སྒོམ་ཉམས་ལེན་མང་པོའི་ནང་དམིགས་རྣམ་འཚུད་ནས་ཡོད། “དམིགས་རྣམ་” ཞེས་པ་ནི་ཨིན་སྐད་ནང་ “visualization” བསྒྱུར་ཡོད། སྒྱུར་དེས་ང་ཚོར་ཏོག་ཙམ་གོ་བ་ལོག་པ་སྤྲོད་སྲིད་པ་རེད། གང་ལྟར་ང་ཚོས་སྒོམ་པའི་སྐབས་སུ་མིག་གཉིས་བེད་སྤྱོད་བྱེད་ཀྱི་མེད། ང་ཚོའི་སེམས་བེད་སྤྱོད་ཐོག་ནས་བསམ་བློའི་ནང་གཟུགས་གཅིག་སླེབས་པར་བྱས་ནས་སྒོམ་གྱི་ཡོད་པ་རེད། དེ་ཡིན་དུས་མིག་གིས་མཐོང་ཐུབ་པ་ཙམ་མ་ཡིན་པར། སྒྲ་དང་དྲི། རོ་དང་རེག་བྱ་ཡང་ཡིད་ལ་འཆར་བར་བྱེད་དགོས་ཀྱི་ཡོད། ང་ཚོས་ཡིད་ཀྱིས་སྤྲུལ་བའི་མཆོད་པའི་རྫས་སྣ་ཚོགས་འབུལ་བའི་སྐབས་དབང་ཤེས་ཀྱི་ཚོར་བ་བདེ་བ་ཡིད་ལ་འཁོར་གྱི་ཡོད། དེར་མ་ཟད། ང་ཚོས་ཆ་ཚད་གཉིས་ལྡན་གྱི་འབུར་དུ་ཐོན་པའི་གཟུགས་བརྙན་ལ་དམིགས་པ་བྱེད་ཀྱི་མེད། ང་ཚོས་ཆ་ཚད་གསུམ་ལྡན་གྱི་འབུར་དུ་ཐོན་པའི་གཟུགས་བརྙན་འོད་ལས་གྲུབ་པ། དེ་ཡང་རི་མོར་བྲིས་པའི་སྐུ་འདྲའམ། ཡང་ན་སྒྲོ་བཏགས་ཀྱི་རི་མོ་ཙམ་མིན་པར། གསོན་པོ་ཞིག་དམིགས་དགོས་ཀྱི་ཡོད།
སངས་རྒྱས་ལ་དམིགས་པ་གཏད་པ།
ཐེག་པ་ཆེན་པོའི་ལུགས་ཀྱི་རྩེ་གཅིག་པའི་ཏིང་ངེ་འཛིན་སྒོམ་དུས་དགེ་རྒན་མང་པོ་ཞིག་གིས་དབུགས་ལ་དམིགས་པ་གཏད་དགོས་པ་བཀའ་གནང་གི་ཡོད། གང་ཡིན་ཟེར་ན། འདི་ནི་སྒོམ་རྒྱག་དུས་ཐབས་ལམ་ལས་སླ་ཤོས་དེ་རེད། ཐེག་ཆེན་གྱི་ལུགས་ལ་ཡོངས་གྲགས་མང་ཆེ་བས་སངས་རྒྱས་ཀྱི་སྐུ་ཆུང་ཆུང་ཞིག་དམིགས་རྣམ་དུ་བྱས་ནས་རྩེ་གཅིག་པའི་ཏིང་ངེ་འཛིན་འཐོབ་པར་བྱ་རྒྱུ་དེ་ཡིན། ང་ཚོས་ཀུ་ཤུ་ལྟ་བུ་ཞིག་ལ་ཅེར་ལྟ་བྱས་ནས་དམིགས་པ་རྩེ་གཅིག་ཏུ་གནས་ཐུབ་ཀྱི་ཡོད། ཡིན་ནའང་ཀུ་ཤུ་ལ་དམིགས་པ་བྱས་ན་ཕན་ཡོན་ག་རེ་ཡོད་རེད། གལ་ཏེ་ང་ཚོས་སངས་རྒྱས་ལ་དམིགས་པ་གཏད་ན། དམིགས་པ་རྩེ་གཅིག་བསྒྲུབས་པ་མ་ཟད། དེའི་སྒང་ལ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཡིད་ལ་དྲན་བཞིན་དུ་སངས་རྒྱས་ཀྱིས་བསྟན་པའི་ལམ་རང་ཉིད་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པའི་སྒོ་ནས་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ལ་དམིགས་ཏེ། སོ་སོའི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་༼སྐྱབས་འགྲོ་༽ཤིག་ཁ་སྣོན་བྱེད་ཐུབ་པ་སོགས་ཀྱི་ཕན་ཡོན་ཡོད།
དེ་ཙམ་མ་ཟད། སྔོན་རྒྱ་གར་གྱི་སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས། དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་ཡང་དག་པ་ཞིག་འཐོབ་པ་ནི་ཡིད་ཤེས་ལ་བརྟེན་ནས་ཡོང་གི་ཡོད་པ་མ་གཏོགས་དབང་ཤེས་ལ་བརྟེན་ནས་ཡོང་གི་མེད་ཅེས་གསུངས་ཡོད། གང་ཡིན་ཟེར་ན། ང་ཚོས་དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་དེ་བྱམས་དང་སྙིང་རྗེ། སྟོང་ཉིད་སོགས་སེམས་ནང་བསྐྱེད་པའི་ཆེད་དུ་བེད་སྤྱོད་བྱེད་ཀྱི་རེད། ང་ཚོའི་བསྐྱེད་ཐབས་བྱེད་བཞིན་པའི་སེམས་ཀྱི་གནས་བབས་ནང་དམིགས་པ་རྩེ་གཅིག་པ་སྒྲུབ་པའི་ཆེད་དུ་སངས་རྒྱས་ཀྱི་སྐུ་འདྲ་དང་གཟུཌ་བརྙན་ལ་དམིགས་རྣམ་བྱེད་པ་དེ་ཡིད་ཤེས་སྦྱོང་བརྡར་བྱེད་པའི་ཐབས་ལམ་ཞིག་ཡིན། དེ་འདྲ་ཡིན་པ་སོང་ཙང་། དམིགས་བསལ་བོད་ཀྱི་ཆོས་བརྒྱུད་ལས་དགེ་ལུགས་པའི་ལུགས་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཡང་དག་པ་ཞིག་འཐོབ་པ་ལ་སངས་རྒྱས་ཀྱི་སྐུ་དམིགས་རྣམ་དུ་བྱེད་དགོས་པ་ནན་གྱིས་གསུང་གི་ཡོད་པ་ང་ཚོས་ནམ་རྒྱུན་ཤེས་ཀྱི་ཡོད།
འོ་ན་བོད་ཀྱི་ཆོས་བརྒྱུད་གཞན་ས་སྐྱ་དང་། རྙིང་མ། བཀའ་བརྒྱུད་རྣམས་ཀྱིས་དབུགས་ལ་དམིགས་པ་གཏད་དགོས་པའམ། ཡང་ན་སངས་རྒྱས་ཀྱི་རི་མོ་དང་སྐུ་འདྲ་ལ་མིག་གིས་ལྟ་ནས་དམིགས་པ་གཏད་དགོས་རེད་ཅེས་གསུངས་པ་དེ་ཚོ་འཕགས་པ་ཐོགས་མེད་ཀྱིས་གསུང་དང་འགལ་བ་ཡིན་ནམ། འགལ་ཡོད་མ་རེད། ཆོས་བརྒྱུད་དེ་དག་གིས་སེམས་ཀྱིས་ཡུལ་རྟོགས་སྟངས་འགྲེལ་བརྗོད་གནང་སྟངས་ལ་ལྟ་བ་ཡིན་ན་འགལ་གྱི་མེད། ཆོས་བརྒྱུད་དེ་གསུམ་གྱིས་གང་གསུང་གི་ཡོད་པ་རེད་ཟེར་ན། མིག་ཤེས་ཀྱིས་དངོས་པོའི་གཟུགས་དབྱིབས་ཀྱི་མདོག་གཅིག་པོ་དུས་གཅིག་ལ་རྟོགས་ཀྱི་ཡོད་པ་དང་། དེ་བཞིན་རྣ་བའི་ཤེས་པས་དུས་གཅིག་ལ་སྒྲ་གཅིག་པོ་རྟོགས་ཀྱི་ཡོད། རྟོག་པའི་ཤེས་པས་དེ་དག་ཐམས་ཅད་ “འཇིག་རྟེན་ལ་གྲགས་པའི་ཡུལ་” ཞེས་ཟེར་ཆོག་པའི་ནང་མཉམ་དུ་བསྡུས་ནས་ཀྱི་ཡོད།
དཔེར་ན། ཀུ་ཤུ་ནི་དམར་པོ་ཟླུམ་གཟུགས་ཅན་དང་དྲི་དང་རོ་ཙམ་མིན། དེ་བཞིན་རང་གི་ལག་ན་ཡོད་སྐབས་རེག་བྱ། དེ་ལ་སོ་རྒྱག་སྐབས་ཀྱི་སྒྲ་ཙམ་མིན། ཀུ་ཤུ་དེ་ནི་སྐད་ཅིག་དང་པོ་ལ་གནས་པ་དང་སྐད་ཅིག་གཉིས་པའི་སྐབས་རྦེད་དེ་དངོས་པོ་གཞན་ཞིག་ཏུ་འགྱུར་གྱི་མེད། དེ་ནི་རྒྱུན་མཐུད་ནས་གནས་པ་ཞིག་རེད། མཐའ་མ་ཀུ་ཤུ་འདི་རུལ་ནས་མེད་པ་ཆགས་ཀྱི་ཡོད། ཡིན་ནའང་ཀུན་རྫོབ་དབང་གིས་ཀུ་ཤུ་དེ་ཉི་མ་ཁ་ཤས་སྡོད་མཁན་ཞིག་ཡོད་པ་རེད། ཁྱེད་རང་གིས་ཀུ་ཤུ་མཐོང་སྐབས་ཁྱེད་རང་གིས་དངོས་ཡོད་ལ་བློས་བཟོས་པའི་ཀུ་ཤུ་དེ་མཐོང་གི་ཡོད།
ཤེས་པ་དེའི་འགྲེལ་བརྗོད་གནང་སྟངས་བྱས་ན། ང་ཚོས་ཀུ་ཤུ་ཡང་ན་དབུགས་ཡར་མར་གཏོང་ལེན་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པའི་སྐབས་དེ་ནི་རྟོག་པའི་འཆར་སྣང་གི་ཡུལ་ཞིག་རེད། རྟོག་པའི་འཆར་སྣང་གི་ཡུལ་ནི་ཡིད་ཤེས་བརྒྱུད་དམིགས་པ་བྱེད་ཀྱི་ཡོད། རྟོག་པའི་སྒོ་ནས་ཁ་དོག་དང་། དབྱིབས། དྲི་དང་གཅིག་རྗེས་གཉིས་མཐུད་ཀྱི་སྐད་ཅིག་མ་མཉམ་དུ་ཡུལ་གྱི་སྟེང་དུ་བཞག་སྟེ་ང་ཚོས་ཡོངས་གྲགས་སུ་ “ཀུ་ཤུ་” ཞེས་བརྗོད་པའམ། ཡང་ན་དངོས་པོ་ག་རེ་ཡིན་པ་དེ་བརྗོད་ཀྱི་ཡོད། དེ་འདྲ་ཡིན་དུས་ཆོས་བརྒྱུད་དེ་ཚོས་ཀྱང་འཕགས་པ་ཐོགས་མེད་ཀྱི་གསུང་། ང་ཚོས་ཡིད་ཀྱི་ཤེས་པའི་ཐོག་ནས་རྩེ་གཅིག་པའི་ཏིང་ངེ་འཛིན་གོང་འཕེལ་གཏོང་དགོས་ཞེས་པ་ལ་གཟེངས་བསྟོད་གནང་གི་ཡོད་པ་རེད།
ཉམས་ལེན་དངོས་གཞི།
གལ་སྲིད་ང་ཚོས་སངས་རྒྱས་ཀྱི་སྐུ་ལྟ་བུ་གཟུགས་བརྙན་བེད་སྤྱོད་བྱས་ནས་དམིགས་པ་རྩེ་གཅིག་བྱེད་ཀྱི་ཡོད་ན། སངས་རྒྱས་ཀྱི་སྐུ་དེ་ནི་ང་ཚོའི་མཐེ་བོང་ཙམ་གྱི་ཚད་དང་སོ་སོའི་མདུན་ནས་ལག་པ་གཅིག་བརྐྱངས་པའི་རྒྱང་ཚད་ལ་དགོས་པ་རེད། མིག་གཉིས་འོག་ལ་མར་བལྟ་དགོས་ཀྱང་། ཡུལ་དེ་རང་ལ་བལྟ་རྒྱུ་མེད། གང་ཡིན་ཟེར་ན། ཡུལ་གྱི་དངོས་པོ་དེ་རང་གི་མིག་གིས་བསྐྱེད་པ་མིན། ང་ཚོས་མིག་འོག་ལ་མར་བལྟ་ནས་སངས་རྒྱས་ཀྱི་སྐུ་དེ་ཏོག་ཙམ་མཐོ་བ་སོ་སོའི་དཔྲལ་བའི་མཚམས་སུ་ཡོད་པར་དམིགས་དགོས།
བྱེད་སྟངས་འདི་ནི་དཀའ་ལས་ཁག་པོ་གང་ཡང་མེད། དང་པོ་སའི་སྒང་ལ་མར་ལྟོས། དེ་ནས་ལག་པས་སོ་སོའི་མཐེ་བོང་དེ་མདུན་གྱི་དཔྲལ་བའི་མཚམས་སུ་བཟུང་དགོས། ཁྱེད་རང་གིས་མཐེ་བོང་དེར་ཡོད་པ་ཚོར་གྱི་རེད། དེ་ལ་མིག་མི་ལྟ་བར་དམིགས་པ་རྩེ་གཅིག་ཏུ་མཐེ་བོང་ལ་གཏད་ཐུབ། དེ་ནས་ཁྱེད་རང་གིས་ལག་པ་མར་བཞག་པ་ཡིན་ནའང་ད་དུང་མཐེ་བོང་ཡོད་ས་ལ་དམིགས་པ་བྱེད་ཐུབ་ཀྱི་ཡོད། ལས་སླ་བོ་མི་འདུག་གམ།
གནས་བརྟན་སྡེ་པའི་ལུགས་མང་པོའི་ནང་མིག་བཙུམ་དགོས་པའི་སློབ་སྟོན་གནང་གི་ཡོད། ཡིན་ནའང་ཐེག་ཆེན་པའི་གཞུང་ནང་མིག་ལྡང་དགོས་པ་གསུང་གི་ཡོད། སྒོམ་གྱི་ཉམས་ལེན་དམིགས་བསལ་ཁ་ཤས་ལ་མིག་ཆ་ཚང་ལྡང་དགོས་པ་དང་སྐབས་རེ་བཙུམ་དགོས་པ་ཡོད་རེད། ཡིན་ནའང་ཐེག་ཆེན་སྐབས་སྤྱིར་བཏང་མིག་ལྡང་དགོས་པ་ལས་བཙུམ་དགོས་པ་གསུང་གི་མེད། མིག་ཆ་ཚང་ལྡང་པ་ཡིན་ན། རྣམ་གཡེང་སླེབས་ཡག་ལས་སླ་བ་ཡོད། དེ་འདྲ་ཡིན་པ་སོང་ཙང་། ང་ཚོས་མིག་འོག་སྣའི་རྩེ་ལ་བཞག་གི་ཡོད། དེས་ང་ཚོ་མིག་གཟི་ལོག་ཆགས་པ་ཟེར་གྱི་མེད། མིག་ཞ་ལའི་ཕྱོགས་ཀྱི་སྣའི་རྩེ་མོའི་མཐོ་ཚད་ལ་ལྟ་ནས་ལྷོད་ལྷོད་དམིགས་དགོས་ཤིང། ཧ་ཅང་ཤུཌ་དྲག་མིན་པར་ལྟ་དགོས་ཟེར་གྱི་ཡོད། ང་ཚོས་མིག་ཤེལ་གྱི་དྭངས་ཤེལ་ལམ་འཕྲད་ཤེལ་ (contact lens) ལྟ་བུ་ཅ་ལག་ཆུང་ཆུང་ཞིག་ས་ལ་ཟག་པ་དེ་འཚོལ་གྱི་མེད་པས། དམིགས་པ་དམ་པོ་དང་སྒྲིམས་ཆེ་རྒྱུ་མེད།
མིག་བཙུམས་ནས་སྒོམ་བརྒྱབ་པ་ཡིན་ན་སྐྱོན་ཡང་ཡོད་པ་རེད། གལ་སྲིད་ང་ཚོ་ཞི་འཇམ་ཡོང་བ་དང་། བྱམས་སྙིང་རྗེ་གོང་འཕེལ་གཏོང་བ་ལ་མིག་ཚང་མ་བཙུམ་པའི་གོམས་གཤིས་ཤིག་སླེབས་པ་ཡིན་ན། ཉིན་རེའི་མི་ཚེ་ནང་གཤིས་ཀ་དེས་དཀའ་ལས་སྤྲོད་ཀྱི་རེད། ང་ཚོ་མིའི་མཉམ་དུ་འབྲེལ་བ་བྱེད་སྐབས་ལམ་སེང་མིག་བཙུམ་ནས་བསམ་བློ་གཏོང་ཐབས་བྱས་པ་ཡིན་ན། དེ་ནི་ཏོག་ཙམ་ཁྱད་མཚར་པོ་ཞིག་མཐོང་སྲིད་པ་རེད། ཐེག་ཆེན་པའི་ཉམས་ལེན་སྐབས་ང་ཚོས་མིག་གཉིས་ཏོག་ཙམ་ལྡང་དགོས་ཟེར་གྱི་ཡོད། གང་ཡིན་ཟེར་ན། ང་ཚོ་སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་འདོད་ལ་དམིགས་ཀྱི་ཡོད་པས། མིག་གཉིས་པོ་བཙུམ་གྱི་མེད། མིག་གཉིས་བཙུམ་ན། དེ་ལས་གཏིང་ཟབ་པའི་དཀའ་ངལ་ཞིག་ནི། ༧གོང་ས་མཆོག་གིས། མིག་བཙུམ་སྐབས་མིག་ལྕིབས་དེ་ཅུང་ཟད་འགུལ་གྱི་ཡོད་པས། ཁྱེད་རང་གིས་སྒོར་ཐིག་དམར་པོ་ཕར་ཚུར་གཡོ་འགུལ་བྱེད་བཞིན་ཡོད་པ་ཡང་སེ་མཐོང་གི་ཡོད་པ་དེ་ནི་རྣམ་གཡེང་རེད། ཅེས་གསུངས་ཡོད།
དམིགས་རྣམ་གྱི་རྣམ་པ་གཉིས།
ང་ཚོས་དམིགས་པ་བྱས་དུས་དོ་སྣང་བྱེད་དགོས་པའི་དམིགས་རྣམ་གྱི་རྣམ་པ་གལ་ཆེན་གཉིས་ཡོད་པ་ལས། དང་པོ་ནི་སྣང་བ་ཞིག་བསྐྲུན་པ་སྟེ། དེ་ལ་ཨིན་སྐད་ནང་ཡང་སེ་ “clarity” (གསལ་བའི་རང་བཞིན་) ཅན་ཞིག་ཏུ་བསྒྱུར་ཡོད་ཀྱང་། བསྒྱུར་དེ་ནི་ཧ་ཅང་ཡག་པོ་ཞིག་མ་རེད། གང་ཞིན་ཞེ་ན། དེས་ཡུལ་གཅིག་དམིགས་པའི་ནང་དུ་ཡོད་པ་ལ་གོ་ཡི་ཡོད། སྐབས་འདིར་དོན་དག་འདི་འདྲ་མ་རེད། འདིར་ང་ཚོའི་བསམ་བློའི་ནང་སྣང་བ་ཞིག་འཆར་བ་བྱེད་དགོས་ཀྱི་ཡོད། གཉིས་པ་ནི་ཚིག་དོན་ལྟར་བྱས་ན་ “pride” ཞེས་བོད་སྐད་ནང་ “སྤོབས་པ་” ཟེར་གྱི་ཡོད། ང་ཚོས་གང་དམིགས་པ་བྱེད་ཀྱི་ཡོད་པ་དེ་དངོས་ཡོད་ཀྱི་དེར་ཡོད་པའི་སྤོབས་པའི་ཚོར་བ་ཞིག་སླེབས་ཀྱི་ཡོད་པ་དེ་ཡིན།
རྗེ་ཙོང་ཁ་པ་ཆེན་པོས། སྤོབས་པའི་ཚོར་བ་དགོས་རྒྱུ་འདི་སྒོམ་དང་པོའི་གནས་སྐབས་ལ་གལ་ཆེན་པོ་རེད་ཅེས་གསུངས་ཡོད། ང་ཚོས་དམིགས་རྣམ་དེ་ལ་དམིགས་པ་རྩེ་གཅིག་བཞག་ཐུབ་ཀྱི་འདུག་མི་འདུག་ཐད་ལ་སེམས་འཁྲེལ་བྱེད་དགོས་མེད། ཡིན་ནའང་ང་ཚོའི་དམིགས་པ་བྱེད་ས་སངས་རྒྱས་དེ་ང་ཚོའི་མདུན་དེ་ལ་ཡོད་པ་ཚོར་ཐུབ་ཀྱི་ཡོད་ན། དེ་ནི་ཧ་ཅང་ཡག་པོ་རེད། ང་ཚོ་ལ་སྣང་བ་ཞིག་དགོས་ཀྱི་ཡོད། ཐ་ན་འོད་ཟེར་སེར་པོ་ཙམ་ཞིག་ཡིན་ཡང་འགྲིག་གི་ཡོད། དེ་འདྲ་བྱུང་ན། དེ་ལ་ “འདུག སངས་རྒྱས་མངོན་སུམ་བཞུགས་འདུག་” བསམ་དགོས། ཞིབ་ཕྲའི་སྒོམ་གྱི་གནད་དོན་རྣམས་ང་ཚོའི་རྩེ་གཅིག་པའི་ཏིང་ངེ་འཛིན་ཡར་རྒྱས་ཕྱིན་སོང་ན་རང་བཞིན་གྱིས་ཡོང་གི་རེད།
ཨུ་ཚུགས་ཞེ་དྲག་མ་བྱེད།
ང་ཚོ་ཉམས་ལེན་པ་ཚོས་ནོར་འཁྲུལ་ནང་ནས་ཆེ་ཤོས་གཅིག་ནི། ང་ཚོས་གང་དམིགས་པ་བྱེད་ཀྱི་ཡོད་པ་དེ་གང་འདྲ་ཞིག་ཡོད་མིན་ཞིབ་ཕྲའི་གནད་དོན་རྣམས་ལ་བསམ་རྒྱུ་མང་དྲག་གི་ཡོད་པ་དཔེར་ན། དམིགས་པ་དེ་ལ་རྒྱན་ཆ་གང་གིས་བརྒྱན་ཡོད་པ་དང་། ཆོས་གོས་ཀྱི་རིགས་ག་རེ་གསོལ་འདུག དེ་བཞིན་དེའི་སྤྱན་གྱི་མདོག་སོགས་ཞིབ་ཅིང་ཕྲ་བ་བྱས་ཀྱི་ཡོད། དེས་ང་ཚོ་ཧ་ཅང་དམ་པོའམ་དངངས་འཚབ་བཟོས་ནས་ཉམས་ལེན་གང་ཡང་བྱེད་ཐུབ་ཀྱི་མེད། དེ་ལས་སྡུག་ག་ག་དུས་ཡོང་གི་ཡོད་ཟེར་ན། ང་ཚོས་དམིགས་པ་བྱེད་སའི་སྐུའི་བཀོད་པ་མང་པོ་སྒྲིག་ནས་ཡོད་པ་ལ་དམིགས་དུས་ཡོང་གི་ཡོད། དཔེ་ཆའི་ནང་གང་གསུངས་ཡོད་པ་དེས་ཀྱང་དེ་ལ་ཕན་ཐོགས་ཡོང་གི་མེད། གང་ཡིན་ཟེར་ན། དཔེ་ཆ་དེ་ཚོའི་ནང་སྐུ་དེ་ཚོའི་གཟུགས་དབྱིབས་སོགས་ཕྲ་ཞིང་ཕྲ་བ་གསུངས་ཡོད་པ་དེས་ང་ཚོ་དང་པོ་ཉིད་ནས་དམིགས་པ་བྱེད་ཐུབ་ཀྱི་ཡོད་པའི་མཐོང་སྣང་ཞིག་སྤྲོད་ཀྱི་ཡོད། དམིགས་རྣམ་གྱི་སྐུ་མང་པོ་ཞིབ་ཚགས་པོའི་བཀོད་སྒྲིག་བྱས་བཞག་པ་དེའི་ཞིབ་ཕྲའི་གནད་དོན་རྣམས་ལ་དམིགས་པ་བྱེད་ཐུབ་པ་ནི། སྒོམ་གྱི་གནས་རིམ་ཧ་ཅང་མཐོན་པོ་ལ་སླེབས་པའི་སྐད་ཆ་རེད། མཐའ་མ་ང་ཚོ་ཧ་ལས་པའི་སྦྱོང་བརྡར་ཡག་པོ་ཆགས་སོང་ན་དེ་འདྲ་ཞིབ་ཕྲ་བོ་བྱེད་ཐུབ་ཀྱི་རེད། ད་ལྟ་ལས་དང་པོ་བའི་གནས་སྐབས་ལ་དེ་མ་བྱེད་ན་ཡག་པོ་ཡོད་རེད། ང་ཚོ་ད་ལྟ་ཨུ་ཚུགས་ཆེན་པོ་སྒོམ་བརྒྱབ་ནས་ཞིབ་ཕྲའི་གནད་དོན་ཆ་ཚང་རག་ཐབས་བྱེད་པ་ཡིན་ན། དེ་ནས་ང་ཚོ་དངོས་གནས་བོད་སྐད་ནང་ཟེར་ཡག་གི་ “རླུང་ནད་” ན་ནས་སོ་སོའི་ནུས་པ་ལ་དཀྲོག་རྐྱེན་ཐེབས་ཏེ་སུན་སྣང་གི་ཚོར་བ་ཡོང་གི་རེད།
དམིགས་རྣམ་བསྐྱེད་པ།
རྗེ་ཙོང་ཁ་པ་ཆེན་པོས། ཞིབ་ཚགས་པོའི་དམིགས་རྣམ་གྱི་ཐད་ལ་ཁ་ཡོད་ལག་ཡོད་ཀྱི་ལུགས་གཉིས་ཀྱི་སྒོ་ནས་ལམ་སྟོན་གནང་ཡོད། དང་པོ་ནི། སྒོམ་གྱི་རི་མོ་ཡོངས་སུ་རྫོགས་པ་དེ་མ་རྟོགས་བར་དུ་དུས་གཅིག་ལ་ཧ་ཅང་ཞིབ་ཚགས་པོས་སྒོམ་དགོས་ཀྱི་ཡོད། ཁོང་གིས་ཐབས་ལམ་འདི་ནི་དམིགས་བསལ་གྱི་སྒོམ་ཉམས་ལེན་པ་ཁ་ཤས་ལ་རན་ཞིང་འཚམས་པ་ཡོད་ཅེས་གསུངས། ང་ཚོ་མང་ཆེ་བ་ལ་དང་པོ་དམིགས་རྣམ་གྱི་གཟུགས་བརྙན་ཁ་གསལ་པོ་དེ་ཙམ་མེད་པའམ། ཡང་ན་དམིགས་རྣམ་རགས་པ་ཙམ་དེ་ཡོངས་རྫོགས་དམིགས་དགོས་པ་དང་། དེ་ནས་སྒྲོམ་གཞི་དེའི་ནང་རིམ་པས་ཞིབ་ཚགས་པོའི་གནད་དོན་རྣམས་མཇུག་སྐྱེལ་དགོས་ཀྱི་ཡོད་ཅེས་གསུངས་ཡོད།
ཞིབ་ཕྲའི་གནད་དོན་ཁ་སྣོན་བྱ་རྒྱུའི་རྒྱུད་རིམ་འདི་ནི་མཉམ་འདུས་ཅན་ཞིག་རེད།དེ་ཡང་ང་ཚོས་དམིགས་གཏད་ཤིན་ཏུ་རྣོ་པོ་གཅིག་གི་ནང་ལ་ཞིབ་ཕྲ་རེ་ལེན་ནས།དམིགས་པ་གཉིས་པའི་སྐབས་དང་པོའི་སྐབས་ཀྱི་ཞིབ་ཕྲ་དེ་མ་བརླག་པ་དེའི་སྟེང་ལ་བཞག་ཐུབ་པ། དེ་ནས་དམིགས་པ་གསུམ་པའི་སྐབས་དང་པོ་གཉིས་པོ་མ་ཤོར་བ་གསུམ་པའི་སྟེང་དུ་བཞག་ཐུབ་པ་དགོས་ཡོད། གལ་གནད་ཆེ་ཤོས་དེ་གང་རེད་ཟེར་ན། གཅིག་གི་སྟེང་དུ་གཞན་ཁ་སྣོན་བྱེད་པའི་སྐབས་ང་ཚོས་གང་ཉར་འཚག་བྱས་ཟིན་པའི་ཞིབ་ཕྲའི་གནད་དོན་ཐད་ལ་དམིགས་གཏད་དེ་མ་བརླག་པའི་ཐོག་ནས་བཞག་ཐུབ་དགོས་པ་རེད།
གལ་སྲིད་ང་ཚོས་སངས་རྒྱས་ཀྱི་སྐུ་དམིགས་རྣམ་དུ་བྱེད་ཀྱི་ཡོད་ན། རྗེ་ཙོང་ཁ་པ་ཆེན་པོས། སངས་རྒྱས་ཀྱི་སྤྱན་ནས་མགོ་བཙུག་དགོས་ཤེས་ལམ་སྟོན་གནང་ཡོད། དེ་ནས་ཁོང་གིས། གལ་སྲིད་དམིགས་པ་དེའི་སྟེང་དུ་སངས་རྒྱས་ཀྱི་སྐུ་གཟུགས་སྤྱི་ཡོངས་གསལ་པོ་ཤར་གྱི་འདུག་ན། དེ་རང་ལ་དམིགས་ནས་བཟུང་རྒྱུ་མེད། གལ་སྲིད་དེ་གསལ་པོ་ཤར་གྱི་མེད་པ་ཡན་ལག་ཁ་ཤས་གསལ་པོ་ཤར་གྱི་འདུག་ན། གསལ་པོ་གང་ཤར་གྱི་ཡོད་པ་དེའི་སྒང་ལ་དམིགས་ནས་དོ་སྣང་བྱེད་དགོས་གསུངས་ཡོད། དེ་བཞིན་ཡན་ལག་དེ་ཚོ་ཡང་ཡལ་ཕྱིན་པ་ཡིན་ན། སྤྱི་ཡོངས་ཀྱི་སྐུ་གཟུགས་རགས་པ་དེ་ཆ་ཚང་ཡང་བསྐྱར་བསྐྱེད་དགོས་ཀྱི་ཡོད་ཅེས་གསུངས་ཡོད།
དམིགས་རྣམ་དྲན་ཤེས་སྤེལ་བའི་ལག་ཆ།
མང་པོ་འདུས་པའི་དམིགས་རྣམ་དེ་ཚོའི་དགོས་པ་ག་རེ་ཡིན་ནམ་ཞེ་ན། དེ་སེམས་ཀྱི་ནུས་རྩལ་གོང་འཕེལ་བཏང་ནས། མཐའ་མ་དམིགས་རྣམ་ནང་རྒྱལ་སྤྱིའི་རྩེད་འགྲན་རྒྱས་འཛོམས་ཆེན་མོའི་གསེར་གྱི་རྟགས་མ་ཐོབ་པ་ཙམ་ལ་རྫོགས་པ་ལྟ་བུ་མ་ཡིན་པར། སྒོམ་འདི་ལྟ་བུས་ནི་ཞིབ་ཕྲའི་ང་ཚོའི་སེམས་ཀྱི་དྲན་ཤེས་རྒྱ་སྐྱེད་གཏོང་བ་ལ་ཕན་པ་དང་གནད་དོན་མི་འདྲ་བ་མང་པོ་དུས་གཅིག་ཏུ་ཤེས་རྟོགས་ཐུབ་པར་ཕན་ཐོགས་བྱེད་ཀྱི་ཡོད། གནད་འགག་ནི་ཚང་མ་ག་རེ་འདྲ་པོ་མཐོང་གི་འདུག་བལྟ་རྒྱུ་དེ་མ་ཡིན་པར། ཞིབ་ཕྲའི་གནད་དོན་རེ་རེས་ག་རེ་མཚོན་གྱི་འདུག་བལྟ་རྒྱུ་དེ་རེད།
སངས་རྒྱས་ཆགས་པ་ལ་ཉམས་ལེན་གྱི་རྒྱུ་སྣ་ཚོགས་པ་ཡོད་པ་ལྟ་བུ་ལ་བསམ་བློ་ཞིག་གཏོང་དང་། དཔེར་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཡོད་པ་རེད། ང་ཚོས་དུས་གཅིག་ཏུ་ཉམས་ལེན་མི་འདྲ་བ་སུམ་ཅུ་རྩ་གཉིས་དེ་དག་སེམས་ནང་བཞག་ཁག་པོ་ཡོད། དམིགས་བསལ་གྱིས་དེ་ཚོ་མཐའ་གཅིག་ཏུ་འཆར་སྣང་སེམས་ཀྱི་རྣམ་རྟོག་ནང་བྱེད་ཀྱི་ཡོད་ན་ཁག་པོ་ཡོད་རེད། གལ་སྲིད་ང་ཚོས་དེ་དག་གསལ་རྗེན་བཀོད་པའི་ཐོག་སངས་རྒྱས་ཀྱི་སྐུའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཏེ། བ་སྤུ་རེ་རེ་ནས་གཡས་སུ་འཁྱིལ་བ་སོགས་བཀོད་ཡོད་ན། ང་ཚོ་གང་དམིགས་ཀྱི་ཡོད་པ་དེ་རྣམས་མཉམ་དུ་དམིགས་རྒྱུ་ལས་སླ་བ་ཡོང་གི་ཡོད། གལ་སྲིད་ང་ཚོས་རྟོགས་པ་བྱེ་བྲག་པ་རེ་རེ་དུས་གཅིག་ཏུ་སྐྱེད་ཐུབ་ཀྱི་མེད་ན། དེ་དག་ཐམས་ཅད་མཉམ་དུ་སྦྲེལ་ནས་ཇི་ལྟར་དམིགས་ཐུབ་བམ། ང་ཚོས་སེམས་ཅན་ཐམས་ཅད་ལ་ཕན་པའི་དམིགས་པ་བྱེད་ཀྱི་ཡོད། དེས་གང་ཟེར་གྱི་ཡོད་པ་རེད་ཟེར་ན། དུས་གཅིག་ལ་སེམས་ཅན་ཚང་མ་ལ་དོ་སྣང་བྱེད་ཀྱི་ཡིན་ཟེར་གྱི་ཡོད་རེད། དེ་འདྲ་བྱེད་པ་ལ་ང་ཚོའི་སེམས་རྒྱ་སྐྱེད་བཏང་ནས་ག་ལེར་དྲན་ཤེས་གོང་འཕེལ་གཏོང་དགོས་པ་རེད། དམིགས་རྣམ་རྙོག་འཛིངས་ཅན་འདིས་དེ་ལྟར་བྱེད་པ་ལ་ཕན་ཐོགས་ཀྱི་ཡོད།
ཕྱོགས་བསྡོམས།
གལ་སྲིད་ང་ཚོ་ལས་དོན་གང་ཡང་རུང་བ་ཞིག་ལ་སྤྲོ་བ་ཆེན་པོ་ཡོད་པ་ཡིན་ན། ལེ་ལོ་ཆགས་ཀྱི་མ་རེད། ཡིན་ནའང་ལས་དོན་དེ་ལ་ངལ་གསོའི་བར་སེང་མ་ཐོབ་བར་ཕྱིར་འགྱངས་བྱས་པ་ཡིན་ན། ང་ཚོར་ག་དུས་བར་སེང་དགོས་ཀྱི་ཡོད་པ་ཤེས་རྒྱུ་དངོས་གནས་གལ་ཆེན་པོ་རེད། དེ་ལྟར་ཤེས་ན་མཐའ་མ་ཡིད་ཐང་ཆད་ནས་དེ་ནམ་ཡང་བློས་གཏོང་དགོས་པ་ཆགས་ཀྱི་མ་རེད། ང་ཚོས་ནམ་ཞིག་དངོས་གནས་ནང་ཆོས་སྦྱངས་པ་དང་། དེ་ལ་དཔྱད་པ་དང་། དེ་ནས་སྒོམ་ཉམས་ལེན་བྱེད་པའི་ཕན་ཡོན་ཤེས་སོང་ན། སྤྲོ་བ་དང་སྙིང་རུས་ཀྱི་རྒྱབ་རྟེན་བྱས་པའི་འདུན་ཤུགས་དེ་ག་ལེར་ཡོང་གི་རེད། གནད་དོན་དེའི་ཐོག་ལ་ནང་པའི་དམིགས་རྣམ་གྱི་ཐབས་ལམ་དེ་དག་ང་ཚོའི་དྲན་ཤེས་དང་རྩེ་གཅིག་པའི་ཏིང་ངེ་འཛིན་བཙོ་སྦྱང་བྱས་ནས་གནས་རིམ་གོང་མཐོར་གཏོང་བ་ལ་ཧ་ལས་པའི་ལམ་ཞིག་རེད་འདུགདེ་ཤེས་པའི་གནད་འགག་དེ་ནི་ང་ཚོས་གོམ་པ་རེ་རེ་ནས་སྤོས་དགོས་ཀྱི་ཡོད་པ་དང་མུ་མཐུད་དེ་རིམ་པ་བཞིན་དུ་བྱེད་པ་ཡིན་ན།ང་ཚོས་སོ་སོ་རང་ཉིད་དང་གཞན་སེམས་ཐམས་ཅད་ཀྱི་དོན་དུ་ཧ་ཅང་ཕན་ཐོགས་ལྡན་པའི་སེམས་ཀྱི་གནས་བབས་ཤིག་འཐོབ་ཐུབ་ཀྱི་རེད།།