གསང་སྔགས་ཀྱི་སྐོར་ལ་འཆར་ཅན་གོ་ནོར་ཐེབས་པ་ཁག

03:48
གསང་སྔགས་ཀྱི་ཆོས་ནི་མྱུར་པོ་དང་། ལས་སླ་པོ། ཡ་མཚན་ཅན་ཞིག་རེད། གསང་སྔགས་ཀྱི་སྐོར་ལ་གོ་ནོར་ཐེབས་པ་མང་པོ་ཞིག་ནི་ཚོང་ལས་ཁྱབ་སྤེལ་གྱི་ཐབས་ཇུས་མཁས་པོ་ལ་བརྟེན་ནས་བྱུང་ཡོད། མི་ཚོ་“གསང་རྒྱ་དམ་པོ་”དང་ཚད་མཐོ་པོའི་ཉམས་ལེན་ཁག་ལ་དོ་སྣང་ཡོད་པ་མ་ཟད། དེ་ཡང་མགྱོགས་པོ་ཞིག་ཀྱང་དགོས་ཀྱི་ཡོད། རྩོམ་ཡིག་འདིའི་ནང་དུ་གོ་ནོར་ཐེབས་སའི་གནད་དོན་འགའ་ཤས་ལ་བལྟས་ནས་བདེན་རྫུན་དབྱེ་བ་ཕྱེ་གི་ཡིན།

གསང་སྔགས་ཀྱི་སྐོར་གོ་ནོར་ཐེབས་པ་ཁག

གསང་སྔགས་སམ། ཡང་ན་རྫོགས་ཆེན་ནི་སངས་རྒྱས་ཀྱི་གོ་འཕང་བགྲོད་པའི་ལམ་ལས་སླ་པོ་རེད་བསམ་པའི་གོ་ནོར།

གསང་སྔགས་ཀྱི་སྐོར་ལ་གོ་ནོར་ཐེབས་པ་མང་པོ་ཡོད། རྒྱུན་དུ་དེ་ལྟར་གོ་ནོར་ཐེབས་དགོས་པའི་རྒྱུ་མཚན་ནི་ཚོང་ལས་ཁྱབ་སྤེལ་གྱི་ཐབས་བྱུས་ལ་བརྟེན་ནས་ཡོང་གི་ཡོད། རྒྱུ་མཚན་དེ་དག་གང་ཡིན་ཡང་། བོད་པ་དང་ནུབ་ཕྱོགས་པའི་བླ་མ་དང་དགེ་བའི་བཤེས་གཉེན་མང་པོས་གསང་སྔགས་སམ། ཡང་ན་རྫོགས་པ་ཆེན་པོའི་ཆོས་དེ་ལམ་ལས་སླ་པོ་དང་། ལམ་མྱུར་པོ། ལམ་ཚད་མཐོ་ཤོས་ཡིན་པ་ལྟར་ཚོང་སྒྱུར་བྱེད་ཀྱི་ཡོད། དེ་འདྲ་ཚོང་སྒྱུར་བྱེད་པ་ལ་བརྟེན་ནས། སློབ་ཕྲུག་ཚོས་གོ་ནོར་ཐེབས་ནས་གསང་སྔགས་ཀྱི་ཆོས་ནི་དངོས་གནས་ལམ་ལས་སླ་པོ་རེད་བསམ་གྱི་ཡོད།

ཁོང་ཚོས་ལས་སླ་པོ་དང་མྱུར་པོ་ཡོད་པ་རེད་བསམ་པའི་ལམ་དེ་དག་ལ་ཡིད་དབང་འཕྲོག་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ངའི་དགེ་བའི་བཤེས་གཉེན་ཞིག་གིས། དེ་ནི་ཁོང་ཚོ་ལེ་ལོ་ཡིན་པའི་རྐྱེན་གྱིས་དགོས་ངེས་ཀྱི་འབད་བརྩོན་བྱེད་འདོད་མེད་པ་ཡིན་སྲིད་པ་དང་། ཡང་ན་ཁོང་ཚོར་ཚོང་ལ་གོང་ཚད་སྒྲིག་འདོད་ཡོད་པ་རེད། ཅེས་མཛུབ་སྟོན་གནང་སོང། དེ་ནི་ང་ཚོ་ཚོང་ཁང་ཞིག་ལ་ཉོ་ཆ་རྒྱག་པར་ཕྱིན་ནས་རིན་གོང་སྒྲིག་པ་ནང་བཞིན་རིན་གོང་ཁེ་པོའི་ཐོག་སངས་རྒྱས་གོ་འཕང་ཐོབ་པ་འདྲ་པོ་ཆགས་པ་རེད། ང་ཚོས་ཆོས་ཀྱི་ཐབས་ལམ་འདྲ་མིན་ལ་ལྟ་བའི་སྐབས་སུ། དུས་རྒྱུན་ང་ཚོར་ “བདུན་ཕྲག་འདིར་ཁེ་ཚོང་གང་འདུག” ཅེས་པའི་བློའི་འཁྱེར་སོ་དེ་ཡོད། 

དོན་དངོས་ཀྱི་ཐོག་ནས་གསང་སྔགས་དང་རྫོགས་ཆེན་གཉིས་ཀ་ཧ་ཅང་ཞིབ་ཅིང་ཕྲ་བ་དང་། འབད་བརྩོན་ཧ་ཅང་ཤུགས་ཆེན་པོ་བྱེད་དགོས་པའི་ཉམས་ལེན་ཁག་པོའི་གྲས་རེད། ཐོག་མར་འགོ་འཛུགས་བྱེད་པའི་སྐབས། ཉམས་ལེན་དེ་འདྲའི་རིགས་ཚང་མས་དངོས་སུ་འགོ་འཛུགས་མ་བྱས་སྔོན་ལ་ཁྱེད་ཀྱིས་སྔོན་འགྲོ་ཡི་ཉམས་ལེན་ཁག་བྱེད་དགོས་པ་ངེས་བཤད་བྱས་ཡོད། དཔེར་ན། ཕྱག་འབུམ་གཅིག་གམ། ཡང་ན་དེ་ལས་མང་བ་འཚལ་དགོས་པ་སོགས་རེད། དེ་ལས་སླ་པོ་ཞིག་མེད་པར། ལོ་ཤས་འགོར་སྲིད་པ་རེད།

ཕྱག་འབུམ་གཅིག་འཚལ་ན་རྫུ་འཕྲུལ་དང་ཡ་མཚན་ཅན་དེ་འདྲ་འབྱུང་གི་རེད་བསམ་པའི་གོ་ནོར།

གལ་སྲིད་ང་ཚོས་སྔོན་འགྲོའི་ཉམས་ལེན་ཁག དཔེར་ན། ཕྱག་འཚལ་བ་ལྟ་བུ་བྱེད་དགོས་པ་ཁས་ལེན་བྱས་ཀྱང་། དེ་ལ་བརྟེན་ནས་ང་ཚོར་རྫུུ་འཕྲུལ་དང་ཡ་མཚན་གྱི་གནས་ཚུལ་དེ་འདྲ་ཡོང་བའི་རེ་བ་བྱས་ན། དེ་ནི་གོ་ནོར་ཐེབས་པ་ཞིག་རེད། དེ་དག་ཚོང་སྒྱུར་བྱས་པ་ལ་བརྟེན་ནས་ཡོང་སྲིད་པའམ། ཡང་ན་སྔོན་འགྲོ་ཁག་གི་ནུས་པར་ཚད་ལས་བརྒལ་བའི་ཚོད་དཔག་བྱས་པ་ལ་བརྟེན་ནས་ཀྱང་ཡོང་སྲིད་པ་རེད། དཔེར་ན། “ང་ཧ་ཅང་འ་ཆད་འུ་ཐུག་ཆགས་སོང་། ངས་གང་བྱེད་དགོས་པ་ལབ་རོགས། རེད། ཕྱག་འབུམ་གཅིག་འཚལ་བ་དང། སྐད་རིགས་གཞན་གྱི་ནང་གཟུངས་སྔགས་འབུམ་གཅིག་བགྲངས་ན། དེ་ནས་ངའི་དཀའ་ངལ་ཆ་ཚང་མེད་པ་ཆགས་ཀྱི་རེད། དཔེ་ཡག་པོ། ངས་དེ་ལྟར་བྱེད་ཀྱི་ཡིན།” ཟེར་བ་འདྲ་པོ་ནི་གོ་ནོར་ཐེབས་པ་ཞིག་རེད། འོན་ཀྱང་འ་ཆད་འུ་ཐུག་འོག་ཁྱེད་ཀྱིས་དེ་ལྟར་བྱས་ནས་མཐར་ཡ་མཚན་ཅན་གྱི་བཅོས་ཐབས་འབྱུང་སྲིད་པའི་རེ་བ་བྱེད་ཀྱི་ཡོད། རེ་བ་བྱས་པ་བཞིན་དེ་ལྟར་ཡོང་གི་མེད་དུས། ཁྱེད་ཀྱིས་ཆོས་ཀྱི་ཉམས་ལེན་ལ་ཡོངས་སུ་བློ་ཕམ་བྱས་ནས་དེ་མཚམས་འཇོག་བྱེད་ཀྱི་ཡོད།

བཤད་མི་དགོས་པ་ལྟར། སྡིག་པ་དག་སྦྱོང་གི་ཉམས་ལེན་ཁག་ནི་ཕན་ནུས་ཆེན་པོ་ཡོད་ཆོག་ཀྱང་། ཁྱེད་ཀྱིས་དུས་ཚོད་བརྒྱ་ཆ་དགུ་བཅུ་གོ་དགུ་དང་ཚེག་དགུའི་རིང་རང་གི་སེམས་དེ་གཡེངས་ནས། རང་གི་གང་བྱེད་བཞིན་པ་དེ་ལ་དམིགས་པ་མི་གཏད་པའི་སྐབས་སུ། དེ་ཕན་ནུས་ཆེན་པོ་མེད་པ་དང་། དེའི་རྒྱབ་ལ་ཚོར་བ་ཡང་ན་གོ་རྟོགས་མེད། ཡང་མིན་ན་ཁྱེད་རང་ལ་ཀུན་སློང་བརྟན་པོ་དང་མ་ནོར་བ་ཞིག་མེད་པ་རེད། ཉམས་ལེན་དེ་དག་ནུས་པ་དང་ལྡན་པ་ཞིག་ཡོང་བ་དང། དེ་དག་ནུས་པ་དང་ལྡན་པ་ཞིག་ཡོད་ཀྱང། དེ་དག་གིས་རྫུ་འཕྲུལ་དང་ཡ་མཚན་ཅན་དེ་འདྲ་བསྐྲུན་གྱི་མེད། དེའི་དོན་ནི། ཉམས་ལེན་ཁག་མ་ནོར་བར་ཚུལ་མཐུན་ངང་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ལག་བསྟར་བྱས་པ་དང་། ཀུན་སློང་ཡང་དག་པ་དང་ཆ་ཚང་བ། སེམས་གཏིང་ནས་བཅོས་མིན་གྱི་ཚོར་སྣང་སྐྱེས་པའི་ཐོག་ནས་རང་གི་མི་ཚེའི་ནང་ཉེན་མེད་ཀྱི་ཁ་ཕྱོགས་ (སྐྱབས་སུ་འགྲོ་བ་) བརྟན་པོ་ཞིག་འཇོག་པ། དེའི་གོ་དོན་གང་ཡིན་པའི་ཐད་ལ་ཤེས་རྟོགས་ཡག་པོ་ཞིག་ཡོད་པ་སོགས་ལ་གོ་དགོས། དེ་ལས་སླ་པོ་མེད། ལས་སླ་པོ་ཞིག་ཡོད་དམ།

ཡང་གཟུངས་སྔགས་སོགས་བཟླས་བརྗོད་འབུམ་གཅིག་བྱས་ཚར་བའི་རྗེས་ལ། “འོ་ཡ། ངས་གང་སྤྲོད་དགོས་པ་དེ་སྤྲད་ཚར་སོང་། ད་ལྟ་ཁེ་ཕན་དེ་ཚོ་ལེན་དགོས།” བསམས་ན་དེ་ཡང་ནོར་འཁྲུལ་ཞིག་རེད། བསམ་བློའི་འཁྱེར་ཕྱོགས་དེ་འདྲ་ནི་སྔོན་འགྲོའི་ཉམས་ལེན་ཁག་ལ་ཕལ་ཆེར་འཁོན་སེམས་ཡོད་པ་འདྲ་པོ་རེད། དཔེར་ན། ནང་དུ་འཛུལ་ཞུགས་ཆོག་པའི་རིན་པ་སྤྲོད་པ་ལྟ་བུ་རེད། ཁྱེད་ཀྱིས་སྔོན་འགྲོ་དེ་དག་གང་མགྱོགས་ཚར་ན་བསམས་ཡོད་པ་མ་གཏོགས། དེ་ཚོའི་ནང་དང་དེ་ཚོར་རིན་ཐང་གང་ཡོད་པ་མཐོང་གི་མེད། དཔེར་ན། མི་དགེ་བའི་ནུས་པ་རྣམས་ལ་དག་སྦྱོང་དང་དགེ་བའི་ནུས་ཤུགས་གོང་དུ་སྤེལ་ནས། ཁྱེད་ཀྱིས་རང་གི་མི་ཚེའི་ནང་སངས་རྒྱས་དང་། ཆོས། དགེ་འདུན་གསུམ་གྱིས་བསྟན་པའི་ཉེན་མེད་ཀྱི་ཁ་ཕྱོགས་བརྟན་པོ་དེ་ཡང་ནས་ཡང་དུ་འཇོག་དགོས་རྒྱུ་དེ་ཡིན། དེ་ཡང་ “ང་ཁ་ཕྱོགས་འདིར་འགྲོ་” བསམ་པའམ། ཡང་ན་བྱང་ཆུབ་ཀྱི་སེམས་ཡང་ནས་ཡང་དུ་སྐྱེད་པ། འདི་ལྟ་བུའི་སྔོན་འགྲོའི་རིགས་ནི་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། 

གཞི་རྩའི་ཆོས་ཀྱི་གོ་རྟོགས་མེད་པར་དུས་ལ་མ་བབས་གོང་ནས་སྔོན་འགྲོ་ཉམས་ལེན་བྱེད་པ།

སྔོན་འགྲོའི་ཉམས་ལེན་ཁག་གི་སྐོར་ལ་བཤད་ན། ནང་ཆོས་ཀྱི་སྐོར་ལ་གཞི་རྩའི་གོ་རྟོགས་གང་ཡང་མེད་པའི་ཐོག་དེ་དག་ང་ཚོས་བསགས་པའི་སྡིག་པ་རྣམས་དག་པའི་ཆེད་དུ་ཡིན་པའི་བསམ་བློ་སྟབས་བདེ་དེ་འདྲ་བཏང་ན། དེ་ཡང་ནོར་འཁྲུལ་ཞིག་རེད། སྐབས་རེ་ནུབ་ཕྱོགས་ནང་དེ་འདྲ་ཡོང་གི་ཡོད། ཁྱེད་ཀྱིས་ཆོས་དགེ་ཞིག་གི་དྲུང་དུ་བཅར་བ་དང་། ལམ་སེང་ཁྱེད་ལ་ཆོས་མ་བཤད་གོང་ངམ། ཡང་ན་གོ་རྟོགས་གང་ཡང་མ་ཐོབ་གོང་ནས་ཁྱེད་རང་ལ་ “ཕྱག་འབུམ་གཅིག་འཚལ་དགོས་” ཤེས་བཤད་མཁན་ཡོང་གི་ཡོད། དེ་བས་ཀྱང་ཧ་ལས་དགོས་པ་ཞིག་ནི། མི་འགའ་ཤས་ཀྱིས་གང་བཤད་པ་ལྟར་དངོས་སུ་བྱེད་མཁན་ཡང་ཡོང་གི་ཡོད། 

བྱས་ཙང་། “ཁོང་ཚོས་འདི་ལྟར་བྱེད་དགོས་དོན་གང་ཡིན་ནམ།” ཞེས་རང་གིས་རང་ལ་དྲི་བ་དྲི་གི་ཡོད། དེ་ནི་ནམ་རྒྱུན་འ་ཆད་འུ་ཐུག་འོག་དེ་ལྟར་བྱས་ནས་དེ་ལས་རྫུ་འཕྲུལ་འདྲ་བྱུང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཡང་ན། མོས་གུས་རིང་ལུགས་འཛིན་པའི་ཆོས་ཀྱི་ནང་འཛུལ་ཞུགས་བྱས་པ་ནང་བཞིན། ཁོང་ཚོས་རང་ཉིད་ཀྱི་མི་ཚེའི་འགན་འཁྲི་དོར་ནས་དམག་དཔུང་ནང་ཡོད་པ་ལྟར། དགེ་རྒན་བཙན་པོ་ཡོད་མཁན་ཞིག་གྱི་བཀའ་བརྩི་དང་ལེན་ཞུ་གི་ཡོད། དགེ་རྒན་དེ་དང་མཉམ་དུ་འབྲེལ་བ་དེ་དམག་དཔུང་ནང་ཡོད་པའི་དམག་དཔོན་དང་དམག་མིའི་འབྲེལ་བ་འདྲ་པོ། དེའི་བཀའ་ལ་རང་གིས་དྲི་བ་གང་ཡང་མེད་པའི་ཐོག་བཀའ་བརྩི་དང་ལེན་བྱེད་དགོས་པ་ངོས་འཛིན་བྱས་ན། དེ་ནི་ནོར་འཁྲུལ་རེད། 

ང་ཚོས་རང་གི་ཞིབ་བརྟག་བྱེད་པའི་ནུས་པ་དང་རྣམ་དཔྱོད་དེ་ནམ་ཡང་མི་བརླག་པ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ༸གོང་ས་མཆོག་ནས་རྟག་ཏུ་དེའི་ཐོག་ལ་ནན་བཤད་གནང་གི་ཡོད། ཞིབ་བརྟག་ངེས་པར་དུ་བྱེད་དགོས། དབྱིན་སྐད་ནང་ཚིག་དེའི་གོ་བ་ལ་སྐྱོན་འཛུགས་བྱེད་པ་འདྲ་པོ་ཡོད་ཀྱང་། སྐྱོན་འཛུགས་བྱེད་དགོས་ཟེར་གྱི་མེད། དབྱིན་ཇིའི་ཐ་སྙད་ལ་ “critical” ཞེས་པའི་གོ་དོན་ནི་གང་འབྱུང་བཞིན་པ་དེ་ལ་བརྟག་དཔྱད་བྱེད་པ་ལ་གོ་དགོས། “criticize” ཞེས་པའི་ཐ་སྙད་དེ་ལ་ཁེངས་དྲེགས་ལྡན་པའི་ཐོག་ “ང་ཁྱེད་ལས་ཆེས་ལྷག་པ་ཡོད། ཁྱེད་དེའི་འདྲའི་ཡ་ང་བ་ཞིག་རེད།” ཅེས་བཙན་ཤུགས་དང་། བློའི་འཁྱེར་སོ་ལོག་པ། བསམ་བློ་གཏོང་སྟངས་མི་ལེགས་པའི་ཐོག་ནས་གཞན་ལ་ཁྱད་གསོད་བྱེད་པའི་གོ་བ་ལེན་རྒྱུ་ཡོད། བྱས་ཙང་། ང་ཚོས་སྔོན་འགྲོའི་ཉམས་ལེན་དེ་དག་བྱེད་འདོད་ན། ནང་ཆོས་ཀྱི་རྨང་གཞི་ཁག་ལ་གོ་རྟོགས་ཡག་པོ་ཞིག་དགོས་པ་དང་། ང་ཚོས་རང་གིས་གང་བྱེད་བཞིན་པ་དང་རྒྱུ་མཚན་གང་ལ་བརྟེན་ནས་བྱེད་ཀྱི་ཡོད་པ་གསལ་པོ་ཤེས་དགོས། དེ་ཉམས་ལེན་གྱི་ནང་མགོ་རྙོག་ཆེ་བའི་དམིགས་རྣམ་བསྟེན་ཚུལ་སྐོར་ཞིབ་ཚགས་པོའི་སྒོ་ནས་ཤེས་པ་ཙམ་ལ་མི་གོ་བར། ང་ཚོས་རང་གི་སེམས་ཀྱི་གནས་བབས་གང་འདྲ་ཞིག་སྐྱེད་ཐབས་བྱེད་ཀྱི་ཡོད་པ་དང་དེ་སོ་སོའི་སེམས་ལ་འཇགས་ཐབས་གསལ་པོ་ཤེས་དགོས་པའི་དོན་ཡིན། 

དུས་ལ་མ་བབས་གོང་ནས་གསང་སྔགས་ཀྱི་ཉམས་ལེན་བྱེད་པ།

ང་ཚོས་སྔོན་འགྲོའི་རིམ་པ་རྣམས་ཉམས་ལེན་བྱེད་འགོ་བཙུགས་ནའང། གསང་སྔགས་ཀྱི་ཉམས་ལེན་དུས་ལ་མ་བབས་གོང་ནས་བྱེད་ན། དེས་གསང་སྔགས་ཀྱི་སྐོར་ལ་གོ་ནོར་ཆེན་པོ་ཐེབས་ཡོད་པ་ཞིག་མཚོན་གྱི་ཡོད། དཔེ་ཆ་བཞག་ན། སྔོན་འགྲོ་ལ་ནན་བཤད་དང་གཙིགས་ཆེན་པོ་བྱེད་པའི་སྲོལ་རྒྱུན་ཁག་གི་ནང་། དེ་དག་ལ་ཐུན་མོང་གིས་མཉམ་སྤྱོད་བྱེད་ཆོག་པའི་སྔོན་འགྲོ་ཞིག་ཡོད། དེ་ནི་བློ་ཆོས་སུ་འགྲོ་བའི་བློ་ལྡོག་རྣམ་བཞི་དེ་རེད། འདིས་ལམ་རིམ་གྱི་རྒྱུ་ཆའི་ནང་དུ་གང་གསུངས་པ་ཁག་གཞི་རྐང་གཅིག་པ་ཁྱབ་ནས་ཡོད། དེའི་རྗེས་ལ་གཞི་ནས་ཐུན་མོང་མ་ཡིན་པའམ། ཡང་ན་མཉམ་སྤྱོད་མ་བྱས་པའི་སྔོན་འགྲོ་ཁག་སླེབས་ཀྱི་ཡོད། དེ་དག་ནི་ཕྱག་འཚལ་བ་ལ་སོགས་པ་རེད། ཐུན་མོང་གི་སྔོན་འགྲོ་འདི་དག་ (གཞི་རྩའི་ལམ་རིམ་གྱི་བསླབ་བྱ་ཁག) ལས་མཆོང་རྒྱག་རྒྱག་པ་དང་། གལ་གནད་ཆེན་པོར་མི་བརྩི་བའམ། ཡང་ན་འདི་དག་གི་ནུས་ཤུགས་ཆུང་དུ་བཏང་ནས་ཐད་ཀར་ཕྱག་འཚལ་བ་ལ་སོགས་པ་བྱས་ན། རྒྱུན་དུ་ཕྱག་འཚལ་དང་། ཡིག་བརྒྱའི་སྔགས་བཟླས་བརྗོད་བྱེད་པ་སོགས་ལ་དངོས་ཡོད་དང་མི་མཐུན་པའི་བློའི་འཁྱེར་སོ་ཡོང་འཇུག་གི་ཡོད། དེ་ནས་དུས་ཚོད་ཏོག་ཙམ་གྱི་རྗེས་ལ་ཁྱེད་ཀྱིས་ “ངས་རྒྱུ་མཚན་གང་ལ་བརྟེན་ནས་དེ་འདྲ་བྱེད་ཀྱི་ཡོད། དེ་ལ་སྙིང་པོ་གང་ཡོད།” ཅེས་དྲི་བ་འདོན་ཡག་འགོ་བཙུག་གི་རེད། དེ་ལས་གལ་སྲིད་སྔོན་ནས་ཁྱེད་ལ་དགེ་བའི་ནུས་པའམ་བསོད་ནམས་ཀྱི་ཚོགས་གསོག་པ་དང་། མི་དགེ་བའི་ནུས་པ་སྤོང་བའི་ (མ་མཐར་ཡང་དེ་དག་ཉུང་དུ་གཏོང་བ་) གནད་འགག་གི་ཐོག་ལ་གོ་རྟོགས་རིམ་པ་ངེས་ཅན་དང་གསལ་པོ་ཡོང་ཐུབ་པ་བྱས་ཡོད་ན། ཁྱེད་ལ་ཆོས་ཀྱི་དམིགས་ཡུལ་དེ་དང་དེ་འདྲ་བ་ཞིག་འཐོབ་འདོད་ཡོད་པ་སོང་ཙང་། སྔོན་འགྲོ་ཉམས་ལེན་བྱེད་པ་དེའི་དོན་སྙིང་ཚང་བ་ཡིན།

འདིར་ཡོད་པའི་དཀའ་ངལ་དེ་ནི། སྔོན་འགྲོའི་ཉམས་ལེན་དེ་དུས་ལ་མ་བབས་གོང་ནས་བྱེད་པ་གཅིག་པུའི་སྐྱོན་མིན་པར། གསང་སྔགས་ཀྱི་ཉམས་ལེན་ནང་དུས་ལ་མ་བབས་གོང་ནས་འཛུལ་ཞུགས་བྱེད་པ་དེ་རེད། དེ་ལྟར་ཡང་སེ་ཡོང་དགོས་དོན་གང་ཡིན་ནམ་ཟེར་ན། དེ་ནི་ང་ཚོས་ཚུར་ཕེབས་པའི་ནང་པའི་བླ་མ་ཚོར་ང་རང་ཚོའི་ངོས་ནས་དེ་དག་ཉམས་ལེན་བྱེད་ཐུབ་པའི་གྲ་སྒྲིག་གང་ཡང་མེད་ཀྱང་། བཀའ་དབང་ཞུས་པ་ལ་བརྟེན་ནས་བྱུང་བ་ཡིན་སྲིད། ཡང་ན་བླ་མ་ཚོའི་རང་ནས་ཆོས་ཞུ་བ་མང་ཆེ་བ་གྲ་སྒྲིག་ཨང་བསར་མེད་ཀྱང་། དབང་གནང་བ་ཡང་ཡིན་སྲིད། བྱས་ཙང་། གསང་སྔགས་ཀྱི་སྐོར་ལ་ནན་བཤད་ཆེ་དྲགས་པའི་གོ་ནོར་དང་། མི་ཕལ་ཆེ་བར་དེའི་ཉམས་ལེན་ངོ་སྤྲོད་དང་ནན་བཤད་བྱེད་ཡག་སྔ་དྲགས་པའི་གོ་ནོར་ཐོག་ལ་འགན་འཁྲི་ཆ་ཚང་བ་དེ་ང་ཚོར་མེད། 

ང་ཚོས་བཀའ་དབང་ཞུ་དགོས་དོན་གང་ཡིན་ནམ། དེར་རྒྱུ་མཚན་མང་པོ་ཡོད་སྲིད། གཅིག་བྱས་ན། དེ་ཚད་མཐོ་པོ་ཞེ་དྲག་ཡིན་པའི་ཆ་ནས་ང་ཚོས་དེ་དངོས་གནས་འཐོབ་དགོས་བསམས་ཡོད་སྲིད། ཡང་ན་དེ་ཡ་མཚན་ཅན་ཞིག་འདུག་བསམ་པའམ། ཡང་ན་ཆོས་ཀྱི་བསྟི་གནས་ཁང་འཛིན་སྐྱོང་བྱེད་མཁན་ངོས་ནས་དེ་ལྟར་བྱས་ན་མི་མང་པོ་འགུག་ཐུབ་པ་དང་དེ་དང་མཉམ་དུ་དངུལ་མང་བ་བསྡུ་རུབ་བྱེད་ཐུབ། དེ་ལྟར་བྱས་ནས་ཁོང་ཚོའི་ངོས་ནས་གདན་འདྲེན་ཞུས་པའི་བླ་མར་རིན་པ་སྤྲོད་ཐུབ་པ་དང་དེ་བཞིན་བསྟི་གནས་ཁང་ལ་རྒྱབ་སྐྱོར་བྱེད་ཐུབ་པའི་བསམ་བློ་འཁོར་ཡོད་སྲིད། བྱས་ཙང་། དེ་ལ་དཔལ་འབྱོར་དང་འབྲེལ་བའི་རྒྱུ་མཚན་ཡོད་སྲིད་པས། དེ་ནི་ཧ་ཅང་ལམ་འགྲོ་མ་རྒྱུག་པའི་གནས་སྟངས་ཤིག་ཡོང་བསྡད་ཀྱི་ཡོད།  

དགེ་རྒན་ཚོའི་བསམ་བློ་གཏོང་སྟངས་ཀྱི་ངོས་ནས་སེམས་ལ་སྐུལ་སློང་དེ་འདྲ་སླེབས་ཡོད་སྲིད། “རེད། ཁོང་ཚོས་ཉམས་ལེན་དངོས་སུ་མ་བྱེད་ཀྱང་། དེས་ཁོང་ཚོའི་སྐྱེ་བ་ཕྱི་མའི་ཆེད་དུ་ས་བོན་ཞིག་འདེབས་ཐུབ།” ཅེས་བསམ་བློ་འཁོར་ཡོད་སྲིད། ཡིན་ནའང་ནུབ་ཕྱོགས་པ་མང་ཆེ་བས་སྐྱེ་བ་ཕྱི་མར་ཡིད་ཆེས་མེད་པས། བྱས་ཙང་། དེ་ནི་གོ་ནོར་ཐེབས་པ་ཞིག་རེད། ཡང་ན་དགེ་རྒན་ཚོའི་ངོས་ནས་ནུབ་ཕྱོགས་པ་ཚོས་གསང་སྔགས་ཉམས་ལེན་ནུས་ལྡན་ཡོང་བ་བྱེད་ཐུབ་པའི་རྒྱབ་ལྗོངས་ཤིག་མེད་པ་ཁོང་ཚོས་དངོས་སུ་ཤེས་ཀྱི་མེད། ཡང་ན་ཁོང་ཚོ་གནས་ཡུལ་གྱི་དགོན་པ་ཁག་དང་དེ་དག་ནང་ཡོད་པའི་དགེ་འདུན་པ་ཚོར་རྒྱབ་སྐྱོར་གྱི་ཆེད་དུ་དཔལ་འབྱོར་བསྡུ་རུབ་བྱེད་དགོས་པའི་གནོན་ཤུགས་ཡོད་པ་ལ་བརྟེན་ནས་བྱུང་ཡོད་སྲིད། 

ང་ཚོའི་ངོས་ནས་བླ་མ་དང་ཆོས་དགེར་ཡར་བཀའ་དབང་ཞུ་བའམ། ཡང་ན་བླ་མའམ་དགེ་རྒན་ཞིག་ནས་དབང་བསྐུར་དགོས་པའི་དགོངས་འཆར་འདོན་པའི་རྒྱུ་མཚན་མང་པོ་ཡོད་སྲིད། འོན་ཀྱང་དེ་ཐད་ལ་རྒྱུན་དུ་བསླབ་བྱ་བརྒྱབ་ཡག་དེ་ནི། ཆོས་ཀྱི་སློབ་ཁྲིད་ཆེད་དུ་ཕེབས་མཁན་གྱི་དགེ་རྒན་ལ་གཞི་རྩའི་ཆོས་ཀྱི་བསླབ་བྱ་ཁག་གི་སྐོར་ལ་སློབ་འཁྲིད་ཀྱི་རེ་སྐུལ་ཞུ་དགོས། གལ་སྲིད་ང་ཚོར་དེ་ལས་གནས་ཚད་མཐོ་བའི་ཆོས་འདོད་ན། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་སྐོར་ལ་སོགས་པའི་མདོ་ཕྱོགས་ཀྱི་ཆོས་ཁྲིད་གནང་རྒྱུའི་རེ་སྐུལ་ཞུ་དགོས།

གལ་སྲིད་ང་ཚོར་གསང་སྔགས་ཀྱི་དབང་ཞིག་ཐོབ་ཡག་སྔ་དྲགས་ཡོད་ན། ང་ཚོ་དེ་རང་ལ་འཁར་ནས་ཉམས་ལེན་དེ་མུ་མཐུད་དགོས་ཀྱི་རེད་བསམ་པའི་གོ་ནོར།

དོན་དངོས་ཐོག་མི་མང་པོ་ཞིག་ལ་ཁོང་ཚོར་ཉམས་ལེན་དེའི་ཐོག་གྲ་སྒྲིག་འདང་ངེས་མེད་ཀྱང་། སྔགས་ཀྱི་བཀའ་དབང་ཐོབ་ཀྱི་ཡོད། འོན་ཀྱང་འགའ་ཤས་ཀྱིས་ཉམས་ལེན་དེ་དོར་འདགོས་བསམས་ན། ཁོང་ཚོ་ནང་པ་སྡུག་ཅག་ཅིག་ཆགས་ནས་དམྱལ་བར་འགྲོ་སྲིད་བསམས་མཁན་ཡོད། བྱས་ཙང་། ཁོང་ཚོས་ཉམས་ལེན་དེ་མུ་མཐུད་ཀྱང་། ཉམས་ལེན་གང་བྱེད་ཀྱི་ཡོད་པ་དང་། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མི་ཤེས་པའི་ཐོག་བྱེད་ཀྱི་ཡོད། དེར་བརྟེན་མི་རིང་བར་ཁོང་ཚོས་རང་གི་ཉམས་ལེན་ལ་སྡང་བའི་བློ་སྐྱེད་ཡོང་གི་ཡོད། གདམ་ཀ་གཅིག་རང་ཡོད་པ་དེ་ཉམས་ལེན་དཀའ་སྡུག་ཅན་ནམ། ཡང་ན་དམྱལ་བའི་ནང་དུ་དཀའ་སྡུག་མྱོང་རྒྱུ་ལས་མེད་པ་རེད་བསམ་ན། དེ་ནི་ནོར་འཁྲུལ་ཞིག་རེད། 

མཚན་ཞབས་སེར་ཀོང་རིན་པོ་ཆེས། མི་དེ་འདྲའི་རིགས་ལ་ཕན་ཐོགས་ཡོད་པའི་བསླབ་བྱ་ཞིག་བསྐྱོན་གནང་ཡོད། ཁོང་གིས། གནས་ཚུལ་དེ་འདྲའི་རིགས་ནང་། རང་གིས་བཀའ་དབང་དེ་འདྲ་ལེན་པ་བརྒྱུད་ནས་མ་འོངས་པའི་སེམས་ཀྱི་རྒྱུན་གྱི་སྟེང་ལ་རང་གིས་ས་བོན་ཞིག་འདེབས་ཡོད་སྙམ་པའི་བློ་དགོས་པ་གདམས་ཡོད། གལ་སྲིད་རང་གིས་རང་ལ་དྲང་པོ་དྲང་གཞག་ཐོག་བརྟག་དཔྱད་ཡག་པོ་བྱས་པའི་རྗེས་ལ། རང་ཉིད་ད་དུང་ཡང་ཉམས་ལེན་དེ་དག་བྱེད་པར་གྲ་སྒྲིག་མེད་པ་ཤེས་ན། ཁྱེད་ཀྱིས་རང་གི་བསམ་བློའི་ནང་ཉམས་ལེན་དེ་དག་རང་གི་སེམས་ནང་ཚད་མཐོ་བའི་བང་ཁྲིའི་སྟེང་དུ་འཇོག་དགོས། དེ་ལྟར་བྱེད་པའི་སྐབས་ལ་གུས་ཞབས་ཡོངས་སུ་ལྡན་པ་དང་ཀུན་སློང་རྣམ་དག་གི་སྒོ་ནས་ཕྱིས་སུ་ཁྱེད་ལ་གྲ་སྒྲིག་ཨང་བསར་ཡོད་ན། སླར་ཡང་དེ་དག་བང་ཁྲིའི་སྟེང་ནས་མར་བླངས་སྟེ་ཉམས་ལེན་མུ་མཐུད་བྱེད་བསམ་པ་ཞིག་དགོས།

སྐྱེ་ལྡན་རིག་པ་དང་ལྷག་པར་དུ་འཁྲིག་སྦྱོར་གྱི་སྐུལ་ཤུགས་ལས་ཐར་མི་དགོས་པར་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་བསམ་པའི་གོ་ནོར།

ང་ཚོས་སྐྱེ་ལྡན་རིག་པ་དང་ལྷག་པར་དུ་ང་ཚོའི་འཁྲིག་སྦྱོར་གྱི་སྐུལ་ཤུགས་ལས་ཐར་མི་དགོས་པར་ཐར་པའམ། ཡང་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་བསམ་ན། དེ་ནི་གོ་ནོར་ཐེབས་པ་ཞིག་རེད། འདི་ནི་དམིགས་བསལ་གྱི་གནད་དོན་དཀའ་ལས་ཁག་པོ་ཞིག་རེད། ཚད་མཐོ་བའི་གསང་སྔགས་ཀྱི་ཉམས་ལེན་རིམ་པ་ཁག་གི་ནང་འདོད་ཆགས་དང་འཁྲིག་སྦྱོར་གྱི་ནུས་པ་བཀོལ་སྤྱོད་བྱས་ནས་འདོད་ཆགས་དང་འཁྲིག་སྦྱོར་གྱི་ནུས་པ་མེད་པ་བཟོ་བ་དེ་འདྲ་ཡོང་སྲིད་ཀྱང་། དེ་ནི་ང་ཚོ་ཉམས་ལེན་ཧ་ཅང་ཚད་མཐོ་པོའི་སྒང་ལ་ཡོད་པ་དང་ང་ཚོའི་ཤིན་ཏུ་ཕྲ་བའི་རྩ་རླུང་གི་ནུས་པའི་འགྲོས་ཡོངས་སུ་སྟངས་འཛིན་བྱེད་ཐུབ་པའི་སྐབས་ལ་རེད། གསང་སྔགས་ནི་ཐུན་མོང་མ་ཡིན་པའི་འཁྲིག་སྦྱོར་གྱི་ཐབས་ལམ་ཞིག་ཡིན་པ་ངོས་འཛིན་བྱས་ན། དེ་ནི་ནོར་འཁྲུལ་ཧ་ཅང་ཚབས་ཆེན་ཞིག་རེད། ང་ཚོའི་དམིགས་ཡུལ་ནི་ཐར་པ་ཐོབ་རྒྱུ་དེ་རེད། ཐར་པའི་གོ་དོན་ནི། འདི་འདྲའི་འཁོར་བའི་ལུས་དང་དེའི་སྐྱེ་ལྡན་གྱི་སྐུལ་འདེད་ལ་སོགས་པ་ལས་ཐར་བ་ལ་གོ་དགོས། ང་ཚོས་དམིགས་འདོད་བྱེད་ས་ནི་ཐར་པ་ཐོབ་ཐུབ་པའམ། ཡང་ན་སངས་རྒྱས་པའི་གང་ཟག་གི་གཟུགས་སྐུ་དེ་འདྲ་ཐོབ་པའི་ཆེད་དུ་རེད། དེ་འདྲ་གཟུགས་སྐུ་ནི་འོད་ཀྱི་རང་བཞིན་ལས་གྲུབ་པ་དང་སྐྱེ་ལྡན་གྱི་ཚད་བཀག་འདི་ཚོ་དང་བྲལ་ཡོད། ཡིན་ནའང་། རྒྱུན་དུ་ང་ཚོས་རང་གི་ནང་ཆོས་ཀྱི་ཉམས་ལེན་ནང་དུ་གོང་སྒྲིག་གི་ཡོད། ང་ཚོས་ལུས་ཀྱི་བདེ་བ་སྣ་ཚོགས་བློས་གཏོང་མི་དགོས་པར། ཐར་པ་དང་སངས་རྒྱས་གོ་འཕང་རིན་གོང་ཁེ་པོའི་ཐོག་ཐོབ་འདོད་ཀྱི་རེ་བ་བྱེད་ཀྱི་ཡོད། འདི་ནི་གོ་ནོར་ཚབས་ཆེན་ཞིག་རེད།

སྔགས་ཀྱི་ཉམས་ལེན་ནང་ནས་ཆ་ཤས་གལ་ཤོས་ནི། ཞིབ་ཕྲའི་གནད་དོན་ཐམས་ཅད་ལ་ཡང་དག་པའི་སྒོ་ནས་དམིགས་རྣམ་བསྟེན་རྒྱུ་དེ་རེད་བསམ་པའི་གོ་ནོར།

ཡང་གསང་སྔགས་ཀྱི་ཁོངས་སུ་གཏོགས་ཡོད་པ་དང་ཉམས་ལེན་གང་འདྲ་བྱེད་དགོས་པའི་ཐོག་ལ་ལམ་སྟོན་དགོས་དུས། ཉམས་ལེན་དེའི་ནང་དུ་ནན་བཤད་གཙོ་བོ་ནི་དམིགས་རྣམ་བསྟེན་རྒྱུ་དེ་རེད་བསམས་ནས་དེ་ལྟར་ཞིབ་ཕྲའི་གནད་དོན་ཐམས་ཅད་རག་ཡག་ལ་སེམས་ཁྲལ་ཆེན་པོ་བྱས་ན། དེ་ཡང་གོ་ནོར་ཐེབས་ཡོད་པ་རེད། ཕྲན་གྱི་དགེ་བའི་བཤེས་གཉེན་སེར་ཀོང་རིན་པོ་ཆེས་ནུབ་ཕྱོགས་པའི་གོ་བ་ནོར་བ་དེ་ལ་དཔེ་མཚོན་འདི་འདྲ་ཞིག་བཞག་གནང་གི་ཡོད། “མི་ཚོས་ངའི་སར་ཡོང་ནས་རྡོ་རྗེ་འཇིགས་བྱེད་དང་། ཡང་ན་རྡོ་རྗེ་རྣལ་འབྱོར་མར་ལྟེ་བ་ཡོད་དམ། ཞེས་སྐད་ཆ་དྲིས་མཁན་འདུག། །དེ་ནི་ཆོ་མེད་པ་རང་རེད། ཁོང་ཚོས་ཉམས་ལེན་དེ་དག་གི་གནད་འགག་དེ་ཚོ་བརླག་འཇུག་གི་ཡོད།” ཅེས་གསུངས་གནང་གི་རེད།

སྔགས་ཀྱི་དམིགས་རྣམ་གི་ཉམས་ལེན་བརྒྱུད་ནས་ཁྱེད་ཀྱི་དམིགས་པ་གཅིག་གཏད་ཐུབ་པར་འདོད་ན། ཁྱེད་ལ་ཞིབ་ཕྲའི་གནད་ཆ་ཚང་ངེས་པར་དུ་དགོས། འོན་ཀྱང་ཐོག་མར་འགོ་བཙུགས་པའི་སྐབས་སུ། དེ་ནི་ཁྱེད་ཀྱི་དམིགས་པ་གཏད་སའམ། ཡང་ན་ཤུགས་སྣོན་རྒྱག་ས་དེ་མ་རེད། ཁྱེད་ཀྱིས་ཤུགས་སྣོན་རྒྱག་དགོས་ས་དེ་ནི། རྗེ་ཙོང་ཁ་པ་ཆེན་པོས་གསུངས་པའི་ “ལམ་གཙོ་རྣམ་གསུམ་” ལ་གཞི་རྩ་བཞག་པའི་ཐོག་ནས་གོ་རྟོགས་ཡོང་བ་དང་། དེ་དག་སྔགས་ཀྱི་ཉམས་ལེན་ནང་དུ་རང་ཉིད་སངས་རྒྱས་ཀྱི་ངོ་བོར་དམིགས་རྣམ་དུ་བྱེད་པ། དཔེར་ན། འཕགས་པ་སྤྱན་རས་གཟིགས་དང། ཡང་ན་རྗེ་བཙུན་སྒྲོལ་མའི་སྐུར་དམིགས་རྣམ་བྱེད་པ་དང་འབྲེལ་བ་ཇི་ལྟར་ཡོད་པའི་ཐོག་ལ་དམིགས་པ་གཏད་དགོས་ཀྱི་ཡོད། ལམ་གཙོ་རྣམ་གསུམ་ནི།

  • ངེས་འབྱུང་། - དེ་ནི་སྡུག་བསྔལ་ལས་ཐར་འདོད་ཀྱི་འདུན་ཤུགས་དྲག་པོ་དེ་རེད། ང་ཚོའི་ཀུན་རྫོབ་ཕལ་པའི་སྣང་ཚུལ་དང་། ང་ཚོ་ཚུད་པའི་ཆོས་ཐམས་ཅད་བདེན་པ་དང་རང་བཞིན་གྱིས་གྲུབ་པ་ཡིན་པའི་ཡིད་ཆེས་ལ་ཆགས་ཞེན་སྤོང་རྒྱུ་དེ་ཡིན།  
  • བྱང་ཆུབ་ཀྱི་སེམས། - ང་ཚོས་སངས་རྒྱས་གོ་འཕང་ཐོབ་པའི་ཆེད་དུ་དམིགས་ཀྱི་ཡོད། སངས་རྒྱས་ཀྱི་སྐུ་དེ་དག་ནི། ང་ཚོས་འཐོབ་འདོད་ཀྱི་དམིགས་པ་བྱས་པའི་རང་ཉིད་ཀྱི་མ་འོངས་པའི་སངས་རྒྱས་ཀྱི་གོ་འཕང་དེ་མཚོན་གྱི་ཡོད། བྱས་ཙང་། དེ་གང་མགྱོགས་ཐོབ་ཐུབ་པའི་ཆེད་དུ། ང་ཚོས་རང་ཉིད་མཐར་ཐུག་གི་དམིགས་ཡུལ་ལ་ད་ལྟ་སླེབས་ཡོད་པའི་དམིགས་རྣམ་བྱེད་ཀྱི་ཡོད། བྱང་ཆུབ་ཀྱི་སེམས་མེད་ན། ཁྱེད་ཀྱིས་རང་ཉིད་འདི་འདྲའི་རྣམ་པ་རང་གི་སེམས་ལ་སྣང་བར་བྱས་ཏེ་གཞན་ཕན་གྱི་ཆེད་དུ་ཕན་བདེའི་བྱ་བ་སྒྲུབ་བཞིན་ཡོད་པའི་བསམ་བློ་དེ་འཁོར་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ང་ཚོས་གཞན་ཕན་གྱི་ཆེད་དུ་དེ་ལྟར་སངས་རྒྱས་ཀྱི་གོ་འཕང་འདོད་ཀྱི་ཡོད།
  • ཡང་དག་པའི་ལྟ་བ། (སྟོང་ཉིད་) - ང་ཚོས་ད་ལྟ་ཡོད་པ་ནང་བཞིན་དངོས་སུ་བཙལ་ན་མེད་པ་ཤེས་ཀྱི་ཡོད། འོན་ཀྱང་སྐུ་འདྲ་འདི་དག་གིས་གང་མཚོན་ཐུབ་པ་བཞིན་ང་ཚོར་སངས་རྒྱས་ཐུབ་པའི་ནུས་པ་ཡོད། ཡིན་ནའང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ང་ཚོས་འབད་བརྩོན་ངེས་པར་དུ་བྱེད་དགོས་པ་དེ་ཡང་ཤེས་དགོས། ཕྱོགས་གཞན་ཞིག་ནས་ང་ཚོས་སྟོང་ཉིད་དང་། ལས་འབྲས་ཀྱི་བྱེད་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་གསུམ་པོ་མཉམ་དུ་འགྲོ་གི་ཡོད་པ་ཤེས་དགོས། ང་ཚོས་རང་གིས་རང་ལ་མགོ་སྐོར་བཏང་ནས་སོ་སོ་རྗེ་བཙུན་སྒྲོལ་མ་དང་། ཡང་ན་གནའ་སྔ་མོའི་ཨི་ཇཱིབ་ཀྱི་བཙུན་མོ་ཁི་ལིའོ་པེ་ཊྲ་ (Cleopatra) ཡིན་པ་འདྲ་པོ་བྱེད་ཀྱི་མེད།

དེ་འདྲ་ཡིན་པ་སོང་ཙང་། གལ་སྲིད་ང་ཚོས་གསང་སྔགས་ཀྱི་ཆོས་ཞུ་དགོས་བྱུང་ན། དེ་དག་གི་གནས་རིམ་གྱི་ཚད་ལ་སྙོབ་ཐུབ་པ་དགོས། ང་ཚོས་ནན་བཤད་བྱེད་དགོས་པ་ནི། གསང་སྔགས་ཀྱི་ཉམས་ལེན་དེ་དག་གི་དགོས་པ་རྒྱུ་མཚན་གང་ཡིན་པ་དང་། ང་ཚོས་དེ་ཉམས་ལེན་བྱས་ནས་མཐུར་ཐུག་དམིགས་ཡུལ་གང་སྒྲུབ་ཐབས་བྱེད་ཀྱི་ཡོད་དམ། རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོར་སྔོན་ཚུད་ནས་གྲ་སྒྲིག་ཆ་ཚང་དགོས་པ་ལས། དམིགས་རྣམ་གྱི་ཞིབ་ཕྲའི་གནད་དོན་ཚང་མའི་ཐོག་ལ་སེམས་ཁྲལ་བྱེད་ཡག་དེ་གཙོ་བོ་མ་རེད། དཔེར་ན། རྒྱན་ཆའི་རིགས་གང་གྱོན་ཡོད་པ་ལྟ་བུ་ལམ་སྟོན་ཁག་གི་ནང་དུ་དེ་གང་འདྲ་ཡོད་པའི་སྐོར་གསུངས་ཡོད་ཀྱང་། དེའི་ཐད་ལ། ལྷག་པར་དུ་སྔོན་འགྲོ་སྐབས་ལ་ནན་བཤད་བྱེད་དགོས་ཀྱི་མེད།

ཕྱི་ལོ་ ༢༠༠༤ ལོར་༸གོང་ས་མཆོག་གིས་ཁེ་ན་ཊའི་གྲོང་ཁྱེར་ཊོ་རོན་ཊོར་ (Toronto) དུས་འཁོར་དབང་ཆེན་གྱི་བཀའ་དབང་གནང་སྐབས། དོ་སྣང་བྱེད་འོས་པ་ཞིག་ལ། ༸གོང་ས་མཆོག་གིས་སློབ་དཔོན་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྟོང་ཉིད་ཀྱི་གཞུང་དབུ་མ་རྩ་བ་ཤེས་རབ་ནང་གི་ “ཆོས་རྣམ་པར་འབྱེད་པའི་ཤེས་རབ་” ཀྱི་སྐོར་ཉིན་གསུམ་གྱི་རིང་སྔོན་འགྲོའི་བཀའ་ཆོས་གནང་ནས། དེའི་རྗེས་ལ་གཞི་ནས་ཁོང་གིས་དབང་གནང་སོང། སྐབས་དེ་དུས་མངོན་གསལ་དོད་པ་ཞིག་ནི། དེར་ཆོས་ཞུ་བ་མང་པོ་ཞིག་དབང་གི་ཆེད་དུ་སླེབས་པ་ལས་སྟོང་ཉིད་ཀྱི་སྐོར་ལ་ཉིན་གསུམ་གྱི་གསུང་ཆོས་ཀྱི་ཆེད་དུ་སླེབས་མེད་པ་གསལ་པོ་རེད། ༸གོང་ས་མཆོག་གིས་མགོན་པོ་ཀླུ་སྒྲུབ་ཀྱི་ཆོས་ཉན་པའི་ཆེད་དུ་བཅར་ནས་དབང་གི་ཆེད་དུ་སྡོད་མི་ཐུབ་མཁན་ཚོར་མངོན་བསྟོད་གནང་བ་ལས། དེ་ལས་ལྡོག་ཏེ། སྔོན་འགྲོའི་ཆོས་ལ་མི་བཅར་བར་དབང་ཁོ་ནའི་ཆེད་དུ་སླེབས་མཁན་ཚོར་དེ་ལྟར་གནང་མེད། དེའི་ཐོག་ནས་ང་ཚོས་མང་པོ་ཞིག་ཧ་གོ་ཐུབ།

ཡི་དམ་གྱི་ལྷ་རྣམས་ང་ཚོར་བྱིན་རླབས་ཐོབ་ཆེད་སྨོན་ལམ་འདེབས་ཡུལ་གྱི་སྐྱེས་བུ་དམ་པ་ལྟ་བུ་རེད་བསམ་པའི་གོ་ནོར།

ད་དུང་གསང་སྔགས་ཀྱི་སྐོར་ལ་གོ་ནོར་ཐེབས་པ་གཞན་ཞིག་ནི། ཡི་དམ་གྱི་ལྷ་རྣམས་ང་ཚོས་མགོན་སྐྱབས་ཀྱི་ཆེད་དུ་སྨོན་ལམ་འདེབས་སའི་སྐྱེས་བུ་དམ་པའི་རིགས། དཔེར་ན། རྗེ་བཙུན་སྒྲོལ་མ་དང་འཕགས་པ་སྤྱན་རས་གཟིགས་ལ་སོགས་རེད་བསམས་ནས་དེ་དག་ལ་ཕྱག་མཆོད་བྱས་པ་དེ་རེད། འདི་འདྲའི་གོ་ནོར་ཐེབས་པ་ནི་ནུབ་ཕྱོགས་པའི་ནང་དུ་ཡོད་པ་ཙམ་མ་ཡིན་པར། སྲོལ་རྒྱུན་གྱི་ནང་པ་མང་པོས་ཡེ་ཤུའི་སྐྱེས་བུ་དམ་པ་ཕྱག་མཆོད་བྱས་པའི་མཚུངས་དཔེ་དང་འདྲ་བ་མ་ཡིན་ནའང་། དེ་འདྲ་བསམ་བློ་གཏོང་གི་ཡོད། ཡི་དམ་དེ་དག་གིས་སངས་རྒྱས་དང་བརྒྱུད་འཛིན་བླ་མ་རྣམས་དང་འདྲ་བར་ང་ཚོར་སེམས་སྐུལ་གནང་ཐུབ་ཀྱང་། ང་ཚོའི་ངོས་ནས་འབད་བརྩོན་བྱས་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་བྱེད་དགོས་ཀྱི་ཡོད།

གོ་ནོར་ཐེབས་པ་འདི་འདྲ་འགའ་ཤས་ནི། ང་ཚོས་བླ་མ་དང་ཡི་དམ་འདྲ་མིན་ལ་རེ་སྐུལ་ཞུ་སྐབས། རེ་སྐུལ་གསོལ་འདེབས་ཁག་ཡིག་སྒྱུར་ཡག་པོ་བྱས་མེད་པའི་ཐོག་ནས་ཡོང་གི་ཡོད། ཐོག་མ་དེར་ “གསོལ་འདེབས་” ཟེར་བའི་ཐ་སྙད་དེའི་གོ་བ་ལ་དཀོན་མཆོག་ལ་སྨོན་ལམ་འདེབས་པ་འདྲ་པོ་ཡོད། དཔེར་ན་ “དཀོན་མཆོག་གི་མཁྱེན། བདག་གིས་སྨོན་འདེབས་བྱས་པ་རྣམས་གྲུབ་པར་ཤོག” ལྟ་བུ། ཡང་ན་དེས་སྐྱེས་བུ་དམ་པ་ཞིག་ལ་སྨོན་ལམ་འདེབས་ནས་དཀོན་མཆོག་དང་སོ་སོའི་བར་ལ་བར་མི་ཞིག་ཡོང་བར་བྱས་ནས། དཀོན་མཆོག་གིས་རང་ལ་འདོད་པ་ནང་བཞིན་གཅིག་གནང་ཡོང་བསམ་པའི་གོ་བ་ཡོད། དེ་ནི་ཡེ་ཤུ་ཆོས་ལུགས་ནས་བྱུང་བ་ལ་ཁ་གསབ་བྱས་པ་ཙམ་ཞིག་ལས། འོས་ཤིང་འཚམས་པ་ཞིག་མ་རེད།

“གསོལ་འདེབས་” ཟེར་བ་དེ་ཚོའི་ནང་ང་ཚོས་གང་རེ་སྐུལ་ཞུས་པ་དེ་ནི་བོད་སྐད་ནང་བྱིན་གྱིས་རླབས་ཟེར་བ་དེ་ཡིན་པ་དང་། རྒྱུན་དུ་དབྱིན་སྐད་ནང་ “blessings” ཞེས་བསྒྱུར་ཡོད། ཡིག་སྒྱུར་བྱས་པའི་ནང་དུ་ང་ཚོས་ “ངས་འདི་བྱེད་ཐུབ་པའི་བྱིན་གྱིས་རློབས། ངས་དེ་བྱེད་ཐུབ་པའི་བྱིན་གྱིས་རློབས།” ཤེས་འཁོད་ཡོད། དེ་ནི་རེ་སྐུལ་ཞུས་པ་དང་། ཡི་དམ་དེ་དག་ཚང་མ་ཕེབས་ནས་ང་ཚོར་བྱིན་གྱིས་བརླབས་ཏེ། གློ་བུར་དུ་ང་ཚོས་རྟོགས་པ་རྙེད་ཐུབ་པ་ཡོང་གི་ཡོད་པ་འདྲ་པོ་བྱེད་ཀྱི་ཡོད། འདི་ནི་ནང་ཆོས་མ་རེད།

བྱིན་གྱིས་རླབས་ཞེས་པའི་ཐ་སྙད་ “blessings” ཞེས་ཡིག་སྒྱུར་བྱས་ན། འདིའི་མཚན་ཉིད་དངོས་དང་མི་མཐུན་པ་དང་། གོ་བ་ཡོངས་སུ་མི་འདྲ་བ་ཞིག་དང་གོ་ལོག་ཐེབས་ཀྱི་ཡོད། བོད་ཀྱི་ཐ་སྙད་དེའི་སྒྲ་བཤད་ལ་མཐོ་རུའམ་ཡར་རྒྱས་གཏོང་བ་དང་གསལ་དུ་གཏོང་བར་གོ་དགོས། དེ་ཐོག་མར་ལེགས་སྦྱར་གྱི་ཐ་སྙད་ adhisthana ཟེར་བ་དེ་ཡིན་པ་དང་། དེའི་གོ་དོན་ནི་གང་ཟག་ཅིག་གམ་གང་རུང་ཞིག་གནས་མཐོ་སར་འཇོག་པའམ་མཐོ་རུ་གཏོང་བ་ལ་གོ་གི་ཡོད། ང་རང་སྒེར་གྱི་ངོས་ནས་དེ་ལ་ཨིན་སྐད་ནང་གི་ “inspire” ཞེས་པ་དེ་དགའ་འདེམས་བྱེད་ཀྱི་ཡོད། ང་ཚོས་སངས་རྒྱས་དང་། བླ་མ། ཡི་དམ་ཁག་ལ་རང་ཉིད་ལ་རྟོགས་པ་འདི་དང་དེ་རྙེད་ཐུབ་པའི་ཆེད་དུ་ང་ཚོར་སེམས་སྐུལ་ཐེབས་པ་ཞིག་གནང་རོགས་ཤེས་རེ་སྐུལ་ཞུ་གི་ཡོད། འོན་ཀྱང་དེ་དག་ལ་ང་ཚོའི་ངོས་ནས་མགོ་འབུལ་བྱས་ན། ཁོང་ཚོའི་ཕྱོགས་ནས་ནུས་པ་བཏོན་ཏེ་ང་ཚོའི་རེ་འདུན་བསྐངས་བ་དང་། ང་ཚོའི་ཆེད་དུ་བྱ་བ་ཐམས་ཅད་སྒྲུབ་པ་ལྟ་བུ་བྱེད་ཀྱི་མེད། དེ་སླར་ཡང་ནུབ་ཕྱོགས་པའི་བསམ་བློ་ཡང་ན་ལྟ་ཚུལ་ཁྱེར་ནས་ནང་ཆོས་ལ་ཁ་གསབ་བྱས་པ་ཞིག་རེད། གནད་འགག་གཙོ་བོ་ནི་སོ་སོ་རང་གི་ངོས་ནས་འབད་བརྩོན་དང་དཀའ་ལས་རྒྱག་ནས་བསྒྲུབ་དགོས་རྒྱུ་དེ་རེད། སངས་རྒྱས་དང་བླ་མ་ཚོས་ང་ཚོར་སེམས་སྐུལ་གནང་ཐུབ་པ་དང་། ང་ཚོར་ཆོས་ཁྲིད་དང་སློབ་སྟོན་གནང་ཐུབ་ཀྱང་། ཁོང་ཚོས་ང་ཚོའི་ཚབ་བྱས་ནས་ལས་ཀ་བྱེད་མི་ཐུབ། སོ་སོའི་ངོས་ནས་ངེས་པར་དུ་མགོ་ཚོད་པར་བྱེད་དགོས།

ཆོས་སྐྱོང་སྲུང་མའི་སྐོར་ལ་གོ་ནོར་ཐེབས་པ་ཁག

དེ་ག་ནང་བཞིན། ཆོས་སྐྱོང་སྲུང་མ་གསོལ་མཆོད་ཀྱི་ཉམས་ལེན་ལ་ཚད་ལས་བརྒལ་བའི་གཙིགས་ཆེན་དང་ནན་བཤད་བྱས་ན། དེ་ཡང་གོ་ནོར་ཐེབས་པ་ཞིག་རེད། འདི་རྒྱུན་དུ་ཆོས་ཀྱི་ལྟེ་གནས་ཁང་ངམ་ཆོས་ཚོགས་ཁག་ལ་བདུན་ཕྲག་རེ་རེའམ། ཡང་ན་ཟླ་བ་རེ་ལ་ཚང་མ་མཉམ་ཚོགས་ཀྱིས་ཆོ་སྐྱོང་སྲུང་མར་གསོལ་མཆོད་ཀྱི་ཉམས་ལེན་བྱེད་ཀྱི་ཡོད། ཐ་ན་སློབ་མ་གསར་པ་སླེབས་མཁན་ཚོའི་ངོས་ནས་དེའི་སྐོར་གང་ཡང་མི་ཤེས་ཀྱང་མཉམ་དུ་ཁ་འདོན་བྱེད་པ་དང་མཉམ་ཞུགས་བྱེད་དུ་འཇུག་གི་ཡོད། དེའི་ནང་ཚུད་པའི་མི་ཚོས་བསམ་བློར་སྲུང་མ་དེས་ཁོང་ཚོའི་བར་ཆད་དང་ཉེན་ཁ་ཐམས་ཅད་ལས་སྲུང་སྐྱོབ་ (སྲུང་སྐྱོབ་ཅེས་པའི་ཚིག་དེའི་གོ་བ་ལེན་སྟངས་ལྟར་) བྱེད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་སྐྱབས་འགྲོ་དང་ལས་འབྲས་ཀྱི་རྣམ་གཞག་གི་ཐོག་ནས་གནད་འགག་ཆེ་བ་གང་ཡིན་མི་ཤེས་པའམ། ཡང་ན་ང་ཚོས་རང་གིས་རང་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད་པ་དེ་རྩ་བ་ནས་ཤེས་ཀྱི་མེད།

སྐྱབས་གནས་ལ་མཚོན་ན། ངན་སོང་དུ་མི་སྐྱེ་བའི་ཆེད་དུ་སངས་རྒྱས་དང་། ཆོས། དགེ་འདུན་དཀོན་མཆོག་གསུམ་གྱིས་བསྟན་པའི་ཉེན་མེད་ཀྱི་ཁ་ཕྱོགས་སུ་འགྲོ་གི་ཡོད། འདི་ནི་ལམ་རིམ་ནང་གསུངས་པའི་སྐྱེས་བུ་ཆུང་ངུའམ་ཀུན་སློང་གི་རིམ་པ་ཐོག་མ་དེ་རེད། ངན་སོང་དུ་མི་འགྲོ་བའི་ཆེད་དུ་ང་ཚོས་སྲུང་མ་ཞིག་བསྟེན་གྱི་ཡོད་པ་མ་རེད། དེ་འདྲ་ཞིག་སངས་རྒྱས་ཀྱི་ཆོས་རྩ་བ་ནས་གསུངས་མེད། གསུངས་ཡོད་དམ། དེའི་ཆེད་དུ་ང་ཚོས་སངས་རྒྱས་དང་། ཆོས། དགེ་འདུན་དཀོན་མཆོག་གསུམ་སྐྱབས་སུ་འགྲོ་གི་ཡོད་ཀྱང། དེ་གསུམ་པོས་ང་ཚོ་དངོས་སུ་འཇིགས་པ་ལས་སྐྱོབ་པ་བཞིན་སྲུང་སྐྱོབ་བྱེད་ཀྱི་མེད། ཁོང་ཚོས་ང་ཚོའི་ངོས་ནས་གང་བྱེད་དགོས་པའི་ལམ་སྟོན་བྱས་ནས་ང་ཚོ་སྐྱེ་བ་ངན་པར་མི་ལྷུང་བ་བྱེད་པ་དང་། དེ་ནས་ང་ཚོའི་ངོས་ནས་གང་བྱེད་དགོས་པ་དེ་རང་ཉིད་ཀྱིས་བསྒྲུབ་དགོས་ཀྱི་ཡོད། ཁོང་ཚོས་མིག་དཔེ་བསྟན་ཡོད། ལས་འབྲས་ལ་ཆ་མཚོན་ན། ང་ཚོས་མི་དགེ་བའི་ལས་སྤངས་ནས་རང་གིས་རང་ངན་སོང་དུ་མི་ལྷུང་བའི་སྲུང་སྐྱོབ་བྱེད་དགོས།

ཉེན་མེད་ཀྱི་ཁ་ཕྱོགས་སངས་རྒྱས་དང་། ཆོས། དགེ་འདུན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཞེས་པའི་དོན་གང་ཡིན་ནམ། ཉེན་མེད་ཀྱི་ཁ་ཕྱོགས་བཟང་པོ་གཙོ་བོ་དེ་ནི་མཐར་ཐུག་དོན་དམ་གྱི་ཆོས་དཀོན་མཆོག་གིས་བསྟན་པའི་ལམ་དེ་རེད། དེ་ཡང་བདེན་པ་གསུམ་པ་དང་བཞི་པ་ལ་གོ་བ་ཡིན། འཕགས་པའི་བདེན་པ་གསུམ་པ་དེ་ནི་སྡུག་བསྔལ་གྱི་རྒྱུ་ཡོངས་འགོག་པའི་འགོག་བདེན་དང། དེ་བརྒྱུད་ནས་སྡུག་བསྔལ་གྱི་རྩ་བ་དངོས་སུ་གཅོད་ཐུབ། འཕགས་པའི་བདེན་པ་བཞི་པ་དེ་ནི་ལམ་གྱི་བདེན་པའམ་སྡུག་བསྔལ་དངོས་སུ་འགོག་པའི་སེམས་ཀྱི་ལམ་སྟེ། དེས་འགོག་པའི་བདེན་པ་ཞེས་སྟོང་ཉིད་ཀྱི་དོན་རྟོགས་པ་དང་དེ་ལས་བྱུང་བའི་གོ་རྟོགས་དངོས་དེར་འཁྲིད་པར་བྱེད་ཀྱི་ཡོད། འཕགས་པའི་བདེན་པ་དེ་གཉིས་ནི་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུན་ལ་ཡོངས་སུ་མངའ་ཞིང་། འཕགས་པའི་དགེ་འདུན་གྱི་ཐུགས་རྒྱུན་ལ་ཆ་ཤས་མངའ་བ་ཡིན། དེ་ནི་ང་ཚོས་འགྲོ་སའི་ཉེན་མེད་ཀྱི་ཁ་ཕྱོགས་དེ་རེད། ཁོང་ཚོ་འདྲ་པོ་ཆགས་རྒྱུ་དང་། ཁོང་ཚོས་གང་ཐོབ་པའི་གོ་འཕང་དེ་ཐོབ་ཐུབ་པ་བྱེད་རྒྱུ་དེ་རེད། གལ་སྲིད་ང་ཚོས་དེ་ལྟར་འབད་བརྩོན་བྱེད་པ་ཡིན་ན། རང་ཉིད་སྡུག་བསྔལ་ལས་སྐྱོབ་ཀྱི་ཡོད། ལེགས་སྦྱར་སྐད་ཀྱི་ནང་དྷརྨ་ཞེས་པའི་ཚིག་གི་བྱིངས་སམ་འབྱུང་ཁུངས་ནི་དྷྲ་ཞེས་པ་ལས་བྱུང་ཞིང། དེའི་དོན་ནི་འཛིན་པ་ལ་གོ་དགོས། བྱས་ཙང་། དྷརྨ་ནི་ང་ཚོས་སྡུག་བསྔལ་སྤོང་བའི་ཆེད་དུ་སྔོན་འགོག་གི་ཐབས་ལམ་ལག་བསྟར་བྱེད་པ་ལ་བརྟེན་ནས་སྡུག་བསྔལ་ལས་སྐྱོབ་པའམ་ངན་སོང་དུ་མི་ལྷུང་བར་འཛིན་པར་བྱེད་པ་དེ་ཡིན།

སྲུང་མ་རྣམས་ཀྱིས་ང་ཚོར་དེ་ལྟར་རོགས་མགོན་བྱེད་མི་ཐུབ། སྲུང་མ་ཞིག་ནི་ཉམས་ལེན་གཙོ་བོ་ཁག་གི་ཁ་སྣོན་འདྲ་པོ་རེད། དངོས་གནས་བྱས་ན། སྲུང་མ་ཁག་ལ་ལྟ་ཕྱོགས་མི་འདྲ་བ་མང་པོ་ཡོད། སེར་ཀོང་རིན་པོ་ཆེ་མཆོག་གིས་དེ་དག་འཇིགས་སུ་རུང་བའི་ཁྱི་ཆེན་པོ་འདྲ་པོ་ཡོད་པའི་དཔེ་བཞག་ནས་འགྲེལ་བརྗོད་གནང་གི་ཡོད། ཁོང་གིས། གལ་སྲིད་ཁྱེད་རང་ཡི་དམ་གྱི་ངོ་བོར་མཎྜཱལ་གྱི་ཕོ་བྲང་དབུས་སུ་ཡོད་པ་ཡིན་ན། དཔེར་ན། རྡོ་རྗེ་འཇིགས་བྱེད་སྐུ་དྲག་པོ་ཞིག་ལྟ་བུར་ཆ་བཞག་ན། ཁྱེད་ཀྱིས་རང་གི་མཎྜཱལ་ནང་སྤྱན་འདྲེན་ཞུས་པའི་སྲུང་མ་དེ་དག་སྟངས་འཛིན་བྱེད་ཐུབ་པ་དགོས་ལ། ཁྱེད་ཀྱི་དགོས་མཁོ་སྒྲུབ་ཆེད་བཀའ་གཏོང་ཐུབ་པ་དགོས། དཔེར་ན། ཁྱེད་ཀྱིས་རྒྱལ་སྒོའི་འགྲམ་ལ་ལངས་ནས་རྐུན་ཇག་རྣམས་ཕྱིར་འབུད་གཏོང་ཐུབ་ཀྱང་། ཁྱི་ཞིག་གིས་ལས་དེ་བྱེད་ཐུབ་པ་ཡིན་ན། ཁྱེད་ཀྱིས་རང་ངོས་ནས་དེ་ལྟར་བྱེད་དགོས་དོན་ཅི་ཡོད། འོན་ཀྱང་ཁྱེད་ངེས་པར་དུ་སྦྱིན་བདག་དེ་བྱེད་དགོས་པ་དང་རང་གིས་སྟངས་འཛིན་འོག་ལ་ཡོད་པ་ཞིག་དགོས། བྱས་ཙང་། ཁྱེད་ཀྱིས་སྲུང་མ་ཞིག་གིས་ང་ཚོར་རོགས་རམ་བྱེད་མཁན་ཡིན་པ་དང་། ཐེ་ཇུས་དང་རྐུན་ཇག་རྣམས་ཕར་རྗེས་འདེད་གཏོང་མཁན་ཡིན་པ་བསམ་བློ་གཏོང་དགོས། གཞི་རྩའི་ཐོག་ལ་ང་རང་ཚོ་དེ་དག་ཚང་མར་སྟངས་འཛིན་བྱེད་མཁན་ཞིག་ཡིན་དགོས་ཀྱི་རེད།

གལ་སྲིད་ང་ཚོས་སྲུང་མ་རྣམས་འགྲོ་བ་དངོས་ཡིན་པ་ངོས་འཛིན་བྱས་ཏེ། རྣམ་ཤེས་ཡང་ན་གང་ཡང་རུང་བ་འདྲ་པོ། བོད་པ་ཚོས་དེ་ལྟར་བྱེད་ཀྱི་ཡོད། ཁོང་ཚོའི་ངོས་ནས་ང་ཚོར་རོགས་རམ་བྱེད་ཐུབ་པའི་ཐབས་ལམ་གཅིག་པུ་དེ་ནི། ང་ཚོའི་ལས་ཀྱི་རྣམ་སྨིན་གྱི་ནུས་པ་རྣམས་སྨིན་ཐུབ་པའི་ཆེད་དུ་རྐྱེན་ཞིག་མཁོ་སྤྲོད་བྱེད་ཐུབ་པ་དེ་རེད། གལ་སྲིད་ཁྱེད་ཀྱིས་སྨིན་ཐུབ་པའི་ལས་ཀྱི་ནུས་པ་གང་ཡང་བསགས་མེད་ན། སྲུང་མ་ཚོས་གང་བྱེད་ཐུབ་པ་དེ་ཁྱེད་ལ་ཕན་ཐོགས་གང་ཡང་མེད། དེ་ནི་ང་ཚོས་སངས་རྒྱས་སྨན་ལྷའི་ཆོ་ག་དང་ཚེ་རིང་པོ་ཡོང་བའི་ཆོ་ག་གང་སྒྲུབ་ཀྱང་འགྲོ་སྟངས་གཅིག་པ་རེད། ཁོང་ཚོ་ནི་ང་ཚོའི་གནས་སྟངས་ལེགས་སུ་གཏོང་མཁན་གྱི་རྒྱུ་མིན་པར་། དེ་དག་ནི་ང་ཚོའི་ལས་ཀྱི་རྣམ་སྨིན་བཟང་པོ་རྣམས་འབྲས་བུ་སྨིན་པར་བྱེད་པའི་རྐྱེན་ཙམ་རེད། གནས་སྟངས་ཁ་ཤས་ཀྱི་ནང་སྲུང་མ་རྣམས་ཀྱི་བྱེད་ལས་དང་འགྲོ་སྟངས་ཏོག་ཙམ་མི་འདྲ་བ་ཞིག་ཡོད། ཁོང་ཚོའི་རོགས་རམ་ང་ཚོའི་ལས་ཀྱི་རྣམ་སྨིན་ངན་པ་སྨིན་པ་ཁག་གི་ནུས་པ་ཆུང་དུ་གཏོང་རྒྱུར་རྐྱེན་མཁོ་སྤྲོད་བྱས་ཏེ། དེ་ལྟར་མ་འོངས་པར་ང་ཚོར་ལས་དོན་ལམ་ལྷོང་ཡོང་རྒྱུར་འགོག་རྐྱེན་བར་ཆད་འཕྲད་སྲིད་པའི་རིགས་མེད་པ་བཟོ་གི་ཡོད། སྲུང་མའི་ཆོ་གའི་རིགས་ཀྱིས་བྱེད་ལས་འདྲ་མིན་བྱེད་ཐུབ་ཀྱི་ཡོད།

འོན་ཀྱང་འདིར་གོ་ནོར་ཐེབས་པའི་སྐྱོན་དེ་ནི། སྲུང་མ་བསྟེན་ཕྱོགས་ཀྱི་ཉམས་ལེན་ལ་ཚད་ལས་བརྒལ་བའི་གཙིགས་ཆེན་ནན་བཤད་བྱས་ཏེ། དེ་ང་ཚོའི་ཉམས་ལེན་གྱི་གཙོ་བོ་ཡིན་པར་ངོས་འཛིན་ནོར་བ་བྱེད་པ་ལས། སངས་རྒྱས་དང་། ཆོས། དགེ་འདུན་དཀོན་མཆོག་གསུམ་པོ་གཙོ་བོར་མ་བཞག་པ་དེ་རེད། དེ་ནས་སྲུང་མ་བསྟེན་ཕྱོགས་ཀྱི་ཉམས་ལེན་དེ་འབྱུང་པོ་ལ་གསོལ་མཆོད་ཀྱི་ཆེད་དུ་ཡིན་པ་འདྲ་པོ་ཆགས་པའི་ཉེན་ཁ་ཡོད། དེའི་ཐོག་ནས་དཀའ་ངལ་མང་པོ་ཞིག་ཡོང་སྲིད་པ་དང། བོད་མིའི་ནང་རྩོད་གཞི་ཅན་གྱི་ལྷ་སྲུང་བསྟེན་ཕྱོགས་ཀྱི་གནད་དོན་གྱི་དཔེ་མཚོན་ནས་ཤེས་ཐུབ་པ་ཞིག་རེད། བྱས་ཙང་། ང་ཚོས་དེའི་སྐོར་ལ་ངེས་པར་དུ་གཟབ་གཟབ་བྱེད་དགོས།

རང་གི་མཐོང་ཚུལ་ལ་ཆོས་ཀྱི་བསྟི་གནས་ཁང་ངམ་ཆོས་ཚོགས་ཁག་གིས་མང་ཚོགས་ཀྱི་སྲུང་མའི་གསོལ་མཆོད་མི་སུ་འདྲ་ཞིག་གིས་ཀྱང་ཡོང་ཆོག་པ་དང་། ལྷག་པར་དུ་སློབ་མ་གསར་བུ་ཚོ་ཡང་ཡོང་ཆོག་པ་ཞིག་ཉིན་ལྟར་དང་། བདུན་ཕྲག་རེ་རེ་བཞིན་ནམ། ཡང་ན་ཟླ་བ་རེ་ལ་བྱེད་དགོས་པ་དེ་བློ་གྲོས་དང་ལྡན་པ་ཞིག་མཐོང་གི་མེད། ལྷག་པར་དུ་དེ་འདྲའི་ལྷ་སྲུང་རྣམས་ཀྱི་ཆོ་གའི་དཔེ་ཆ་ཁག་རང་རང་སོ་སོའི་སྐད་ཡིག་ནང་ཡིག་སྒྱུར་བྱས་པ་ཁག་ཀློག་འདོན་བྱེད་ཀྱི་ཡོད་ན། དེ་དག་ནང་ཚིག་སྦྱོར་ལྗིད་པོ་ཡོད། དཔེར་ན་ “ངའི་དགྲ་བོ་རྣམས་ཐལ་བའི་རྡུལ་དུ་རློག་” ཟེར་བ་ལ་སོགས་པ་ལྟ་བུ་རེད། དེ་དག་ལས་སླ་པོའི་ཐོག་ནས་གོ་ནོར་ཐེབས་སྲིད་པ་ཞིག་རེད།

དབང་གི་སྐོར་ལ་གོ་ནོར་ཐེབས་པ་ཁག

དགེ་བའི་བཤེས་གཉེན་ནམ་ཉམས་ལེན་ལ་བརྟག་དཔྱད་མ་བྱས་སྔོན་དང་། ཉམས་ལེན་ལ་འཇུག་རྒྱུའི་འདུན་པ་མེད་པར་གསང་སྔགས་ཀྱི་དབང་ཞུ་བ།

གསང་སྔགས་ཀྱི་བཀའ་དབང་སྐོར་ལ་སྐད་ཆ་བཤད་ན། དབང་བསྐུར་མཁན་གྱི་བླ་མའམ་དགེ་བའི་བཤེས་གཉེན་དེ་དང་། ཡང་ན་ཉམས་ལེན་དེའི་སྐོར་ལ་སྔོན་ཚུད་ནས་བརྟག་དཔྱད་ཡག་པོ་མ་བྱས་གོང་ལ་དབང་ཞུས་ན། དེ་ནི་གོ་ནོར་ཐེབས་པ་རེད། ང་ཚོས་དེ་དག་ལ་བརྟག་དཔྱད་བྱས་པའི་དབང་དུ་བཏང་ན་ཡང་། དབང་ཞུས་པའི་རྗེས་སུ་སྔགས་ཀྱི་ལམ་ལུགས་དེ་ཉམས་ལེན་དུ་འཁྱོལ་ཐུབ་པ་བྱེད་པའི་ཀུན་སློང་དང་འདུན་པ་མེད་ན། དེ་ནི་ནོར་འཁྲུལ་ཡིན་པའམ། ཡང་ན་གོ་ནོར་ཐེབས་པ་ཞིག་རེད། གང་ལྟར་ཡང་། དབང་གི་དགོས་པ་ནི་ང་ཚོར་ཡོད་པའི་བདེ་བཞིན་གཤེགས་པའི་སྙིང་པོའི་ཆ་རྐྱེན་རྣམས་ལ་སྐུལ་སློང་དང་། ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་བཏང་སྟེ། དེ་ལྟར་གསང་སྔགས་ཀྱི་ལམ་ལུགས་ངེས་ཅན་ཞིག་ཉམས་ལེན་བྱེད་ཐུབ་པའི་ཆེད་དུ་རེད། དེ་ནི་དེའི་དགོས་པ་ཆ་ཚང་རེད། ང་ཚོའི་ “བདེ་བཞིན་གཤེགས་པའི་སྙིང་པོའི་ཆ་རྐྱེན་” ནི། རང་ཉིད་ལ་སངས་རྒྱས་གོ་འཕང་ཐོབ་ཐུབ་པ་བྱེད་པའི་ནུས་པ་ཁག་རེད། དེ་ཡང་དེ་དག་ཡོངས་སུ་འཕེལ་རྒྱས་བཏང་ཚར་བའི་རྗེས་སུ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་ཡོད། དབང་གནང་བའི་སྐབས་ཆོ་ག་དང་དམིགས་རྣམ་འདྲ་མིན་ཡོད་པ་དེས་ང་ཚོའི་རྒྱུད་ཀྱི་རྒྱུ་བདེ་གཤེགས་སྙིང་པོའི་ས་བོན་དེ་ནུས་པ་དང་ལྡན་པ་བཟོས་ནས། ས་བོན་དེ་ལས་མང་བ་འདེབས་ཀྱི་ཡོད། དེ་ལ་བརྟེན་ནས་ང་ཚོས་ཉམས་ལེན་ངེས་ཅན་ཞིག་ལག་ལེན་བྱེད་ཐུབ་ཀྱི་ཡོད། དོན་ངོ་མར་དེ་ནི་ཉམས་ལེན་དེ་འགོ་འཛུགས་བྱེད་པའི་དབང་ཞིག་རེད།

འདི་ལ་གོ་ནོར་ཐེབས་ན། ང་ཚོས་དབྱེ་འབྱེད་གང་ཡང་མི་བྱེད་པའི་ཐོག་བླ་མ་གང་རུང་གིས་བཀའ་དབང་གང་གནང་ཡང་ “བྱིན་རླབས་” ཟེར་བ་ཐོབ་པའི་ཆེད་དུའམ། ཡང་ན་རང་གི་ཚོ་ཁག་གི་གནོན་ཤུགས་ལ་བརྟེན་ནས་འགྲོ་གི་ཡོད། འོན་ཀྱང་བཀའ་དབང་ཞུ་ག་འགྲོ་རྒྱུ་དེ་ལས་ཀ་དངོས་གནས་དོ་གལ་ཅན་ཞིག་ཡིན། ང་ཚོའི་ངོས་ནས་དགེ་རྒན་ལ་བརྟག་དཔྱད་མཐིལ་ཕྱིན་པ་ཞིག་བྱས་ཏེ་ “ངས་དགེ་རྒན་འདི་རང་གི་གསང་སྔགས་བླ་མའམ་སློབ་དཔོན་ལ་དམིགས་བསལ་གྱི་འབྲེལ་ལམ་ཞིག་འཛུགས་དགོས་སམ།” ཞེས་དྲི་བ་དྲི་དགོས། མི་ཕལ་ཆེ་བས་དེའི་གོ་དོན་གང་ཡིན་པ་མི་ཤེས། ཡང་ “ངས་ཡི་དམ་གི་ཉམས་ལེན་བྱེ་བྲག་པ་འདིའི་ཚབ་ལ་ཉམས་ལེན་ཕ་གི་བྱེད་དགོས་སམ།” ཞེས་དང་། “ད་ལྟ་ནས་ངས་ནན་པོའི་ཐོག་དེའི་ཉིན་རེའི་ཉམས་ལེན་ ༼རྒྱུན་ཁྱེར་༽ བྱེད་འདོད་ཡོད་དམ། གལ་སྲིད་ད་ལྟ་ལམ་སེང་མ་བྱུང་ན། ངས་ཕྱིས་སུ་དེའི་ནང་ཡོངས་སུ་འཛུལ་ནས་ཉམས་ལེན་བྱེད་འདོད་ཡོད་དམ།” ཞེས་རང་གིས་རང་ལ་དྲི་བ་འདོན་དགོས།

བཤད་མི་དགོས་པ་ལྟར། ང་ཚོས་མི་རྒྱུད་དཔྱད་རིག་དུས་སྐབས་ཀྱི་བྱེད་སྒོ་ཞིག་ལ་བཅར་བ་ནང་བཞིན་དབང་ཞུ་ག་འགྲོ་ཆོག་གི་རེད། དཔེར་ན། མི་རྒྱུད་དཔྱད་རིག་པ་ཞིག་གིས་ཡ་མཚན་ཆེ་བའི་གདོད་མ་ནས་ཡུལ་དེ་རང་དུ་གནས་པའི་ས་སྐྱེས་རྡོ་སྐྱེས་པ་ཚོས་གསང་བའི་ཆོ་ག་འདོན་པའི་བྱེད་སྒོ་ལ་ལྟ་རུ་འགྲོ་བ་ལྟ་བུ་རེད། ༸གོང་ས་མཆོག་གིས་གསུངས་པ་བཞིན་གལ་སྲིད་ཁྱེད་ཀྱིས་བར་གནས་ཟུར་ཉན་པ་ཞིག་ཡིན་པའི་རྣམ་པའི་ཐོག་ནས་བཅར་ན། དེ་ལ་དཀའ་ངལ་གང་ཡང་མེད། འོན་ཀྱང་གང་ཡང་མགོ་མ་ཚོད་པར་རྨོངས་དད་ཀྱི་སྒོ་ནས་དབང་ཞུ་བར་འགྲོ་དགོས་པའི་རྒྱུ་མཚན་ལ་བསམ་བློ་མ་བཏང་ན། དབང་གི་ཐབས་ལམ་རྒྱུད་རིམ་ལ་གོ་ནོར་ཐེབས་པའི་ཉེན་ཁ་ཡོད།

གལ་སྲིད་ང་ཚོས་བཀའ་དབང་ལ་ “བྱིན་རླབས་” ཙམ་ཐོབ་པའི་ཆེད་དུ་བཅར་ན། ང་ཚོས་སྡོམ་པ་དང་ཁས་ལེན་དམ་བཅའ་རྣམས་བླངས་ཡོད་བསམ་པའི་གོ་ནོར།

གལ་སྲིད་ང་ཚོས་བཀའ་དབང་ཞིག་ལ་མི་མི་རྒྱུད་དཔྱད་རིག་གི་བྱེད་སྒོའི་དུས་སྐབས་ཞིག་ལ་བཅར་བའམ། ཡང་ན་བྱིན་རླབས་ཙམ་ཐོབ་པའི་ཆེད་དུ་བཅར་བ། ཡང་ན་ཚོ་ཁག་གི་གནོན་ཤུགས་ལ་བརྟེན་ནས་བཅར་ཏེ། བཀའ་དབང་གནང་སྐབས་དེར་ཡོད་པ་ཙམ་གྱིས་ང་ཚོར་སྡོམ་པ་དང་ཁ་ལེན་དམ་བཅའ་རྣམས་ཐོབ་ཡོད་བསམ་པ་ཡིན་ན། དེ་ཡང་གོ་ནོར་ཐེབས་པ་ཞིག་རེད། ཁྱེད་ཀྱིས་ཤེས་བཞིན་དུ་རང་ངོས་ནས་འདུན་པ་ཆེན་པོའི་དེ་དག་ལེན་ན། གཞི་ནས་ཁྱེད་ལ་སྡོམ་པ་ཐོབ་ཡོད། དེར་ཡོད་པ་ཙམ་གྱིས་ཁྱེད་ཀྱིས་སྡོམ་པ་བླངས་ཡོད་པའམ། ཡང་ན་ཁྱེད་ལ་བཀའ་དབང་ཐོབ་ཡོད་པ་མཚོན་གྱི་མེད། བོད་པ་ཚོས་རང་གི་ཁྱི་ཡང་དབང་གནང་སྐབས་མཉམ་དུ་འཁྲིད་ཀྱི་ཡོད། དེས་ཁྱི་ལ་ད་ལྟ་སྡོམ་པ་ཡོད་པ་དང་ཉམས་ལེན་གྱི་ཆེད་དུ་དབང་ཐོབ་ཡོད་པའི་དོན་སྟོན་གྱི་མེད། ཡིན་ནའང་། ང་ཚོས་ཁྱི་དེ་འདྲ་ནང་བཞིན་དབང་ལ་བཅར་འདོད་ཡོད་དམ། གནད་འགག་དེ་རེད། ཡང་ན། དེར་བཅར་ཏེ་བཟི་སྨན་ལོངས་སུ་སྤྱད་ནས་བཟི་བའི་ཚོར་སྣང་ཞིག་ཐོབ་པའི་ཆེད་དུ་དེར་བཅར་གྱི་ཡོད་དམ།

ང་ཚོས་སྡོམ་པ་ལ་དང་ལེན་བརྩི་སྲུང་བྱེད་མི་དགོས་པར། དབང་ཞུ་བ་དང་ཉམས་ལེན་བྱེད་ན་འགྲིག་བསམ་པའི་གོ་ནོར།

ཕྱོགས་གཞན་ཞིག་ལ། ང་ཚོས་སྡོམ་པ་ཞིག་བླངས་ནས་དེ་ལ་བརྩི་སྲུང་གང་ཡང་མེད་པར། དབང་ཞུ་བ་དང་ཉམས་ལེན་བྱེད་ན་འགྲིག་གི་ཡོད་བསམ་ན། དེ་ཡང་གོ་ནོར་ཐེབས་པ་ཞིག་རེད། དབང་ལ་ཚང་དགོས་པའི་ཁྱད་ཆོས་ནང་ནས་གལ་ཆེ་ཤོས་གཅིག་ནི་སྡོམ་པ་རེད། དེའི་སྐོར་གཞུང་མང་པོའི་ནང་ “སྡོམ་པ་མེད་པའི་དབང་ཞིག་མེད།” ཅེས་གསལ་པོ་འཁོད་ཡོད། རྫོགས་ཆེན་ཚུད་པའི་གསང་སྔགས་ཀྱི་རྒྱུད་སྡེ་ཚང་མའི་དབང་གི་ནང་ཉུང་མཐར་ཡང་བྱང་ཆུབ་སེམས་པའི་སྡོམ་པ་ཡོད། 

རྗེ་ཙོང་ཁ་པ་ཆེན་པོ་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྣམ་གཉིས་ནས་བྱང་སེམས་ཀྱི་སྡོམ་པ་ལེན་པ་ལ་སྤྱིར་བཏང་བཟང་སྤྱོད་ཀྱི་གཞི་རྩ་ཁ་ཤས་དགོས་པ་ནན་བཤད་གནང་ཡོད། དེར་བརྟེན། ང་ཚོ་སོ་སོ་ཐར་པ་དོན་དུ་གཉེར་བའི་ཆེད་དུ་ཁྱིམ་པ་ཚོའི་སྡོམ་པ་ཙམ་ཡིན་ནའང། སོ་ཐར་གྱི་སྡོམ་པའི་རིམ་ཁ་ཤས་ང་ཚོར་དགོས་ཀྱི་ཡོད། ང་ཚོས་སྲོག་གཅོད་དང་། མ་བྱིན་ལེན། མི་ཆོས་བླ་མའི་རྫུན། ལོག་གཡེམ། ཆང་རག་སོགས་འཐུང་བ་བཅས་སྡོམ་པ་ལྔ་པོ་དེ་དག་ཆ་ཚང་བསྲུང་དགོས་ཀྱི་མེད། ང་ཚོས་དེ་དག་ལྔ་ལས་གང་རུང་བསྲུང་ན་འགྲིག་གི་ཡོད། ཐ་ན་གཅིག་བསྲུང་ནའང་འགྲིག་གི་ཡོད། དེའི་སྟེང་དུ། གལ་སྲིད་ང་ཚོས་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཅས་རྒྱུད་སྡེ་གོང་མ་གཉིས་ཀྱི་དབང་ཞུ་གི་ཡོད་ན། ང་ཚོས་ངེས་པར་དུ་སྔགས་ཀྱི་སྡོམ་པ་ལེན་དགོས། དེ་ནི་མེད་དུ་མི་རུང་བ་ཞིག་རེད། ང་ཚོས་སྡོམ་པ་དེ་དག་ངེས་པར་དུ་ནན་པོ་དང་དོ་གལ་ཆེན་པོའི་ཐོག་ལེན་དགོས་ཤིང་། དེ་ལྟར་བླངས་ནས་བསྲུང་ཐུབ་དང་མི་ཐུབ་སྔོན་ཚུད་ནས་བརྟག་དཔྱད་ཡག་པོ་བྱེད་དགོས།

ང་ཚོར་ཁས་ལེན་དམ་བཅའི་ཉམས་ལེན་ཉུང་ཉུང་རག་ཐབས་སུ་དགེ་བའི་བཤེས་གཉེན་དང་མཉམ་དུ་གྲོས་འགྲིག་པ་བྱེད་ཆོག་བསམ་པའི་གོ་ནོར།

གལ་སྲིད་དབང་དང་མཉམ་དུ་ཁས་ལེན་དམ་བཅའི་ཉམས་ལེན་ཁག་ཡོད་ན། ཤར་ཕྱོགས་ཀྱི་ཁྲོམ་རྭ་ཞིག་གི་ནང་དུ་རིན་གོང་ཁེ་པོར་ཅ་དངོས་ཤིག་ཐོབ་ཐུབ་པའི་ཆེད་དུ་ཚོང་པ་མཉམ་དུ་རྩེག་རྩེག་དང་ཁ་རྩོད་རྒྱག་པ་ནང་བཞིན་ང་ཚོས་རང་གི་དགེ་བའི་བཤེས་གཉེན་དང་མཉམ་དུ་ཚོང་སྒྲིག་བྱས་ནས་ཁས་ལེན་དམ་བཅའ་ཉུང་དུ་གཏོང་ཐུབ་བསམ་ན། དེ་ནི་གོ་ནོར་ཐེབས་པ་རེད། སྐབས་རེ་ངས་ནུབ་ཕྱོགས་པ་ཚོས་དེ་ལྟར་བྱེད་པ་མཐོང་མྱོང་ཡོད། ༸གོང་ས་མཆོག་གིས་རྡ་རམ་ས་ལར་དབང་གནང་བའི་སྐབས། རྒྱུན་དུ་ཁས་ལེན་དམ་བཅའ་གང་བྱེད་དགོས་པ་ནི། རང་གི་མི་ཚེ་ལྷག་མ་ཚང་མའི་ནང་ཉིན་ལྟར་ཉམས་ལེན་བྱེད་དགོས་པ་དེ་ཡིན། ནུབ་ཕྱོགས་པ་ཚོས་བཀའ་དབང་ལ་འགྲོ་འདོད་ཡོད། འོན་ཀྱང་ཁོང་ཚོས་ “ང་ཚོའི་མི་ཚེ་བྲེལ་བ་ཚ་པོ་ཡོད། ང་ཚོས་དངོས་གནས་དེ་ལྟར་བྱེད་དགོས་སམ། ང་ཚོར་དུས་ཚོད་ཡོད་དུས་མཚམས་མཚམས་ཉམས་ལེན་བྱེད་ན་འགྲིག་གམ།” ཞེས་ཚོང་སྒྲིག་ཐབས་བྱེད་ཀྱི་ཡོད། བྱས་ཙང་། ཁོང་ཚོས་བཀའ་དབང་རིན་གོང་ཁེ་པོར་རག་ཐབས་བྱེད་ཀྱི་ཡོད། ཐ་ན་༸གོང་ས་མཆོག་གིས་ཁས་ལེན་དམ་བཅའ་རིམ་པ་ཁག་གང་དགོས་པ་གསུངས་གནང་ནའང་། ནུབ་ཕྱོགས་པ་མང་པོས་ཁས་ལེན་གང་ཉུང་ཉུང་དང་གོང་ཁེ་པོར་རག་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད།

ལྷག་པར་དུ་གལ་སྲིད་ང་ཚོས་སྔགས་ཀྱི་ཉམས་ལེན་སྐོར་གདམས་ངག་དང་གསུང་ཆོས་ཞུ་བར་འགྲོ་བ་ཡིན་ན། དེ་ལྟར་འགྲོ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ང་ཚོས་ཉམས་ལེན་དེ་བྱེད་འདོད་ཡོད་པ་རེད། ང་ཚོས་དེའི་ཐད་ལ་ནན་པོ་བྱེད་ཀྱི་ཡོད་པ་སྟོན་གྱི་ཡོད། དེ་མིན་གསུང་ཆོས་ཞུ་དགོས་པའི་རྒྱུན་མཚན་གང་ཡོད་དམ། གང་ཡིན་པ་ཤེས་འདོད་ཡོད་པ་ཙམ་གྱི་ཆེད་དུ་རེད་དམ། གནད་དོན་དེ་མ་རེད། གསུང་ཆོས་འདི་དག་ནི་རྩ་ཆེན་པོ་དང་བྱིན་རླབས་ཆེན་པོ་ཡིན་པ་དང་། ཁྱེད་ཀྱིས་དེ་དག་རང་ཉིད་ཀྱི་ངོས་ནས་དངོས་སུ་ཉམས་ལེན་བྱེད་འདོད་ཡོད་པ་དང་དེ་ལྟར་བྱེད་པའི་ཆེད་དུ་ཀུན་སློང་བཟང་པོ་ཡོད་དགོས་པའི་བཟོ་འདྲ་རེད། དེ་དེང་སང་གསང་སྔགས་ཉམས་ལེན་གྱི་སྐོར་ལ་དྲྭ་རྒྱ་ཐོག་ཏུ་ཡོད་པའི་ཆ་འཕྲིན་དང་དེབ་སོགས་ནས་ལས་སླ་པོའི་ཐོག་རག་ཆོག་ཆོག་ཡིན་དུས། གནད་དོན་འདི་བཤད་མི་དགོས་པར་ཁག་པོ་ཆགས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་༸གོང་ས་མཆོག་གིས། གང་ལྟར་ཡང་གསང་སྔགས་ཀྱི་སྐོར་གནས་ཚུལ་མང་པོ་ཞིག་ལས་སླ་པོའི་ཐོག་རག་ཐུབ་ཀྱི་ཡོད་པ་དང་། དེ་དག་གི་ནང་ནས་མང་པོ་ཞིག་ནི་གནས་ཚུལ་ནོར་བ་རེད། བྱས་ཙང་། ནོར་འཁྲུལ་མེད་པའི་གསང་སྔགས་ཀྱི་གནས་ཚུལ་རྣམས་དགོས་གལ་ཡོད་པ་གསུངས་གནང་ཡོད། 

༸གོང་ས་མཆོག་གིས་ཞལ་ཤོབ་དང་བཅས་ “གོ་རྟོགས་ནོར་འཁྲུལ་ཞིག་ལ་བརྟེན་ནས་དམྱལ་བར་འགྲོ་བ་ལས་གོ་རྟོགས་ཡང་དག་ལ་བརྟེན་ནས་འགྲོ་ན་ལེགས། གོ་རྟོགས་ཡང་དག་དང་ལྡན་ན། ཁྱེད་དམྱལ་ཁམས་ནས་མགྱོགས་པོ་ཐར་ཐུབ།” ཅེས་གསུང་གནང་གི་ཡོད། ཁོང་གིས་འདི་ལྟར་བཀའ་གནང་བ་དེ་དངོས་དོན་གྱི་ཐོག་ནས་གསུང་གི་ཡོད་དམ། ཡང་ན་ཞལ་ཤོབ་ཅིག་ཡིན་པ་ངས་མི་ཤེས། འོན་ཀྱང་བཀའ་སློབ་འདིས་ང་ཚོར་གང་ཞིག་ལ་བསམ་བློ་གཏོང་དགོས་པ་བཟོས་གནང་ཡོད། དེ་དག་སྐོར་ལ་དྲྭ་རྒྱའི་ཐོག་དང་དཔེ་དེབ་ཁག་གི་ནང་དུ་གནས་ཚུལ་ལས་སླ་པོ་ཡོད་པ་ལ་བརྟེན་ནས་ཉམས་ལེན་མི་བྱེད་པའི་ཁ་གཡར་བྱས་ན། དེ་ནོར་འཁྲུལ་རེད། གལ་སྲིད་ང་ཚོས་དབང་ཞུ་བ་དང་། དེའི་ཉམས་ལེན་གྱི་སྐོར་ལ་གསུང་ཆོས་ཞུ་ཡི་ཡོད་ན། ང་ཚོས་དོ་གལ་ཆེན་པོའི་སྒོ་ནས་དེ་དག་ཉམས་ལེན་བྱ་རྒྱུའི་ཁས་ལེན་དམ་བཅའ་བྱེད་དགོས།

ང་ཚོར་ཉིན་རེའི་ཉམས་ལེན་གྱི་ཁས་ལེན་དམ་བཅའ་ཞིག་ཡོད་པའི་སྐབས། ང་ཚོས་ཉིན་གཅིག་སྣང་མེད་དུ་བཏང་བའམ། ཡང་ན་ཉིན་རེའི་ཉམས་ལེན་གྱི་ཁས་ལེན་དམ་བཅའ་མང་པོ་ལེན་ན་འགྲིག་གི་རེད་བསམ་པའི་གོ་ནོར།

གལ་སྲིད་ང་ཚོས་དབང་ལེན་པའི་ཉིན་རེའི་ཁ་འདོན་ཉམས་ལེན་གྱི་ཁས་ལེན་དམ་བཅའ་གང་ཡོད་པ་དེ་ལ། ང་ཚོས་དོ་གལ་དང་གཙིགས་ཆེན་མི་བྱ་བར། གལ་སྲིད་སོ་སོའི་བྱེད་འདོད་མེད་ན། ཉིན་གཅིག་སྣང་མེད་བཞག་ན་འགྲིིག་བསམ་པ་དང་། “ངས་དེ་བྱེད་འདོད་ཡོད་པའི་སྐབས་སུ། གཞི་ནས་ངས་དེ་བྱེད་ཀྱི་ཡིན།” ཞེས་བསམ་ན་གོ་ནོར་ཐེབས་ཡོད། ཡང་དོན་ངོ་མར་ང་ཚོས་ལག་ལེན་རྒྱུན་འཁྱོལ་ཐུབ་མིན་ལ་སྔོན་ནས་བསམ་གཞིགས་མེད་པར། ཚེ་གང་གི་རིང་བསྲུང་དགོས་པའི་ཁས་ལེན་དམ་བཅའ་མང་པོ་ཞིག་ལེན་པ་ཡིན་ན། དེ་ཡང་ནོར་འཁྲུལ་རེད།
 
དེ་ནི་ལོ་རབས་བདུན་ཅུའི་ནང་རྒྱ་གར་ལ་བྱུང་བའི་ནོར་འཁྲུལ་ཡོངས་གྲགས་ཤིག་རེད། དེའི་སྐབས་ལ་བཀའ་དབང་ཆ་ཚང་དང་ཁས་ལེན་དམ་བཅའ་ཁག་གང་དགོས་པ་རྣམས་ལས་སླ་པོའི་ཐོག་གནང་ཡོད་པ་དང་ང་ཚོ་ནུབ་ཕྱོགས་པ་ཚོས་ལེན་ཡོད། ང་ཚོས་དབང་དང་ཁས་ལེན་དམ་བཅའ་འདི་དག་ང་ཚོས་རྟག་ཏུ་བསྲུང་ཐུབ་ཀྱི་རེད་བསམས་ནས་ལེན་ཡོད། ལོ་ཉི་ཤུ་དང་། སུམ་ཅུ། བཞི་ཅུ་ཕར་ཞོག །ལོ་བཅུའི་རྗེས་ནས་ཡར་གཅིག་བལྟས་ན། མི་ག་ཚོད་ཀྱིས་དམ་བཅའ་དེ་དག་སྲུངས་ཐུབ་ཡོད་པ་དང་མུ་མཐུད་ཐུབ་ཡོད་དམ། ཉུང་ཤས་མ་གཏོགས་མེད། ཐ་ན་ཁས་ལེན་དམ་བཅའ་དེ་དག་བླངས་པའི་རྗེས་ཀྱི་ཉིན་འགའ་ཤས་རྗེས་ལའང་མི་མང་པོ་ཞིག་གིས་ཉིན་རེའི་ཉམས་ལེན་དེ་དག་རྒྱུན་འཁྱོངས་བྱེད་རྒྱུར་ཁག་པོ་བྱུང་ཡོད་པ་རེད། ཁོང་ཚོས། ཞོགས་པ་བྲེལ་བ་ཧ་ཅང་ཚ་པོ་ཡོད་ཟེར་བ་དང། “ཞོགས་པ་དུས་ཚོད་དེ་ང་ལ་ཡག་པོ་ཞིག་མི་འདུག་” ཟེར་ནས། ཁོང་ཚོས་དེ་དགོང་དྲོ་བྱེད་ཀྱི་ཡིན་བསམས་པ་དང། མཐར་ཉམས་ལེན་ཆེད་དུ་ཆུ་ཚོད་གཉིས་གསུམ་མ་གཏོགས་ལྷག་མེད། འོན་ཀྱང་དེ་དུས་ཁོང་ཚོ་ཐང་ཆད་ནས་ཉམས་ལེན་བྱེད་པའི་སྐབས་ལ་གཉིད་ཤོར་གྱི་ཡོད། ཁོང་ཚོས་ཙོག་ཙོག་བྱས་ནས་བསྡད་ཀྱང་གཉིད་ཅོག་བརྒྱག་ནས་ཡར་ཧོབ་ཏེ་ཁ་ལ་གཉིད་སད་པ་དང་། དེ་ལྟར་ཁོང་ཚོའི་དགོང་དྲོའི་དུས་ཚོད་གང་ཡོད་པ་དེ་ནས་ཕྱེད་ཀ་ཙམ་དེ་འདྲ་བྱས་ནས་འགྲོ་གི་ཡོད། ཁོང་ཚོའི་སྔགས་ཀྱི་ཉམས་ལེན་དེ་རང་ཉིད་ལ་སྡུག་སྦྱོང་གཏོང་བ་འདྲ་པོ་ཆགས་ཀྱི་ཡོད། འདི་ནི་དཀའ་ངལ་ཆེན་པོ་ཞིག་རེད།

གལ་སྲིད་ཁྱེད་ཀྱིས་ཁས་ལེན་གྱི་དམ་བཅའ་ཁག་ལེན་གྱི་ཡོད་ན། རང་གི་ངོས་ནས་དོན་ངོ་མའི་ཐོག་དངོས་སུ་ལག་བསྟར་བྱེད་ཐུབ་མིན་གསལ་པོ་ཤེས་དགོས། ཉམས་ལེན་འདི་དག་ཁྱེད་ཀྱིས་ཉིན་ལྟར་རང་གི་མི་ཚེ་གང་པོར་དངོས་སུ་ལག་བསྟར་བྱེད་དགོས་པའི་དམ་བཅའ་འཇོག་གི་ཡོད་དུས་དེ་དག་ལ་དོ་ནན་གྱིས་གཙིགས་སུ་འཛིན་དགོས་རྒྱུ་ཞིག་ཡིན། ཁྱེད་ཀྱིས་རང་གི་ངོས་ནས་རང་གི་མི་ཚེ་ལྷག་མའི་ནང་ཉིན་ལྟར་བྱ་བ་གང་ཞིག་བྱ་རྒྱུའི་ཁས་ལེན་དམ་བཅའ་བྱེད་དགོས་པའི་རྒྱུ་མཚན་གང་རེད་དམ་ཟེར་ན། རྒྱུ་མཚན་གཅིག་རང་ཡོད་པ་དེ་ནི་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཆེད་དངོས་གནས་དྲང་གནས་དོ་གལ་དུ་བརྩི་གི་ཡོད་པ་དང། གསང་སྔགས་ཀྱི་གཞི་རྩའི་ཐབས་ལམ་ལ་རང་གི་གོ་རྟོགས་གསལ་པོ་ཡོད་པ་མ་ཟད། རང་ཉིད་ཀྱི་ངོས་ནས་དེ་ཉམས་ལེན་ཚུལ་ལྡན་བྱེད་ཐུབ་པ་ཡིན་ན། དེ་ལ་བརྟེན་ནས་ཁྱེད་རང་མཐར་ཐུག་གི་དམིགས་ཡུལ་ཐར་པ་དང་སངས་རྒྱས་ཀྱི་གོ་འཕང་ལ་འཁྲིད་ཀྱི་ཡོད་པའི་གདེང་ཚོད་ཡོད་པ་ཡིན། འདི་ནི་ཤིན་གལ་འགངས་ཆེན་པོ་རེད།

༸གོང་ས་མཆོག་གིས་དུས་རྒྱུན་ནན་བཤད་གནང་བ་ཞིག་ནི། གལ་སྲིད་ཁྱེད་ཀྱིས་སྔགས་ཉམས་ལེན་བྱ་འདོད་ཡོད་ན། དེའི་གཞི་རྩ་གསང་སྔགས་ཤེས་པ་དེ་གང་གི་ཆེད་དུ་ཡིན་པའི་སྐོར་ཤེས་རྟོགས་གསལ་པོ་ཞིག་ཡོད་པ་གཞིར་བཞག་ཐོག་ཐབས་ལམ་དེའི་ཕན་ནུས་ཀྱི་རང་བཞིན་ལ་གདེང་ཚོད་སླེབས་ཐུབ་པ་ཞིག་དགོས་པ་ནན་གྱིས་གསུངས་ཡོད། དེ་མིན་ཁྱེད་ཀྱིས་དེ་ཉམས་ལེན་བྱེད་དགོས་དོན་ཅི་ཡོད། ལྷག་པར་དུ་གལ་སྲིད་ཁྱེད་ཀྱིས་སྔགས་ཉམས་ལེན་གྱི་གྲུབ་ཆ་ནི་དམིགས་རྣམ་ཁྱད་མཚར་དེ་འདྲར་བསྟེན་པ་དང་སྔགས་འགའ་ཤས་བཟླས་བརྗོད་བྱེད་རྒྱུ་རེད་བསམས་པ་ཡིན་ན། དེ་ནས་དུས་ཚོད་རིང་པོ་མི་འགོར་བར་ཁྱེད་ཀྱིས་དེ་ཆོ་མེད་པ་འདྲ་པོ་མཐོང་ནས། “ངས་འདི་རྒྱུ་མཚན་གང་ལ་བརྟེན་ནས་བྱེད་ཀྱི་ཡོད་དམ།” ཞེས་དྭོགས་དྲི་སླེབས་ཏེ་མཐར་བློས་གཏོང་བྱེད་ཀྱི་རེད། བྱས་ཙང་། ཁས་ལེན་དམ་བཅའ་དེ་དག་དངོས་སུ་ང་ཚོའི་ངོས་ནས་ལག་བསྟར་བྱས་ནས་མཐར་སྐྱེལ་ཐུབ་མིན་སྔོན་ནས་བསམ་བློ་ནན་པོ་གཏོང་རྒྱུ་ཧ་ཅང་གི་གལ་གནད་ཆེན་པོ་རེད།

གསང་སྔགས་ཀྱི་ཉམས་ལེན་ནི་ཆོ་ག་འདོན་པ་དང་སྔགས་བགྲང་རྒྱུ་ཙམ་རེད་བསམ་པའི་གོ་ནོར།

མཐའ་མ་དེར། སྔགས་ཉམས་ལེན་ནི་ཆོ་ག་འདོན་པའམ། ཡང་ན་སྔགས་བགྲངས་ཏེ་བསྐྱར་ཟློས་བྱེད་རྒྱུ་ཁོ་ན་རེད་བསམ་ན། དེ་གོ་ནོར་ཐེབས་པ་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྐོར་ལ་སྒོམ་གཏིང་ཟབ་མི་བྱེད་པར། ང་ཚོས་ཆོ་མེད་པའི་ “ཅོལ་སྒྲོས་མོལ་སྒྲོས་” བཟླས་བརྗོད་བྱེད་པ་དང་། ང་ཚོས་གང་ཐུབ་ཀྱིས་སེམས་ནང་སྒོམ་པའམ་དམིགས་རྣམ་དུ་བསྟེན་ཐབས་བྱེད་ཀྱང་། དེ་རྙོག་འཛིངས་ཆེ་དྲགས་པའི་རྐྱེན་གྱིས་ང་ཚོས་དམིགས་རྣམ་དུ་བྱེད་ཐུབ་ཀྱི་མེད། བྱས་ཙང་། ང་ཚོས་དེ་དག་ལས་ཉམས་ལེན་བྱེད་ཚུལ་སྟབས་བདེ་ཤོས་ཁག་བྱེད་འདོད་ཡོད་པ་དང་། དེ་ལ་བརྟེན་ནས་གཅིག་དངོས་སུ་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོའི་ཉམས་ལེན་དེ་ཡང་སེ་རྟོག་པའི་ཞིང་ཁམས་ནང་བྲོས་ཐར་བ་འདྲ་པོ་ཆགས་པ་ལས། ཆོས་ཀྱི་བསླབ་བྱ་ཐམས་ཅད་གཅིག་ཏུ་སྒྲིལ་བའི་ནུས་ལྡན་གྱི་ཐབས་ལམ་ཞིག་ཆགས་ཐུབ་ཀྱི་མེད།

གསང་སྔགས་ནི་ཆོས་ཀྱི་བསླབ་བྱ་ཐམས་ཅད་གཅིག་ཏུ་སྒྲིལ་བར་བྱེད་པའི་ཐབས་ལམ་ཞིག་རེད། དཔེ་ཆ་བཞག་ན། ཆོ་ག་འདོན་པའི་སྐབས་གཅིག་ལ། ཁྱེད་ཀྱིས་ཚད་མེད་བཞིའི་བློ་ཡི་འཁྱེར་སོ་རང་གི་རྒྱུད་ལ་སྐྱེ་ཐུབ་པ་བྱེད་པ་དང་། སྐབས་གཞན་ཞིག་ལ་ཉེན་མེད་ཀྱི་ཁ་ཕྱོགས་ཡང་དག་ (སྐྱབས་འགྲོ།) འདིའི་སྐབས་ལ་བྱང་ཆུབ་ཀྱི་སེམས་དང་། དེའི་སྐབས་ལ་རང་གི་སྒོམ་པ་ཁག་སླར་ངེས་བརྟན་བཟོ་བ། སྐབས་དེ་ལ་ཁྱེད་ཀྱིས་སྟོང་ཉིད་སྒོམ་པ་སོགས་ཡོད། དཔེ་ཆའི་ནང་གི་གནད་དོན་འདྲ་མིན་ལ་དཔག་པའི་ཁྱེད་ཀྱིས་ཆོས་ཀྱི་གོ་རྟོགས་དང་རྟོགས་པ་འདྲ་མིན་སྐྱེད་པར་བྱེད་ཐུབ། གལ་སྲིད་ཁྱེད་ཀྱིས་ཐབས་ལམ་ཁག་ལ་དེའི་སྔོན་ནས་སྦྱོང་བརྡར་བྱས་མེད་ན། དེ་ནས་ཆོ་གའི་ནང་ “ད་ང་ལ་སྟོང་ཉིད་ཀྱི་རྟོགས་པ་ཡོད།” ཅེས་ཚིག་འདི་འདྲ་ཐོན་ན། ཁྱེད་ཀྱིས་གང་བྱེད་ཀྱི་ཡོད་དམ་ཞེ་ན། ཚིག་ཀློག་འདོན་བྱེད་པ་ཙམ་རེད། འོན་ཀྱང་ཚིག་ཀློག་འདོན་བྱས་པ་ཙམ་གྱིས་ཕན་ཐོགས་གང་ཡང་མེད། རྒྱུ་མཚན་དེ་ལ་བརྟེན་ནས། གསང་སྔགས་ཀྱི་ཉམས་ལེན་ཡག་པོ་ཡོང་བར་རྒྱབ་ལྗོངས་ཀྱི་སློབ་སྦྱོང་དང་ཉམས་ལེན་གཏིང་ཟབ་པོ་བྱེད་དགོས། བཟླས་བརྗོད་ཁ་ཤས་ལ་ “ཅོལ་སྒྲོས་མོལ་སྒྲོས་”། བྱེད་པ་ཙམ་གྱིས་འགྲིག་བསམ་པ་ནི་ནོར་འཁྲུལ་རེད། དེ་ལྟར་བྱས་ཀྱང་། དེ་ཡང་མང་ཆེ་བ་སེམས་གཡེངས་ནས་བྱེད་ཀྱི་ཡོད།

ཕྱོགས་བསྡོམས།

གསང་སྔགས་ཀྱི་སྐོར་ལ་གོ་ནོར་ཐེབས་པ་མང་པོ་ཡོད་པ་གསལ་པོ་རེད། འགའ་ཤས་ནི་སྔགས་གང་ཡིན་པ་ཁྱབ་བསྒྲགས་བྱེད་སྟངས་ཀྱི་ཐོག་ནས་ཡོང་གི་ཡོད་པ་དང་། འགའ་ཤས་ནི་ང་རང་ཚོ་རང་ཉིད་ཀྱི་འདོད་པ་དང་འདུན་པ་ལས་ཡོང་གི་ཡོད། དེ་ཡང་ང་ཚོ་ཚང་མ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ལམ་མྱུར་པོ་དང་ལས་སླ་པོ་ཞིག་འདོད་ཀྱི་ཡོད་པ་དེ་རེད། གལ་སྲིད་ང་ཚོས་སྔགས་ཉམས་ལེན་གྱི་དོན་ངོ་མ་དེ་ཤེས་ན། དཀའ་ངལ་དང་པོ་འཕྲད་ས་ནས་བློས་གཏོང་མི་བྱེད་པར། ང་ཚོས་དེ་རང་ལ་དམིགས་ནས་རྒྱུན་བརྟན་པོའི་ཡར་རྒྱས་གཏོང་ཐུབ་པ་ཞིག་ཡིན།།

Top