ལམ་རིམ་གྱི་གནད་དོན་གཙོ་བོ་ཁག་བསྐྱར་ཞིབ།
ལམ་རིམ་ནི་སྐྱེས་བུ་གསུམ་དུ་དབྱེ་བ་ཕྱེས་ཡོད་པ་དང་། དེ་དག་རེ་རེས་ཀྱང་ང་ཚོ་སངས་རྒྱས་ཀྱི་གོ་འཕང་འཐོབ་ཐུབ་པའི་ལམ་ལྟ་བུ་སེམས་ཀྱི་གནས་བབས་མི་འདྲ་བ་བསྟན་ཡོད། ལམ་རིམ་གྱི་སྒྲོམ་གཞི་དེ་ཐོག་མར་གཏན་འབེབས་མཛད་མཁན་ནི། དུས་རབས་བཅུ་གཅིག་པའི་ནང་བྱུང་བའི་རྒྱ་གར་གྱི་མཁས་པ་ཆེན་པོ་ཨ་ཏི་ཤའམ་ཇོ་བོ་རྗེ་དཔལ་མར་མེ་མཛད་རེད། ཁོང་ནི་རྒྱ་གར་ནས་བོད་དུ་སངས་རྒྱས་ཀྱི་ཆོས་དེ་དར་ཁྱབ་ཐེངས་གཉིས་པ་མཛད་མཁན་གཙོ་བོ་དེ་ཡིན། ཁོང་གི་ཆོས་རྣམས་ཁོང་ཉིད་ཀྱིས་མཛད་པའི་བསྟན་བཅོས་བྱང་ཆུབ་ལམ་གྱི་སྒྲོན་མེ་ཞེས་པའི་ནང་གསལ་ཡོད།
ང་ཚོས་བཀའ་གདམས་པའི་སྲོལ་རྒྱུན་དེ་ཇོ་བོ་རྗེ་དཔལ་ལྡན་ཨི་ཏི་ཤ་ནས་དར་བར་ཁུངས་གཏུགས་བྱེད་ཆོག །དུས་ཚོད་རིམ་བཞིན་དུ་བཀའ་གདམས་པའི་བསྟན་པ་ཉམས་ཆག་ཕྱིན་པ་དང་ཆབས་ཅིག །རྗེ་ཙོང་ཁ་པ་ཆེན་པོས་སླར་གསོ་མཛད་དེ་དགེ་ལུགས་པའི་ཆོས་བརྒྱུད་ཆགས་པ་རེད། བཀའ་གདམས་ཆོས་བརྒྱུད་ཀྱིས་སྲོལ་རྒྱུན་གཞན་ཁག་ལའང་ཤུགས་རྐྱེན་སྤྲད་ཡོད། གང་ཡིན་ཟེར་ན། བློ་སྦྱོང་གི་ཆོས་རྣམས་རྒྱ་ཆེན་པོའི་སྒོ་ནས་གསུངས་ཤིང་། དེ་དག་ནི་གཙོ་བོ་བཀའ་གདམས་ཆོས་བརྒྱུད་ནས་བྱུང་བ་ཞིག་རེད། བཀའ་གདམས་པའི་ཤུགས་རྐྱེན་གཞན་ཞིག་ནི་རྗེ་སྒམ་པོ་པ་དང་འབྲེལ་ནས་བལྟ་ཆོག །རྗེ་སྒམ་པོ་པ་བརྒྱུད་ནས་བཀའ་བརྒྱུད་པའི་སྲོལ་རྒྱུན་མང་པོ་དར་རྒྱས་སུ་ཕྱིན་ཡོད། ཁོང་ལ་བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཞེས་མཚན་དུ་གྲགས་ཡོད།
ཇོ་བོ་རྗེ་དཔལ་ཨི་ཏི་ཤས་ལམ་རིམ་གྱི་བསམ་བློའི་འཆར་འགོད་དེ་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་གི་ཚིགས་རྐང་གཅིག་ལ་བརྟེན་ནས་ཁུངས་འདྲེན་མཛད་ཡོད། དེ་ཡང་སྤྱོད་འཇུག་ལེའུ་དང་པོའི་ཚིགས་སུ་བཅད་པ་བཞི་པ་ལས།
དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་ནས་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་གསུངས།
སྐྱེས་བུ་ཐམས་ཅད་ཅེས་ཨ་ཏི་ཤས་རྒྱས་བཤད་མཛད་གནང་ཡོད་པ་དང་། དེ་ནི་ཀུན་སློང་ངམ་བསམ་པའི་རིམ་པ་གསུམ་ལས་བྱུང་བའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པའི་སྐོར་ལ་གོ་བ་ཡིན།
ཐོག་མའི་ཀུན་སློང་ངམ་སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པའི་སྐབས། དགེ་བའི་བཤེས་གཉེན་དང་འབྲེལ་བ་བཟང་པོ་ཡོད་པ། དལ་འབྱོར་གྱི་མི་ལུས་རིན་ཆེན། འཆི་བ་མི་རྟག་པ། ངན་སོང་གསུམ་གྱི་སྡུག་བསྔལ། སྐྱབས་འགྲོའམ་ཉེན་མེད་ཀྱི་ཁ་ཕྱོགས། སངས་རྒྱས་ཆོས་དང་དགེ་འདུན་བཅས་དཀོན་མཆོག་གསུམ་གྱི་ཡོན་ཏན། ལས་ཀྱི་འགྲེལ་བཤད། མི་དགེ་བའི་སྤྱོད་ལམ་སྤོང་ཚུལ་བཅས་ཁོངས་སུ་བསྡུ་གི་ཡོད།
ཀུན་སློང་གི་རིམ་པ་བར་མའམ་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པའི་སྐབས། བདེ་འགྲོ་གསུམ་གྱི་སྡུག་བསྔལ་སྐོར་དང་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བའམ་འཁོར་བའི་སྡུག་བསྔལ་བཅས་མཉམ་དུ་སྟོན་གྱི་ཡོད། དེའི་ནང་ཉོན་མོངས་པ་དང་། འཕགས་པའི་བདེན་པ་བཞིའི་སྐབས་དོན་དང་འབྲེལ་བའི་སེམས་བྱུང་རྣམས། དེ་བཞིན་སྡུག་བསྔལ་གྱི་རྒྱུ་ངོ་མ་བཅས་ཀྱི་སྐོར་ཚུད་ཡོད། ད་དུང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་འགྲེལ་བརྗོད་དམིགས་སུ་བཀར་བ་དང་ཞིབ་ཚགས་པོ་དང་། ང་ཚོའི་རྒྱུད་ཀྱི་ཉོན་མོངས་རྣམས་ཀྱིས་འཕགས་པའི་བདེན་པ་དང་པོ་སྟེ། སྡུག་བསྔལ་གྱི་བདེན་པ་དེ་ཇི་ལྟར་སྐྱེད་པར་བྱེད་པའི་སྐོར་བསྟན་ཡོད། དེ་ནས་འཁོར་བ་ལས་ཐར་བ་དང་ཐར་པ་ཐོབ་པའི་ཐབས་སུ་ལྷག་པའི་བསླབ་པ་གསུམ་སྟེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན། ཤེས་རབ་ཀྱི་སྐོར་བསྟན་ཡོད། དེའི་སྒང་ལ་ཚུལ་ཁྲིམས་ཀྱི་བསླབ་པའི་ནང་རབ་བྱུང་གི་སྡོམ་པ་དང་ཁྱིམ་པའི་སྡོམ་པའི་སྐོར་ཞིག་ཚུད་ཡོད། དེ་དག་ཐམས་ཅད་ནི་སེམས་ཀྱི་སྒྲོམ་གཞི་ཡོངས་སུ་རྫོགས་པ་ངེས་འབྱུང་༼ཐར་འདོད་ཀྱི་ཆོད་སེམས་བརྟན་པོ་༽གི་ནང་དུ་བསྡུ་གི་ཡོད་པ་དང་། དེ་ནི་ཀུན་སློང་གི་རིམ་པ་འབྲིང་ངམ་སྐྱེས་བུ་འབྲིང་གི་ལམ་གྱི་རིམ་པའི་ཆ་ཤས་སུ་གཏོགས་པ་ཡིན།
ཚད་མཐོའི་ཀུན་སློང་གི་རིམ་པའམ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པའི་ནང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེད་པར། ང་ཚོར་ཐབས་ལམ་སྣ་ཚོགས་པའི་ཆོས་ཚུལ་ཁག་ཡོད། རྒྱུ་འབྲས་མན་ངག་བདུན་གྱི་སྒོམ་རྒྱག་སྟངས་དང་། དེ་ཡང་ཐོག་མར་བཏང་སྙོམས་གཞི་ལ་བཞག་པའི་སྒོ་ནས་སེམས་ཅན་ཐམས་ཅད་རང་གི་མ་བྱས་མྱོང་བར་ངོས་འཛིན་པ། ཐབས་ལམ་གཉིས་པ་ནི་བདག་དང་གཞན་རྣམ་པར་བརྗེ་བ་སྟེ། དེའི་ནང་གཏོང་ལེན་གྱི་ཉམས་ལེན་ཚུད་ཡོད། རྗེ་ཙོང་ཁ་པ་ཆེན་པོས་བྱང་ཆུབ་ཀྱི་སེམས་སྐྱེད་ཚུལ་གཉིས་པོ་ཟུང་དུ་འབྲེལ་བའི་སྒོམ་གྱི་རྒྱུད་རིམ་ཆ་ཤས་བཅུ་གཅིག་བསྟན་ཡོད། དེར་མ་ཟད། བྱང་སེམས་སྡོམ་པ་རྣམས་ལེན་ཚུལ་དང་དེ་དག་གི་འགྲེལ་བརྗོད་ཀྱང་བསྟན་མཛད་ཡོད། ད་ང་ཚོས་ཕ་རོལ་ཏུ་ཕྱིན་པའམ་རྒྱ་ཆེ་ལ་ཕུགས་རྒྱང་རིང་པོའི་བསམ་ཕྱོགས་དྲུག་གི་ཉམས་བྱེད་དགོས་ཤིང་། དེ་དང་མཉམ་དུ་ལྷིང་འཇགས་དང་ཞི་བར་གནས་པའི་སེམས་སམ་ཞི་གནས་ཐོབ་པ་བརྒྱུད་སེམས་བརྟན་པའི་རང་བཞིན་ནམ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་ཐོབ་པའི་སྐོར་ཧ་ཅང་རྒྱས་པོ་བསྟན་ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱས་བཤད་དེ་ལྷག་མཐོང་ཇི་ལྟར་སྐྱེད་པ་དང་འབྲེལ་བའི་སྒོ་ནས་བསྟན་ཡོད། དེ་དག་ཐམས་ཅད་ནི་ཚད་མཐོའི་བསམ་པའམ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པའི་ནང་ཡོད།
ང་ཚོས་དཔྱད་ཞིབ་འདི་ལས་མཐོང་ཐུབ་པ་ནི། ལམ་རིམ་ནང་ཆོས་ཀྱི་བརྗོད་གཞི་དང་རྒྱུ་ཆ་ཧ་ཅང་མང་པོ་ཡོད་པ་དང་། གལ་ཏེ་ང་ཚོས་དེ་དག་མདོ་དང་སྔགས་ཀྱི་སྒོ་ནས་དབྱེ་བ་ཕྱེས་ན། དེ་དག་ནི་མདོའི་ཆོས་ཚུལ་གྱི་ནང་དུ་གཏོགས་ཀྱི་ཡོད། ཁྱབ་ཁོངས་དེ་དག་ཐམས་ཅད་ནང་ནས་ཕུལ་དུ་བྱུང་བའི་རིམ་པ་འགའ་ཞིག་ནི་གསང་སྔགས་ཉམས་ལེན་ལ་མེད་དུ་མི་རུང་བའི་སྔོན་འགྲོའི་ཆ་རྐྱེན་ཆགས་ཀྱི་ཡོད། དེ་ནི་བོད་ཀྱི་ཆོས་བརྒྱུད་ཚང་མས་མོས་མཐུན་བྱེད་སའི་གནད་དོན་ཞིག་ཡིན།
ལམ་རིམ་ནང་གསུངས་པའི་གནད་དོན་ཁག་ནི་བོད་ཀྱི་ཆོས་བརྒྱུད་ཚང་མའི་ནང་མཇལ་རྒྱུ་ཡོད།
ངས་གོང་དུ་གྲངས་འདྲེན་བྱས་པ་ལྟར། གནད་དོན་ཡོད་དོ་ཅོག་རེ་རེ་བཞིན་དུ་ཞིབ་ཅིང་ཕྲ་བར་འགྲོ་རྒྱུ་མི་སྲིད་པ་ཞིག་རེད། རྒྱུ་ཆ་རྣམས་རྒྱས་བསྡུས་སྣ་ཚོགས་པ་སྟོན་པའི་གཞུང་གཞན་མང་པོ་ཡོད་པ་དང་། དེ་དག་གི་ནང་ཆོས་དང་གདམས་ངག་རྣམས་ལ་རྒྱབ་སྐྱོར་གྱི་ཆེད་དུ་རྒྱ་གཞུང་ལས་ལུང་འདྲེན་སྣ་ཚོགས་བྱས་ཡོད། དེ་དག་ལས་འགྲེལ་ཚུལ་རྒྱ་ཆེ་ཤོས་ནི་རྗེ་ཙོང་ཁ་པས་མཛད་པ་དང་། དེ་ལ་བྱང་ཆུབ་ལམ་རིམ་ཆེན་མོ་ཞེས་གྲགས། དེའི་ནང་ཁོང་གིས་ཞི་གནས་དང་ལྷག་མཐོང་གི་སྐོར་ལ་ཧ་ཅང་གནད་ལ་འཁེལ་བའི་ཞིབ་ཕྲར་གསུངས་ཡོད། ༧གོང་ས་ལྔ་པ་ཆེན་པོའི་ལམ་རིམ་གྱི་འགྲེལ་བའི་ནང་། སྒོམ་གྱི་ཐོག་ལ་སྒེར་གྱི་ལམ་སྟོན་དང་གདམས་ངག་ཧ་ཅང་མང་པོ་ཞིག་སྟོན་གྱི་ཡོད། འགྲེལ་ཚུལ་སྣ་ཚོགས་པ་ཡོད་པ་དང་བསྟན་བཅོས་རེ་རེ་ལ་རང་སོ་སོའི་དམིགས་བསལ་གྱི་ཁྱད་ཆོས་ཡོད།
ལམ་རིམ་ནང་གསུངས་པའི་རྒྱུ་ཆ་ཡོངས་སུ་རྫོགས་པ་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཚང་མའི་ནང་རག་རྒྱུ་ཡོད་པ་དེ་ཤེས་རྒྱུ་གལ་ཆེ། ཁྱད་པར་གཅིག་རང་ཡོད་པ་ནི། ཆོས་འགྲེལ་ཚུལ་ལམ་གསུང་ཚུལ་གྱི་སྒྲོམ་གཞི་བཟོས་པ་དེ་རེད། དཔེར་ན། རྗེ་སྒམ་པོ་པ་ལྟ་བུར་མཚོན་ན། ཁོང་ལ་གསུང་སྟངས་མི་འདྲ་བ་གཉིས་ཡོད། དྭགས་པོ་ཐར་རྒྱན་གྱི་ནང་། ཁོང་གིས་ཆོས་རྣམས་རྒྱུ་དང་འབྲེལ་བའི་སྒོ་ནས། རྒྱུ་དེ་སངས་རྒྱས་ཀྱི་རིགས་གསུངས་པ་དང་། དེ་ནས་རྟེན་དུ་དལ་འབྱོར་གྱི་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན། ཐབས་དགེ་བའི་བཤེས་གཉེན་གྱི་གདམས་ངག་བཅས་གསུངས་ཤིང་། དེ་དག་ཐམས་ཅད་ཀྱང་སྐྱེ་བ་བཟང་པོ་དང་། ཐར་པ། ཐམས་ཅད་མཁྱེན་པའི་གོ་འཕང་གོང་དུ་སྤེལ་བའི་དམིགས་ཡུལ་དང་བཅས་ཏེ། ལམ་རིམ་ནང་གང་ཡོད་པ་དང་གཅིག་ཏུ་སྒོ་བསྟུན་ནས་གསུངས་ཡོད། རྗེ་སྒམ་པོ་པས་བར་ཆད་བཞི་ལས་ཐར་བ་དང་འབྲེལ་ནས་ཐབས་ལམ་རྣམས་སྒྲིག་བཀོད་མཛད་ཡོད། དེ་ནི་ས་སྐྱའི་ལུགས་ཀྱི་ཞེན་པ་བཞི་བྲལ་དང་འདྲ་བ་རེད། རྗེ་སྒམ་པོ་པའི་རྒྱུ་ཆ་རྣམས་གཏན་ལ་དབབ་ཚུལ་གཞན་དེ་ནི། ཁོང་གིས་སྒམ་པོ་ཆོས་བཞིའི་གོ་དོན་གང་ཡིན་པའི་སྐོར་དེ་རེད།
འབྲི་གུང་བཀའ་བརྒྱུད་ཀྱི་ནང་། གཞི་དང་། ལམ། འབྲས་བུའི་སྒོ་ནས་རྒྱུ་ཆ་རྣམས་བཀོད་སྒྲིག་བྱེད་པའི་འགྲེལ་ཚུལ་ཞིག་ཡོད་པ་དང་། དེ་དང་འདྲ་བ་ཞིག་ང་ཚོས་ས་སྐྱའི་ལུགས་སུ་སྣང་བ་གསུམ་ཟེར་བ་ཞིག་ཡོད། སྣང་བ་གསུམ་ནི། མ་དག་པའི་སྣང་བ་དང་། རྣལ་འབྱོར་ཉམས་ཀྱི་སྣང་བ། དག་པའི་སྣང་བ་བཅས་སོ། །འགྲེལ་བརྗོད་འགའ་ཞིག་ནི་སྒམ་པོ་ཆོས་བཞི་དང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཟུང་དུ་འབྲེལ་ནས་བཤད་ཡོད་པ་དང་། གཞན་དག་གི་ནང་ཞེན་པ་བཞི་བྲལ་དང་མཉམ་སྡེབ་བྱས་ཡོད། དཔེ་མཚོན་ཞིག་ནི། དཔལ་སྤྲུལ་རིན་པོ་ཆེའི་ཀུན་བཟང་བླ་མའི་ཞལ་ལུང་ནང་། ཕྱིའི་སྔོན་འགྲོ་དང་ནང་གི་སྔོན་འགྲོ་ཞེས་གསུངས། དེས་ཀྱང་རྒྱུ་ཆ་གཅིག་པ་གཅིག་རྐྱང་སྟོན་གྱི་ཡོད། བྱས་ཙང་། ང་ཚོས་སོ་སོའི་རང་ལུགས་སུ་སློབ་སྦྱོང་བྱེད་པ་དེ་ཡག་ཤོས་དང་དེ་ལས་གཞན་མེད་བསམས་ནས་ཕྱོགས་རིས་ཀྱི་བསམ་བློ་གཏོང་མི་ཉན། རྒྱ་གར་གྱི་གཞུང་ལས་དྲངས་པའི་ལུང་འདྲེན་འགའ་ཞིག་ཏོག་ཙམ་མི་འདྲ་བ་ཡོད་སྲིད་ལ། སྒེར་སོ་སོའི་སྒོམ་གྱི་གདམས་ངག་རྣམས་ཀྱང་ཏོག་ཙམ་མི་འདྲ་བ་ཡོད་སྲིད། འོན་ཀྱང་གཙོ་བོའི་ཆ་ནས་བྱས་ན། དེ་དག་ཐམས་ཅད་གཅིག་པ་རེད།
བདེན་དོན་ལ་དད་པ་རྣམ་གསུམ།
འཕགས་པའི་བདེན་པ་བཞིའི་སྐབས་དོན་དང་འབྲེལ་བའི་ནང་། ང་ཚོས་ལམ་རིམ་རྟོགས་ཐུབ་པ་ཤེས་ཡོད་པ་དང་། གལ་ཏེ་ང་ཚོས་ཆོས་ངོ་མ་ལྟར་དངོས་གནས་དྲང་གནས་རང་གིས་རང་ཡར་རྒྱས་གཏོང་ཐུབ་པ་ཞིག་ཡོད་ན། དམིགས་ཡུལ་རྣམས་ལ་ཡིད་ཆེས་བརྟན་པོ་རྙེད་དགོས་པ་ནི་མེད་དུ་མི་རུང་བ་རེད། ང་ཚོས་ངེས་ཤེས་འདི་གནད་དོན་གཉིས་ལས་ཡོང་བར་བྱེད་ཆོག །གཅིག་ནི་ནམ་རྒྱུན་ཨིན་སྐད་ནང་ (faith) བསྒྱུར་བའི་དད་པ་རྣམ་གསུམ་རེད། ངའི་བསམ་པར། དེ་ལས་ཨིན་སྐད་ནང་སྒྱུར་སྟངས་ཡག་ག་ཞིག་ནི་ (belief in fact) བདེན་དོན་ལ་ཡིད་ཆེས་པ་ཞེས་པ་འདི་རེད། གང་ཡིན་ཟེར་ན། ང་ཚོས་སང་ཉིན་རྒྱུ་ཆ་དང་མ་ཤེར་ཚོང་རའི་གནས་སྟངས་ཡག་ཏུ་འགྲོ་གི་རེད་ཅེས་པའམ། དེ་ལས་གཞན་པའི་ང་ཚོས་ཤེས་མི་ཐུབ་པའི་གནད་དོན་ལ་དད་པ་བྱེད་པའི་སྐོར་ཤོད་ཀྱིན་མེད། ང་ཚོས་གང་བདེན་པ་ཡིན་པར་ཡིད་ཆེས་པའི་སྐོར་ཤོད་ཀྱིན་ཡོད་མ་གཏོགས། ང་ཚོས་རྩ་བ་ནས་རྟོགས་མི་ཐུབ་པའི་གནད་དོན་ཞིག་ལ་དད་པ་བྱེད་པ་ཙམ་ཞིག་མིན།
དང་པོ། ང་ཚོར་དང་བའི་དད་པ་ཞིག་ཡོད། དེ་ནི་ང་ཚོའི་སེམས་ལ་ཡོད་པའི་ཉོན་མོངས་པའི་རིགས་གང་འདྲ་ཞིག་ཡིན་རུང་། དེ་དག་ལྷིང་འཇགས་སུ་གཏོང་བའམ་དག་པར་བྱེད་པ་དེ་རེད། དཔེར་ན། དེས་ང་ཚོའི་སེམས་ནང་གི་བློ་ཐག་ཆོད་མ་ཐུབ་པའི་ཐེ་ཚོམ་དང་འཇིགས་སྐྲག་ལྷིང་འཇགས་སུ་གཏོང་གི་ཡོད། ང་ཚོས་ “སུས་འདི་འདྲ་བྱེད་ཐུབ་སྲིད་དམ་” ཞེས་ཚོར་བའི་སྐབས། འཇིགས་སྐྲག་དེས་སངས་རྒྱས་ཀྱི་གོ་འཕང་ལ་གེགས་བྱེད་སྲིད། ཡང་ན་ང་ཚོ་འདོད་ཆགས་སྐྱེས་ནས། “འདི་ནི་ཧང་སངས་དགོས་པ་ཞིག་འདུག །འདི་ནི་ང་རང་ཁོ་ནའི་ཆེད་དུ་དགོས་ཀྱི་འདུག་” ཅེས་བསམ་སྲིད། དང་བའི་དད་པས་དེ་དག་ཐམས་ཅད་ལྷིང་འཇགས་སུ་གཏོང་བ་དང་། དད་པ་འདི་ནི་དད་པ་གཉིས་པ་རྒྱུ་མཚན་ལ་ཡིད་ཆེས་པའི་དད་པ་གཞི་ལ་བཞག་ནས་ཐོབ་ཡོད། ཕྱོགས་གཞན་ཞིག་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་དམིགས་ཡུལ་དེ་རྒྱུ་མཚན་དང་ལྡན་པ་རེད། དད་པ་གསུམ་པ་ནི་མངོན་འདོད་ཀྱི་དད་པ་སྟེ། གང་ཞིག་ཐོབ་རུང་ཡིན་པ་དང་དེ་ང་ཚོས་འཐོབ་ནུས་པའི་ཡིད་ཆེས་བྱེད་པ་དེ་རེད། བྱས་ཙང་། ང་ཚོས་དེ་འཐོབ་པར་མངོན་འདོད་བྱེད་ཀྱི་ཡོད།
བདེན་པ་ལ་དད་པའམ་ཡིད་ཆེས་པ་རིགས་གསུམ་ལས། དམིགས་ཡུལ་རྣམས་རྒྱུ་མཚན་དང་ལྡན་པ་ཡིན་པར་ཡིད་ཆེས་རྙེད་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་ང་ཚོས་མཐོང་ཐུབ། དེ་དག་ཐོབ་རུང་ཡིན་པ་དང་། དེ་ཡང་ང་རང་ཚོ་མི་རེ་ངོ་རེ་ནས་ཐོབ་ཐུབ་པ་ཞིག་རེད། ཡིད་ཆེས་དེ་རྙེད་པའི་ཚེ་ན། ང་ཚོའི་སེམས་ཞི་འཇམ་ཆགས་པ་དང་། སེམས་ནང་འཇིགས་སྐྲག་དང་། ཐེ་ཚོམ། སྒྲོ་འདོགས་མེད་ལ། དམིགས་ཡུལ་དེ་དག་ཐོབ་པ་གཞན་རྣམས་ལ་ཕྲག་དོག་མི་བྱེད་ཅིང་། སོ་སོ་རང་ཉིད་ཀྱི་གྲུབ་འབྲས་ལ་ཁེངས་དྲེགས་མི་བྱེད་པ་ཡིན།
འཕགས་པའི་བདེན་པ་བཞིའི་རྣམ་པ་བཅུ་དྲུག
ཡིད་ཆེས་ཀྱི་གལ་གནད་རྨང་གཞིར་བྱེད་པའི་ཆོས་ཀྱི་རྣམ་པ་གཞན་ཞིག་ནི། འཕགས་པའི་བདེན་པ་བཞིའི་རྣམ་པ་བཅུ་དྲུག་ལ་སློབ་སྦྱོང་བྱ་རྒྱུ་དེ་རེད། ང་ཚོས་འཕགས་པའམ་འཕགས་པའི་གང་ཟག་གི་སྐོར་བཤད་ཟིན་པ་རེད། དེ་ནི་སྟོང་ཉིད་ལ་རྟོག་མེད་ཀྱི་ཤེས་པ་དང་ལྡན་པའི་གང་ཟག་དེ་རེད། དོན་ངོ་མར་དེ་ནི་སྟོང་ཉིད་ཙམ་མིན་པར། འཕགས་པའི་བདེན་པ་བཞིའི་རྣམ་པ་བཅུ་དྲུག་ལ་རྟོག་མེད་ཀྱི་སྒོ་ནས་རྟོགས་པའི་ཤེས་པ་དེ་ཡང་ཡིན། དེ་དག་གི་གྲངས་འདྲེན་ངས་འདིར་ཞུ་གི་མིན། བདེན་པ་བཞི་པོ་རེ་རེ་ལ་བཞི་རེ་ཡོད། འོན་ཀྱང་སློབ་སྦྱོང་བྱས་ནས་དེ་དག་ལ་ཡིད་ཆེས་རྙེད་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོས་འགོག་བདེན་ངོ་མ་ཐོབ་རུང་ཡིན་པ་དང་། སྡུག་བསྔལ་གྱི་རྒྱུ་ངོ་མ་ནི་མ་རིག་པ་ཡིན་པ། དེ་ནས་ལམ་གྱི་བདེན་པ་ལ་བརྟེན་ནས་སྡུག་བསྔལ་གྱི་རྒྱུ་རྣམས་རྩ་ནས་མེད་པ་བཟོ་གི་ཡོད་པ་བཅས་ལ་ཡིད་ཆེས་རྙེད་དགོས། བདེན་བཞིའི་མི་རྟག་སོགས་རྣམ་པ་བཅུ་དྲུག་གིས་དེ་དག་ཐམས་ཅད་འགྲེལ་བརྗོད་བྱེད་པ་དང་། རང་རྒྱུད་ལ་ཡིད་ཆེས་རྙེད་པར་ཕན་གྱི་ཡོད།
སྐྱབས་འགྲོའི་གཞི་རྟེན་ལྟ་བུར་འགོག་བདེན་དང་ལམ་བདེན་ལ་ཡིད་ཆེས།
ངས་འདི་དག་ཐམས་ཅད་ཞིབ་ཚགས་པོར་བརྗོད་དགོས་དོན་ནི། ཆོས་ཀྱི་རྣམ་པ་ཁག་ང་ཚོའི་མི་ཚེའི་ནང་མཉམ་སྡེབ་བྱེད་ཐབས་ཀྱི་གལ་གནད་དང་ཕན་ཡོན་རྣམས་གསལ་སྟོན་ཆེད་དུ་ཡིན། དེ་ལྟར་བྱེད་པ་ལ་བརྟེན་ནས་ཆོས་ཀྱི་གནད་རྣམས་ལ་གོ་རྟོགས་ཡོད་པ་དེ་གཏིང་ཟབ་ཏུ་དང་ཁ་སྣོན་བྱེད་ཀྱི་རེད། གལ་ཏེ་ཁྱེད་ཀྱིས་སྐྱབས་སུ་འགྲོ་བའམ། ཕྱོགས་གཞན་ཞིག་ནས། ཁྱེད་རང་དངོས་གནས་མི་ཚེའི་ནང་དཀོན་མཆོག་གསུམ་གྱིས་བསྟན་པའི་ཉེན་མེད་ཀྱི་ཁ་ཕྱོགས་སུ་འགྲོ་གི་ཡོད་ན། ང་ཚོ་ཁ་ཕྱོགས་དེར་དངོས་སུ་འགྲོ་དགོས་ཀྱི་རེད།
ཆོས་དཀོན་མཆོག་གི་ཁ་ཕྱོགས་དེ་གང་རེད་དམ། དེ་ནི་འཕགས་པའི་བདེན་པ་གསུམ་པ་དང་བཞི་པ་རེད། ཡང་ན་འཕགས་པའི་གང་ཟག་གི་ཤེས་པའི་རྒྱུད་ལ་ཡོད་པའི་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་རེད། ང་ཚོས་མཚན་ཉིད་འདི་ཤེས་དགོས། བདེན་པ་གསུམ་པ་དང་བཞི་པ་ནི་གནམ་དཀྱིལ་དུ་རང་ངོས་ནས་གྲུབ་ཡོད་པ་ཞིག་མིན། དེ་དག་ནི་དོན་ངོ་མར་ང་ཚོའི་སེམས་ཀྱི་རྒྱུད་ལ་གཞི་རྟེན་བྱེད་ཀྱི་ཡོད། དེ་ནི་སེམས་རྒྱུད་ཀྱི་སྡུག་བསྔལ་དང་དེའི་རྒྱུ་དང་བཅས་པ་གཏན་དུ་མེད་པ་བཟོ་བའམ་འགོག་པར་བྱེད་ཀྱི་ཡོད། དེ་ཡང་ང་ཚོའི་སེམས་ཀྱི་རྒྱུད་ནས་མེད་པ་བཟོ་ཐུབ་པའི་རེ་བ་ཡོད། དེ་ལྟར་མེད་པ་བཟོ་བར་བྱེད་མཁན་དེ་ནི་སེམས་ཀྱི་ལམ་མམ་ལམ་གྱི་བདེན་པ་དེ་རེད། སངས་རྒྱས་དཀོན་མཆོག་ནི་འགོག་བདེན་དང་ལམ་བདེན་ཡོངས་སུ་རྫོགས་པ་ཐོབ་པ་རྣམས་རེད། འཕགས་པའི་དགེ་འདུན་རྣམས་ཀྱིས་དེ་དག་ཆ་ཤས་ཙམ་ཐོབ་པ་ལས་ཚང་མ་ཐོབ་མེད།
ང་ཚོས་དོ་གལ་ཇི་ཙམ་ཆེན་པོའི་ཐོག་ནས་སྐྱབས་སུ་འགྲོ་གི་ཡོད་དམ། དེ་ནི་ཆོ་མེད་ཀྱི་ཁ་འདོན་བྱས་ཏེ། སྐྲ་ཏོག་ཙམ་བྲེག་པ་དང་བོད་མིང་ངམ་ཆོས་མིང་ཞིག་ཐོགས་པ་ཙམ་དེ་རེད་དམ། ཡང་ན་ང་ཚོས་གང་ལ་སྐྱབས་སུ་འགྲོ་གི་ཡོད་དམ། ཨཱིས྄་ཊར་ཉིན་གྱི་ཨ་ཕོ་རི་བོང་ལྟ་བུ་ཞིག་ལ་སྐྱབས་སུ་འགྲོ་གི་ཡོད་དམ། སྐྱབས་འགྲོ་ནི་ཉེན་མེད་ཀྱི་ཁ་ཕྱོགས་ཤིག་རེད། བྱས་ཙང་། ང་ཚོས་དངོས་སུ་གྲུབ་པའམ་ཡོད་པར་ཡིད་ཆེས་པ་ཞིག་ལ་སྐྱབས་སུ་འགྲོ་དགོས། ང་ཚོར་འགོག་པའི་བདེན་པ་དང་ལམ་གྱི་བདེན་པ་ཡོད་པ་དང་། དེ་དག་ཐོབ་པའི་གང་ཟག་ཡོད་པ། དེ་བཞིན་ང་ཚོས་ཀྱང་ཐོབ་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་བརྟན་པོ་དགོས། དེ་དག་ཇི་ལྟར་ཐོབ་པའི་ལམ་གྱི་རིམ་པ་ཡོད་པ་དང་། དེ་དག་དངོས་གནས་སངས་རྒྱས་ཀྱིས་གསུངས་པར་ཡིད་ཆེས་ཡོད་དགོས། ང་ཚོ་དེ་དག་དངོས་སུ་ཡོད་པར་ངེས་ཤེས་རྙེད་པའི་སྐབས། ང་ཚོ་ཁ་ཕྱོགས་དེར་འགྲོ་རྒྱུ་ཐག་གཅོད་བྱེད་དགོས། དེ་ནས་ང་ཚོས་བྱང་ཆུབ་ཀྱི་སེམས་དེ་ཁ་སྣོན་བྱེད་པའི་སྐབས། སེམས་ཅན་ཐམས་ཅད་ལ་ཕན་པའི་ཆེད་ངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་འབད་བརྩོན་བྱ་རྒྱུའི་དམིགས་དགོས།
ཐོག་མའི་སྐབས་སུ་སྐྱབས་འགྲོ་དེ་ཐར་པའི་སྐབས་དོན་གྱི་ནང་ཡོད། ང་ཚོས་བོད་སྐད་ནང་ཀུན་སློང་གི་ཚིགས་སུ་བཅད་པ་ཞིག་ཀློག་པའི་སྐབས། ཐོག་མར་ཐར་པ་མ་ཐོབ་བར་དུ་སངས་རྒྱས་དང་། ཆོས། དགེ་འདུན་བཅས་ལ་སྐྱབས་སུ་འགྲོ་དགོས། དེའི་རྗེས་སུ་སྦྱིན་པ་ལ་སོགས་པའི་དགེ་བའི་ནུས་པའམ་ཚོགས་གསོག་པ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་དགོས། དེར་བརྟེན་ཆ་ཤས་དང་པོ་དེ་ནི་ཐར་པ་ཐོབ་པ་དང་འབྲེལ་ཞིང་། ཆ་ཤས་གཉིས་པ་བྱང་ཆུབ་ཀྱི་སེམས་ལ་དམིགས་པ་དེ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དུ་ཡིན། ང་ཚོས་རིམ་པ་དེ་དག་བརྒྱུད་ནས་འགྲོ་དགོས་ཀྱི་ཡོད།
དེ་འདྲ་སོང་ཙང་། སྐྱེས་བུ་ཆུང་ངུ་དང་། དེ་ནས་སྐྱེས་བུ་འབྲིང་། སྐྱེས་བུ་ཆེན་པོར་འགྱུར་བའི་གཞི་རྟེན་ཡོངས་སུ་རྫོགས་པ་ནི། དམིགས་ཡུལ་དེ་དག་ཐོབ་རུང་དང་ཐོབ་ངེས་ཡིན་པའི་ཡིད་ཆེས་པའི་དད་པ་ལ་རག་ལུས་ཡོད། དེ་ལ་ཡིད་ཆེས་རྙེད་པའི་ལམ་འདི་རེད། ལམ་རིམ་ནང་གང་གསལ་བ་ཚང་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་སྐབས་དོན་ནང་གོ་རྟོགས་རྙེད་པ་དགོས། འདིས་སྐབས་དོན་སྐྱབས་འགྲོ་དང་འབྲེལ་ནས་ཉམས་ལེན་གྱི་རིགས་གང་འདྲ་ཞིག་ཡིན་རུང་དེ་ནང་པའི་ཉམས་ལེན་ཞིག་ཡིན་པ་བཟོ་གི་ཡོད། གང་ཡིན་ཟེར་ན། ནང་ཆོས་དེ་ནང་ཆོས་མིན་པའམ། ཡང་ན་ནང་པ་དེ་ཕྱི་པ་ལས་ཁྱད་པར་གང་གིས་འབྱེད་ཀྱི་ཡོད་ཅེ་ན། སྐྱབས་འགྲོས་འབྱེད་ཀྱི་ཡོད། གལ་ཏེ་ང་ཚོས་སྐྱབས་འགྲོ་ཟུར་དུ་བསྐྱུར་ན། སྐྱེས་བུ་ཆུང་ངུའི་ལམ་གྱི་རིམ་པ་དེ་ཕལ་ཆེར་ཆོས་ལུགས་གཞན་དང་འདྲ་པོ་ཡོད། ང་ཚོར་སྐྱེ་བ་བཟང་པོ་ཐོབ་འདོད་པའམ། ཡང་ན་ལྷ་ཡུལ་དུ་འགྲོ་འདོད་ཡོད། དེ་ནི་དམིགས་བསལ་ནང་པ་གང་ཡང་མ་རེད།
དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེས་ནང་པ་ཁྱད་པར་འབྱེད་ཀྱི་ཡོད།
ནང་པ་མིན་པའི་སྲོལ་ལུགས་ཁག་དང་ཐུན་མོང་དུ་མཉམ་སྤྱོད་བྱེད་པའི་ནང་པའི་ཉམས་ལེན་མང་པོ་ཡོད། འཇིག་རྟེན་གྱི་གནས་སྟངས་ལས་ཐར་འདོད་ཀྱི་ཆོད་སེམས་ཏེ། ངེས་འབྱུང་ནི་སྲོལ་རྒྱུན་སྣ་ཚོགས་པའི་ནང་རྙེད་རྒྱུ་ཡོད་པ་དང་། ཞི་གནས་དང་ལྷག་མཐོང་ཐོབ་པའི་གདམས་ངག་ཆ་ཚང་བ་ནི་རྒྱ་གར་ཕྱི་རོལ་པའི་སྲོལ་རྒྱུན་མང་པོའི་ནང་ཡོད། ཁོང་ཚོར་སྟོང་ཉིད་ལ་དམིགས་ཚུལ་དེ་མེད་སྲིད་ཀྱང་། དེ་འདྲ་བའི་སེམས་ཀྱི་གནས་བབས་ཐོབ་པའི་ཐབས་ལམ་ཁག་ཡོད་ངེས་རེད། དེ་ག་ནང་བཞིན་ཧིནྡུའི་ཆོས་ལུགས་ཀྱི་གསང་སྔགས་འགྲེལ་ཚུལ་ལྟར་ན། རྩ་རླུང་འཁྲུལ་འཁོར་སོགས་ནང་ཆོས་ནང་ཡོད་པ་ནང་བཞིན་ཡོད།
དེ་དག་གང་རུང་ནང་པའི་ཉམས་ལེན་ཡིན་པ་ཇི་ལྟར་ཆགས་སམ། དེ་ནི་བྱམས་པ་དང་སྙིང་རྗེ་རེད་དམ། མ་རེད། གང་ཡིན་ཟེར་ན། བྱམས་སྙིང་རྗེ་ནི་ཆོས་ལུགས་གཞན་ཚང་མའི་ནང་ཡོད་པ་ཤེས་ཐུབ། དགེ་བའི་བཤེས་གཉེན་བསྟེན་པ་དེ་རེད་དམ། མ་རེད། དེ་ཡང་ཆོས་ལུགས་གཞན་མང་པོའི་ནང་ཡོད། ཚུལ་ཁྲིམས་བསྲུང་བ་དེ་རེད་དམ། མ་རེད། རབ་ཏུ་བྱུང་ནས་དགེ་འདུན་པ་དང་བཙུན་མ་ཆགས་ནས་རེད་དམ། མ་རེད། ཆོ་ག་ཕྱག་ལེན་སོགས་བྱེད་པས་རེད་དམ། མ་རེད། ང་ཚོས་དེ་དག་ཚང་མ་ཆོས་ལུགས་གཞན་དག་གི་ནང་རྙེད་ཐུབ།
འོ་ན་ནང་པ་ཟེར་བ་དེ་ཐུན་མོང་མ་ཡིན་པ་ཇི་ལྟར་ཆགས་སམ། ང་ཚོས་དེའི་ལན་ནི་དཔེ་ཆ་ཚང་མའི་ནང་ཀློག་ཆོག །དེ་ནི་ཉེན་མེད་ཀྱི་ཁ་ཕྱོགས་སམ་སྐྱབས་འགྲོ་དེ་རེད། དེ་ནི་གལ་ཆུང་ཆུང་དུ་བརྗོད་པའི་དོན་ཞིག་མ་རེད། དེ་ནི་ “ངའི་སངས་རྒྱས་ནི་ཁྱེད་ཀྱི་ལྷའམ་དཀོན་མཆོག་ལས་ཡག་ག་རེད་” ཅེས་ཟེར་བ་དེ་མིན། དེ་ནི་ཉེན་མེད་ཀྱི་ཁ་ཕྱོགས་ཏེ། འཕགས་པའི་བདེན་པ་གསུམ་པ་དང་བཞི་པ་དེ་རེད། སྡུག་བསྔལ་གྱི་རྒྱུ་རྣམས་རྩད་ནས་སྤངས་ཏེ་སྡུག་བསྔལ་འགོག་པའི་འགོག་བདེན་དང་། དེའི་ཕྱོགས་སུ་འཁྲིད་པར་བྱེད་པའི་སེམས་ཀྱི་ལམ་དངོས་ཏེ་ལམ་གྱི་བདེན་པ་རེད། ཕྱོགས་གཞན་ཞིག་ནས་དེ་ནི་ཐར་པའི་གོ་འཕང་དེ་རེད།
རྒྱ་གར་གྱི་ཆོས་ལུགས་ཁག་གཞན་གྱིས་ཐར་པའི་སྐོར་ཤོད་སྲིད་ཀྱང་། ནང་པའི་ལྟ་ཚུལ་ལྟར་ན། དེ་ནི་ཆ་ཚང་བའི་ཐར་པ་དེ་མ་རེད། གང་ཡིན་ཟེར་ན། ཁོང་ཚོའི་ལུགས་ཀྱི་ཉམས་ལེན་པ་རྣམས་ད་དུང་ཉོན་མོངས་དང་སྡུག་བསྔལ་འགའ་ཞིག་སྤོང་རྒྱུ་ལྷག་ཡོད་པ་དང་། ཁོང་ཚོའི་དངོས་པོའི་གནས་ལུགས་ཇི་ལྟར་རྟོགས་པའི་ཚུལ་དེ་ནོར་བ་རེད། ཁོང་ཚོར་གནས་སྐབས་ཙམ་ཁོང་ཁྲོའི་གཉེན་པོར་བྱམས་པ་སྒོམ་པའི་ཐབས་དེ་འདྲ་ཡོད་སྲིད་ནའང་། མཐར་ཐུག་གནས་ལུགས་ཀྱི་དོན་མ་རྟོགས་པ་སོང་ཙང་། ཁོང་ཁྲོ་ལྟ་བུ་རྩ་ནས་འགོག་པའི་འགོག་བདེན་འཐོབ་མི་ཐུབ་པ་ཡིན། སངས་རྒྱས་ཀྱིས་གང་གསུངས་པ་དེ་བདེན་པ་ཡིན་པའི་ང་ཚོའི་ཡིད་ཆེས་དེ་སངས་རྒྱས་ལ་དད་པ་ཡོད་པ་ཙམ་ལ་གཞི་རྩ་འཛིན་མི་ཐུབ། དཔེར་ན། དེ་དག་བདེན་པ་ཡིན་ཏེ། སངས་རྒྱས་ཀྱིས་བདེན་པ་ཡིན་ཞེས་གསུངས་པའི་ཕྱིར་ཟེར་བ་ལྟ་བུ་རེད། སངས་རྒྱས་རྣམས་ཀྱིས་བསྟན་པའི་ཐར་པ་ནི་ཐར་པ་ངོ་མ་རེད་ཅེས་རྒྱུ་མཚན་རིགས་པ་གཞི་རྩ་བྱས་པའི་དད་པ་ཞིག་ཡིན་དགོས། ང་ཚོའི་སེམས་ནང་ཡོད་པའི་ཉོན་མོངས་རྣམས་དག་པའི་སྒོ་ནས་ཡིད་ཆེས་དེ་རྒྱུ་མཚན་ལ་གཞི་བྱེད་དགོས། ང་ཚོའི་ཐར་པ་དེ་ཁོང་ཚོའི་ཐར་པ་ལས་ཡག་ག་ཡོད་པའི་སྐད་ཆ་མིན། ང་ཚོ་དེའི་ཐད་ཁེངས་དྲེགས་མེད་པ་དང་འདོད་ཆགས་མེད། དེའི་ཐད་ང་ཚོར་ཐེ་ཚོམ་མེད་པ་དང་། ཨུ་ཚུགས་དང་སེམས་གུ་དོག་པོའི་ཐོག་ནས་ཀྱང་ཐེ་ཚོམ་མེད་ལ། གཞན་ལ་ཕྱོགས་རིས་དང་ཕྲག་དོག་བྱེད་པ། དེ་བཞིན་གཞན་སུ་ཡིན་ནའང་ཚང་མ་དང་མཉམ་དུ་འགྲན་ཐབས་བྱེད་ཀྱིན་མེད། ང་ཚོར་དད་པའི་རིགས་གསུམ་པ་དེ་ཡོད། དེ་ནི་བདེན་དོན་ལ་མངོན་འདོད་ཀྱི་དད་པ་སྟེ། དེ་ནི་སྲིད་པ་ཞིག་དང་ང་ཚོས་བྱེད་ཀྱི་ཡིན་ཞེས་པ་དེ་རེད། དེ་ལྟར་བྱས་ན། ལམ་རིམ་ནང་གང་གསུངས་པ་ཐམས་ཅད་དོན་གོ་ཆོད་ལ་གནད་ལ་འཁེལ་བ་ཆགས་འགོ་བཙུག་གི་ཡོད།
རང་སོ་སོའི་ཀུན་སློང་ལ་དཔྱད་པ།
ང་ཚོར་ཆོས་ཡངས་པའི་ཐབས་ཚུལ་དེ་ཡོད་དང་མེད་བལྟ་ཕྱིར། རང་སོ་སོའི་ཀུན་སློང་ལ་དཔྱད་དགོས། ང་ཚོས་ཆོས་ཀྱི་ཐབས་ལ་བརྟེན་ནས་ཚེ་འདི་ཁོ་ན་ཡར་རྒྱས་གཏོང་ཐབས་བྱེད་ཀྱིན་ཡོད་དམ། ཡང་ན་ང་ཚོས་ཚེ་ཕྱི་མའི་སྐོར་བསམ་གྱིན་ཡོད་དམ། སངས་རྒྱས་ཀྱི་གོ་འཕང་ཟེར་བ་དེ་དོན་ངོ་མར་གང་ཡིན་པ་དང་། དེ་ཐོབ་རུང་ཡིན་པའི་སྐོར་ང་ཚོར་ཤེས་རྟོགས་ཡོད་དམ།
གལ་ཏེ་ཆོས་ཡངས་པ་དེ་ང་ཚོའི་ཉམས་ལེན་བྱེད་ས་ཡིན་ན། དེའི་ཐད་ལ་ནག་ཉེས་ཅན་དུ་ཚོར་བའམ་དཔྱད་ཁྲ་བྱེད་དགོས་དོན་མེད། དེ་ནི་ཏག་ཏག་འགྲིག་བསྡད་ཡོད། དེ་ནི་ནུབ་ཕྱོགས་པ་ཕལ་མོ་ཆེས་འགོ་འཛུགས་བྱེད་ས་དེ་ཡིན་པ་དང་། ང་ཚོའི་རྒྱབ་ལྗོངས་ནས་སླེབས་པ་སོང་ཙང་། ངེས་པར་དུ་འགོ་འཛུགས་བྱེད་དགོས། གལ་ཏེ་ང་ཚོས་ཆོས་ཡངས་པར་འབད་བརྩོན་བྱེད་ཀྱིན་ཡོད་ན། ཆོས་ངོ་མ་དེ་མི་འདྲ་བ་ཞིག་ཡིན་པ་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ང་ཚོས་དེ་ལ་གུས་ཞབས་བྱེད་དགོས། ང་ཚོས་མ་འོངས་པར་ཆོས་ངོ་མ་ལ་གདོང་ལེན་བྱེད་ཐུབ་པའི་རེ་བ་བྱེད་དགོས། གལ་ཏེ་ཀུན་སློང་ལ་དཔྱད་པའི་ཐོག་སླར་ཡང་བསམ་བློ་བཏང་ན། ང་ཚོ་དམིགས་ཡུལ་ངོ་མ་གསུམ་གྱི་ཐོག་ལ་ངེས་པ་ཞིག་དགོས།
གཞན་ཡང་ང་ཚོར་དམིགས་ཡུལ་དེ་དག་ཐོབ་པར་འདོད་མཁན་གྱི་སེམས་ཚོར་དངོས་འགའ་ཞིག་ཡོད་པ་རེད། ང་ཚོས་སྐྱེ་བ་བཟང་པོ་ལེན་རྒྱུ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རུང་ཡིན་པར་ཡིད་ཆེས་བྱེད་སྲིད་ཀྱང་། དེ་དག་གང་ལའང་དངོས་སུ་འབད་བརྩོན་བྱེད་པར་འགོག་རྒོལ་ཧ་ཅང་མང་པོ་ཡོད། ང་ཚོས་དེ་གསུམ་ཀ་ཐོབ་ཐུབ་པ་ཤེས་པའི་སྐབས། སེམས་ཚོར་གྱི་ངར་ཤུགས་ལ་འབད་བརྩོན་བྱས་ཏེ། དམིགས་ཡུལ་དེ་འཐོབ་པར་བྱེད་དགོས། ཆོས་ཡངས་པ་ནས་ཆོས་ངོ་མར་འགྱུར་བ་གཏོང་བར། ང་ཚོས་གནད་དོན་གཉིས་ཀྱི་ཐད་འབད་བརྩོན་བྱེད་དགོས། གཅིག་ནི་གོ་རྟོགས་དང་། གཞན་དེ་ནི་སེམས་ཚོར་གྱི་རྣམ་པ་དེ་རེད། དེ་གཉིས་ཀར་སྣང་མེད་གཏོང་མི་ཉན། དེ་གཉིས་ཀ་འདྲ་མཉམ་གྱི་གལ་ཆེན་པོ་ཡིན།
ང་ཚོ་སུ་ཡིན་པ་དང་ང་ཚོར་གང་དགོས་སམ།
ང་ཚོས་གང་ཟག་གམ་སྐྱེས་བུའི་སྐོར་ཤོད་སྐབས། ལམ་རིམ་ནང་བེད་སྤྱོད་བྱས་པའི་ཐ་སྙད་ནི་གལ་འགངས་ཆེན་པོ་ཡིན། ང་ཚོ་གང་ཟག་གང་འདྲ་ཞིག་རེད་དམ། ང་ཚོ་ཚེ་འདི་ཙམ་གྱི་ཆེད་རྒྱུ་ནོར་དང་བརྩེ་བ་སོགས་ལ་སེམས་འཁུར་ཡོད་མཁན་གྱི་གང་ཟག་ཅིག་རེད་དམ། ཡང་ན་ང་ཚོ་སྐྱེ་བ་ཕྱི་མར་དོན་གཉེར་དང་ཁོང་ཚོ་ཇེ་སྡུག་ཏུ་མི་འགྲོ་བར་ངེས་བརྟན་བཟོ་བས་བསམ་བློ་གཏོང་མཁན་རེད་དམ། དེ་ལ་བརྟེན་ནས་ང་ཚོས་མུ་མཐུད་དེ་ཆོས་གོང་ནས་གོང་དུ་སྤེལ་བའི་གོ་སྐབས་ཡོང་གི་ཡོད། ང་ཚོ་སྡུག་བསྔལ་ཐམས་ཅད་ལས་བྲལ་ཞིང་ཐར་པ་འཐོབ་པར་འབད་མཁན་གྱི་གང་ཟག་ཅིག་རེད་དམ།
ཐར་པ་ཟེར་བ་ནི་དབང་མེད་ཀྱིས་ཡང་ནས་ཡང་དུ་འབྱུང་བའི་སྐྱེ་བ་ལས་ཐར་བ་དེ་རེད། ཆོས་ཡངས་པའི་ཐར་པ་ཟེར་བ་ནི། ཚེ་འདི་ཙམ་དུ་དབང་མེད་ཀྱིས་ཡང་ནས་ཡང་དུ་སྐྱེ་བ་ལས་ཐར་བ་དེ་ཡིན་པ་དྲན་དགོས། འཇིག་རྟེན་ནང་སེམས་ཅན་མ་ལུས་པ་ཐམས་ཅད་ལ་ཕན་ཕྱིར། ང་ཚོས་སངས་རྒྱས་ཀྱི་གོ་འཕང་ལ་དམིགས་ཀྱི་ཡོད་དམ། དེའི་ཁོངས་སུ་འབུ་སྲིན་ཡོད་དོ་ཅོག་ཚུད་ཡོད། དེ་ནི་རྒྱ་ཆེན་པོ་རེད། དེ་ལ་བརྟེན་ནས་ང་ཚོས་ཐེག་པ་ཆེན་པོ་སྟེ། རྒྱ་ཆེ་བའི་བསམ་པ་ཞེས་ཟེར་གྱི་ཡོད། དམིགས་ཡུལ་དེ་དག་གིས་ང་ཚོ་གང་ཟག་གང་འདྲ་ཞིག་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་། དེ་ནི་གལ་འགངས་ཆེན་པོ་ཡིན། དམིགས་ཡུལ་དེ་དག་གི་ཆེད་དུ་འབད་བརྩོན་བྱེད་པ་དེས་ང་ཚོའི་མི་ཚེ་འདི་རྒྱལ་ཁབ་དང་། མི་སེར། ལས་ཀ། ཕོ་མོ་སོགས་ལས་ཀྱང་རྦད་དེ་བཟང་དུ་གཏོང་གི་ཡོད། ལམ་རིམ་གྱིས་གང་གི་སྐོར་ཤོད་ཀྱི་ཡོད་ཅེ་ན། ང་ཚོ་གང་ཟག་གང་འདྲ་ཞིག་ཡིན་པའི་སྐོར་ཤོད་ཀྱི་ཡོད།
དེར་བརྟེན་ང་ཚོས་མི་ཚེ་ལ་བཟོ་ལྟ་བཟོ་མཁན་དེ་གང་ཡིན་པའི་སྐོར་རང་གིས་རང་ལ་འདི་ལྟ་བུའི་དྲི་བ་ཁག་འདྲི་དགོས། གལ་ཏེ་ང་ཚོས་དྲི་བ་མ་དྲིས་ན། ཆོས་ལ་སློབ་སྦྱོང་བྱེད་པ་དེ་གཞན་གང་ལའང་སློབ་སྦྱོང་བྱེད་པ་འདྲ་པོ་ཆགས་ནས་དེ་དོ་སྣང་བྱེད་འོས་པ་ཙམ་ཞིག་ཏུ་གྱུར་གྱི་ཡོད། དེ་ནི་མོ་ཊ་ལྟ་བུ་ཇི་ལྟར་བཟོ་བཅོས་རྒྱག་དགོས་པ་ལྟ་བུ་ཏོག་ཙམ་ཕན་ཐོགས་ཅན་ཡིན་སྲིད། དེ་ནི་མཚམས་མཚམས་སྤྲོ་སྣང་ལྡན་པ་དང་ཕན་ཐོགས་ཅན་ཞིག་ཡོད་སྲིད་ནའང་། དེས་ང་ཚོའི་མི་ཚེའི་ཆ་ཚང་འགྱུར་བ་གཏོང་གི་མ་རེད། ང་ཚོའི་མི་ཚེའི་གང་གིས་འགྱུར་བ་གཏོང་གི་རེད་དམ་ཞེ་ན། སྐྱེས་བུ་གསུམ་པོ་གོ་རིམ་དང་ལྡན་པ་ཞིག་ཆགས་པར་འབད་བརྩོན་བྱས་ན་འགྱུར་བ་གཏོང་ཐུབ།
རང་གིས་རང་ལ་དྲང་བདེན་བྱེད་པ།
དགེ་བཤེས་འཆད་ཁ་བས་མཛད་པའི་བློ་སྦྱོང་དོན་བདུན་པའི་ནང་གི་ཚིག་རྐང་ཞིག་ངས་དྲན་གསོས་སོང་། དེ་ཡང་བློ་སྦྱོང་སྐབས་ལམ་ལྷོང་ལྡན་པ་ཞིག་ཡོང་གི་ཡོད་མེད་ཚད་འཇལ་སྟངས་ནང་གི་གཅིག་ནི། “དཔང་པོ་གཉིས་ཀྱི་གཙོ་བོར་གཟུང་། ཞེས་གལ་ཏེ་དཔང་པོ་གཉིས་ལས། ངས་གཙོ་བོ་དེ་བླངས་ན་” ཞེས་གསུངས་ཏེ། དེའི་དོན་ནི་ང་ཚོའི་ཀུན་སློང་གི་རིམ་པ་དང་ཆོས་ཀྱི་སྨིན་ཚད་ལ་དཔང་པོ་དང་ཚོད་དཔག་བྱེད་ཐུབ་མཁན་གཞན་དག་གམ་རང་ཉིད་དེ། དངོས་གནས་ཤེས་མཁན་དེ་སོ་སོ་རང་ཉིད་ཡིན་པ་རེད། རང་གིས་རང་ལ་དྲང་པོ་ཡིན་མིན་ང་ཚོས་ཤེས་ཀྱི་ཡོད། ང་ཚོས་འཇིག་རྟེན་ནང་གི་འབུ་སྲིན་ཡོད་དོ་ཅོག་ཐར་པ་ཐོབ་ཕྱིར་འབད་བརྩོན་བྱེད་ཀྱི་ཡོད་དམ་མེད། ང་ཚོས་ཧ་ཅང་ལས་སླ་པོའི་སྒོ་ནས། “སེམས་ཅན་ཐམས་ཅད་ཀྱི་དོན་དུ་ངས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་” ཅེས་འདོན་པའི་སྐབས། ང་ཚོས་སུ་ལ་ཆོབ་སླང་གིན་ཡོད་དམ། མི་སུས་ཀྱང་དངོས་གནས་དྲང་གནས་འདོན་གྱི་ཡོད་དམ་ཡང་ན་དེའི་དོན་གང་ཡིན་པར་བསམ་བློ་གཏོང་གི་ཡོད་དམ། ང་ཚོས་རང་གིས་རང་ལ་བརྟག་ཞིབ་ཡག་ཤོས་བྱེད་ཐུབ། ཕྱོགས་གཅིག་ནས་དེ་ལྟར་ནག་ཉེས་དང་ཚོད་དཔག་མེད་པའི་ཐོག་བྱེད་དགོས་ཤིང་། ཕྱོགས་གཞན་ཞིག་ནས་ཡིད་ཚིམ་མེད་པའི་ཐོག་བྱེད་དགོས། ང་ཚོས་ “དེ་ནི་ང་རང་གང་དུ་ཡོད་ས་དེ་རེད། དེ་ག་རང་རེད། ང་རང་མི་ཁོང་ཁྲོ་ཚ་པོ་ཞིག་ཡིན། བྱས་ཙང་། མི་ཚང་མས་དེ་ལ་གོམས་ན་ཡག་ག་ཡོད་” ཅེས་བསམ་གྱི་ཡོད། དེ་ལས་ལྡོག་སྟེ། ང་ཚོས་ “ང་རང་ད་ལྟ་ཡོད་ས་འདི་རེད། ཡིན་ནའང་ང་རང་ད་དུང་མདུན་སྐྱོད་བྱེད་འདོད་འདུག་” ཅེས་པའི་བསམ་བློའི་ཁྱེར་སོ་ཞིག་སྐྱེད་ཐབས་བྱེད་དགོས།
འོན་ཀྱང་ང་ཚོར་ “ང་རང་ཉམས་ལེན་འདི་བྱ་རྒྱུ་གྲ་སྒྲིག་ཡོད་དམ་” ཞེས་པའི་དྲི་བ་འདི་འདྲ་ཡོད་པའི་སྐབས། ག་རེ་ཡོང་གི་ཡོད་དམ། དེ་ང་ཚོའི་དགེ་བའི་བཤེས་གཉེན་རྣམས་ལ་དྲིས་ན་རན་པོ་ཞིག་ཡོད་དམ། ཡང་ན་ང་ཚོ་རང་ངོས་ནས་དེ་ལ་བརྟག་ཞིབ་བྱེད་དགོས་སམ། ང་ཚོས་དགེ་བའི་བཤེས་གཉེན་ནས་བསླབ་བྱ་ཞུ་ལོས་ཆོག །དེ་ལ་མི་སུས་ཀྱང་ང་ཚོས་ཁོང་རྣམ་པའི་ལམ་སྟོན་ཞུ་རྒྱུ་མེད་ཅེས་བརྗོད་ཀྱི་མ་རེད། འོན་ཀྱང་། “ངའི་རང་འདོད་དོན་གཉེར་གྱི་བློ་དེ་ལས་ཐར་ཡོད་དམ།” ང་ཚོས་མི་གཞན་ཞིག་ལ་འདྲི་དགོས་སམ། ཡང་ན་ང་ཚོ་རང་ངོས་ནས་བརྟག་ཞིབ་བྱེད་དགོས།
དེ་ལྟར་གནད་དོན་ཅུང་ཟད་མགོ་རྙོག་ཚ་རུ་འགྲོ་གི་རེད། སྐབས་རེར་ང་ཚོས་མི་གཞན་དང་མཉམ་དུ་འབྲེལ་བ་ཇི་ལྟར་བྱེད་ཀྱི་ཡོད་ཤེས་ཀྱི་མེད། བྱས་ཙང་། ཐ་ན་དགག་པ་རྒྱག་མཁན་གྱི་མི་ཞིག་རག་རྒྱུ་ཁག་པོ་ཡོད་ནའང་། ང་ཚོར་རྒྱབ་རྟེན་དགོས་ཀྱི་ཡོད། ང་ཚོས་ “ངས་ང་ཚོའི་འབྲེལ་བའི་ནང་རང་འདོད་དོན་གཉེར་གྱི་ལས་བྱས་སོང་ངམ།” ཞེས་འདྲི་ཆོག །མི་གཞན་དེ་ལ་ཁོའམ་མོའི་སེམས་ཚོར་གྱི་གྲོས་གཞི་ཡོད། མཐར་ཐུག་ང་ཚོས་རང་འདོད་དོན་གཉེར་གྱི་ལས་བྱས་ཡོད་དང་མེད་ཀྱི་དཔང་པོ་ཡག་ཤོས་དེ་སོ་སོ་རང་ཉིད་ཡིན་པ་རེད། སོ་སོ་རང་ཉིད་ཀྱི་ཚོར་བ་དང་གཞན་གྱི་རྒྱབ་རྟེན་ལ་གཞི་བཞག་པའི་ཐོག་ང་ཚོ་རང་ངོས་བརྟག་ཞིབ་བྱེད་དགོས། སོ་སོ་རང་ཉིད་ལས་གཞན་ལ་དགག་པ་རྒྱག་རྒྱུ་དེ་ལས་སླ་བ་ཡོད། གང་ཡིན་ཟེར་ན། ང་ཚོས་སོ་སོ་རང་ཉིད་ཡག་ག་ཤེས་ཀྱི་ཡོད།
འགྱུར་བ་གཏོང་བར་སེམས་ཚོར་གྱི་འགོག་རྒོལ་ལས་ཐར་བ།
ངས་གོང་དུ་ཞུས་ཟིན་པ་ལྟར། ང་ཚོས་སོ་སོ་རང་ཉིད་འགྱུར་བ་གཏོང་འདོད་དང་ཡར་རྒྱས་གཏོང་འདོད་ཡོད་ནའང་། ང་ཚོར་ནམ་རྒྱུན་ཡང་སེ་སེམས་ཚོར་གྱི་འགོག་རྒོལ་དང་འཕྲད་ཀྱི་ཡོད། དེ་ལས་ཐར་ཕྱིར། ང་ཚོས་འགོག་རྒོལ་དེའི་རྒྱབ་ཏུ་ཡོད་པའི་རྨོངས་པ་ལ་དཔྱད་པ་གཏིང་ཟབ་ཏུ་གཏོང་དགོས་ཤིང་། དེ་ལ་གང་གིས་རྒྱུ་བྱེད་བཞིན་ཡོད་པ་དེ་སེལ་ཐབས་བྱེད་དགོས། གལ་ཏེ་ང་ཚོས་དཔྱད་པ་དེ་རྒྱ་གར་གྱི་ནང་པའི་གྲུབ་མཐའ་སྨྲ་བ་ཚང་མའི་ཐུན་མོང་གི་རིམ་པར་བཞག་ན། རྨོངས་པ་ཟེར་བ་ནི་རང་གི་ལུས་དང་། སེམས། སེམས་ཚོར། མིང་སོགས་ཆོས་གཞན་ལ་བལྟོས་མི་དགོས་པའི་ཐོག་ནས་རང་གིས་རང་མཐའ་གཅིག་ཏུ་རྟོགས་ཐུབ་པའི་ང་ ༼རྫས་ཡོད་ཀྱི་ང་༽ ཟེར་བ་ཞིག་ལ་ཡིད་ཆེས་པ་དེ་རེད། རྨོངས་པ་དེས་འགོག་རྒོལ་ཡོང་བར་བྱེད་ཀྱི་ཡོད། བྱས་ཙང་། ང་ཚོས་ང་ཟེར་བ་འདི་ཞིབ་དཔྱོད་བྱེད་འགོ་བཙུག་དགོས། འདི་ནི་ང་ཟེར་བ་རང་ངོས་ནས་ཤེས་ཐུབ་པ་དཔེར་ན། “ང་རང་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་མེད། ང་རང་གཞན་ལ་ཕན་འདོགས་འདོད་མེད་” ཅེས་པ་ལྟ་བུ་རེད། ཆོས་ཉམས་ལེན་བྱེད་འདོད་མེད་པའི་ང་ཞེས་བྱ་བ་རང་ངོས་ནས་གྲུབ་པ་ཞིག་ཡོད་པ་ལྟ་བུ་སྣང་གི་ཡོད།
ཉམས་ལེན་བྱེད་འདོད་མེད་མཁན་དེ་སེམས་རེད་དམ། དེ་ལེ་ལོ་རེད་དམ། དེ་དངོས་གནས་གང་རེད་དམ། ང་ཚོས་ང་དང་འབྲེལ་བའི་སྒོ་ནས་དཔེར་ན། “ང་རང་ཉམས་ལེན་བྱེད་འདོད་མེད་” ཟེར་བ་ནང་བཞིན་བསམ་བློ་གཏོང་གི་ཡོད། འོན་ཀྱང་ང་ཟེར་བ་འདི་ནི་ལེ་ལོ་དང་། ཞེད་སྣང་། ཉེན་སྲུང་མེད་པ་སོགས་སེམས་བྱུང་གཞན་རྣམས་དང་ལྡན་པའི་སེམས་ཀྱི་སྟེང་ལ་མིང་དུ་བཏགས་ཡོད། གལ་ཏེ་ང་ཚོས་སེམས་དང་སེམས་བྱུང་། སེམས་ཚོར་དང་ཉེན་སྲུང་མེད་པའི་མགོ་རྙོག་ཆ་ཚང་ལ་གོ་བར་བྱེད་འདོད་ཡོད་ན། ང་ཚོས་དེ་ལ་ང་དང་འབྲེལ་བའི་ཐོག་ནས་གོ་བར་བྱེད་ཆོག །དེ་ནི་དངོས་གནས་ང་རང་ཉམས་ལེན་བྱེད་འདོད་མི་འདུག་ཟེར་བ་ལྟ་བུ་ཚོར་གྱི་རོད།
འོན་ཀྱང་ང་འདི་ནི་རང་ངོས་ནས་གྲུབ་པ་ཞིག་མེད། ཡིན་ནའང་ཆོས་གཞན་འདི་དག་གི་སྐབས་དོན་ཁོ་ན་ལ་ཤེས་ཐུབ་ཀྱི་ཡོད། ང་ཚོས་གནས་སྟངས་ལ་འགྱུར་བ་གཏོང་བ་དང་ཉམས་ལེན་གྱི་འགོག་རྒོལ་ལས་ཐར་བར། གལ་ཏེ་ང་ཚོས་ཆོས་གཞན་ལ་བལྟོས་མི་དགོས་པར་རང་གིས་རང་མཐའ་གཅིག་ཏུ་རྟོགས་ཐུབ་པའི་ང་ ༼རྫས་ཡོད་ཀྱི་ང་༽ ཟེར་བ་ཞིག་གི་ཐོག་ནས་བསམ་བློ་གཏོང་བཞིན་ཡོད་ན། དེ་ནས་ང་ཚོས་གང་ལྟར་ཡང་། ང་དེ་འགོག་རྒོལ་ལས་བཀག་འགོག་བྱེད་དགོས། དེ་ནི་ང་ཚོས་སོ་སོ་རང་ཉིད་ལ་ “མ་བྱོས། ཡིན་མདོག་བྱ་རྒྱུ་ཞོག་” ཅེས་སྐད་ལོག་རྒྱག་སྲིད་པ་ལྟ་བུའམ། ཡང་ན་རང་གིས་རང་ལ་ཉམས་ལེན་བྱེད་དགོས་པའི་བཙན་དབང་དང་ཉེས་ཆད་འགེལ་བ་ལྟ་བུ་རེད། དེས་ཕན་ཐོགས་ཀྱི་མེད། དེ་ནི་ང་ཟེར་བའི་གོ་བ་ནོར་བ་ཞིག་ལ་གཞི་རྟེན་བྱས་ཡོད།
དེར་བརྟེན་ང་ཚོས་གཉེན་པོ་ཚུལ་བཞིན་དུ་བསྟེན་རྒྱུ་གལ་ཆེ་ཞིང་། ཆོས་གཞན་ལ་བལྟོས་མི་དགོས་པར་རང་གིས་རང་མཐའ་གཅིག་ཏུ་རྟོགས་ཐུབ་པའི་ང་ ༼རྫས་ཡོད་ཀྱི་ང་༽ ཟེར་བ་ཞིག་མིན། གང་ཡིན་ཞེ་ན། དེ་འདྲ་ཞིག་གྲུབ་མེད། ང་ཚོས་ང་ཟེར་བ་དེ་བཏགས་པའི་སེམས་བྱུང་དང་ཉོན་མོངས་སྣ་ཚོགས་པ་ཐོག་ནས་གཉེན་པོར་དམིགས་དགོས། བྱས་ཙང་། ང་ཚོས་སོ་སོའི་ཞེད་སྣང་དང་། ལེ་ལོ། ཉེན་སྲུང་མེད་པ་སོགས་ཉམས་ལེན་བྱེད་འདོད་མེད་པའི་ང་ཟེར་བ་དེ་འདོགས་གཞི་རྣམས་ལ་འབད་བརྩོན་གྱིས་ཆོས་ཀྱི་ཐབས་ལམ་ཡང་དག་པ་རྣམས་བེད་སྤྱོད་བྱེད་དགོས། ང་ཚོས་དེ་དག་སྤངས་པའི་རྗེས་སུ་གཞི་ནས་ང་ཞེས་བྱ་བའི་འདོག་གཞི་སྤྲོ་སེམས་ལ་སོགས་པ་དང་ལྡན་པའི་སྒོ་ནས་ཉམས་ལེན་བྱེད་འདོད་ཡོད་མཁན་ཞིག་རྙེད་ཀྱི་ཡོད། འདི་ནི་ང་ཚོས་སྟོང་ཉིད་ལ་དཔྱད་པ་ཇི་ལྟར་བྱེད་ཆོག་པ་དེ་རེད། དེ་ནི་ཧ་ཅང་རྣམ་དཔྱོད་དང་ལྡན་པའམ་ཡང་ན་དཀའ་ལས་ཁག་པོ་མེད་པར། གང་གི་སྐོར་ཤོད་ཀྱིན་ཡོད་པ་དང་དེ་དག་དངོས་སུ་ཉམས་ལེན་གྱི་ནང་ཇི་ལྟར་ལག་བསྟར་བྱེད་ཚུལ་རྟོགས་དགོས་པའི་གནད་དོན་ཞིག་རེད།
ཕྱོགས་བསྡོམས།
ང་ཚོ་སུ་ཡིན་པ་དང་ང་ཚོ་ལ་གང་དགོས་སམ། འདི་ནི་དངོས་གནས་བྱས་ན་དྲི་བ་ལས་སླ་པོ་ཞིག་མིན། འདི་ལ་ང་ཚོས་དུས་ཚོད་བཏང་ནས་རང་གིས་རང་ལ་དྲང་བདེན་ཐོག་བརྟག་དཔྱད་བྱེད་དགོས་ཀྱི་ཡོད། ང་ཚོས་ཆོས་ཡངས་པ་ལ་བརྟེན་ནས་སྐྱིད་པོ་ཞིག་བྱུང་བའམ། ཡང་ན་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ཀུན་སློང་གི་རིམ་པའི་ཆེད་དུ་འབད་བརྩོན་བྱེད་པ་གང་ཡིན་རུང་། མ་མཐའ་ཡང་ང་ཚོ་གང་དུ་ཡོད་པ་དེ་ཤེས་ཀྱི་རེད། མཐར་ང་ཚོ་སོ་སོའི་དཔང་པོ་ཡག་ཤོས་དེ་ཆགས་ཀྱི་ཡོད།
ང་ཚོས་གོང་དུ་མཐོང་བ་ལྟར། སྐྱབས་འགྲོའམ་ཉེན་མེད་ཀྱི་ཁ་ཕྱོགས་ལ་བརྟེན་ནས་ནང་པ་ཞེས་ཆོས་ལུགས་གཞན་དག་དང་དངོས་གནས་ཁྱད་པར་འབྱེད་ཀྱི་ཡོད། སྐྱབས་འགྲོ་ནི་དངོས་པོའི་གནས་ལུགས་ལ། ནང་པའི་ཆོས་ཀྱི་འཇུག་སྒོ་ཡིན། དེ་ནི་ཉོན་མོངས་སྤོང་བ་དང་། རང་ཉིད་ཡར་རྒྱས་གོང་འཕེལ་གཏོང་བའི་བྱ་བར་འཇུག་པ། དེ་བཞིན་སངས་རྒྱས་ཀྱི་གོ་འཕང་དུ་བགྲོད་པའི་ལམ་ལྟ་བུ་འགྲུལ་བཞུད་ཀྱི་འགོ་འཛུགས་དེ་ཡིན་པ་རེད།།