་ཆེ་ཞིང་། དེ་ལ་བརྟེན་ནས་དེ་རླུང་གིས་འཁྱེར་མི་ཐུབ། ང་ཚོར་ཐོབ་པའི་སེམས་སྐུལ་དེ་ཡང་དགེ་བའི་བཤེས་གཉེན་ནས་འཐོབ་ཀྱི་ཡོད། དེ་ལས་ང་ཚོ་ལམ་དུ་ཡར་རྒྱས་ལྡན་པར་སྐྱོད་ཐུབ་པའི་ནུས་པ་མཁོ་སྤྲོད་བྱེད་ཀྱི་ཡོད། དེ་མཚུངས་ང་ཚོར་ཆོས་དང་དེའི་འགྲེལ་བ་རྣམས་འཐོབ་ཡུལ་དེ་ཡང་དགེ་བའི་བཤེས་གཉེན་ཡིན་པ་ཤོད་ག་ལ་དགོས། ང་ཚོས་ནང་ཆོས་ཀྱི་སྐོར་དཔེ་དེབ་ཁག་ནས་སྦྱོང་ལོས་ཆོག །དཔེ་དེབ་དེ་དག་ནི་དགེ་བའི་བཤེས་གཉེན་རྣམས་ཀྱིས་མཛད་པ་དང་། དེ་དག་ལས་འགའ་ཞིག་ནང་པ་ཡིན་པ་དང་། དེ་ལས་ཉུང་བ་རྣམས་རྟོགས་པ་བརྙེས་པའི་བླ་མའམ་དགེ་བའི་བཤེས་གཉེན་རེད།
 
ང་རང་ཧ་ཝརྜ་ལ་སློབ་སྦྱོང་བྱེད་པའི་སྐབས། བོད་བརྒྱུད་ནང་བསྟན་ལ་འཇུག་རྒྱུ་དེ་ནི་གནའ་བོའི་ཨི་ཇིཔ་ཊའི་ཆོས་ལུགས་ནང་བཞིན་བེད་མེད་ཀྱི་སློབ་ཚན་ལྟ་བུ་ཞིག་རེད། འོན་ཀྱང་ང་རང་རྒྱ་གར་དུ་ཕྱིན་ནས་བོད་ཀྱི་ཚད་ལྡན་བླ་མ་དང་མཇལ་ཞིང་། ངའི་དགེ་བའི་བཤེས་གཉེན་དང་མཉམ་དུ་སློབ་སྦྱོང་བྱེད་འགོ་བཙུགས་པའི་སྐབས། ངས་ཆོས་ནི་ངོ་མ་ཡིན་པ་དང་། ནང་ཆོས་ད་དུང་གསོན་ཉམས་དོད་པོར་གནས་ཡོད་པ། སངས་རྒྱས་ཀྱི་ཆོས་ཀྱི་མིག་དཔེར་འོས་པའི་ངོ་མཚར་ཅན་གྱི་ཉམས་ལེན་པ་འཚོ་ཞིང་བཞུགས་པ་མང་པོ་ཡོད་པ་ཤེས་རྟོགས་བྱུང་། ད་དུང་ངའི་དགེ་བའི་བཤེས་གཉེན་ནས་ཐོབ་པའི་སེམས་སྐུལ་དེ་ནི་ཆོས་ཡངས་པའི་རིམ་པའི་སྒང་ལ་རེད། དེས་ང་རང་ལ་ཚེ་འདི་ཡར་རྒྱས་གཏོང་རྒྱུའི་ཆེད་ཆོས་ཉམས་ལེན་བྱེད་ཐབས་ལ་རམ་འདེགས་བྱས་སོང་།

ཐོག་མའི་ཀུན་སློང་། སྐྱེས་བུ་ཆུང་ངུའི་བསམ་པ།

ལམ་རིམ་གྱི་སྐྱེས་བུ་ཆུང་ངུའི་བསམ་པས། ཐོག་མར་རང་གིས་རང་ལ་བསམ་ཞིབ་བྱེད་དགོས་པའི་བསླབ་བྱ་དང་བཅས་ཏེ། ང་ཚོར་ཡོད་པའི་མི་ལུས་རིན་ཆེན་ལ་ཡི་རང་བྱ་རྒྱུའི་སྐོར་ཤོད་ཀྱིན་ཡོད། བྱས་ཙང་། ངས་རང་གིས་རང་ལ་བརྟག་དཔྱད་བྱས་ནས་ང་རང་དགེ་བའི་བཤེས་གཉེན་དང་སློབ་དཔོན་ཧ་ཅང་མང་པོའི་མདུན་ནས་སློབ་སྤྱོང་བྱ་རྒྱུའི་གོ་སྐབས་ཧ་ཅང་མང་པོ་ཐོབ་དང་འཐོབ་མུས་ཡིན་པ་དེ་གང་ལ་གང་འཚམ་གྱི་བསོད་ནམས་ཆེན་པོ་ཡིན་པ་དོ་སྣང་བྱུང་། དེའི་རྗེས་དམིགས་པ་དེ་འཆི་བ་དང་མི་རྟག་པའི་ཕྱོགས་སུ་ཁ་བསྒྱུར་དགོས་ཤིང་། དེ་ལ་བརྟེན་ནས་ང་ཚོར་ཐོབ་པའི་གོ་སྐབས་ནི་ཡུན་དུ་གནས་ཀྱི་མེད་པ་རྟོགས་པར་བྱེད་དགོས། སྐབས་འདིར་ངས་དེ་ལ་བསམ་ཤེས་བྱེད་ཆོག་པ་དང་། ངས་ང་རང་གི་ནུས་པ་དེ་བེད་སྤྱོད་གཏོང་འདོད་ཆེན་པོ་ཡོད། སྐབས་དེ་དུས་ང་རང་གཞོན་གཞོན་ཡིན་པ་དང་ཡར་རྒྱས་འགྲོ་བའི་ནུས་སྟོབས་དང་རྣམ་དཔྱོད་སོགས་ཡོད། དེ་ལ་ངས་ལས་སླ་པོའི་སྒོ་ནས་འགྲེལ་བརྗོད་བྱེད་ཆོག
 
དེ་ནས་ཆོས་ཀྱིས་སྐྱེ་བ་ཕྱི་མའི་ནང་འབྱུང་སྲིད་པའི་དམྱལ་བའི་ཁམས་ལྟ་བུ་ངན་སྲོང་གི་སྐྱེ་གནས་སྐོར་ཤོད་ཀྱི་ཡོད། ད་ངས་ “ཨོ། འདི་ནི་ཁོང་ཚོས་གང་ཡིད་ཆེས་པ་དེ་རེད། དེ་ནི་དོ་སྣང་བྱེད་འོས་པ་ཞིག་རེད་” ཅེས་མི་རིགས་རིག་པ་བ་ཞིག་གིས་དམངས་ཁྲོད་ཀྱི་གོམས་གཤིས་ལ་སློབ་སྦྱོང་བྱེད་པ་ནང་བཞིན་དེ་ལ་འཇུག་པ་རེད། དེ་ནས་ངས་ཤོག་ལྷེ་བརྗེ་པོ་རྒྱག་ནས་རང་ཉིད་དང་འབྲེལ་བ་ཆེ་བ་ཞིག་གི་སྟེང་ལ་འགྲོ་གི་ཡོད།
 
དེའི་རྗེས་སུ་སྐྱབས་འགྲོའི་སྐོར་གྱི་ཆོས་རྣམས་དང་། མཐར་ངས་དེ་ནི་ཧུར་བརྩོན་དང་མི་ལྡན་པའི་ཉམས་མྱོང་ཞིག་མིན་པ་རྟོགས་སོང་། ནང་ཆོས་ནང་། “ང་ལ་སྐྱོབས་ཤིག །སྐྱོབས་ཤིག” །ཟེར་བའི་བློའི་ཁྱེར་སོ་ཞིག་མེད། དེའི་ཚབ་ལ་ང་ཚོས་སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་བསྟེན་དགོས། ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ཀྱི་རྗེས་སུ་འཇུག་གི་ཡོད་པ་ངས་ཤེས། ད་དུང་དེ་དག་གི་ཡོན་ཏན་མང་པོ་ཞིག་ང་ཚོས་བགྲང་གི་ཡོད་ནའང་། དེ་དག་གི་དོན་དག་གང་ཡིན་ངས་ཤེས་ཀྱི་མེད། དེ་ནི་རང་གི་སྐེ་ལ་སྐུད་པ་དམར་པོ་ཞིག་བཏགས་པ་ལས་གོ་རྒྱུ་ཆེ་བ་ཡོད་པ་ངས་ཤེས། ཡིན་ནའང་ངས་དེའི་གཏིང་ཟབ་པའི་མཇུག་འབྲས་རྣམས་ཤེས་རྟོགས་མ་བྱུང་། ད་དུང་ཡང་ངས་ཁ་ཕྱོགས་དེར་སྐྱབས་སུ་འགྲོ་གི་ཡོད།
 
ལམ་རིམ་ནང་ལས་ཀྱི་སྐོར་གསུང་གི་ཡོད། དེ་ནི་གཞི་རྩའི་ཆ་ནས་མི་དགེ་བའི་སྤྱོད་ལམ་སྤོང་རྒྱུའི་སྐོར་རེད། དེ་ནི་སྐྱེ་བ་ཕྱི་མར་ངན་སོང་གི་སྐྱེ་བ་མི་ལེན་པའི་ཆེད་མི་དགེ་བའི་ལས་སྤོང་བ་དང་འབྲེལ་བའི་སྒོ་ནས་བསྟན་ཡོད་ནའང་། དེ་ནི་ཡིད་འགུགས་ནུས་ཀྱི་ཁྱད་ཆོས་ཤུགས་ཆེན་དེ་མ་རེད། ཡིན་ནའང་ད་དུང་དེས་མི་བཟང་པོ་ཞིག་ཡིན་པའི་དོན་བསྟན་ཡོད། གཞན་ལ་གནོད་འཚེ་མ་བྱོས། མི་དགེ་བའི་སྤྱོད་ལམ་མ་སྤེལ། ཁོང་ཁྲོ་དང་འདོད་རྔམ་ལ་བརྟེན་ནས་བྱ་སྤྱོད་མ་སྤེལ་སོགས་བརྗོད་པ་ལྟ་བུ་རེད། དེ་དག་ཐམས་ཅད་ནི་འགྲིག་པ་རེད། ངས་ཚང་མ་ངོས་ལེན་བྱེད་ཆོག །གང་ཡིན་ཟེར་ན། དེས་ཚེ་འདིའི་ནང་ང་རང་སྐྱིད་པ་ཞིག་ཇི་ལྟར་བཟོ་ངེས་པའང་ངས་མཐོང་ཐུབ། དེ་ནི་ཐོག་མའི་ཀུན་སློང་གི་ཆོས་ཡངས་པའི་འགྲེལ་ཚུལ་ཡང་དག་པ་ཞིག་རེད། ངས་དེའི་སྐབས་སུ་ཆོས་ཡངས་པ་ཡིན་པ་རྟོགས་མེད་ངེས་རེད། དེ་ནི་ཆོས་ཀྱིས་གང་གི་སྐོར་ཤོད་ཀྱིན་ཡོད་པ་དེ་རང་ཡིན་པ་ངས་དངོས་གནས་བསམས་སོང་།  

ཀུན་སློང་གི་རིམ་པ་བར་མ། སྐྱེས་བུ་འབྲིང་གི་བསམ་པ།

སྐྱེས་བུ་འབྲིང་གི་རིམ་པའི་སྐབས་སུ་སྐྱེ་བ་བཟང་པོའི་སྐོར་ལ་འགྲེལ་བརྗོད་བྱེད་པའི་ཐོག་ནས་འགོ་འཛུགས་བྱེད་ཀྱི་ཡོད། དེ་ག་ནང་བཞིན་འཁོར་བའི་སྡུག་བསྔལ་སྤྱིའི་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད། སླར་ཡང་འདིར་ལྷའི་སྐྱེ་གནས་ཀྱི་ཆ་ཤས་སྐོར་དེ་མི་རིགས་རིག་པའི་ནང་གི་སློབ་ཚན་གཞན་ཞིག་ལྟ་བུར་སྣང་ཡོད། འོན་ཀྱང་འཁོར་བའི་སྡུག་བསྔལ་གྱི་འགྲེལ་བརྗོད་དེ་ང་རང་ལ་དེའི་སྐབས་འབྲེལ་བ་རྦད་དེ་ཆེ་བ་འདུག །དེས་ང་ཚོ་རྟག་ཏུ་སུན་སྣང་ཅན་ཇི་ལྟར་ཆགས་པ་དང་། ང་ཚོར་གང་འདོད་པ་དེ་ཇི་ལྟར་ནམ་ཡང་འཐོབ་ཀྱི་མེད་པའི་སྐོར་ཞིབ་ཅིང་ཕྲ་བར་བཤད་ཡོད། དེའི་སྐོར་བསམ་བློ་གཏོང་རྒྱུ་དེ་གང་འཚམ་གྱི་ཡག་པོ་དང་གཏིང་ཟབ་པོ་རེད།

སྐྱེས་བུ་འབྲིང་གི་བསམ་པ་དེ་མུ་མཐུད་དེ་སེམས་བྱུང་དང་ཉོན་མོངས་ཐམས་ཅད་ལ་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། སེམས་ཚོར་དེ་དག་གིས་ང་ཚོའི་དཀའ་ངལ་གྱི་རྒྱུ་ཇི་ལྟར་བྱེད་ཀྱི་ཡོད་པའི་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད། ངས་འདི་ནི་ལམ་རིམ་གྱི་ནང་ནས་གསུངས་པའི་གནད་དོན་དོ་སྣང་ཆེ་ཤོས་བྱེད་དགོས་པ་དེ་རེད་བསམ་གྱི་ཡོད། དེ་ཡང་སེམས་ཚོར་གྱི་དཀའ་ངལ་འདྲ་མིན་དང་སྡུག་བསྔལ་རྣམས་ཇི་ལྟར་འབྱུང་གི་ཡོད་པ་དང་། དེ་དག་གི་རྒྱུ་དང་སེམས་བྱུང་གང་དང་ལྡན་པ། ང་ཚོས་དཀའ་ངལ་རྣམས་དངོས་སུ་ཇི་ལྟར་བཟོ་གི་ཡོད། དེ་ནི་ཧ་ཅང་ཡག་པོ་དང་། ངས་བླངས་པའི་སེམས་ཁམས་རིག་པའི་སློབ་ཚན་ཚང་མ་ལས་ལྷག་པའི་འདི་ནི་རྦད་དེ་ཡག་ག་རེད་འདུག །དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བར་སྐྱེ་འཇུག་གི་ཡོད་ཅེས་དངོས་གནས་བརྗོད་ཀྱིན་འདུག་པས། དེ་ངས་ཡག་པོ་ཞིག་ཤེས་མ་སོང་། འོན་ཀྱང་ངས་དེ་ཆོས་ཡངས་པའི་རིམ་པའི་ཐོག་ནས་ཤེས་རྟོགས་བྱུང་། དེ་ཡང་རང་ཉིད་ཀྱི་མི་ཚེའི་ནང་སེམས་ཁམས་ཀྱི་དཀའ་ངལ་སྣ་ཚོགས་པ་ཇི་ལྟར་བྱུང་བ་དེ་ཡིན་པར་ཆ་འཇོག་བྱེད་ཀྱི་ཡོད། དེ་ནི་ཧ་ཅང་ཕན་ཐོགས་ཆེན་པོ་འདུག

དེའི་རྗེས་ཀྱི་ལམ་རིམ་ནང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྐོར་སླེབས་ཀྱི་ཡོད། དེ་ནི་ཧ་ཅང་མགོ་རྙོག་ཅན་ཞིག་རེད། དེས་སླར་ཡང་སྐྱེ་བ་དེ་ཇི་ལྟར་བྱ་བ་བྱེད་ཀྱི་ཡོད་པའི་སྐོར་ཧ་ཅང་ཐད་ཀར་ཐོག་རྒྱས་བཤད་བྱེད་ཀྱི་ཡོད། འོན་ཀྱང་དེས་ཚེ་འདི་དང་འབྲེལ་བའི་ཐོག་གཏིང་ཟབ་པོའི་སྒོ་ནས་ཤེས་ཐབས་བྱས་མེད། གང་ཡིན་ཟེར་ན། དེའི་སྐབས་དོ་གལ་ཆེན་པོའི་སྒོ་ནས་སྐྱེ་བ་ཕྱི་མ་དང་སླར་ཡང་སྐྱེ་བ་ལེན་རྒྱུ་ནི་ཁག་པོ་ཡོད། དེ་ནི་ང་ཚོའི་རིག་གཞུང་གི་ཆ་ཤས་མིན་པ་དང་ང་རང་དེ་དང་མཉམ་དུ་འཚར་ལོངས་བྱུང་མེད་པ་ཙམ་རེད། ཡིན་ནའང་ངས་གུ་ཡངས་ཀྱི་བསམ་བློ་བཏང་ནས་བསམ་ཚུལ་དེ་ལ་ངོས་ལེན་མི་བྱེད་པ་བྱས་མེད། དེ་ལ་ངས་དྭོགས་གཞིའི་ཁེ་ཕན་འདྲ་པོ་སྤྲད་པ་ཡིན། གལ་ཏེ་ངས་དེ་ལས་གང་རྗེས་སུ་འབྲངས་པ་དེ་དོན་དང་ལྡན་ཞིང་ཕན་ཐོགས་ཆེན་པོ་བྱུང་ཡོད་ན། དེ་ནས་སླར་ཡང་སྐྱེ་རུང་བ་ཞིག་དང་གྲུབ་པ་ཞིག་ཡིན་སྲིད། ཡིན་ནའང་དྲང་པོར་ཞུས་ན། ངས་ཤེས་ཀྱི་མེད།

དེའི་རྗེས་སུ་ངེས་འབྱུང་སླེབ་ཀྱི་ཡོད། ངེས་འབྱུང་གི་སྐོར་དེ་ངས་ཚང་མ་བློས་གཏོང་བྱས་ནས་བྲག་ཕུག་ཅིག་གི་ནང་སྡོད་རྒྱུའི་རིམ་པ་སྟབས་བདེ་དེ་ལས་ལྷག་པ་ཞིག་ཡིན་པ་རྟོགས་སོང་། ངེས་འབྱུང་ཟེར་བ་ནི་འཁོར་བ་དང་སྡུག་བསྔལ་ལས་ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་དེ་ཡིན། ང་རང་ལོ་ན་དེའི་སྐབས་སུ་དཀའ་ངལ་དང་སྡུག་བསྔལ་ཡོད་པ་རྣམས་སྤོང་རྒྱུའི་འདུན་སེམས་ཡོད་ངེས་རེད། གང་ཡིན་ཞེ་ན། ན་གཞོན་གཞན་དག་ནང་བཞིན་ང་རང་ལའང་སེམས་ཚོར་ཀྱི་དཀའ་ངལ་འགའ་ཞིག་ཡོད། ང་རང་དཀའ་ངལ་དེ་དག་གི་རྒྱུ་ལས་ཐར་འདོད་ཡོད། འོན་ཀྱང་ངས་དེ་གང་ལ་གང་འཚམ་གྱི་ཕྱིའི་སྣང་ཚུལ་གྱི་རིམ་པའི་ཐོག་ནས་ཤེས་རྟོགས་བྱུང་། དཔེར་ན། སླར་ཡང་ཁོང་ཁྲོ་ནམ་ཡང་མི་ཟ་བ་དང་འདོད་རྔམ་ནམ་ཡང་མི་སྐྱེ་ན་ཅི་མ་རུང་བསམ་པ་ལྟ་བུ་རེད། དེའི་དོན་ནི་ངའི་ཟས་དགའ་ཤོས་དེ་ཅོག་རྩེའི་སྒང་ལ་ཡོད་པ་དང་། ཟས་དེ་ལས་གང་མང་མང་གང་ཐུབ་ཐུབ་ཀྱིས་བཟའ་རྒྱུའི་རྔམ་སེམས་དེ་ངས་སྤོང་འདོད་ཡོད་ཅེས་པ་དེ་རེད་དམ། དེ་ནི་དྲི་བ་གཞན་ཞིག་རེད།
 
ངེས་འབྱུང་གི་རྗེས་ལ་འཁོར་བ་ལས་ཐར་བའི་ལམ་ལྟ་བུ་ལྷག་པའི་བསླབ་པ་གསུམ་གྱི་སྐོར་འཚོལ་ཞིབ་བྱེད་ཀྱི་ཡོད། དེའི་ནང་ལྷག་པའི་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་བཅས་གསུམ་ཡོད། བསླབ་པ་གསུམ་གྱི་མཐའ་མ་དེ་ནི་གནས་ལུགས་དང་རྟོག་འཆར་དབར་རྣམ་པར་འབྱེད་པའི་ཤེས་རབ་དེ་རེད། དེ་ལ་ངས་དཀའ་ངལ་མེད་པའི་སྒོ་ནས་འགྲེལ་ཆོག
 
ངས་ཤེས་ཚོད་ལྟར་བྱས་ན། འདིས་གཞི་རྩའི་ཆ་ནས་སྐྱེས་བུ་འབྲིང་གི་བསམ་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། དེ་ཡང་ཆོས་ཡངས་པའི་སྟེང་ནས་ངའི་སེམས་ཚོར་གྱི་དཀའ་ངལ་རྣམས་མེད་པ་བཟོ་འདོད་ཡོད་པ་དེ་རེད། དཀའ་ངལ་དེ་དག་ཇི་ལྟར་བྱུང་ཡོད་པ་དང་། དེ་དག་ལས་ཇི་ལྟར་ཐར་བའི་ཁ་ཕྱོགས་བཟང་པོ་སྟོན་པའི་སྐོར་ནང་ཆོས་ནས་ཧ་ཅང་ཡག་པོ་འགྲེལ་བརྗོད་བྱས་ཡོད།

ཚད་མཐོའི་ཀུན་སློང་གི་རིམ་པ། སྐྱེས་བུ་ཆེན་པོའི་བསམ་པ།

ཚད་མཐོ་བའི་ཀུན་སློང་ལ་བརྟེན་ནས། ངས་ཐོག་མར་སེམས་ཅན་ཐམས་ཅད་ལ་བཏང་སྙོམས་ཀྱི་སེམས་དེ་ང་ཚོ་ཚང་མའི་རྒྱུད་ལ་ཇི་ལྟར་ཡོད་དགོས་པའི་སྐོར་སྦྱངས་ཡིན། དེ་ནི་དེའི་སྐབས་ཀྱི་སྤྱི་དམངས་ཀྱི་ཐོབ་ཐང་དང་བུད་མེད་རང་དབང་གི་ལས་འགུལ་དང་ཧ་ཅང་ལེགས་པོའི་ཐོག་རན་འཚམས་ཆགས་ཀྱི་ཡོད། མི་ཚང་མ་གཅིག་པ་རེད། བྱས་ཙང་། བཏང་སྙོམས་ནི་ང་རང་ལ་འགྲིག་པ་ཙམ་རེད། འོན་ཀྱང་བསམ་བློ་འདི་དུག་སྦྲང་དང་འབུ་ཞུ་ལུ་མ་ལ་རྒྱ་སྐྱེད་བཏང་ན། དེ་ནི་གནད་དོན་ཆ་ཚང་མི་འདྲ་བ་ལྟ་བུ་ཞིག་ཏུ་ཚོར་གྱི་རེད།
 
དངོས་གནས་བྱས་ན། ངས་རྒྱ་གར་ལ་ “འབུ་སྲིན་གྱི་གནས་” ཞེས་བརྗོད་འདོད་ཡོད་པ་དང་། ངས་རྟག་ཏུ་ཀྱལ་ཆ་དང་བཅས་ཏེ། རྒྱ་གར་དུ་འགྲིམ་འགྲུལ་གྱི་ཁྱབ་བསྒྲགས་སྐོར་ལ། “གལ་ཏེ་ཁྱེད་རང་འབུ་སྲིན་ལ་དགའ་ན། ཁྱེད་རང་རྒྱ་གར་ལ་དགའ་གི་རེད།” ཅེས་བརྗོད་ཀྱི་ཡོད། ངོས་རང་ཚན་རྩལ་རྟོག་སྒྲུང་ལ་དགའ་ཞེན་ཆེན་པོ་ཡོད་པའི་ཆ་ནས་དང་། དམིགས་བསལ་མཁའ་དབྱིངས་རྟོག་ཞིབ་དང་འབྲེལ་བའི་བརྒྱུད་སྦྲེལ་གློག་བརྙན་ Star Trek ༼སྐར་མའི་རྒྱང་བསྐྱོད་༽ དགའ་ཞེན་ཆེ་བས། ངས་འབུ་སྲིན་དེ་དག་འཛམ་གླིང་གཞན་ནས་སླེབས་པའི་ཡུལ་སྡོད་ཕྱི་མི་འདྲ་པོ་ལྟ་ངེས་རེད། གལ་ཏེ་ང་རང་ཡུལ་སྡོད་ཕྱི་མི་དང་ཐུག་ནས་ཁོང་ཚོ་ལ་རྐང་པ་དྲུག་དང་གཤོག་པ་སོགས་གང་ཡོད་རུང་། དེ་དག་གི་སྒང་ལ་གོམ་པ་སྤོ་རྒྱུ་ནི་ག་འདྲའི་ཞེད་སྣང་ཚ་པོ་ཡོད་དམ། དེ་ལྟར་ཇི་སྲིད་འབུ་སྲིན་དེ་དག་ངའི་ཉལ་ཁང་ནང་མེད་པ་དེ་སྲིད་དུ་ངས་འབུ་སྲིན་དང་མཉམ་དུ་ཞི་བདེ་ཏོག་ཙམ་བཟོ་ཐབས་བྱས་ཡིན།
 
གལ་ཏེ་ཁོང་ཚོ་ངའི་ཉལ་ཁང་དུ་སླེབས་ན། ངས་དེ་དག་ལ་ “ངོས་ལེན་མི་འོས་པའི་སེམས་ཅན་” ཞེས་འབོད་པ་དང་། ཁོང་ཚོ་དེ་ནས་འགྲོ་དགོས་ཀྱི་ཡོད། དེ་འདྲའི་སྐབས་ནས་འབུ་སྲིན་དེ་དག་ཕོར་པ་ཞིག་གི་ནང་བཟུང་བ་དང་། དེའི་འོག་ཏུ་ཤོག་གུ་འཇོག་པའི་སྒོ་ནས་ཕྱིར་འབུད་གཏོང་སྟངས་ཐད་གང་འཚམ་གྱི་ཕུལ་དུ་བྱུང་བའི་མཁས་པ་ཆགས་ཟིན་པ་རེད། ད་དུང་ངས་བོད་མི་གྲོགས་པོ་རྣམས་ལས་བར་སྣང་དཀྱིལ་དུ་འཕུར་བཞིན་པའི་སྦྲང་བུ་ཇི་ལྟར་འཛིན་དགོས་པའི་སྐོར་སྦྱངས་ཡིན། ཁོང་ཚོས་དེ་ནི་ཆོབ་དང་སྐྱིད་ཚོར་ཆེད་དུ་བྱེད་སྲོལ་འདུག །ཁོང་ཚོས་སྦྲང་བུ་ཞིག་བཟུང་ནས་དེ་དཀྲུག་དཀྲུག་ཡག་པོ་བཏང་སྟེ་གློད་ཀྱི་འདུག །མགོ་ཡོམ་འཁོར་བའི་སྦྲང་བུ་དེ་འཐོམ་བཞིན་དུ་འཕུར་བ་དང་ཚང་མས་གད་མོས་རིལ་གྱི་ཡོད། ང་རང་དེའི་སྐབས་ཚད་མཐོ་པོ་དེ་འདྲ་མེད་པས། ངས་སྦྲང་བུ་ཕྱི་རུ་འཁྱེར་གྱི་ཡོད།
 
བཏང་སྙོམས་ཀྱི་སྐོར་ངོ་སྤྲོད་བྱས་ཟིན་པའི་རྗེས་སུ་ལམ་རིམ་ནང་། སེམས་ཅན་ཐམས་ཅད་རང་གི་མ་ཡིན་པར་བསམ་དགོས་ཞེས་ང་ཚོར་ལམ་སྟོན་བྱེད་ཀྱི་ཡོད། འདི་ནི་གང་འཚམ་གྱི་ཁྱད་མཚར་པོ་ཞིག་ཡོད་སྲིད་ཀྱང་། ང་རང་ལྟ་བུར་མཚོན་ན། ངའི་ཨ་མ་ལགས་དང་མཉམ་དུ་འབྲེལ་བ་གང་འཚམ་གྱི་ཡག་པོ་ཡོད་པས། དེ་ང་རང་ལ་དཀའ་ལས་ཆེན་པོ་བྱུང་མ་སོང་། དེ་ནི་མུ་མཐུད་དེ་ལམ་གྱི་རིམ་པ་སྣ་ཚོགས་པ་བརྒྱུད་པ་དང་། བྱམས་པ་དང་། སྙིང་རྗེ། གཞན་ཚང་མ་དེ་བ་དང་ལྡན་ཞིང་། སྡུག་བསྔལ་དང་འབྲལ་བར་སྨོན་གྱི་ཡོད། བྱམས་པའམ་བརྩེ་བ་ནི་ཧི་པཱི་དུས་རབས་སྐབས་ཀྱི་བརྗོད་གཞི་གཙོ་བོ་དེ་རེད། བྱས་ཙང་། དེ་ནི་འགྲིག་པ་རེད། དེ་ག་ནང་བཞིན་གཞན་ལ་ཕན་པའི་འགན་དེ་རང་གིས་འཁུར་བའི་བསམ་བློ་དེ་ཡང་ང་རང་ལ་འགྲིག་པ་ལྟར་སྣང་སོང་།
 
གཞན་ལ་ཕན་པའི་འགན་དེ་རང་གིས་འཁུར་བའི་ཐབས་ཡག་ཤོས་དེ་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་ཡིན་པ་ངས་ཤེས་སོང་། འོན་ཀྱང་ངས་དེའི་དོན་གང་ཡིན་དངོས་གནས་ཤེས་མ་སོང་། ཡག་ཤོས་ཟེར་བ་དེ་མཚོན་པར་བྱེད་པའི་ཡོན་ཏན་ཧ་ཅང་མང་པོ་ཞིག་འདུག །བྱས་ཙང་། བསམ་བློ་ནི་བཟང་ཤོས་དང་ཡག་ཤོས་ལ་དམིགས་རྒྱུ་དེ་རེད། རེད། སངས་རྒྱས་ཀྱི་གོ་འཕང་འཐོབ་པ་དེ་སྤྱི་དམངས་ཀྱི་ཐོང་ཐང་གི་གོམ་འགྲོས་ལ་འགྲོ་བ་ལས་ལྷག་པའི་གཞན་ལ་ཕན་འདོགས་ཐུབ་སྲིད། དེ་ནི་གོམ་འགྲོས་དེ་དག་ཕན་མེད་དུ་མི་བཟོ་པར། འདིར་ང་ཚོས་གཞན་ལ་ཕན་ཇི་ལྟར་འདོགས་ཐུབ་པའི་དམིགས་འདུན་རྒྱ་ཆེ་བ་ཞིག་ཡོད། དེའི་སྐབས་སུ་ངས་སངས་རྒྱས་ཀྱི་སྣང་བརྙན་དང་སྤྱིར་བཏང་གི་སྟོབས་ཤུགས་ལས་བརྒལ་བའི་མི་རྩལ་པོ་ཆེ་གཉིས་ཅུང་མཉམ་བསྲེས་བཏང་ཡོད་སྲིད།
 
དེ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྐོར་རེད། འདི་ལ་ངས་ “རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་” ཞེས་ཟེར་གྱི་ཡོད། དེ་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ལམ་ལྟ་བུ་ཡིན། དེ་དག་ཐམས་ཅད་ལ་གོ་རྒྱུ་ཧ་ཅང་ཡག་པོ་ཡོད། སྦྱིན་པ་གཏོང་དགོས་པ་དང་། ཚུལ་ཁྲིམས་དང་མཐུན་པར་བྱ་སྤྱོད་སྤེལ་དགོས་པ། བཟོད་པ་སྒོམ་དགོས་པ། བརྩོན་འགྲུས་རྩོམ་དགོས་པ། དེ་དག་ཐམས་ཅད་སུས་ནོར་འཁྲུལ་བྱེད་སྲིད་དམ། བསམ་གཏན་གྱི་སྐོར་དེ་ཧ་ཅང་ཞིབ་ཅིང་ཕྲ་བའི་སྒོ་ནས་ངོ་སྤྲོད་བྱས་ཡོད། ཧང་སངས་དགོས་པའི་ཞིབ་ཚགས་པོ་བཤད་ཡོད། དེས་སྟོང་ཉིད་ཀྱི་སྐོར་ལ་ཁྲིད་ཀྱི་ཡོད། དེ་ལ་གོ་བ་རྙེད་ཧ་ཅང་དཀའ་བ་ནི་ཤོད་ག་ལ་དགོས། འོན་ཀྱང་དེ་དག་ནི་ཡིད་དབང་འཕྲོག་པ་དང་། ང་རང་དེའི་སྐོར་འཚོལ་ཞིབ་གང་མང་བྱེད་འདོད་ཡོད། སྟོང་ཉིད་ལ་ཇི་ཙམ་གྱི་གཏིང་ཟབ་པ་འཚོལ་ཞིབ་བྱེད་པ་དེའི་ཚོད་ཀྱིས་བདག་དང་གཞན་རྣམས་ཇི་ལྟར་གནས་པའི་སྐོར་གྱི་རྟོག་འཆར་དེ་སྤོང་ཐུབ་ཀྱི་འདུག
 
ང་རང་བྱང་ཆུབ་སེམས་དཔའི་སྡོམ་པར་དགའ་སོང་། གང་ཡིན་ཟེར་ན། དེ་དག་གིས་གཞན་དང་འབྲེལ་བའི་དཀའ་ངལ་གྱི་རྒྱུ་བྱེད་པའི་རིགས་ཚང་མ་སྤོང་རྒྱུར་གསལ་པོའི་སྒོ་ནས་མཛུབ་སྟོན་བྱེད་ཀྱི་ཡོད། དེ་ནི་ཧ་ཅང་ཡག་པོ་རེད་བསམས་སོང་། གང་ཡིན་ཞེ་ན། ང་རང་ལ་དངོས་གནས་གཞན་དང་འབྲེལ་བའི་དཀའ་ངལ་ངོ་མ་ཡོད་པ་དང་། རྒྱུ་མཚན་དེ་ལ་བརྟེན་ནས་དེ་ནི་གང་སྤོང་དགོས་པའི་ལམ་ཡིག་ཕུལ་དུ་བྱུང་བ་ཞིག་དང་འདྲ་བ་རེད། ངས་བྱང་ཆུབ་ཀྱི་སེམས་ནི་གཞན་ཐམས་ཅད་ལ་ཕན་ཕྱིར་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་དམིགས་རྒྱུ་དེ་ཡིན་པ་ཤེས་སོང་། འོན་ཀྱང་སྐབས་དེར་དེ་ལས་ཟབ་པ་གང་ཡང་མེད་པ་དང་། དེ་ནི་འགྲིག་ཚོད་ཀྱི་སྟབས་བདེ་ཞིག་ཏུ་སྣང་། འདི་ལ་གཞི་རྟེན་བྱས་ནས། གོ་རྟོགས་ཀྱི་རིགས་འདི་ལམ་རིམ་གྱི་ཚད་མཐོའི་ཀུན་སློང་ངམ་སྐྱེས་བུ་ཆེན་པོའི་བསམ་པ་བརྒྱུད་འགྲོ་བ་དང་བཅས་ཏེ། ངས་གཞན་ཚང་མར་ཕན་འདོགས་ཐབས་བྱེད་རྩིས་ཡོད། ངས་ཚང་མར་དགའ་པོ་བྱེད་ཀྱི་རེད། གང་ཡིན་ཟེར་ན། ང་ཚོ་ཚང་མ་གཅིག་པ་རེད། ངས་གང་ཐུབ་ཅི་ཐུབ་ཀྱིས་ཐབས་ཤེས་ཡག་ཤོས་དེ་བྱེད་རྩིས་ཡོད།
 
དེའི་རྗེས་སུ་གསང་སྔགས་ཀྱི་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་ཡོད། དེའི་ནང་ང་ཚོས་ཚེ་འདིའི་ནང་ཉམས་ལེན་ཐོག་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་ཅེས་བཤད་ཡོད། འདིས་ངས་ཚེ་ཕྱི་མ་སོགས་ཀྱི་སྐོར་ལ་བསམ་བློ་མང་པོ་གཏོང་དགོས་ཀྱི་མེད་པ་ངེས་པ་ཚོར་སོང་། གང་ཡིན་ཞེ་ན། དེ་དག་ཐམས་ཅད་ཚེ་འདི་རང་གི་ནང་རེད། འདི་ནི་ཡང་དག་པའི་ཆོས་ཡངས་པ་ཡིན་པ་དང་། ཐོག་མར་ལམ་རིམ་སློབ་སྦྱོང་བྱས་པའི་རྗེས་ལ་ང་ཚོ་ག་ཚོད་ཙམ་གྱིས་དེ་འཐོབ་ཐུབ་ཀྱི་རེད་བསམ་གྱི་འདུག །ང་ཚོས་ཡང་སེ་གཏིང་ཟབ་པོ་སློབ་སྦྱོང་བྱེད་པ་ཟེར་དུས་འདི་གྲངས་འདྲེན་བརྒྱད་དང་ཕ་གི་གྲངས་འདྲེན་བཅུ་སོགས་སྦྱོང་རྒྱུ་དེ་ཡིན་པར་བསམ་གྱི་ཡོད། གལ་ཏེ་ང་ཚོས་དངོས་གནས་སྦྱངས་ན། ང་ཚོས་གོ་རྟོགས་དངོས་གནས་གཏིང་ཟབ་ཏུ་བཏང་ཡོད། ང་ཚོས་ཞིབ་ཕྲ་དེ་དག་ཚང་མ་ཤེས་ན་ཡག་པོ་ཡོད། འོན་ཀྱང་ང་ཚོ་ད་དུང་ཆོས་ཡངས་པའི་རིམ་པའི་སྒང་ལ་ཡོད།  

འཕགས་པའི་བདེན་པ་བཞི།

ངས་ཆོས་ལ་སློབ་སྦྱོང་བྱས་ནས་རྒྱ་གར་ལ་ལོ་གཉིས་ཀྱི་རིང་བསྡད་པ་ཡིན། དེ་ནས་ཨ་རི་ལ་ངའི་དཔྱད་རྩོམ་འབུལ་ཆེད་ལོག་ཕྱིན་པ་ཡིན། དེ་ནས་སླར་ཡང་རྒྱ་གར་ལ་ལོག་ནས་དེར་ལོ་ངོ་ཉི་ཤུ་རྩ་བདུན་རིང་སོ་སོའི་ནང་ལྟར་བྱས་ནས་བསྡད་པ་དང་། ཇི་ལྟར་ངའི་དགེ་བའི་བཤེས་གཉེན་གྱིས་སློབ་སྟོན་གནང་བ་ལྟར། ངས་སློབ་སྦྱོང་གང་མང་སྦྱངས་པ་དང་དེ་དག་ཐམས་ཅད་ངའི་སྒོམ་གྱི་ནང་གཅིག་ཏུ་ལག་བསྟར་བྱེད་འགོ་ཚུགས་པ་ཡིན། སངས་རྒྱས་ཀྱིས་ཆོས་གསུང་སྟངས་དེ་ཆོས་ཁྱབ་སྤེལ་གཏོང་སྟངས་ཡག་ཤོས་དེ་ཡིན་པར་རྟག་ཏུ་ནན་བརྗོད་བྱས་ཡོད། ཁོང་གི་ཆོས་ཇི་ལྟར་གསུངས་ཡོད་དམ། སངས་རྒྱས་ཀྱིས་འཕགས་པའི་བདེན་པ་བཞི་དང་དེ་དག་འཕགས་པའི་བདེན་པ་བཞིའི་སྒྲོམ་གཞིའི་ནང་གསུངས་ཡོད། ང་ཚོས་སངས་རྒྱས་ལས་ཡག་ག་བྱེད་ཐུབ་པ་ལྟ་བུའི་ཧ་ཅང་ཁེངས་དྲེགས་ཅན་མ་བྱས་ན་ཡག་ཤོས་རེད། དེར་བརྟེན་ངས་བསླབ་བྱའི་རྗེས་སུ་འཇུག་ཐབས་བྱས་ཏེ། ལམ་རིམ་དེ་འཕགས་པའི་བདེན་པ་བཞི་དང་མཉམ་དུ་ཉམས་ལེན་བྱས་ཡིན་།

ཁྱེད་རང་ཚོ་ཕལ་ཆེར་འཕགས་པའི་བདེན་པ་བཞི་ལ་རྒྱུས་མངའ་ཡོད་ཤས་ཆེ། འོན་ཀྱང་མདོར་བསྡུས་ན། དེ་དག་ནི་འཕགས་པའི་གང་ཟག་རྣམས་ཀྱིས་གཟིགས་པའི་བདེན་པ་རྣམས་རེད། འཕགས་པ་རྣམས་ཀྱིས་རྟོག་མེད་ཀྱི་སྒོ་ནས་སྟོང་ཉིད་རྟོགས་ཡོད། གང་ལྟར་ཡང་། དེ་དག་ནི་བདེན་དོན་རྣམས་ཡིན་ཏེ། རྟོག་མེད་ཀྱི་སྒོ་ནས་གནས་ལུགས་མ་མཐོང་བ་རྣམས་ཀྱིས་དེ་དག་བདེན་པར་ངོས་མི་འཛིན་པ་སྲིད།
 
འཕགས་པའི་བདེན་པ་དང་པོ་ནི། སྡུག་བསྔལ་ཡོད་པ་དེ་རེད། ང་ཚོའི་མི་ཚེའི་ནང་འཕྲད་པའི་དཀའ་ངལ་གྱི་རིགས་མི་འདྲ་བ་མང་པོ་ཞིག་སངས་རྒྱས་ཀྱིས་གསུངས་ཡོད་པ་དེ་དག་ནི་སྡུག་བསྔལ་གྱི་བདེན་པ་རེད། ཡིན་ནའང་སོ་སྐྱེའམ་གང་ཟག་ཕལ་པ་རྣམས་ཀྱིས་བདེ་བ་ཉི་ཚེ་བ་ལྟ་བུ་ནི་དཀའ་ངལ་ཞིག་ལ་ནམ་རྒྱུན་བསམ་བློ་གཏོང་གི་མེད། འོན་ཀྱང་གལ་ཏེ་ཁྱེད་ཀྱིས་གཏིང་ཟབ་པ་བལྟས་ན། དེ་དག་ཀྱང་དངོས་གནས་དྲང་གནས་སྡུག་བསྔལ་གྱི་རྣམ་པ་ཞིག་རེད། གང་ཡིན་ཟེར་ན། བདེ་བ་ཉི་ཚེ་བ་ལ་བརྟེན་ནས་ང་ཚོ་ལ་ནམ་ཡང་འདོད་པ་ཁེངས་པ་ཡོང་གི་མེད། དེ་ནི་ནམ་ཡང་ཚིམ་རྒྱུ་མེད་པ་ཞིག་དང་ཡུན་གནས་མི་ཐུབ་པ་ཞིག་རེད།
 
གཉིས་པ་སངས་རྒྱས་ཀྱིས་མ་རིག་པའམ་རྨོངས་པ་སྟེ། དངོས་པོའི་གནས་ལུགས་ལ་རྨོངས་པ་དེ་ནི་ང་ཚོའི་སྡུག་བསྔལ་གྱི་ངོ་མ་ཡིན་པར་གསུངས། ང་ཚོས་འཆར་ཅན་ལྟར་འབྲེལ་བ་འདི་བཟོ་གི་མེད་སྲིད། འཕགས་པའི་བདེན་པ་གསུམ་པའི་ནང་། སངས་རྒྱས་ཀྱིས་ང་ཚོའི་སྡུག་བསྔལ་རྣམས་འགོག་ཐུབ་པའི་འགོག་བདེན་ཡོད་པར་གསུངས་ཡོད། དེ་ལ་ནམ་རྒྱུན་ཨིན་སྐད་ནང་ cessation འགོག་པ་ཞེས་བསྒྱུར་ཡོད། གཞི་རྩའི་ཆ་ནས་སྡུག་བསྔལ་ནི་རྩ་ནས་མེད་པ་བཟོ་ཐུབ། ང་ཚོས་སྡུག་བསྔལ་སྤོང་རུང་བའི་འགོག་པའི་བདེན་པ་ཞིག་ཡོད་པའི་ཐོག་བསམ་བློ་མི་གཏོང་བ་སྲིད་ཀྱང་། སྡུག་བསྔལ་འགོག་ཐུབ་པ་ནི་བདེན་པ་ཡིན། མཐར་འཕགས་པའི་བདེན་པ་བཞི་པ་ལ་བརྟེན་ནས། གལ་ཏེ་ང་ཚོས་སེམས་ཀྱི་ལམ་དེའི་རྗེས་སུ་འབྲངས་ནས་གོང་འཕེལ་བཏང་ན། དེས་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་མེད་པ་བཟོ་ཐུབ་ཅེས་སངས་རྒྱས་ཀྱིས་གསུངས་ཡོད། སྡུག་བསྔལ་རྣམས་དོན་ངོ་མར་རྩ་ནས་སྤོང་ཐུབ་པའི་འགོག་པའི་བདེན་པ་ཞིག་ཡོད། དེ་དག་ནི་སྟབས་བདེའི་སྒོ་ནས་བཤད་ན། འཕགས་པའི་བདེན་པ་བཞི་རེད།

འཕགས་པའི་བདེན་པ་བཞི་དང་འབྲེལ་བའི་ལམ་རིམ་གྱི་ཀུན་སློང་ངོ་མ་གསུམ།

ཐོག་མའི་ཀུན་སློང་།

འཕགས་པའི་བདེན་པ་བཞི་དང་འབྲེལ་བའི་ལམ་རིམ་གྱི་ཀུན་སློང་ངོ་མ་གསུམ་གྱི་སྐོར་བལྟ་རྒྱུ་དེ་གང་འཚམ་གྱི་ཕན་ཐོགས་ཅན་ཞིག་ཡིན་སྲིད། འདིར་སྡུག་བསྔལ་བདེན་པ་ནི། ངན་སོང་གི་སྐྱེ་གནས་སུ་མྱོང་བའི་སྡུག་བསྔལ་རྣམས་རེད། སྡུག་བསྔལ་གྱི་བདེན་པ་ལ་དབྱེ་ན་གསུམ་ཡོད། དང་པོ་ནི། སྡུག་བསྔལ་གྱི་སྡུག་བསྔལ་རེད། དེ་ནི་སྤྱིར་བཏང་གི་མི་སྐྱིད་པའམ་སྡུག་བསྔལ་དེ་རེད། མི་སྐྱིད་པ་འདིས་མཐོང་བ་དང་། ཐོས་པ། ཟུག་རྔུ་ཚོར་བ་སོགས་དབང་པོའི་ཤེས་པ་གང་རུང་གི་གྲོགས་བྱེད་ཆོག །ཡང་ན་དེས་ཡིད་ཤེས་ཀྱི་གྲོགས་ཀྱང་བྱེད་ཆོག །ལམ་རིམ་གྱི་ཐོག་མའི་ཀུན་སློང་ལྟར་བྱས་ན། གང་ལྟར་ཡང་། ཧ་ཅང་མང་བའི་སྡུག་བསྔལ་གྱི་སྡུག་བསྔལ་དང་ལྡན་པ་འདི་ནི་ངན་འགྲོའི་སྡུག་བསྔལ་གྱིས་མཚོན་པར་བྱས་ཡོད། དེ་འདྲའི་ངན་སོང་གི་སྐྱེ་བའི་སྡུག་བསྔལ་གྱི་རྒྱུ་ནི་མི་དགེ་བའི་ལས་བརྩམས་པ་ལས་བྱུང་བ་དང་། དེའི་སྤོང་བའི་འགོག་པའི་བདེན་པ་ནི་དེ་ལྟའི་ངན་འགྲོའི་གནས་སུ་སླར་ནམ་ཡང་མི་སྐྱེ་བར། བདེ་འགྲོའམ་སྐྱེ་བ་བཟང་པོ་ཁོ་ན་ལེན་པ་དེ་རེད། དེར་འཁྲིད་པའི་ལམ་གྱི་བདེན་པ་ནི་སྐྱབས་འགྲོའམ། ཡང་ན་ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་ཞིག་སོ་སོའི་མི་ཚེའི་ནང་བསྟེན་པ་དེ་རེད། དེའི་སྒང་ལ་སེམས་ཀྱི་ལམ་ནི་ཆོས་དང་། སངས་རྒྱས། འཕགས་པའི་དགེ་འདུན་རྣམས་ཀྱིས་མི་དགེ་བའི་སྤྱོད་ལམ་ཇི་ལྟར་སྤོང་བའི་དཔེ་ངོ་མའི་རྗེས་སུ་འཇུག་དགོས།
 
འདིས་ཐོག་མའི་ཀུན་སློང་གི་རིམ་པའམ་སྐྱེས་བུ་ཆུང་ངུའི་བསམ་པ་དེ་འཕགས་པའི་བདེན་པ་བཞི་དང་མཉམ་སྡེབ་བྱེད་ཀྱི་ཡོད། ང་ཚོས་ཉོན་མོངས་དང་ངང་ངམ་ཤུགས་ཀྱི་དེའི་གཞི་རྟེན་བྱེད་པའི་མི་དགེ་བའི་སྤྱོད་ལམ་གྱི་རྒྱུ་ངོ་མ་ནི་ལས་འབྲས་ལ་རྨོངས་པའི་མ་རིག་པ་དེ་ཡིན་པ་ང་ཚོས་སློབ་སྦྱོང་བྱེད་ཀྱི་ཡོད། དེ་ལ་གོ་རྟོགས་རྙེད་པའི་ཐོག་ང་ཚོས་ཁོང་ཁྲོ་དང་འདོད་རྔམ་སོགས་ཀྱི་དབང་དུ་བྱ་སྤྱོད་སྤེལ་རྒྱུ་ཚོར་སྣང་ཡོང་བའི་སྐབས། རང་ཚོད་ཟིན་ནས་བྱ་སྤྱོད་དེ་སྤེལ་གྱི་མེད། དཔེར་ན། ངས་མི་ཞིག་ལ་ད་དུང་ཡང་ཁོང་ཁྲོ་བྱེད་སྲིད་ནའང་། ངས་ཁ་བཙུམས་ནས་སྐད་ལོག་མི་རྒྱག་པ་དང་། ཚིག་རྩུབ་དེ་འདྲ་གང་ཡང་བརྗོད་ཀྱི་མ་རེད། གང་ཡིན་ཞེ་ན། གལ་ཏེ་དེ་ལྟར་བྱས་ན། དེས་ད་དུང་མུ་མཐུད་དཀའ་ངལ་དང་སྡུག་བསྔལ་འབྱུང་གི་ཡོད་པ་ངས་ཤེས་ཀྱི་ཡོད།

འདི་ནི་ཆོས་ཡངས་པའི་འགྲེལ་ཚུལ་ལས་ཀྱང་གཏིང་ཟབ་པའི་ཐོག་མའི་ཀུན་སློང་གི་གོ་རྟོགས་ཤིག་ཡིན།

ཀུན་སློང་གི་རིམ་པ་བར་མ།

དེའི་རྗེས་ང་ཚོར་སྐྱེས་བུ་འབྲིང་གི་བསམ་པ་དེ་རེད། དེ་ནི་སངས་རྒྱས་ཀྱིས་གསུངས་པའི་གཉིས་པ་སྡུག་བསྔལ་གྱི་རིགས་གཉིས་དང་འབྲེལ་བ་ཆགས་ཀྱི་ཡོད། འགྱུར་བའི་སྡུག་བསྔལ་ནི། ང་ཚོའི་བདེ་བ་ཉི་ཚེ་བ་སྟེ། སྡུག་བསྔལ་དང་འདྲ་བར་དབང་ཤེས་དང་ཡིད་ཤེས་གང་རུང་གིས་གྲོགས་བྱེད་ཀྱི་ཡོད། དེ་ནི་དཀའ་ངལ་ཞིག་རེད། གང་ཡིན་ཟེར་ན། དེ་ནི་ནམ་ཡང་ཡུན་དུ་མི་གནས་ཤིང་འདོད་བློ་ཚིམས་པ་ཞིག་མེད། དེ་མི་སྐྱིད་པའམ་སྡུག་བསྔལ་ལ་འགྱུར་འགྲོ་གི་ཡོད་པ་དང་། ང་ཚོས་དེ་ག་དུས་འགྱུར་འགྲོ་གི་ཡོད་མེད་ཀྱང་ཡང་ཤེས་ཀྱི་མེད། དཔེ་མཚོན་ལས་སླ་ཤོས་ཤིག་ནི། ང་ཚོས་སོ་སོའི་ཁ་ལག་དགའ་ཤོས་དེ་བཟའ་བའི་སྐབས་རེད། གལ་ཏེ་དེ་ནི་དངོས་གནས་དྲང་གནས་ཀྱི་བདེ་སྐྱིད་ཅིག་ཡིན་ན། དེ་ནས་ང་ཚོས་ག་ཚོད་མང་བ་བཟས་པ་དེའི་ཚོད་ཀྱིས་ང་ཚོ་སྐྱིད་པ་ཡོང་དགོས་ངེས་རེད། འོན་ཀྱང་ང་ཚོས་ཚད་ངེས་ཅན་ཞིག་ལ་སླེབས་པ་དང་ག་ཚོད་མང་བ་བཟས་པ་དེས་ན་ཚ་དང་མི་སྐྱིད་པ་བཟོ་གི་ཡོད།
 
དེ་ལས་གལ་ཆེ་བ་ནི་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པའི་ནང་བསྟན་པའི་སྡུག་བསྔལ་གྱི་བདེན་པ་གསུམ་པ་དེ་རེད། དེ་ལ་ང་ཚོས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་ཟེར་གྱི་ཡོད། ཨིན་སྐད་ནང་ all-pervasive affecting suffering ཟེར་དུས་ཏོག་ཙམ་ཁྱད་མཚར་ཞིག་ཡོད། འོན་ཀྱང་དེ་ནི་ང་ཚོ་འཚོ་ཞིང་གནས་པའི་སྐད་ཅིག་རེ་རེ་དང་། ང་ཚོས་གང་མྱོང་བ་ཚང་མར་ཤུགས་རྐྱེན་བྱེད་ཀྱི་ཡོད། དོན་ངོ་མར་དེས་སྡུག་བསྔལ་གྱི་རིགས་དང་པོ་གཉིས་དེ་འབྱུང་བར་བྱེད་པར་གོ་གི་ཡོད།
 
ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་འདིས་ང་ཚོའི་མྱོང་བའི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་ཕུང་པོ་དེ་སྟོན་གྱི་ཡོད། དེ་ནི་ང་ཚོའི་མྱོང་བའི་སྐད་ཅིག་རེ་རེའི་ནང་གི་ཕུང་པོ་ལྔ་པོ་རེད། སྟབས་བདེ་པོའི་སྒོ་ནས་བརྗོད་ན། དེས་ང་ཚོའི་མྱོང་བའི་སྐད་ཅིག་རེ་རེ་སྐྲུན་པའི་ལུས་དང་སེམས། དེ་ག་ནང་བཞིན་རྟག་ཏུ་འགྱུར་བཞིན་པའི་སེམས་བྱུང་སྣ་ཚོགས་པ་སོགས་ཚང་མའི་སྐོར་ཤོད་ཀྱིན་ཡོད། དེ་དག་གི་རྒྱུན་དེ་སྐད་ཅིག་ནས་སྐད་ཅིག་ཏུ་མུ་མཐུད་དེ་འགྲོ་བཞིན་ཡོད། དེ་ཡང་ཚེ་འདི་ཙམ་མིན་པར་ཚེ་རབས་ཐམས་ཅད་དུ་འགྲོ་གི་ཡོད། དེ་དག་ང་ཚོའི་ཉོན་མོངས་དང་དེའི་སྟེང་དུ་བྱ་སྤྱོད་སྤེལ་ནས་བསགས་པའི་ལས་ལ་བརྟེན་ནས་འབྱུང་གི་ཡོད། ང་ཚོའི་སེམས་དེ་མུ་མཐུད་ལས་དང་ཉོན་མོངས་གང་མང་དང་ལྡན་པར་བྱེད་ཀྱི་ཡོད། དེ་དག་ཀྱང་ཁོང་ཚོ་རང་ངོས་ནས་ “ཟག་བཅས་ཀྱི་ཕུང་པོ་” ཞེས་བྱ་བའི་སྐད་ཅིག་དེ་ད་དུང་གང་མང་རྒྱུན་སྲིང་བར་བྱེད་ཀྱི་ཡོད།
 
ང་ཚོའི་ལུས་སེམས་ཀྱི་ཕུང་པོ་འདི་གཞི་རྩ་ལྟ་བུ་ཆགས་ནས་དེའི་ནང་ང་ཚོས་སྡུག་བསྔལ་གྱི་རིགས་དང་པོ་གཉིས་མྱོང་གི་ཡོད། དེ་ཡང་མི་སྐྱིད་པའམ་སྡུག་བསྔལ་དང་བདེ་བ་ཉི་ཚེ་བ་གཉིས་ཡིན། ང་ཚོས་སྐད་ཅིག་རེ་རེ་བཞིན་གང་ཚོར་བ་དེ་རྟག་ཏུ་འཕེལ་འགྲིབ་འགྲོ་བ་དང་། རྒྱུན་ཆད་མེད་པར་བདེ་བ་དང་སྡུག་བསྔལ་གྱི་དབར་ལ་འཕེལ་འགྲིབ་འགྲོ་བཞིན་ཡོད། དེ་ཡང་ནས་ཡང་དུ་འབྱུང་གི་ཡོད་པ་དང་། ཤོད་མི་དགོས་པར་ང་ཚོས་སྐད་ཅིག་ཕྱི་མ་དེར་བདེ་བ་དང་སྡུག་བསྔལ་གང་ཚོར་རྒྱུ་ཡིན་མིན་ངེས་པ་ཞིག་རྩ་ནས་མེད། དེ་ནི་སྐྱེས་བུ་འབྲིང་གི་སྐབས་ཀྱི་སྡུག་བསྔལ་བདེན་པ་དེ་རེད།

གོང་དུ་བཤད་ཟིན་པ་ལྟར། འདིའི་རྒྱུ་ནི་དེ་དག་གིས་བསགས་པའི་ཉོན་མོངས་དང་ལས་ཡིན་ཞིང་། དེ་ལས་གཏིང་ཟབ་ཏུ་ཕྱིན་ན། རྒྱུ་ངོ་མ་ནི་ང་ཚོ་ཇི་ལྟར་གནས་པ་དང་། གཞན་རྣམས་ཇི་ལྟར་གནས་པ། ཆོས་ཐམས་ཅད་ཇི་ལྟར་གནས་པའི་གནས་ལུགས་ལ་རྨོངས་པའི་མ་རིག་པ་དེ་ཡིན། དེ་ནི་ནམ་རྒྱུན་ཨིན་སྐད་དུ་ ignorance ཞེས་བསྒྱུར་ཡོད། འོན་ཀྱང་ང་རང་ལ་ཆ་བཞག་ན། ཚིག་འདི་ལ་དགའ་པོ་མེད། གང་ཡིན་ཟེར་ན། ཚིག་དེས་ང་ཚོ་ནི་གླེན་པ་ལྟ་བུ་ཡིན་པ་གོ་གི་འདུག །ཚིག་དེའི་གོ་དོན་ལ་འགྲེལ་ཚུལ་གཉིས་ཡོད། ང་ཚོ་ཇི་ལྟར་གནས་ཡོད་པ་མ་ཤེས་པ་ཙམ་གྱི་མ་རིག་པ་ཞིག་དང་། ཡང་ང་ཚོས་དེ་གོ་ལྡོག་ནས་ཤེས་པ་གང་རུང་ཡིན་ཆོག །ཡིན་ནའང་ང་ཚོ་གླེན་པ་ཡིན་པའི་དོན་མིན་པ་གསལ་པོ་རེད། དེ་ནི་ང་ཚོའི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བའི་རྒྱུ་ངོ་མ་དེ་ཡིན། དེ་ནི་འཁོར་བ་ཞེས་བྱ་བ་དེའི་གོ་བ་སྙིང་དོན་དེ་རེད། དེ་བདེན་པར་འགོག་པ་ནི་ཐར་པ་དང་། དེར་འཁྲིད་པའི་ལམ་གྱི་བདེན་པ་ནི། ལྷག་པའི་བསླབ་པ་གསུམ་སྟེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་བ་བཅས་ཡིན།

དེ་ནི་འཕགས་པའི་བདེན་པ་བཞིའི་སྒྲོམ་གཞིའི་ནང་དུ་བསྟན་པའི་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པ་ཡིན།

ཚད་མཐོའི་ཀུན་སློང་གི་རིམ་པ།

ཚད་མཐོའི་ཀུན་སློང་ངམ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པའི་ནང་། སྡུག་བསྔལ་བདེན་པ་ནི་ང་ཙམ་མིན་པར་གཞན་ཐམས་ཅད་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་དེ་ཡིན། སྡུག་བསྔལ་གྱི་རིགས་གསུམ་ཀ་ཚང་མར་འབྱུང་གི་ཡོད། འདིར་ཁོང་ཚོར་རོགས་བྱས་ནས་དེ་དག་ལས་ཐར་བར་བྱེད་མི་ནུས་པ་དེ་བཙུད་དགོས། སྐྱེས་བུ་འབྲིང་གི་རིམ་པའི་ནང་བཤད་པ་ལྟར། གཞན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱུ་ངོ་མ་ནི་ངའི་སྡུག་བསྔལ་གྱི་རྒྱུ་ངོ་མ་དང་གཅིག་མཚུངས་ཡིན་པ་ནི་ཤོད་མི་དགོས་པ་ཡིན། སོ་སོ་རང་ཉིད་ཀྱིས་གཞན་ལ་ཕན་འདོགས་མི་ཐུབ་པར་བསམས་ནས། ང་ཚོས་རིམ་པ་གཅིག་གི་ཐོག་ནས་རང་ཉིད་ཁོ་ནའི་དོན་དུ་རང་གཅེས་འཛིན་གྱི་སེམས་འཁུར་བྱེད་པ་ནང་བཞིན་དེའི་རྒྱུ་ངོ་མ་ངོས་འཛིན་བྱེད་ཐུབ། དེ་ལས་ཀྱང་གཏིང་ཟབ་ཏུ་བལྟས་ན། ང་ཚོས་ཉོན་མོངས་དང་འབྲེལ་བའི་སྐྱེས་བུ་འབྲིང་གི་རིམ་པའི་སྐབས་ཀྱི་རང་གཅེས་འཛིན་གྱི་བློ་དེ་གཏོགས་པར་བྱས་ཡོད་སྲིད།
 
གལ་ཏེ་ང་ཚོས་རང་རྒྱུད་ནས་ཉོན་མོངས་རྣམས་སྤངས་ཟིན་པ་ཡིན་ན། ད་དུང་ཡང་ང་ཚོར་རང་ཉིད་ཁོ་ནའི་དོན་དུ་རང་གཅེས་འཛིན་གྱི་སེམས་འཁུར་དེ་ཇི་ལྟར་ཡོད་པ་རྟོགས་རྒྱུ་གང་ལ་གང་འཚམ་གྱི་ཁག་པོ་ཡོད་ཅེས་ངས་བརྗོད་དགོས་ངེས་རེད། གལ་ཏེ་ང་ཚོས་རང་གིས་རང་ལ་འདོད་ཆགས་དང་གཞན་རྣམས་ལ་གཏི་མུག་བྱིས་བློའི་རང་བཞིན་ཡོད་པ་དེ་སྤངས་ཟིན་པ་ཡིན་ན། ང་ཚོ་ད་དུང་ཡང་རང་གཅེས་འཛིན་ཅན་ཇི་ལྟར་ཆགས་སྲིད་དམ། ཐ་ན་ང་ཚོས་ “ངས་སོ་སོ་རང་ཉིད་ཁོ་ནའི་དོན་དུ་སེམས་འཁུར་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ངས་གཞན་ཚང་མར་དངོས་གནས་རོགས་བྱེད་ཐུབ་ཀྱི་རེད་ཅེས་དང་། ཡང་ན་སངས་རྒྱས་ཀྱི་རེད་བསམ་གྱི་མི་འདུག” །ང་ཚོས་འདི་ནི་གཏི་མུག་གམ་བྱིས་བློའི་རང་བཞིན་ཞིག་རེད་ཅེས་བརྗོད་ཆོག །གལ་ཏེ་ང་ཚོས་དེ་འདྲའི་སོ་སོ་ཐར་པ་ཁོ་ནར་སེམས་འཁུར་གྱི་བསམ་བློ་བཏང་ན། འདི་ནི་སངས་རྒྱས་ཀྱི་རིགས་ལ་རྨོངས་པའམ་གཏི་མུག་ཡོད་པའི་རྣམ་པ་ཞིག་ཡིན་ཞེས་ང་ཚོས་རྩོད་གླེང་བྱེད་ཆོག
 
གང་ལྟར་ཡང་། ང་ཚོས་རང་གིས་རང་ལ་སེམས་འཁུར་རམ་རང་གཅེས་འཛིན་དེ་རྒྱུ་ངོ་མར་བལྟ་ཆོག་པ་དང་། སྐབས་དེར་ང་ཚོས་དོན་ངོ་མར་སེམས་ཀྱིས་ཆོས་རྣམས་ཡིན་པ་མི་སྲིད་པའི་ཚུལ་དུ་སྣང་བར་བྱེད་ཀྱི་ཡོད་པ་དེ་གཏོགས་པར་བྱེད་དགོས། ང་ཚོའི་སེམས་ཀྱིས་ཆོས་རྣམས་བདེན་པར་གྲུབ་པ་དང་། རང་ངོས་ནས་གྲུབ་པ། གཞན་གང་ལའང་ལྟོས་མི་དགོས་པ་ཞིག་ཏུ་སྣང་བར་བྱེད་ཀྱི་ཡོད། འདི་ནི་མུན་མོང་མིན་པའི་ཟུར་བཀོལ་ཐ་སྙད་ལྟ་བུར་སྣང་སྲིད་པས། ཚིག་གོ་བདེ་པོའི་ཐོག་ཞུས་ན། ང་ཚོའི་སེམས་ཀྱིས་ཆོས་རྣམས་འགྱིག་ཤོག་ནང་འཐུམ་རྒྱག་ནས་བླུགས་པའི་རང་ངོས་ནས་གྲུབ་པ་ལྟ་བུར་སྣང་དུ་འཇུག་གི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་ཆོས་ཐམས་ཅད་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པ་དེ་མཐོང་ཐུབ་ཀྱི་མེད། དམིགས་བསལ་རྒྱུ་དང་འབྲས་བུའིི་རྣམ་གཞག་དེ་མཐོང་ཐུབ་ཀྱི་མེད། བྱས་ཙང་། མི་ཞིག་ད་ལྟ་གང་ཡིན་པའི་ཚུལ་དེ་ཡིན་དགོས་དོན་དང་། ཁོང་ཚོར་ད་ལྟ་ཡོད་པའི་དཀའ་ངལ་རྣམས་ཡོད་དགོས་དོན་གྱི་རྒྱུ་རྣམས་ཁྱེད་ཀྱིས་མཐོང་ཐུབ་ཀྱི་མེད། མི་ཞིག་ལ་ཆོས་འཁྲིད་བྱེད་པ་ལས་འབྱུང་སྲིད་པའི་རྗེས་འབྲས་ཆ་ཚང་ལ་ང་ཚོས་སྔོན་ཚུད་ནས་མཐོང་མི་ཐུབ། དེ་དག་ཐམས་ཅད་ཀྱི་རྒྱུ་མཚན་ནི། ང་ཚོས་གང་ཟག་དེ་ལ་བལྟ་བའི་སྐབས། ང་ཚོར་གང་སྣང་གི་ཡོད་དམ་ཞེ་ན། ང་ཚོའི་མིག་གི་མདུན་དུ་ཡོད་པའི་གང་ཟག་དེ་སྣང་གི་ཡོད། ང་ཚོས་ཀྱང་དེ་རང་ཡིན་པར་བསམ་གྱི་ཡོད། ང་ཚོས་མི་དེ་རྒྱུ་དང་འབྲས་བུ་སོགས་གང་ལའང་ལྟོས་མི་དགོས་པའི་རང་དབང་གིས་གྲུབ་པ་དང་། རང་ངོས་ནས་དེར་གྲུབ་ཡོད་པར་བསམ་གྱི་ཡོད། འདི་ནི་གཞན་ཐམས་ཅད་ལ་ཕན་འདོགས་མི་ཐུབ་པའི་རྒྱུ་ཡིན།
 
དེའི་འགོག་པའི་བདེན་པ་ནི། ཀུན་མཁྱེན་སངས་རྒྱས་ཀྱི་གོ་འཕང་དེ་རེད། གང་ཡིན་ཟེར་ན། སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཀྱི་རྟེན་འབྲེལ་ལྟོས་གྲུབ་དེ་གཟིགས་ཐུབ་ཀྱི་ཡོད། དེར་བརྟེན་གང་ཟག་རེ་རེའི་དཀའ་ངལ་རྣམས་གང་ཡིན་པ་དང་། དེ་ལ་རྐྱེན་གང་དང་ཕྲད་ཡོད་པ། དེ་ལ་ཕན་འདོགས་ཐབས་ཡག་ཤོས་དེ་གང་ཡིན་པ་བཅས་མཁྱེན་གྱི་ཡོད། དེར་འཁྲིད་པར་བྱེད་པའི་ལམ་གྱི་བདེན་པ་ནི། སྟོང་ཉིད་ཀྱི་དོན་རྟོགས་དགོས་ཤིང་། དེའི་རྒྱབ་ལ་ངེས་འབྱུང་དང་བྱང་ཆུབ་སེམས་ཀྱི་ནུས་ཤུགས་གཉིས་ཀ་ཡོད་དགོས། ང་ཚོར་དེ་གཉིས་ཀ་དགོས་ཀྱི་ཡོད། ང་ཚོས་བྱང་ཆུབ་ཀྱི་སེམས་སྐྱེད་པར་བྱེད་པ་ལ། བཏང་སྙོམས་དང་། བྱམས་པ། སྙིང་རྗེ། དེ་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་བཅས་ཚད་མཐོའི་རིམ་པའམ་སྐྱེས་བུ་ཆེན་པོའི་སྐབས་སུ་ཡོད་པའི་ཁྱད་ཆོས་དེ་དག་ཐམས་ཅད་རང་རྒྱུད་ལ་སྐྱེད་དགོས།

སངས་རྒྱས་ཀྱི་གོ་འཕང་དེ་འཐོབ་རུང་ཡིན་པར་ཡིད་ཆེས་རྙེད་པ།

ང་ཚོས་ “གང་ལ་གང་འཚམས་ཀྱི་སྤྱང་གྲུང་ལྡན་པ་ཡིན། ད་ངས་འཕགས་པའི་བདེན་པ་བཞི་དང་ཀུན་སློང་གི་རིམ་པ་གསུམ་མཉམ་སྡེབ་བྱས་ཡོད་” ཅེས་བསམ་ཆོག །འོན་ཀྱང་ང་ཚོ་དངོས་གནས་ཆོས་ཡངས་པ་དེ་བརྒལ་ནས་ཕྱིན་ཡོད་དམ། ལས་དང་པོ་བ་རྣམས་ལ་ཕལ་ཆེར་ཆོས་ཡངས་པ་དེ་བརྒལ་མེད་སྲིད། མ་མཐར་ཡང་སེམས་ཚོར་གྱི་རིམ་པ་ལས་བརྒལ་མེད། ཆོས་ཡངས་པ་དེས་ཚེ་འདིའི་ནང་བྱ་བ་ཇི་ལྟར་བྱེད་ཚུལ་དེ་ང་ཚོས་མཐོང་ཡོད་ཀྱང་། ང་ཚོས་དངོས་གནས་ཆོས་ངོ་མ་ཉམས་ལེན་བྱེད་པའི་ཆེད་ཀུན་ནས་སློང་བའི་སེམས་ཀྱི་སྒྲོམ་གཞི་རིམ་པ་གསུམ་པོ་མི་ཚེའི་ནང་མཉམ་སྡེབ་བྱེད་ཐུབ་པར། ཀུན་སློང་གི་མཚན་ཉིད་ཐོག་ལ་རང་འཇགས་འགྲོ་དགོས།
 
ང་ཚོས་ཀུན་སློང་ལ་རྣམ་པ་གཉིས་ཡོད་པར་བཤད་ཡོད། ང་ཚོར་འཐོབ་པར་འདོད་པའི་དམིགས་ཡུལ་ལམ་བསྒྲུབ་བྱ་ཞིག་ཡོད་པ་དང་། དེ་དང་མཉམ་དུ་དམིགས་ཡུལ་དེ་བསྒྲུབ་པར་བྱེད་པའི་སེམས་ཚོར་ཡོད། བསྒྲུབ་བྱར་ལྷག་བསམ་རྣམ་དག་ཐོག་ནས་དམིགས་པ་ཡིན་ན། ང་ཚོར་དམིགས་ཡུལ་ངོ་མ་དེ་གང་ཡིན་པ་དང་། དམིགས་ཡུལ་དེའི་དོན་གང་ཡིན་པའི་བསམ་བློ་གསལ་པོ་ཞིག་དགོས་པ་ཙམ་དུ་མ་ཟད། དམིགས་ཡུལ་དེ་འཐོབ་རུང་ཡིན་པའི་ཡིད་ཆེས་བརྟན་པོ་ཞིག་དགོས་ངེས་ཅན་རེད། སངས་རྒྱས་ཀྱིས་དམིགས་ཡུལ་དེ་འཐོབ་ཐུབ་པ་དང་ང་ཚོས་འཐོབ་མི་ཐུབ་ཅེས་བསམ་མི་ཉན། དེ་ནི་སྔོན་ཐོབ་པ་ཙམ་དུ་མ་ཟད། ང་ཚོས་ཀྱང་འཐོབ་ཐུབ་པའི་ཡིད་ཆེས་རྙེད་དགོས།
 
ང་ཚོས་དམིགས་ཡུལ་དེ་འཐོབ་རུང་ཡིན་པར་དངོས་གནས་ཡིད་ཆེས་རྙེད་པའི་སྐབས། དེ་ལ་ལྷག་བསམ་རྣམ་དག་གི་ཐོག་ནས་དམིགས་ཆོག །དེ་མིན་དེ་ནི་རྩེད་མོའམ་རེ་འདུན་གྱི་བསམ་བློ་ཙམ་ཞིག་དང་འདྲ་བར་ཆགས་ནས་དེ་ཙམ་གྱིས་བརྟན་པོ་མེད། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ནང་འདིའི་སྐོར་གསུངས་ཡོད་དེ། དབང་པོ་རྣོ་བ་རྣམས་ཀྱིས་སྟོང་ཉིད་རྟོགས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེད་ཀྱི་རེད། དེའི་རྗེས་སུ་གཞན་སེམས་ཅན་རྣམས་ལ་ཕན་པའི་ཆེད་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེད་ཀྱི་རེད་ཅེས་གསུངས། འདིའི་རྒྱུ་མཚན་ནི། ང་ཚོས་སྟོང་ཉིད་ཀྱི་གོ་རྟོགས་སྐྱེད་པའི་སྐབས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་འཐོབ་རུང་ཡིན་པའི་ཡིད་ཆེས་རྙེད་ཀྱི་རེད། འདི་ལ་གཞི་བཞག་ཐོག་གཞན་ལ་ཕན་པའི་དོན་དུ་ཐར་པ་དང་རྒྱས་ཀྱི་གོ་འཕང་དེ་འཐོབ་པར་འདོད་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེད་ཐུབ། ཐབས་ཚུལ་འདི་ནི་གདུལ་བྱ་དབང་པོ་རྣོ་ཤོས་རྣམས་དང་འབྲེལ་བ་ཞིག་ཡིན།
 
དབང་པོ་རྟུལ་བ་རྣམས་ལ་ནི་གོ་རིམ་དེ་ལྡོག་ནས་ང་ཚོས་ཐོག་མར་གཞན་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྐྱེད་དགོས། དེ་ནས་རིམ་བཞིན་ང་ཚོས་དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེད་ཀྱི་རེད། དེ་ནི་ཐར་པའམ་སངས་རྒྱས་ཀྱི་གོ་འཕང་དེ་དངོས་སུ་འཐོབ་པར་བྱེད་པའི་སྟོང་པ་ཉིད་ཀྱི་གོ་རྟོགས་དེ་ཡིན། འོན་ཀྱང་དམིགས་ཡུལ་དེ་འཐོབ་རུང་ཡིན་པའི་ཡིད་ཆེས་དེ་འཐོབ་རུང་ཡིན་པའི་ཚོད་དཔག་ལས་ཀྱང་རྦད་དེ་ཤུགས་ཆེ་བ་རེད། གང་ཡིན་ཟེར་ན། གཞན་རྣམས་ཀྱིས་དེ་ཐོབ་ཟིན་པ་རེད། མགོན་པོ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་གྱི་ནང་། དབང་པོ་རྣོ་ཤོས་ཀྱི་ལྟ་ཚུལ་ལྟར་འགྲེལ་བརྗོད་གནང་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་གིས་སྟོང་ཉིད་ནས་འགོ་འཛུགས་གནང་གི་ཡོད།

ང་ཚོས་ཡིད་ཆེས་བྱེད་དགོས་སའི་བདེན་དོན་གསུམ།

ཆོས་ངོ་མ་དེ་དངོས་གནས་དྲང་གནས་ཉམས་ལེན་བྱེད་ཐུབ་པར། ང་ཚོས་གནད་དོན་གསུམ་ལ་ཡིད་ཆེས་བྱེད་དགོས། ཐོག་མའི་རིམ་པ་ལ་ང་ཚོས་སླར་ཡང་སྐྱེ་བ་ལེན་རྒྱུ་ཡོད་པར་ཡིད་ཆེས་དགོས། དེ་ནི་ང་ཚོའི་སེམས་ཀྱི་རྒྱུན་འདི་ལ་ཐོག་མ་དང་མཐའ་མ་མེད་པ་ཤེས་རྒྱུ་དེ་རེད། ཡིད་ཆེས་དེ་ལ་གཞི་བྱས་ཏེ། ང་ཚོས་མ་འོངས་པར་སྐྱེ་བ་བཟང་པོ་ཞིག་ལ་དམིགས་ཀྱི་ཡོད། ང་ཚོའི་རྒྱུད་ཀྱི་སེམས་རྒྱུན་འདི་ནི་མུ་མཐུད་དེ་འགྲོ་གི་རེད། དེའི་ཐད་ང་ཚོ་མཐའ་གཅིག་ཏུ་ཡིད་ཆེས་ཡོད་པ་དང་། ང་ཚོས་ངན་འགྲོའི་སྡུག་བསྔལ་རྣམས་མྱོང་འདོད་མེད་ལ། ཆོས་ཀྱི་ལམ་མུ་མཐུད་དེ་རྒྱུན་རིང་པོར་ཡར་རྒྱས་གོང་འཕེལ་གཏོང་བར་འགོག་རྐྱེན་བྱེད་འདོད་མེད།
 
སྐྱེས་བུ་འབྲིང་གི་སྐབས་སུ་ཐོག་མར་ཐར་པ་འཐོབ་རུང་ཡིན་པར་མཐའ་གཅིག་ཏུ་ཡིད་ཆེས་ཡོད་དགོས། དེའི་དོན་ནི་མ་རིག་པ་དང་། ལས་དང་ཉོན་མོངས་རྣམས་དངོས་སུ་འགོག་པར་བྱེད་པའི་འགོག་བདེན་ཡོད་པར་རྟོགས་པ་དེ་ཡིན། དེ་ནི་འཕགས་པའི་བདེན་པ་གསུམ་པར་ཡིད་ཆེས་པ་དེ་རེད། དེ་འཐོབ་པར་ང་ཚོས་སེམས་རང་བཞིན་དག་པར་ཡིད་ཆེས་བྱེད་དགོས། དེ་ཡང་སེམས་ཀྱི་རང་བཞིན་དེ་མ་རིག་པ་དང་ཉོན་མོངས་པའི་དྲི་མས་མ་གོས་པ་ལ་སོགས་པའོ།།

ཚད་མཐོའི་རིམ་པའམ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པའི་སྐབས། སངས་རྒྱས་ཀྱི་གོ་འཕང་དེ་འཐོབ་རུང་ཡིན་པར་ཡིད་ཆེས་རྙེད་དགོས། ཕྱོགས་གཞན་ཞིག་ནས་ང་ཚོའི་འཁྲུལ་སྣང་དེ་སྤོང་རུང་ཡིན་པ་རེད། དེ་ནི་སླར་ཡང་གློ་བུར་བའི་དྲི་མ་ཡིན་པ་ལས། འདི་ནི་ཡིན་པ་མི་སྲིད་པའི་ཚུལ་དུ་གྲུབ་པའི་སྣང་བ་སྐྲུན་པར་བྱེད་པའི་སེམས་ཀྱི་རང་བཞིན་གྱི་ཆ་ཤས་ཤིག་མིན། སེམས་ཀྱི་རྒྱུན་དེའང་དག་པ་ཞིག་རེད།

སངས་རྒྱས་ཀྱི་རིགས་རྟོགས་པའི་སྒོ་ནས་བློ་སྟོབས་སྐྱེད་པ།

ཆོས་ངོ་མའི་རིམ་པའི་ཐོག་ལ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཟུང་འབྲེལ་དང་མཉམ་སྡེབ་བྱེད་པའི་ཆེད་ང་ཚོས་འབད་བརྩོན་བྱེད་དགོས། ལམ་གྱི་རིམ་པའི་བསྒྲུབ་བྱ་གསུམ་ནི་འཐོབ་རུང་ཡིན་པ་དང་ང་ཚོ་རང་ངོས་ནས་དེ་འཐོབ་ཐུབ་པའི་ཡིད་ཆེས་བརྟན་པོ་རྙེད་དགོས། ཁྱེད་ཀྱིས་དེའི་ཐད་བསམ་བློ་གཏོང་བའི་སྐབས། ང་ཚོས་སངས་རྒྱས་ཀྱི་རིགས་ཀྱི་སྐོར་བཤད་དང་ཤོད་མུས་རེད། སངས་རྒྱས་ཀྱི་རིགས་ནི་སེམས་ཀྱི་རྒྱུན་ཚང་མའི་ནང་ཡོད་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་རྐྱེན་རྣམས་ཡིན། དེའི་ནང་སེམས་ཀྱི་བཟང་པོའི་ཡོན་ཏན་རྣམས་དང་། དགེ་བའི་ནུས་པ་དང་གོ་རྟོགས། དེ་བཞིན་སེམས་དྲི་མ་དང་བྲལ་ཞིག་རང་བཞིན་དག་པ་བཅས་ཚུད་ཡོད།
 
རྗེ་སྒམ་པོ་པས་ཐར་པ་རིན་པོ་ཆེའི་རྒྱན་གྱི་ནང་། དེ་རང་གི་ཐོག་ནས་འགོ་འཛུགས་གནང་ཡོད། གང་ཡིན་ཟེར་ན། རྒྱུད་རིམ་ཡོངས་སུ་རྫོགས་པ་དེ་མཐར་ཕྱིན་པ་བྱེད་ཐུབ་མཁན་དེ་སངས་རྒྱས་ཀྱི་རིགས་ཡིན། དེའི་རྗེས་སུ་འབྲང་བའི་སེམས་ཀྱི་ལམ་གཞན་ཚང་མ་རྣམ་པར་དག་པའི་སྒོ་ནས་གོང་འཕེལ་གཏོང་བའི་ཆེད། ཁོང་གིས་ཐོག་མ་ཉིད་ནས་དེ་རྟོགས་དགོས་པའི་གལ་གནད་ཀྱི་སྐོར་གསལ་སྟོན་མཛད་ཡོད། སངས་རྒྱས་ཀྱི་རིགས་རྟོགས་པ་དེས་ང་ཚོར་བློ་སྟོབས་སྟེར་གྱི་ཡོད་པ་ཤོད་མི་དགོས་པ་ཡིན་པས། ང་ཚོས་དེ་ལ་ཡིད་ཆེས་བྱེད་དགོས། དེ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གང་གསུངས་པ་དེ་རེད་ལ། དོ་སྣང་བྱེད་འོས་པ་ཞིག་ལ་སེམས་སྐུལ་གྱི་འབྱུང་རྩ་ལྟ་བུ་ནི་བླ་མའམ་དགེ་བའི་བཤེས་གཉེན་རེད།

ཕྱོགས་བསྡོམས།

ལམ་རིམ་གྱི་གཞུང་ནས་ང་ཚོར་ས་ཁྲ་ཞིག་ལ་བརྟེན་ནས་ཆོས་གསུང་གི་ཡོད། ས་ཁྲ་དེས་ང་ཚོ་གང་དུ་ཡོད་པ་དེ་ནས་རིམ་པ་བཞིན་དུ་སངས་རྒྱས་ཀྱི་གོ་འཕང་བར་དུ་ཇི་ལྟར་བགྲོད་པའི་ཚུལ་དེ་སྟོན་གྱི་ཡོད། ང་ཚོ་མང་ཆེ་བ་ནི་གོམ་པ་དང་པོ་དེ་མ་སྤོས་གོང་ནས་ཆོས་ཡངས་པའི་རིམ་པ་ནས་འགོ་འཛུགས་བྱེད་དགོས། དེ་ནི་ང་ཚོས་ཚེ་འདི་ཡར་རྒྱས་གཏོང་ཆེད་ནང་པའི་ཆོས་ལག་བསྟར་བྱེད་རྩིས་ཡོད་པ་དེ་རེད།

དེ་ལྟར་བྱེད་པར་ནོར་འཁྲུལ་གང་ཡང་མེད། གང་ཡིན་ཟེར་ན། སོ་སོའི་མི་ཚེ་ཡར་རྒྱས་གཏོང་འདོད་ཡོད་པ་དེ་ནི་རང་བཞིན་གྱིས་འབྱུང་གི་ཡོད། ཡིན་ནའང་ང་ཚོས་ཆོས་ཡངས་པ་དང་ཆོས་ངོ་མ་གཉིས་མ་ནོར་བ་བྱེད་དགོས། ཆོས་ངོ་མ་ནི་ཉུང་མཐར་ཡང་སྐྱེ་བ་ཕྱི་མའི་དོན་ལ་སེམས་འཁུར་བྱེད་པ་དེ་རེད།
 
ཆོས་ངོ་མའི་གཞི་རྟེན་གྱི་ཐོག་ནས་འགོ་བཙུགས་ཏེ། མཐར་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་དང་གཞན་ལ་དངོས་གནས་ཕན་ཐོགས་བྱེད་ཐུབ་པའི་བར་དུ་ང་ཚོས་རིམ་པས་གོམ་པ་བརྒྱུད་དེ་འབད་བརྩོན་བྱེད་ཆོག་པའོ།། 

Top