སྒོམ་རྒྱག་སྐབས་ཚང་དགོས་པའི་སེམས་ཀྱི་ཆ་རྐྱེན་ཁག

དཔྱད་སྒོམ།

སྤྱིར་བཏང་སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་ཞེས་རིམ་པ་གཉིས་ཡོད་པ་རེད། དཔྱད་སྒོམ་སྐབས་ཡར་རྒྱས་ཀྱི་རིམ་པ་མང་པོར་འབད་བརྩོན་བྱེད་པའམ། ཡང་ན་རྒྱུ་མཚན་མང་པོས་དཔྱད་པ་བྱེད་ཀྱི་ཡོད་པ་རེད། དེ་ནི་ང་ཚོས་བསམ་བློ་གཏོང་བའི་རྒྱུད་རིམ་ནང་གནད་དོན་གང་ཤེས་ཐབས་བྱེད་ཀྱི་ཡོད་པ་དེ་ལ་གོམས་འདྲིས་བྱས་ནས་སེམས་ཀྱི་གནས་བབས་ཤིག་བསྐྲུན་པ་ནང་བཞིན་དཔྱད་སྒོམ་དེ་ཡང་དེ་དང་འདྲ་བ་རེད། སྙིང་རྗེ་སྒོམ་པའི་སྐབས་ལྟ་བུར་མཚོན་ན། དང་པོ་ང་ཚོ་སོ་སོའི་སྡུག་བསྔལ་ལ་བསམས་ནས་དེ་དག་ལས་ཐར་བའི་བསམ་པ་དང་འདུན་པ་སྐྱེད། དེ་ནས་གཞི་དེ་ལ་བཞག་ནས་ང་ཚོའི་མཐའ་སྐོར་དུ་ཡོད་པའི་འགྲོ་བ་སེམས་ཅན་ལ་བསམས་ནས་ཐོག་མར་བསམ་པ་རྒྱ་ཆེན་པོའི་སྒོ་ནས་དེ་དག་འདོད་ཆགས་དང་ཞེན་ལོག་གཏི་མུག་ལས་ཐར་བའི་རེ་བ་བྱེད་ཀྱི་ཡོད། དེའི་རྗེས་སུ་མུ་མཐུད་དེ་འགྲོ་བ་སེམས་ཅན་ལ་དམིགས་ནས་དེ་དག་ཐམས་ཅད་ང་ཚོ་དང་རྟེན་ཅིང་འབྲེལ་ནས་ཡོད་པ་ཤེས་པར་བྱས་ནས་དེ་དག་སྡུག་བསྔལ་ལས་ཐར་བའི་འབད་བརྩོན་བྱེད་ཀྱི་རེད།

འགྲོ་བ་སེམས་ཅན་དེ་དག་ལ་དམིགས་པ་གཏད་པའི་སྐབས་སུ་ཁོང་ཚོས་མྱོང་བའི་སྡུག་བསྔལ་རྣམས་དྲན་གྱི་ཡོད། ཁོང་ཚོ་ལ་ཡང་སེ་མི་སྐྱིད་པ་དང་སུན་སྣང་སྐྱེས་ནས་བདེ་བ་གང་བྱུང་ཡང་དེ་ཡུན་རིང་པོ་མི་གནས་པ་དང་འདོད་བློ་ཚིམས་པ་ཞིག་ཡོང་གི་མེད། ཁོང་ཚོས་བདེ་བ་ཡོང་ཐབས་སུ་ཐབས་ཤེས་གང་དྲག་ཅི་དྲག་ཐོག་སོ་སོ་རང་ཉིད་ཀྱི་གཟུགས་དབྱིབས་ཡག་པོ་ཡོང་ཐབས་དང་རྒྱུ་དངོས་པོ་མང་པོ་གསོག་ཐབས་ཀྱིས་སེམས་ཡོངས་སུ་ནོན་ནས་བྱེད་ཀྱང་། དེ་འདྲ་རྩ་ནས་ཡོང་གི་མེད་པ་མ་ཟད། དེ་ཚོས་དཀའ་ངལ་མང་བ་བཟོ་གི་ཡོད། ང་ཚོ་ཚང་མ་གནས་སྟངས་གཅིག་པའི་ནང་མཉམ་དུ་ཡོད་པ་དྲན་གསོ་བྱེད་དགོས་ཤིང། ཕན་ཚུན་གཅིག་ཕན་གཅིག་རོགས་དགོས་ཀྱི་ཡོད། དེ་མིན་ང་ཚོ་ཚང་མས་རང་འདོད་དོན་གཉེར་ཁོ་ན་བྱེད་ན། ཚང་མ་སྡུག་བསྔལ་མྱོང་རྒྱུ་དང་དཀའ་ངལ་ནང་ལྷུང་གི་རེད།

དེ་འདྲ་བྱས་ནས་ང་ཚོས་སྙིང་རྗེ་སྐྱེད་པར་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་སེམས་ཅན་ཐམས་ཅད་ལ་དམིགས་པ་བྱས་ནས་ཁོང་ཚོ་ཚང་མ་སྡུག་བསྔལ་ལས་འབྲལ་བའི་ཡིད་སྨོན་བྱེད་པ་དང་། ཁོ་ཚོའི་དཀའ་ངལ་དང་སྡུག་བསྔལ་རྣམས་ཉུང་དུ་གཏོང་ཡག་ལ་ང་རང་རང་གིས་གཅིག་བྱེད་ཀྱི་ཡིན་བསམ་པའི་ཀུན་སློང་ཞིག་སྐྱེ་གི་ཡོད།

དཔྱད་སྒོམ་ལ་སྙིང་རྗེ་དང་ལྡན་པའི་སྒོ་ནས་ང་ཚོས་སེམས་ཅན་ཐམས་ཅད་ལ་མུ་མཐུད་དེ་དམིགས་པ་གཏད་དགོས་པ་དང་ཆབས་ཅིག སྙིང་རྗེའི་ཚོར་བ་ཞིག་བསྐྱེད་པ་ལ་ང་ཚོས་གང་ཤེས་པ་དང་ངོས་འཛིན་པའི་གནད་དོན་དེ་དག་ཞིབ་ཚགས་པོ་བྱེད་ནས་དཔྱད་པ་བྱེད་དགོས་ཀྱི་ཡོད། སྐབས་དེ་དུས་སྙིང་རྗེའི་སེམས་ཀྱི་གནས་བབས་ལ་ “དཔྱད་པ་ཕྲ་མོའི་” ཆ་རྐྱེན་ཞིག་ཡོད། དཔྱད་པ་ཕྲ་མོ་དེས་ང་ཚོའི་དམིགས་པའི་ཡུལ་གྱི་གནད་འགག་རྣམས་ཤེས་རྟོགས་ཀྱིས་ཞིབ་ཚགས་པོ་དང་གཏིང་ཟབ་པའི་གོ་རྟོགས་ལྟ་བུའི་སེམས་ཀྱི་གནས་བབས་གཅིག་གི་ནང་དངོས་པོ་དེའི་གནད་འགག་ཞིབ་ཕྲ་རེ་རེ་མེད་པའམ། སེམས་ནང་དགོས་མེད་རྒྱས་བཤད་མེད་པའི་ཐོག་ནས་གཅིག་ཏུ་འདུས་ཀྱི་ཡོད། གལ་ཏེ་ང་ཚོའི་དཔྱད་པ་ཕྲ་མོ་འདི་སྐྱོ་པོ་ཆགས་ན། ཡང་བསྐྱར་གནད་དོན་རེ་རེ་སྒང་དུ་ཕྱིན་ཏེ། དཔྱད་པ་ཕྲ་མོ་དང་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་ཡོངས་སུ་ཁེངས་པའི་སྙིང་རྗེ་དེ་སླར་ཡང་བསྐྱེད་པར་བྱེད་དགོས་ཀྱི་ཡོད།

འཇོག་སྒོམ།

ང་ཚོས་དཔྱད་སྒོམ་རྗེས་སུ་འཇོག་སྒོམ་བྱེད་ཀྱི་ཡོད། ད་ང་ཚོས་སྙིང་རྗེ་དེ་ག་རང་གི་ཐོག་ནས་མུ་མཐུད་དེ་སེམས་ཅན་ཡོངས་ལ་དམིགས་པ་གཏད་ཀྱི་ཡོད། ཡིན་ནའང་སྐབས་འདིར་ཞིབ་ཚགས་པོའི་དཔྱད་པ་ཕྲ་མོའི་ཚབ་ལ་ “ཤེས་རྟོགས་རགས་པའི་” ཆ་རྐྱེན་དེ་ང་ཚོའི་དམིགས་པའི་གྲོགས་སུ་བྱེད་ཀྱི་ཡོད། ང་ཚོས་དམིགས་པའི་ཡུལ་ལ་སྤྱི་ཡོངས་ཀྱི་ཆ་ནས་དོ་སྣང་ཙམ་གྱིས་དམིགས་པ་བྱེད་ཀྱི་ཡོད། སྐབས་འདིར་ཁོང་ཚོའི་སྡུག་བསྔལ་ལ་དམིགས་ཀྱི་ཡོད་པ་དེ་ཡིན། གལ་ཏེ་དམིགས་པ་དེ་སྐྱོ་རུ་འགྲོ་གི་ཡོད་ན། ཁྱེད་རང་ཡང་བསྐྱར་དཔྱད་པ་བྱས་ཏེ་སྙིང་རྗེ་སྐྱེད་པའི་རིམ་པ་དེ་སླར་ཡང་འགོ་འཛུགས་བྱེད་དགོས་ཀྱི་ཡོད།

དེ་ནི་རང་ཉིད་དེ་དང་མཉམ་སྡེབ་བྱེད་ཚུལ་དང་དེ་ལ་གོམས་པར་བྱེད་པའི་སྒོམ་གྱི་རྒྱུད་རིམ་ཞིག་རེད། ང་ཚོས་ཡུལ་ཞིག་ལ་དམིགས་པ་གཏད་པའི་སྒོམ་གྱི་རིགས་ལ་སྐད་ཆ་བཤད་ཀྱི་ཡོད་ནའང་འདྲ། སེམས་ཀྱི་གནས་བབས་གཅིག་གི་སྟེང་དུ་རང་སོར་གནས་པའི་སྒོམ་གྱི་རིགས་ལ་བཤད་ཀྱི་ཡོད་ནའང་རེད། ཡང་ན་དེ་གཉིས་ཀའི་སྐོར་བཤད་ཀྱི་ཡོད་ནའང་འདྲ་སྟེ། གང་ལྟར་དེ་དག་བྱེད་ལུགས་བྱེད་སྟངས་དང་ཞིབ་ཕྲའི་གནད་དོན་རྣམས་ནི་གཅིག་པ་གཅིག་ཀྱང་རེད།།

དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀྱི་ཕན་ཚུན་དབྱེ་འབྱེད།

༧གོང་ས་མཆོག་གིས། དཔྱད་སྒོམ་དང་འཇོག་སྒོམ་གྱི་ཁྱད་པར་ནི་སོ་སོའི་སེམས་ཀྱི་བྱེད་ལས་ཀྱི་ནུས་པ་དེ་རེད། ཅེས་འགྲེལ་བརྗོད་གནང་གི་ཡོད། དེ་ནི་དཔྱད་འཇོག་གཉིས་ཀྱི་དབར་ཧ་ཅང་གལ་གནད་དང་ཚད་མཐོ་པོའི་དབྱེ་བ་ཕྱེ་སྟངས་ཤིག་རེད། དཔྱད་སྒོམ་སྐབས་སོ་སོའི་དམིགས་པའི་ནུས་པ་ཕྱི་ལ་གཏད་སྟེ་དཔྱད་པ་ཞིབ་ཚགས་པོ་བྱེད་ཀྱི་ཡོད། འཇོག་སྒོམ་སྐབས་སོ་སོའི་དམིགས་པའི་ནུས་པ་་ནང་དུ་གཏད་ནས་དམིགས་པའི་ནུས་པའི་སེམས་ཚོར་དང་གོ་རྟོགས་གཉིས་ནང་དུ་འཐིམ་འཇུག་གི་ཡོད། དེ་ཡང་དཔྱད་སྒོམ་གྱི་དམིགས་པའི་གནས་ས་གཙོ་བོ་དེ་ལ་གཞི་བཞག་ནས་འཐིམ་བཅུག་གི་ཡོད། ནུས་པ་དེ་དཔྱད་སྒོམ་སྐབས་ནང་བཞིན་ཞིབ་ཚགས་པོའི་ཁྱབ་ཀྱི་མེད་པར། ནུས་པ་ཚུར་རུག་རུག་བསྡུད་ནས་གནད་དོན་གཙོ་བོ་དེ་ལ་དམིགས་པ་རྣོན་པོ་གཏད་ཀྱི་ཡོད།

སྙིང་རྗེའི་སྒོ་ནས་གང་ཟག་ཅིག་ལ་དཔྱད་པ་བྱས་ནས་ནུས་པ་དེ་གནད་དོན་རེ་རེར་ཞིབ་ཚགས་པོ་ཕྱི་ལ་བཏོན་པ་དང་། སྙིང་རྗེ་དེ་ལ་འཇོག་སྒོམ་གྱི་སྒོ་ནས་དེ་བརྟན་པོ་བཟོས་ནས་ནུས་པ་དེ་གོང་བུ་གཅིག་ཏུ་བཟོས་པ། དེ་གཉིས་དབྱེ་འབྱེད་བྱེད་རྒྱུ་ཧ་ཅང་མགོ་རྙོག་

ཅན་ཞིག་ཡོད། འདི་ནི་སེམས་ཞི་འཇམ་དུ་གནས་པའི་ཕན་ཡོན་གྱི་ནང་ནས་གཅིག་རེད། གལ་ཏེ་ཁྱེད་རང་གིས་མགོའི་ནང་སྐད་ཅོར་ ༼རྒྱུན་མི་ཆད་པའི་སྐད་ཆ་ཤོད་པ་དང་། བསམ་ཚུལ་འདོན་པ། གཞས་དང་རོལ་དབྱངས་ཉན་པ་སོགས་༽ སླེབས་ཡོང་གི་ཡོད་པ་དེ་དག་གང་འཚམས་ཀྱིས་མར་ཞི་འཇམ་བཟོ་ཐུབ་པའི་ལམ་ལྷོང་བྱུང་བ་ཡིན་ན། དེ་ནས་ཁྱེད་རང་གིས་སོ་སོའི་ནུས་པ་ལ་ཚོར་བ་སྐྱེན་པོ་ཞིག་ཡོང་རྒྱུ་འགོ་བཙུག་པ་དང་། སོ་སོའི་སེམས་ཀྱི་ནུས་པའི་གནས་བབས་གང་གི་ནང་ཡོད་པ་བཤད་ཐུབ་ཀྱི་རེད།

སོ་སོའི་ནུས་པ་ལ་ཚོར་བ་ཡོང་བའི་ཐབས་ལམ་བཟང་ཤོས་ནི། སོ་སོའི་ནུས་པ་འདི་ཞི་བ་ཡིན་མིན་དང་། རྙོག་འཛིངས་ཅན་ཡིན་མིན་ཐད་ལ་དམིགས་པ་གཏད་དགོས། དཔེར་ན། ཁྱེད་རང་ཁོང་ཁྲོ་དང་། ཞེད་སྣང་། སེམས་འཚབ། འདོད་རྔམ། ཁེངས་དྲེགས་ལ་སོགས་པའི་ཉོན་མོངས་ཀྱི་དབང་འོག་ཏུ་ཤོར་འདུག་མི་འདུག་གི་ཤེས་རྟོགས་དགོས་ཀྱི་ཡོད། དེ་འདྲའི་དབང་དུ་ཤོར་ཡོད་ན། ཁྱེད་རང་གི་ནུས་པ་ཞི་འཇམ་མེད་པ་རེད། གལ་སྲིད་ཁྱེད་རང་མི་ཞིག་ལ་སྐད་ཆ་བཤད་སྐབས་གྲོད་ཁོག་དེ་དམ་པའི་རང་བཞིན་ཡོང་གི་འདུག་ན། རང་གི་ནུས་པ་ལ་སྐྱོན་ཆ་ཏོག་ཙམ་ཡོད་པ་རེད། དེ་ནི་ཉོན་མོངས་ཡོད་པའི་ཁུངས་སྣེ་ཡག་པོ་ཞིག་རེད། ཁྱེད་རང་གིས་མི་གཞན་ཞིག་སོ་སོ་ལ་ཡིད་འཐད་པ་བཟོ་རྩིས་བྱེད་པའམ། ཡང་ན་ཁོ་ཚོ་ཡིད་ཆེས་རྙེད་ཐབས་བྱེད་བཅུག་པ། དེ་བཞིན་དྲག་པོའི་རྣམ་པ་ཞིག་ཡོད་པ། དེ་དག་གང་ཡིན་རུང་ཁྱེད་རང་གི་སེམས་ནང་ཉོན་མོངས་ཡོད་པ་སྟོན་གྱི་ཡོད། ཁྱེད་རང་གིས་དེ་ལ་ནོར་འཕྲུལ་ཡོད་པ་ཤེས་སོང་ན། སོ་སོའི་བསམ་བློ་གཏོང་སྟངས་ལ་བསྐྱར་དུ་འགྱུར་བ་ཞིག་གཏོང་བའི་གོ་སྐབས་ཡོད་པ་དང་། ཕན་ཚུན་འབྲེལ་ལམ་གྱི་རྒྱབ་ཏུ་ཡོད་པའི་སེམས་ཚོར་ལ་འགྱུར་བ་བཏང་ནས་དེ་དགེ་བའི་སེམས་ཚོར་དང་བརྗེ་ལེན་བྱེད་དགོས། དམིགས་བསལ་གྱིས་མི་གཞན་དང་མཉམ་དུ་འབྲེལ་བ་བྱེད་སྐབས་ཁྱེད་རང་ཉོན་མོངས་དབང་དུ་འགྲོ་གི་འདུག་མི་འདུག་ཧ་གོ་བར་བྱེད་དགོས།

དུས་ཚོད་དང་སྦྱོང་བརྡར་གྱིས་ག་ལེར་ཕྱིའི་དཔྱད་སྒོམ་གྱི་ནུས་པ་ཁྱབ་ཆེན་པོ་དེ་དང་ནང་གི་འཇོག་སྒོམ་ཕྲ་བའི་ནུས་པ་གཉིས་ཀྱི་དབྱེ་བ་ཕྱེ་ཐུབ་པའི་ཚོར་བ་འདང་ངེས་ཤིག་སླེབས་ཀྱི་ཡོད།།

རྩེ་གཅིག་པའི་ཏིང་ངེ་འཛིན་འཐོབ་པ་ལ་ཚང་དགོས་པའི་ཆ་རྐྱེན་ཁག

རྩེ་གཅིག་པའི་ཏིང་ངེ་འཛིན་འཐོབ་པ་ལ་ཆ་རྐྱེན་ཚང་དགོས་པ་ནི་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀ་གཅིག་པ་རེད། རྒྱལ་སྲལ་ཆེན་པོ་ཞི་བ་ལྷས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྟན་བཅོས་ནང་། དེ་ཚོ་བཟང་སྤྱོད་ཀྱི་ཚུལ་ཁྲིམས་གོང་འཕེལ་གཏོང་སྐབས་གསུངས་ཡོད། དེ་འདྲ་ཡིན་དུས། ཐོག་མར་ཐབས་ལམ་རགས་པའི་སྤྱོད་ལམ། སྐད་ཆ་ཤོད་སྟངས་དང་། ལས་ཀ་བྱེད་སྟངས་དེ་ཚོ་ཡར་རྒྱས་གཏོང་དགོས། དེ་ནས་ང་ཚོའི་སེམས་ཡར་རྒྱས་གཏོང་བར་འབད་འབུངས་བྱེད་དགོས།

སེམས་ཀྱི་ཆ་སྐྱེན་ནམ་སེམས་བྱུང་གཙོ་བོ་དྲན་པ་ནི་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀ་ལ་བེད་སྤྱོད་གཏོང་དགོས། དེ་ནི་སེམས་ཀྱི་གནས་བབས་འཛིན་པའམ། ཡང་ན་སྤྱོད་ཚུལ་སྟོན་སྟངས་ཀྱི་སྦྱར་རྩི་ལྟ་བུ་ཞིག་རེད། དེ་ནི་དུས་རྒྱུན་ང་ཚོས་གཅིག་དྲན་གྱི་འདུག་ཟེར་བ་དང་ཚིག་གཅིག་པ་ཡིན་ནའང་དོན་ལ་ཁྱད་པར་ཡོད། ང་ཚོས་དྲན་པའམ་དྲན་པ་གསོས་པ་ཟེར་བ་ནང་བཞིན་བསམ་བློའི་ནང་གཅིག་དྲན་ནས་མར་བཏོན་ཏེ་དེ་ཡང་བསྐྱར་དྲན་པ་བྱས་པ་ལ་གོ་གི་མེད། སྐབས་འདིར་དྲན་པ་ནི་སྒྲུབ་བྱའི་དངོས་པོ་དེ་ལ་སེམས་ཀྱི་སྦྱར་རྩི་ཞིག་དགོས་ཀྱི་ཡོད་པ་དང་། དེ་ལ་སེམས་གནས་པའམ་འཛིན་པ། ཡང་ན་སྦྱར་བ་ཞིག་ལ་གོ་གི་ཡོད་རེད། དྲན་པ་དང་ལྡན་པའི་ཐོག་ནས་སྒོམ་རྒྱག་དུས་ང་ཚོའི་སེམས་ལ་ལྟ་ཞིབ་བྱེད་ཀྱི་ཡོད། རྗེ་ཙོང་ཁ་པ་ཆེན་པོས། འདིར་ང་ཚོས་ཤེས་རྟོགས་རགས་པའི་སེམས་བྱུང་བཀོལ་སྤྱོད་ཀྱིས་སྤྱིར་བཏང་ང་ཚོའི་སེམས་དེ་ཉོན་མོངས་ཀྱི་དབང་དུ་འགྲོ་གི་འདུག་མི་འདུག སེམས་དེ་གཡེང་གི་འདུག་མི་འདུག སེམས་འཁྱམ་མྱུལ་དང་མི་གསལ་བའི་རང་བཞིན་དུ་འདུག་མི་འདུག་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་གསུངས། ཁོང་གིས་ཤེས་རྟོཌ་རགས་པ་ཁ་གསལ་གྱིས་གསུངས་པ་མ་གཏོགས་དཔྱད་པ་ཕྲ་མོ་གསུངས་མེད་པ་དེ་ནི་གནད་འགག་ཆེན་པོ་ཞིག་རེད། དཔྱད་པ་ཕྲ་མོའི་སྐབས་ཞིབ་ཚགས་པོའི་དཔྱད་པའི་དབང་དུ་ཕྱིན་ནས་ཁྱེད་རང་གི་དོ་སྣང་གཙོ་བོ་དེ་སོ་སོའི་དམིགས་པའི་ཡུལ་ལ་འགྲོ་གི་མེད། འདི་ནི་སྒོམ་གྱི་སྐྱོན་འཁྲུལ་སྨྱོ་ཅན་ཞིག་ཡོང་ནས་ང་ཚོའི་དམིགས་པའི་དངོས་པོ་དེ་བརླག་སྟེ་སེམས་གཡེང་རྒྱུ་འགོ་བཙུག་གི་རེད། དེས་ང་ཚོ་མགོ་མཁྲེགས་པོ་དང་དངངས་འཚབ་སྐྱེས་ཏེ་དཀའ་ངལ་ཆེན་པོ་བཟོ་གི་རེད། ཡང་ཕྱོགས་གཞན་ཞིག་ནས་ཁྱེད་རང་ལྷོད་ལྷོད་ཚ་དྲག་པ་དང་ཉ་བེ་ཉོབ་བེ་མང་དྲག་པ་ཆགས་རྒྱུ་མེད། དེས་གང་ཡང་ཕན་གྱི་མ་རེད། 

དེ་ནས་ང་ཚོ་ལ་ཤེས་བཞིན་དགོས་ཀྱི་ཡོད། ཤེས་བཞིན་ནི་དྲན་བརྡ་ལྟ་བུ་ཞིག་རེད། ང་ཚོའི་དམིགས་པའི་ཡུལ་དེ་བརླག་འགྲོ་གི་ཡོད་པ་ཤེས་རྟོགས་ཡོང་བའི་སྐབས་ཤེས་བཞིན་གྱིས་དྲན་བརྡ་གཏང་ནས་དམིགས་པ་དེ་ཡུལ་གྱི་སྟེང་དུ་ཚུར་འཁྱེར་ཡོང་སྟེ། དམིགས་པ་དེ་ལ་དོ་སྣང་བྱེད་ཀྱི་ཡོད། 

ཉེས་པ་རྣམས་བཅོས་དགོས་པ།

སྐྱོན་ནམ་ཉེས་པ་གཉིས་ཏེ། སེམས་ཀྱི་ “རྒོད་པ་” དང་ “བྱིང་བ་” དེ་གཉིས་ང་ཚོས་མེད་པ་བཟོ་རྒྱུ་དེ་ལ་གཙོ་བོ་སྡེ་ཚན་གཉིས་དབྱེ་བ་ཕྱེ་གི་ཡོད། སེམས་ཀྱི་རྒོད་པ་ནི། ང་ཚོ་ལ་འདོད་པའམ་ཆགས་ཞེན་སོགས་ཡོད་པའི་དབང་གིས་སེམས་གང་སར་འཁྱམ་མྱུལ་བྱེད་འཇུག་གི་ཡོད། དེ་ནི་གཏམ་བཤད་བྱེད་པའི་བསམ་བློའམ། ཡང་ནསེམས་ནང་འཆར་སྣང་གི་རྣམ་པ་དེ་ཚོ་ཡིན་སྲིད་ཀྱི་རེད། སྲོལ་རྒྱུན་གྱི་གསུང་རབ་མང་ཆེ་བའི་ནང་དེ་ནི་འཁྲིག་སྤྱོད་ཀྱི་འདོད་ཆགས་ལ་ངོས་འཇི༹ན་ཐོག་འགྲེལ་བརྗོད་བྱེད་ཀྱི་ཡོད། གསུང་རབ་དེ་ཚོའི་ནང་གསུངས་པའི་གནས་སྐབས་སུ་འདུལ་བྱ་གཙོ་བོ་གྲྭ་བཙུན་ཚོ་ཡིན་པའི་རྒྱུ་མཚན་གྱིས་ཡིན་སྲིད། ཁོང་ཚོ་ལ་འཁྲིག་སྤྱོད་ཀྱི་འདོད་ཆགས་ནི་སྤང་བྱ་གཙོ་བོ་ཡིན་པ་རེད། ཡིན་ནའང་ཆགས་པ་ནི་ཁ་ལག་དང་གླུ་གར་སོགས་ལའང་ཡོང་སྲིད། དེ་ལས་ལྡོག་སྟེ། སེམས་འཁྱམ་མྱུལ་བྱེད་པ་ནི། ཉོན་མོངས་གང་ཡང་རུང་བ་ཞིག་གི་བསམ་བློའམ། ཡང་ན་སྐད་ཅོར་སོཌ་དབང་པོའི་ཚོར་བ་ཁ་ཤས་ནས་ཡོང་གི་སྲིད་པ་རེད། སྤྱིར་བཏང་ཐ་སྙད་ལ་སེམས་འཁྱབ་མྱུལ་བྱེད་པ་ནི་ “རྣམ་གཡེང་” ལའང་བརྗོད་ཆོག་པ་ཡིན།

སེམས་ཀྱི་རྒོད་པ་ལ་ཚད་གཞིའི་རིམ་པ་མང་པོ་ཡོད་པ་རེད། དེ་ནི་ང་ཚོའི་དོ་སྣང་དེ་དམིགས་པའི་ཡུལ་ལམ་ཚོར་བའི་སྟེང་ལ་འཇོག་སྟངས་དང་འབྲེལ་བ་ཞིག་ཡིན།

  • རྒོད་པ་རགས་པ། རང་གི་དམིགས་པ་ཡོངས་སུ་ཤོར་ཏེ། སེམས་ནང་བསམ་བློ་འདྲ་མིན་སྣ་ཚོགས་འཁོར་ཡག་འགོ་བཙུག་གི་ཡོད། སེམས་ཀྱི་སྦྱར་རྩི་ལྟ་བུའི་དྲན་པ་དེ་ཤིན་ཏུ་སྐྱོ་བོ་ཆགས་ནས་དམིགས་པའི་ཡུལ་རྦད་དེ་བརྗེད་འགྲོ་གི་ཡོད།
  • རྒོད་པ་ཕྲ་མོ། རང་གིས་དམིགས་པའི་ཡུལ་ཡོངས་སུ་ཤོར་འཇུག་གི་མེད་ཀྱང་། དེ་དང་དུས་མཉམ་དུ་དམིགས་པའི་ཡུལ་དེ་འཛིན་པའི་ཐོག་དེའི་འོག་ལ་མི་མངོན་པའི་བསམ་བློ་གཞན་ཞིག་འཁོར་ཡོང་གི་ཡོད།
  • རྒོད་པ་ཕྲ་ཤོས། ཁྱེད་རང་ལ་སེམས་འོག་གི་མི་མངོན་པའི་བསམ་པ་དེ་མེད་ནའང་སོ་སོའི་དམིགས་པ་དེ་གཡུག་ནས་གཞན་ཞིག་སེམས་ནང་ཤར་ཡོང་རྒྱུའི་མི་བདེ་བའི་ཟ་འཕྲུག་འདྲ་པོ་ཞིག་ལངས་ཡོང་གི་ཡོད། དེ་ནི་སྤྱིར་བཏང་སེམས་ཀྱིས་དམིགས་པ་ལ་འཛིན་སྟངས་དེ་གནོན་འཚིར་ཆེ་དྲག་ན་དེ་འདྲ་ཡོང་གི་ཡོད།

སེམས་ཀྱི་བྱིང་བས་དམིགས་པའི་ཡུལ་གསལ་དང་མི་གསལ་ལ་ལྟ་འཇི༹ན་བྱེད་ཀྱི་ཡོད།དེ་ནི་གལ་སྲིད་དམིགས་རྣམ་སྒོམ་གྱི་ཡོད་ན་སྣང་བ་ཡིན་སྲིད། ཡང་ན་གལ་སྲིད་དེ་སྙིང་རྗེ་ལྟ་བུ་སེམས་ཀྱི་གནས་བབས་ཤིག་ཡིན་ན་ནི། དེ་ཚོར་བ་ཡིན་སྲིད།

  • བྱིང་བ་རགས་པ། “སྣང་བ་བསྐྲུན་པ་” ཞེས་སོ་སོའི་སེམས་ཀྱི་བྱེད་ལས་དེ་ཤིན་ཏུ་སྐྱོ་བོ་ཆགས་ནས་དམིགས་རྣམ་དང་ཚོར་བ་ནམ་ཡང་ཡོང་ཐུབ་ཀྱི་མེད། དེ་ལ་ཆ་རྐྱེན་ནམ་སེམས་བྱུང་གཞན་གཉིས་གྲོགས་བྱས་ཏེ་ཡོང་གི་ཡོད། དེ་གཉིས་ནི་ “སེམས་རྨུགས་པ་” སྟེ། སོ་སོའི་སེམས་དང་ལུས་གཉིས་ལ་ཚོར་བ་ལྗིད་པོའམ། ཡང་ན་གཉིད་བྲོ་བ་དང་། གཉིད་ཤོར་བའང་ཡོང་གི་ཡོད་པ་དེ་ཡིན།
  • བྱིང་བ་ཕྲ་མོ། སེམས་ནང་སྣང་བ་ཞིག་ཡོང་གི་ཡོད་ཀྱང་། དེ་ལ་དམ་པོ་བཟུང་མི་ཐུབ་པ་ཡིན་ཙང་། དེ་རྣོ་ངར་མེད་པ་རེད། འདིར་ང་ཚོས་ཞིབ་ཚགས་པོས་དམིགས་རྣམ་སྒོམ་པ་ལ་དམིགས་གཏད་རྣོ་ངར་ཅན་ཙམ་ཞིག་གི་སྐོར་བཤད་ཀྱི་མེད། འོན་ཀྱང་སེམས་ཚོར་སྙིང་རྗེ་ལྟ་བུ་དམིགས་པ་གཏད་མི་ཐུབ་པ་ཡོང་སྲིད། དེ་ནི་ཁ་གསལ་མེད་པའི་ཚོར་བ་ “བྱམས་པ་དང་། ཞི་བ། དེ་བཞིན་ང་ནི་ཚང་མ་ལ་དགའ་” ཟེར་བ་ལྟ་བུ་ལས་མེད་སྲིད། ཁྱེད་རང་གིས་ཚོར་བ་ཞིག་བསྐྱེད་ཀྱི་ཡོད། ཡིན་ནའང་དེ་ལ་དམིགས་གཏད་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་འབྲལ་འདོད་ཀྱི་བསམ་པ་གསལ་པོ་ཞིག་མེད་པ་རེད། ང་ཚོས་སེམས་ཀྱི་གནས་བབས་གང་འདྲ་ཞིག་བསྐྱེད་འདོད་ཡོད་པ་དེ་ཞིབ་ཚགས་པོ་དང་ཁ་གསལ་པོ་ཞིག་དགོས་པ་ལས། གསལ་ཁ་མེད་པ་ཡིན་ན་མི་འགྲིག་པ་དེ་ངེས་པར་དུ་དྲན་དགོས།
  • བྱིང་བ་ཕྲ་ཤོས། ཁྱེད་རང་གི་དམིགས་པའི་ཡུལ་དེ་ཤར་ཡོང་དུས་དེ་ལ་དམིགས་གཏད་རྣོ་ངར་ལྡན་པ་ཞིག་ཡོང་གི་ཡོད། འོན་ཀྱང་དེ་རྒྱུན་སྐྱོངས་ཏེ་དམ་པོ་དང་བརྟན་པོ་མེད་པ་སོང་ཙང་། དམིགས་པ་དེ་གྲུང་ཤ་དོད་པོ་དང་། མངོན་གསལ་དོད་པོ། དེ་བཞིན་གསོན་ཉམས་ལྡན་པ་ཞིག་མེད། དེ་ནི་སྐད་ཅིག་སྐད་ཅིག་ལ་གྲུང་པོ་དང་གསོན་ཉམས་ལྡན་པ་དགོས་ཀྱི་ཡོད་པ་མ་གཏོགས་རོ་བཅུད་ཡལ་ཟིན་པའི་བག་ལེབ་རྙིང་པ་མཁྲེགས་པོ་ཡག་པོ་མེད་པ་ལྟ་བུ་དགོས་ཀྱི་མེད།

ང་ཚོས་ “སྟོང་ལྷང་ལྷང་གི་རྣམ་གཡེང་” སྐོར་སྐད་ཆ་བཤད་སྐབས་དེ་ནི་གོང་དུ་བཤད་པའི་ཉེས་པ་རྣམས་ལས་གང་རུང་ཞིག་ལ་གོ་ཆོག་གི་རེད། དེ་འདྲ་སོང་ཙང་། ང་ཚོས་དེ་ཚོ་གང་རུང་ཞིག་ཤར་ཚེ་ངོས་འཛིན་ཐུབ་པ་བྱེད་དགོས། དང་པོ་ཁྱེད་རང་གིས་དམིགས་པའི་ཡུལ་ལམ་སེམས་ཀྱི་གནས་བབས་ཤིག་ལ་སེམས་འཛིན་པར་བྱེད་ཀྱི་རེད། དེ་ནས་སེམས་ཀྱི་སྦྱར་རྩི་ལྟ་བུའི་དྲན་པ་དང་ལྡན་པའི་སྒོ་ནས་སེམས་དེ་ལ་སྦྱར་ནས་དམིགས་གཏད་ཤོར་འཇུག་རྒྱུ་མེད་པ་དེ་ཡིན།

དེ་ནི་སྒོམ་གྲུབ་འབྲས་ཐོན་པ་རྒྱག་པའི་ཆ་རྐྱེན་གལ་ཆེ་ཤོས་རེད། དེ་ལ་ཧ་ཅང་སྒྲིམས་ནས་བཟུང་རྒྱུ་མེད་ལ་ཧ་ཅང་ལྷོད་ནས་བཟུང་རྒྱུ་མེད། དཔེར་ན། ཁྱེད་རང་གིས་གཟུགས་པོ་ལ་དང་དོད་བྱས་ནས་ཟས་ཚད་ངེས་ཅན་བསྟེན་པའི་སྐབས་སུ། གལ་ཏེ་ཁྱེད་རང་ཁྲོམ་ལ་འགྲོ་དུས་བག་ཟན་ཚོང་ཁང་ནང་གི་མངར་ཟས་འཁུར་ར་ཞིམ་མདོག་ཁ་པོ་དེ་འདྲ་མཐོང་དུས་ཁྱེད་རང་ཟས་ཚད་ངེས་ཅན་བསྟེན་པའི་སྐབས་ཡིན་ཙང་། མངར་ཟས་རིགས་བཟའ་འདོད་དེ་ལ་འཇེ༹མ་ནས་ཉོ་མི་ཉན་པ་དང་། དེ་ག་ནང་བཞིན་ཁྲོམ་རར་མི་ཚང་མ་ལ་འཁྱགས་པ་བྱེ་རིལ་རིན་མེད་སྤྲོད་ཀྱི་ཡོད་ནའང་དེ་ལ་འཇེ༹མ་ཟོན་བྱས་ནས་ “མིན། ཐུགས་རྗེ་ཆེ། ང་ད་ལྟ་ཟས་ཚད་ངེས་ཅན་ལ་བསྟེན་བཞིན་པའི་སྐབས་ཡིན་” ཞེས་དེ་ལེན་རྒྱུ་མེད་པ་ལྟ་བུ་རེད།

དེ་འདྲ་ཡིན་ཙང་། ང་ཚོ་ལམ་ལོག་པར་འགྲོ་གི་འདུག་མི་འདུག་ཤེས་རྟོགས་བྱེད་མཁན་ཞིག་དགོས། “སོ་སོའི་དམིགས་པའི་ཡུལ་ལ་སེམས་འཇོག་སྟངས་ཐད་སྐྱོན་འདུག་གམ། ང་རང་གི་སེམས་ནང་འཆར་སྣང་དེ་འགྲིག་གི་འདུག་མི་འདུག་སོགས་” ཤེས་རྟོགས་བྱེད་མཁན་དགོས། གལ་ཏེ་ང་ཚོས་སྐྱོན་དང་ཉེས་པ་ཁ་ཤས་ཤེས་རྟོགས་བྱུང་ན། དྲན་པས་དྲན་བརྡ་གཏང་ནས་དོ་སྣང་གིས་སེམས་དམིགས་པ་ལ་རང་འཇགས་འཇོག་ཡོང་གི་ཡོད། དེ་དང་མཉམ་དུ་ཤེས་རྟོགས་བྱེད་མཁན་གྱི་ཉེན་རྟོག་པ་ལྟ་བུའི་ང་དང་སོ་སོ་སྒོམ་རྒྱག་མཁན་གྱི་ང་ཞེས་གཉིས་སྣང་དེ་ཡོད་བསམ་ནས་ཞེད་སྣང་བྱེད་མི་ཉན། དེ་ལྟ་བུའི་གཉིས་སྣང་གི་སྒོམ་དེ་ལས་གཡོལ་ཐབས་སུ་ང་ཚོ་ལ་བདག་མེད་སྐོར་ཤེས་རྟོགས་གང་འཚམས་ཤིག་དགོས། ང་ཚོ་གཉིས་སྣང་གི་གནས་སྐབས་འདིའི་ནང་ནམ་ཡང་ཡོད་པ་མི་སྲིད་པ་ཞིག་ཡིན།

སྒོམ་ནང་སྦྱོང་བརྡར་བྱས་པའི་རྩལ་རྣམས་དངོས་ཡོད་ལག་བསྟར།

ཡུལ་ལ་དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་དང་དྲན་པ་དང་ལྡན་པར་གནས་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ཉིན་རེའི་མི་ཚེའི་ནང་དགོས་ཡག་ཅིག་རེད། དེ་ཡིན་པ་སོང་ཙང་། ང་ཚོས་སྒོམ་ཉམས་ལེན་བྱས་ནས་ཕན་ཐོགས་ལྡན་པའི་གོམས་གཤིས་ཡར་སྐྱེད་བྱུང་བ་དེ་དག་མི་ཚེ་ནང་ལག་ལེན་བསྟར་ཐུབ་པ་བྱ་རྒྱུ་དེ་རེད། དཔེར་ན། ང་ཚོས་མི་ཞིག་ལ་གཏམ་གླེང་བྱེད་པའི་སྐབས་སམ། ཡང་ན་གཞན་གྱི་སྐད་ཆ་རང་ཉིད་ཀྱིས་ཉན་པའི་སྐབས་སུ་ང་ཚོས་དོ་སྣང་བྱས་ནས་དམིགས་པ་གཏད་དགོས་པ་མ་གཏོགས་དེའི་སྐབས་སུ་ཁ་ལག་ལ་སོགས་པ་བསམ་བློ་འཁོར་ནས་“ཁ་བཙུམ་ནས་ཕར་རྒྱུག་” ཅེས་སེམས་ནང་དགོས་མེད་ཀྱི་གཏམ་གླེང་རྒྱུ་མེད། དེར་བརྟེན། ང་ཚོ་སོ་སོ་སྒེར་གྱི་འབྲེལ་ལམ་ཐོག་ནས་བྱུང་བའི་གཏམ་གླེང་བྱེད་ས་དང་། སོ་སོའི་ལས་ཀ་བྱེད་ས། དེ་བཞིན་སློབ་སྦྱོང་བྱེད་ས་ལ་སོགས་པ་ནི་དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་སྦྱོང་བརྡར་བྱེད་ས་ཡག་ཤོས་དེ་རེད།

རྒྱབ་རྟེན་བཞི། ༼དཔུང་བཞི།༽

དམིགས་པ་རྩེ་གཅིག་པའི་ཏིང་ངེ་འཛིན་འཐོབ་པ་ལ་འབད་བརྩོན་བྱེད་པའི་སྐབས་དགོས་ངེས་ཀྱི་ཆ་རྐྱེན་གཉིས་ཡོད་པ་ནི། བརྩོན་འགྲུས་དང་བཟོད་པ་རེད། བརྩོན་འགྲུས་ནི་སྙིང་རུས་ཤེས་ཡང་སེ་འབོད་ཀྱི་ཡོད། བརྩོན་འགྲུས་ནི་འདུན་ཤུགས་དྲག་པོ་སྟེ། དེ་ཕལ་ཆེར་དཔའ་བོ་ལ་ཡོད་པའི་བློ་ཁོག་དང་རྩོལ་བ་ལྟ་བུ་རེད། དཔའ་བློ་ཁོག་དེ་ལ་བརྟེན་ནས་བཟང་ཕྱོགས དགེ་བའི་ཆ་ཞིག་སྒྲུབ་པར་བྱེད་ཀྱི་ཡོད། བཟོད་པ་ནི་སེམས་ཤུགས་མི་ཆག་པ་དང་ཁོང་ཁྲོ་མི་ཟ་བར་དཀའ་སྡུག་ཐམས་ཅད་ལ་བཟོད་སྒོམ་བྱེད་ཐུབ་པའི་ནུས་པ་ཞིག་རེད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ལས། བརྩོན་འགྲུས་གོང་འཕེལ་ཡོང་ཐབས་ཀྱི་ཆ་རྐྱེན་དྲུག་འགྲེལ་བརྗོད་གནང་ཡོད་རེད། དེ་དག་ལ་རྒྱབ་རྟེན་བཞི་༼དཔུང་བཞི་༽དང་སྟོབས་གཉིས་ཟེར་གྱི་ཡོད། དེ་ཚོ་ཤེས་ནས་ལག་ལེན་བསྟར་ན་ཕན་ཐོགས་ཡོད་རེད།

དང་པོ་དེ་ལ་མངོན་འདོད་བརྟན་པོ་ ༼མོས་པ་༽ ཟེར་གྱི་ཡོད་རེད། “མངོན་འདོད” ཅེས་པ་ནི་ཡིད་སྨོན་ནམ་མོས་པ་ཤུགས་དྲག་ཡོད་པའི་ཚིག་ཅིག་ཡིན། དེ་ནི་འབྲས་བུ་འཐོབ་ན་ཁེ་ཕན་ཆེན་པོ་ཡོད་པའི་ཡིད་ཆེས་བརྟན་པོ་རྙེད་པ་དང་མ་འཐོབ་ན་གྱོང་གུན་གང་ཡོད་པ་ལེགས་པར་ཤེས་པ་ལ་ཟེར། དེ་འདྲ་ཡིན་དུས། འབྲས་བུ་འཐོབ་པ་ལ་མངོན་འདོད་ཡོད་པ་དེ་ལས་ཕྱིར་ལྡོག་མི་ཐུབ་པ་ཞིག་ཡིན། ང་ཚོས་སེམས་ཀྱི་གནས་བབས་འདྲ་མིན་སྐོར་ཀློག་སྐབས་ནང་པའི་ཉམས་ལེན་ཐོག་ནས་འབྲས་བུ་འཐོབ་འདོད་ཡོད་ཅིང་།  དེ་འགྲེལ་བརྗོད་བྱེད་སྟངས་མང་ཆེ་བ་ནི། དང་པོ་འབྲས་བུ་འཐོབ་པའི་ཕན་ཡོན་བསྟན་པ་དང་། དེ་ནས་འབྲས་བུ་མ་འཐོབ་ན་སྐྱོན་གང་ཡོད་པ་རྣམས་གསུང་གི་ཡོད། དེ་ཚོ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་དེ་ལྟར་གནང་ཡོད། ཁོང་གིས་གསུངས་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་ལེའུ་དང་པོ་ནི་བྱང་ཆུབ་སེམས་ཀྱི་སྐོར་རེད། ང་ཚོ་བྱང་ཆུབ་ཀྱི་སེམས་ཡོད་ན་ཕན་ཡོན་གང་ཡོད་པ་ཡིད་ཆེས་བརྟན་པོ་རྙེད་ནས་དེས་ང་ཚོ་ལ་ནུས་ཤུགས་དང་དེ་ཐོབ་པར་བྱེད་འདོད་ཀྱི་སྤྲོ་བ་སླེབས་པ་བཟོ་གི་ཡོད། ང་ཚོ་སེམས་ཤུགས་ག་དུས་ཆག་པ་ཡིན་ནའངརང་ཉིད་ཀྱིས་གང་ལ་དམིགས་པའི་འཐོབ་བྱ་བྱང་ཆུབ་ཀྱི་སེམས་དེའི་ཕན་ཡོན་གང་ཡོད་པ་དྲན་པ་ཡིན་ན་ཡག་པོ་ཡོད།

འདིའི་རྗེས་སུ་བརྟན་པ་སྟེརང་ཉིད་ལ་གདེང་ཚོད་ཡོད་པ་ ༼ང་རྒྱལ་༽ དེ་ཡིན། “བརྟན་པའི་” དོན་ནི། ཉམས་ལེན་ལ་རྒྱུན་བརྟན་དང་སྙིང་རུས་ཡོད་པ་ལ་གོ་གི་ཡོད། དེ་ནི་སོ་སོའི་དམིཌ་ཡུལ་དེ་སྒྲུབ་ཐུབ་མིན་ལ་བརྟག་དཔྱད་བྱས་ནས་སྒྲུབ་ཐུབ་པ་ཡིད་ཆེས་རྙེད་པ་ལས་བྱུང་བ་ཞིག་རེད། རང་ཉིད་ལ་གདེང་ཚོད་དེ། འབྲས་བུ་སྒྲུབ་ཐུབ་ཀྱི་ཡོད་པ་ཤེས་ཁར་དེ་ལ་རྒྱུན་བརྟན་འབད་བརྩོན་དེ་ཡག་སྡུག་ཡོང་གི་ཡོད་ནའང་འབད་བརྩོན་མུ་མཐུད་དེ་བྱེད་པ་དེ་རེད། ཡག་སྡུག་གང་རུང་ཞིག་ཡོང་བ་ནི་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། དཔེར་ན། ཉིན་མ་ཁ་ཤས་དཔེ་ཡག་པོ་ཡོང་བ་དང་། ཡང་ཉིན་མ་ཁ་ཤས་དཔེ་སྡུག་ཅག་ཡོང་བ་ལྟ་བུ་རེད། དེ་བཞིན་སྐབས་རེར་ཧ་ཅང་གིས་བྱེད་འདོད་ཆེན་པོ་སླེབས་པ་དང་སྐབས་རེར་རྩ་ནས་ཉམས་ལེན་བྱེད་འདོད་སླེབས་ཀྱི་མེད། འོན་ཀྱང་དེའི་ཕན་ཡོན་ལ་ཡིད་ཆེས་རྙེད་པ་དང་། གོ་ཆ་ལྟ་བུའི་སྙིང་རུས་ཡོད་ན། དེ་ནས་ང་ཚོས་ “ཡག་སྡུག་གང་བྱུང་ཡང་ཁྱད་པར་མི་འདུག ངས་ཉིན་ལྟར་འབད་བརྩོན་བྱེད་ཀྱི་ཡིན། མཐའ་མ་ཉིན་གཅིག་ང་རང་གི་དམིགས་ཡུལ་དེ་སྒྲུབ་ཐུབ་པ་ཤེས་ཀྱི་ཡོད་” ཅེས་བསམ་བློ་གཏོང་གི་རེད།

དུས་ཚོད་ཡུན་རིང་པོའི་ནང་ཡར་རྒྱས་གཏོང་བ་དང་རིམ་པས་སེམས་རྩེ་གཅིག་ཏུ་གཏད་པའི་འདུན་ཤུགས་ཡོང་གི་ཡོད་པ་མཐོང་ནས་རྒྱབ་རྟེན་རྗེས་མ་དགའ་བ་དེ་སྐྱེད་པར་བྱེད་ཀྱི་ཡོད། ང་ཚོ་ཡར་རྒྱས་ཕྲན་བུ་ཙམ་ལ་འདོད་པ་ཚིམ་གྱི་མེད། དེ་ཡིན་ཙང་། རང་ཉིད་རང་ལ་ཚིམ་པའི་ཚོར་བ་དང་བཅས་ང་ཚོས་གོང་ནས་གོང་དུ་ཡར་རྒྱས་གཏོང་རྒྱུ་ལ་སྤྲོ་བ་ཆེན་པོ་ཡོང་གི་ཡོད། དེའི་འབྲས་བུ་དེ་ལ་ང་ཚོ་བདེ་བ་ཆེ་རུ་འགྲོ་གི་ཡོད་པ་གསལ་པོ་རེད། དེ་གང་ཡིན་ཟེར་ན། དེ་དག་ཐམས་ཅད་ཀྱི་དོན་དག་གཙོ་བོ་ནི་སྡུག་བསྔལ་རྩ་མེད་བཟོ་ཡག་དེ་རེད། ང་ཚོའི་སེམས་ལ་ཉོན་མོངས་ཉུང་བ་དང་། གཡེང་བ་ཉུང་བ། དེ་བཞིན་སེམས་སྡུག་ཉུང་བ་ཡོད་པ་ཆགས་ན། ང་ཚོར་བདེ་བ་མང་བ་ཡོང་གི་ཡོད་པ་བཤད་མི་དགོས་པ་རེད། དེ་འདྲ་མཐོང་དུས་ང་ཚོ་དངོས་གནས་མུ་མཐུད་ཡར་རྒྱས་གང་ཐུབ་གཏོང་རྒྱུའི་སྤྲོ་ཤུགས་སླེབས་ཏེ་འབད་བརྩོན་བྱེད་ཀྱི་རེད།

རྒྱབ་རྟེན་བཞི་པ་ནི་ངལ་གསོ་ ༼དོར་༽ རེད། དེའི་དོན་དག་ནི་ང་ཚོ་ཐང་ཆད་པའི་སྐབས་ངལ་གསོ་བ་དེ་ལ་གོ་དགོས། དེ་ནི་ལེ་ལོའི་དབང་གིས་མིན་པར་སོ་སོ་གྲུང་པོ་བཟོ་བ་ཞིག་རེད། ང་ཚོའི་འབད་བརྩོན་འཕྲོ་བརླག་གཏོང་མཁན་གྱི་ནང་ནས་སྡུག་ཤོས་དེ་བཙན་ཤེད་དང་ཨུ་ཚུགས་ཆེ་དྲག་པ་དེ་ཡིན་ཞིང་། དེས་ང་ཚོ་ཡིད་ཐང་ཆད་པ་བཟོ་གི་ཡོད། དེ་ནི་སྒང་བུ་རྡོལ་བའི་མཚམས་ཀྱི་བར་དུ་བཙིར་བ་ནང་བཞིན་ང་ཚོའི་ལུས་པོ་ནང་གི་ནུས་པ་ལ་དངོས་གནས་དཀའ་ངལ་བཟོ་གི་ཡོད། ང་ཚོས་སོ་སོ་ལ་ཚོད་དཔོག་ཐུབ་པའི་སྒོ་ནས་ངལ་གསོ་རྒྱག་དགོས་པའི་དུས་ཚོད་ཐག་གཅོད་བྱེད་དགོས་པ་དང་། དེ་ཡང་སོ་སོར་ནག་ཉེས་ཡོད་པའི་ཚོར་བ་མི་ཡོང་བ་ཞིག་དགོས། ངལ་གསོ་ཡག་པོ་ཡོང་བར་ཕན་པའི་ཐབས་གང་རུང་ལ་འདམ་ག་བྱེད་ན་ཡག་པོ་ཡོད་ཀྱང་། དེས་ང་ཚོའི་ཉོན་མོངས་རྣམས་འཕེལ་བ་མི་བྱེད་པ་ཞིག་དགོས། བཤད་མི་དགོས་པ་ལྟར། མི་སོ་སོ་ལ་ངལ་གསོ་རྒྱག་སྟངས་མི་འདྲ་བ་རེ་ཡོད་པ་རེད། འདི་རྣམས་ནི་འདུན་པའི་རྒྱབ་རྟེན་བཞི་རེད།

སྟོབས་གཉིས།

ད་སྟོབས་གཉིས་ཀྱི་སྐོར་སླེབས་པ་རེད། དང་པོ་དེ་ནི་རང་བཞིན་གྱིས་ངོས་ལེན་བྱེད་པ་ ༼ལྷུར་ལེན་༽ དེ་རེད། དེའི་དོན་དག་ནི་ང་ཚོའི་དམིགས་ཡུལ་སྒྲུབ་པ་ལ་ཉམས་ལེན་གང་བྱེད་དགོས་པ་དང་། སྤང་བྱ་གང་སྤོང་དགོས་པ་ལ་རང་བཞིན་གྱིས་ཁས་ལེན་བྱེད་པའི་དོན་དེ་རེད། ང་ཚོས་གནས་སྟངས་ཀྱི་དངོས་ཡོད་གནས་ཚུལ་མཐོང་ནས་ཉོན་མོངས་སྤོང་བར་དཀའ་ངལ་ཇི་ཙམ་ཡོད་པ་ལ་རང་བཞིན་གྱིས་ངོས་ལེན་བྱེད་དགོས། དཀའ་ལས་ག་ཚོད་ཁག་པོ་ཡོད་ནའང་དང་པོ་ཉིད་ནས་དངོས་ཡོད་དང་མཐུན་པ་བྱས་ནས་ཕྱིས་སུ་ཧ་ལས་ཧོན་ཐོར་མི་དགོས་པ་ཞིག་བཟོ་དགོས།

༧གོང་ས་མཆོག་གིས། “ནང་པའི་བླ་མ་དང་གཞན་མི་སུ་ཡིན་རུང་ནང་ཆོས་ལས་སླ་པོ་དང་མགྱོགས་པོ་སངས་རྒྱས་གོ་འཕང་འཐོབ་ཀྱི་རེད་བརྗོད་མཁན་དང། ཁོ་ཚོའི་ཀུན་སློང་ལ་དོགས་ཟོན་ཚ་པོ་བྱེད་དགོས། གང་ཡིན་ཟེར་ན། དེ་ལས་སླ་པོ་དང་མགྱོགས་པོ་སྒྲུབ་ཐུབ་ཡ་ཞིག་རྩ་ནས་མེད། ང་ཚོ་ཉོན་མོངས་ལ་གོམས་ཆེ་དྲག་ནས་དེ་དག་སྨན་རིལ་བུ་གཅིག་ཟས་ནས་ལས་སླ་པོར་མེད་པ་བཟོ་རྒྱུའི་ཐབས་ལམ་ཡོད་མ་རེད།” ཅེས་ཡང་སེ་གསུངས་གནང་གི་ཡོད། ཡང་ངའི་དགེ་རྒན་དགེ་བཤེས་ངག་དབང་དར་རྒྱས་ལགས་ཀྱིས། “ནང་ཆོས་ནང་ལམ་མགྱོགས་པོ་དང་ལས་སླ་པོ་ཞིག་ཡོད་རེད་བསམས་ནས་ཡིད་འགུག་མཁན་དེ་ཚོ་གཞི་རྐང་ལེ་ལོ་ཅན་རེད། ཁོང་ཚོ་དཀའ་ལས་རྒྱག་འདོད་མེད་པ་རེད། དཀའ་ལས་རྒྱག་རྒྱུ་ནི་ནང་པའི་ཆོས་ཀྱི་ནང་དངོས་གནས་དགོས་ངེས་ཞིག་རེད།” ཅེས་གསུངས་ཀྱི་རེད།

སྟོབས་གཉིས་པ་ནི་སྟངས་འཛིན་བྱེད་པ་ ༼དབང་བསྒྱུར་༽ དེ་རེད། དེའི་དོན་ནི་སོ་སོས་གང་འཐོབ་པར་འདོད་པ་དེ་ལ་སྟངས་འཛིན་དང་ལག་ལེན་བསྟར་དགོས་པའི་དོན་ཡིན། དེ་ལེ་ལོ་དང་ཉོན་མོངས་གཞན་གྱི་དབང་འོག་ཏུ་ཤོར་ནས་སྟངས་འཛིན་བྱེད་དུ་འཇུག་རྒྱུ་མེད། ང་ཚོས་དམིགས་ཡུལ་ཞིག་སྒྲུབ་པའི་མངོན་འདོད་དེས་སྟངས་འཛིན་བྱེད་དགོས། ང་ཚོས། “ཕྲུ་གུ་ནང་བཞིན་བྱེད་རྒྱུ་མཚམས་བཞག་ནས་ཕན་ཚུན་ནུས་པ་མཉམ་སྡེབ་ཀྱིས་བྱེད་དགོས་” ཤེས་རང་གིས་རང་ལ་སྟངས་འཛིན་བྱེད་དགོས་ཀྱི་ཡོད།

ཐང་ཆད་པ་རེད་དམ། ལེ་ལོ་རེད།

ང་ཚོས་ཐང་ཆད་པ་དང་ལེ་ལོ་གཉིས་དབྱེ་བ་གང་འདྲ་བྱས་ནས་ཕྱེ་དགོས་པ་རེད་ཅེས་བསམ་སྲིད། ཐོག་མར་ལེ་ལོ་ལ་རིགས་མང་པོ་ཡོད། དཔེར་ན། ང་ཚོ་གནས་དོན་ཆུང་ཙག་རིགས་ལ་མགོ་གཡེང་བ་ལྟ་བུ། སྒོམ་རྒྱག་རྒྱུ་དང་སློབ་སྦྱོང་བྱེད་རྒྱུ་སོགས་ལ་ཧ་ཅང་ཉོབ་ཏོ་ཆགས་ནས་གཟུགས་མཐོང་བརྙན་འཕྲིན་དང་དྲྭ་རྒྱའི་ལས་ལ་མགོ་གཡེང་བ། དེ་བཞིན་ཕྱི་བཤོལ་གྱི་ལེ་ལོ་སྟེ། ག་དུས་ཡིན་ནའང་ལས་དོན་ཕར་འགྱངས་བྱེད་རྒྱུའི་བསམ་པ་དེ་འདྲ་ཡོད་པ་རེད། དེ་དང་མཚུངས་པ་ལས་ཀ་ནས་གཡོལ་ཐབས་ཀྱིས་ “ངས་བྱེད་ཐུབ་ཀྱི་མི་འདུག་” ཅེས་བདག་ཉིད་ལ་བརྙས་པའི་ལེ་ལོ་ལ་སོགས་པ་ཡོད་རེད།

ད་ང་ཚོ་ཐང་ཆད་སྐབས་ད་དུང་ངཚོ་ལ་ལས་ཀ་བྱེད་འདོད་ཀྱི་བསམ་པ་ཡོད་པ་རེད། དཔེར་ན། “ངས་ལས་ཀ་འདི་དངོས་གནས་བྱེད་འདོད་ཡོད། ཡིན་ནའང་ད་ལྟ་ང་དཔེ་གཉིད་བྲོ་གི་འདུག བྱས་ཙང་། ང་འཁྱུག་ཙམ་རིང་ངལ་གསོས་ནས་རང་འཇགས་ལས་ཀ་འདི་བྱེད་ཀྱི་ཡིན།” ཞེས་ཟེར་བ་ལྟ་བུ་རེད། འདི་ནི་ལས་ཀ་བྱེད་འདོད་མེད་པ་ལས་ཀ་ལས་གཡོལ་ཐབས་བྱེད་ཀྱི་མེད་པ་རེད། ལེ་ལོ་ཡིན་ན། ལས་ཀ་དེ་མུ་མཐུད་ནས་བྱེད་འདོད་ཀྱི་བསམ་པ་ཡོད་མ་རེད།

ཕྱོགས་བསྡོམས།

སྒོམ་ནི་ལས་སླ་བོ་ཞིག་མ་རེད། ཐར་པ་དང་ཧང་སང་དགོས་པའི་རྟོགས་པ་མགྱོགས་པོ་འཐོབ་ཐུབ་པའི་ལམ་ཡོད་ཚུལ་བརྗོད་མཁན་སུ་འདྲ་ཞིག་ཡིན་རུང་དེ་ཚོ་ལ་ང་ཚོས་གཟབ་གཟབ་བྱེད་དགོས། གང་ཡིན་ཞེ་ན། སྤྱིར་བཏང་བཤད་པ་བྱས་ན། དེ་ནི་མགྱོགས་པོ་ཡོང་མི་སྲིད་པ་ཞིག་རེད།

སྒོམ་རྒྱག་པ་ལ་ཉོབ་ཏོ་དང་མི་གསལ་བ་མེད་པ་གྲུང་པོ་དང་ཧུར་བརྩོན་གྱི་རྒྱུད་རིམ་ཞིག་དགོས་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་ཆོས་ཉན་པ་དང་བསམ་པ་དེ་དག་གཏིང་ཟབ་པོའི་སྒོ་ནས་གོ་རྟོགས་རྙེད་པ་ཡོང་གི་རེད། ང་ཚོས་དེ་འདྲ་ཉིན་རེ་ནས་ཉིན་རེ་དང་། ལོ་ནས་ལོ་བསྟུད་མར་བྱེད་ཐུབ་པ་ཡིན་ན། ཆོས་དེ་ཡིད་ལ་གཏིང་ཚུགས་པོ་ཆགས་ནས་མཐའ་མར་དཀའ་ངལ་དང་མི་དགེ་བའི་སེམས་ཚོར་ཡོང་དུས་དེ་དག་ལ་ལས་སླ་པོའི་སྒོ་ནས་གདོང་ལེན་བྱེད་ཐུབ་པ་ཆགས་ཀྱི་རེད།།

Top